དཔལ་ས་སྐྱ་ལོ་ཙཱ་བའི་རྣམ་ཐར།

དཔལ་ས་སྐྱ་ལོ་ཙཱ་བའི་རྣམ་ཐར།

 རྩོམ་པ་པོ། ཨ་མེས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན། 
རྒྱ་གར་སྐད་དུ། ཤྲཱི་ཝན་བྷུ་མི་པཎྜཱུ་མ་ཧཱ་པཎྜི་ཏ་ནིརྨྨ་ཎ་ཀཱ་ཡ་མཉྫུ་གྷོ་ཥ་ཨཱ་ནན་པུ་ཎྱེ་ན་མཿ བོད་སྐད་དུ། དཔལ་ལྡན་ས་སྐྱ་པཎྜི་ཏ་ཆེན་པོའི་སྤྲུལ་པའི་སྐུ་འཇམ་དབྱངས་ཀུན་དགའ་བསོད་ནམས་ལ་ཕྱག་འཚལ་ལོ། །འཇམ་དབྱངས་རིགས་ཀྱི་གངས་རི་ལས་འོངས་འགྲོ་ཀུན་དགའ་བསྐྱེད་དལ་འགྲོའི་རྒྱུན། །བསོད་ནམས་གསེར་གྱི་ས་གཞིར་རབ་འཁྱིལ་གྲགས་པའི་རླབས་འཕྲེང་ཕྱོགས་བརྒྱར་གཡོ། །རྒྱལ་བའི་རིང་ལུགས་ཆུ་ཀླུང་ཀུན་འདུས་དགེ་མཚན་ནོར་བུའི་དཔལ་ཡོན་ཅན། །སྐལ་བཟང་གདེང་ཅན་དབང་པོའི་བསྟི་གནས་སྔོན་མེད་ཆོས་ཀྱི་མཚོ་ཆེན་རྒྱལ། །གང་གི་ངོ་མཚར་རྣམ་ཐར་བསམ་ཡས་ལས། །ཆ་ཤས་འགའ་ཙམ་མཚར་དུ་མངར་བ་འདི། །འགྲོ་ཀུན་དད་པ་བསྐྱེད་ཕྱིར་སྤེལ་བ་ལ། །སྐལ་བཟང་དཔྱོད་ལྡན་མཐའ་དག་གུས་པས་ཉོན། །དེ་ལ་འདིར་གནས་ལྔ་རིག་པའི་པཎྜི་ཏ་ཆེན་སོ་ལོ་འཇམ་པའི་རྡོ་རྗེའི་རྣམ་པར་ཐར་པ་ངོ་མཚར་གསལ་བའི་མེ་ལོང་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་འདི་འཆད་པ་ལ། དེ་ཡང་བདག་ཉིད་ཆེན་པོ་འདི་གང་ལས་བྱོན་པའི་རིགས་ནི། བྱང་ཕྱོགས་ཀྱི་བརྒྱུད་ཁ་བ་ཅན་གྱི་རྫོངས་འདིར་འགྲན་ཟླ་དང་བྲལ་བའི་ལྷ་རིགས་འཁོན་ས་སྐྱ་པ་ཞེས་མཚན་མཆོག་གསུམ་དང་ལྡན་པའི་གདུང་རིགས་དྲི་མ་མེད་པར་སྐུ་འཁྲུངས་པའི་དབང་ནམ་མཁའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བའི་ཡབ་མཁྱེན་རབ་དང་ནུས་པའི་མངའ་བདག་དེ་ཉིད་དང་། ཡུམ་ཡེ་ཤེས་ཀྱི་མཁའ་འགྲོའི་མཚན་རྟགས་ཚང་བ་དམའ་ཟེ་བཟའ་མ་ཅིག་ཧོར་མོ་ཚེ་བརྟན་ཞེས་བྱ་བ་དེ་ཉིད་ཀྱི་སྲས་སུ་བལྟམས་པ་ཡིན་ཏེ། ཇི་སྐད་དུ། དང་པོར་ཟབ་གསལ་གཉིས་མེད་འཇམ་པའི་དབྱངས། །བར་དུ་རིགས་ལྡན་འཇམ་དབྱངས་གྲགས་པའི་ཞབས། །ཐ་མར་གནས་ལྔ་རིག་པ་ས་སྐྱ་པ། །བདག་ཉིད་ཆེན་པོའི་སྔོན་གྱི་སྐྱེས་རབས་ཡིན། །ཞེས་པ་ལྟར་དང་པོ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་མཁྱེན་རབ་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ་འཕགས་པ་འཇམ་དཔལ། བར་དུ་རིགས་ལྡན་གྱི་ས་སྐྱོང་ཆེན་པོ་མིའི་དབང་པོ་འཇམ་དཔལ་གྲགས་པ། ཐ་མར་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ་རྣམས་སུ་སྐུའི་རྣམ་འཕྲུལ་བརྒྱུད་མར་བཞེས་ནས། སླར་ཡང་གངས་རིའི་ཁྲོད་ཀྱི་གདུལ་བྱ་སྐལ་ལྡན་རྣམས་ཀྱི་སྨོན་ལམ་དང་ལེགས་བྱས་ཀྱིས་བསྐུལ་ནས། དབུས་འགྱུར་གྱི་ཚལ་རྡོ་རྗེའི་གདན་ནས་བྱང་ཕྱོགས་སུ་དཔག་ཚད་བརྒྱ་ཙམ་བགྲོད་པའི་སའི་ཆ། ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་ཁུང་། འཕགས་པའི་གང་ཟག་རྣམས་ཀྱི་བསྟི་གནས་འགྲན་ཟླ་མེད་པའི་མཁས་པ་རྒྱུན་མི་ཆད་པར་འབྱོན་པའི་མཚན་མ་དང་ལྡན་པའི་གཙང་གྲོམ་པ་ལ་སྟོད་དཔལ་ལྡན་ས་སྐྱ་ཞེས་གྲགས་པའི་དགོན་པ་ནས་དབང་པོའི་ཕྱོགས་སུ་ཧ་ཅང་མི་རིང་བ་ཞིག་བགྲོད་པའི་ནོར་འཛིན་གྱི་མཐིལ། ཕྱི་ནང་གི་དཔལ་འབྱོར་དུ་མ་འབྱུང་བའི་བསྟི་གནས་དཔལ་རྩེ་གདོང་གི་ཕུན་ཚོགས་གླིང་ཞེས་པའི་ཁང་བཟང་ཆེན་པོ་དེར། ཕུན་ཚོགས་གནས་དང་སྐྱོན་མེད་རིགས་བཟང་དང་། །ཁ་ན་མ་ཐོ་མེད་པའི་ཡབ་དང་ཡུམ། །སྐལ་བར་ལྡན་པའི་འཁོར་ཚོགས་ལ་དགོངས་ནས། །ཟས་གཙང་སྲས་བཞིན་དགེ་མཚན་བཅས་ཏེ་བལྟམས། །ཞེས་པ་ལྟར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ལེགས་པར་འཁྲུངས་པ་ཡིན་ཏེ། དེ་ཡང་བདག་ཉིད་ཆེན་འདིའི་ཡུམ་རྩེ་གདོང་བླ་བྲང་དུ་མི་ཕེབས་ཙམ་གྱི་ནུབ་གཅིག་མན་ལམ་དུ། རི་གཅིག་ལ་འཛེག་གིན་འདུག་པ་ན་མུན་པ་ཆེས་ནས་ལམ་མི་རྙེད་སྙམ་པའི་ཚེ་རུམ་ནས་ཉི་ཟླ་གཉིས་འཐོན་ནས་ཕྱོགས་ཐམས་ཅད་གསལ་བར་བྱས་པ་རྨིས་ཤིང་། ཡུམ་གྱི་ལྷུམས་སུ་ཞུགས་པའི་ཚེ། རྩེ་གདོང་གི་བྱང་ཕྱོགས་ན་རྗེ་བཙུན་ས་སྐྱ་པའི་བླ་མཚོ་ཡིན་པའི་མཚོ་ཞིག་ཡོད་པ་དེ་ཆེར་རྒྱས་པ་དང་། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་འབུམ་སྟོན་ཡེ་ཤེས་རྒྱལ་མཚན་གྱི་མནལ་ལམ་དུ། རྩེ་གདོང་བླ་བྲང་པའི་གསོལ་ཞིང་ཆེན་མོ་ལ་ཡབ་གུང་ན་བཞུགས་ནས་ས་བོན་འདེབས་ཅིང་། སྐྱེ་བོ་གཞན་དུ་མ་དང་བཅས་པས་ཕུན་སུམ་ཚོགས་པའི་བཀྲ་ཤིས་བྱེད་པ་དང་། རྨིས་ལྟས་པ་གཞན་འགའ་ཞིག་གིས་རྨི་ལམ་དུ་བླ་བྲང་ལ་ས་དཀར་གསོལ་བ་དང་། སྟེང་ན་དར་འཕྱར་བ་དང་། ཉི་ཟླ་ཤར་བ་ལ་སོགས་པ་བྱུང་ཞིང་། ཁྱད་པར་དུ་ཡུམ་ལ་རྨི་ལྟས་བཟང་པོ་དུ་མ་དང་། ཉིན་པར་གྱི་ཚེ་ཡང་ཤེས་པ་གསལ་ཞིང་བདེ་བས་བརྒྱན་པ་དང་། ལུས་ལྡང་པ་ཡངས་ཤིང་ཟོ་མདོག་བདེ་བ་ལ་སོགས་པའི་རྟགས་ཁྱད་པར་ཅན་དུ་མ་བྱུང་བར་གྲགས་ལ། དེ་ལྟར་ལྟས་དུ་མ་དང་བཅས་ཤིང་ཟླ་གྲངས་རྣམས་ཐིམ་པ་ན། ཤིང་མོ་སྦྲུལ་གྱི་ལོ་ཆུ་སྟོད་ཟླ་བའི་ཉེར་བརྒྱད་ཀྱི་ཉིན་བཀྲ་ཤིས་པའི་དགེ་མཚན་དུ་མ་དང་བཅས་ཏེ་བལྟམས་ཤིང་། དེའི་སྐབས་སུ་ཤར་མི་ཉག་གི་པཎྜི་ཏ་གྲགས་པ་རྡོ་རྗེ་པས་གཞོན་ནུ་གཟུགས་བཟང་ཞིང་མཛེས་ལ་ལྟ་ན་སྡུག་པ་དེའི་ཞལ་གྱི་དཀྱིལ་འཁོར་གཟིགས་པ་ན། ཨ་རོཀྵ་དཔལ་ལྡན་ས་སྐྱ་པའི་བསྟན་པའི་རྩ་བ་ཟིན་ཨ་གསུངས་ཤིང་སྐུ་པང་དུ་བཞེས་ནས། རྒྱལ་བའི་ཐུགས་སྲས་སྔོན་བྱང་དགེ་བ་ཡི། །ཡོན་ཏན་ཐམས་ཅད་འབད་མེད་ལྷུན་གྱིས་གྲུབ། །ཆུང་ངུ་ཉིད་ནས་དམ་པའི་སྤྱོད་པ་མཛད། །བུ་ཆུང་འཕགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ཅིང་མཚན་རྡོ་རྗེ་རྒྱ་སོག་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བར་གསོལ་ཏེ། དེ་ནས་པཎྜི་ཏ་དེའི་དྲུང་དུ་དམ་པའི་ཆོས་ཀྱང་མང་དུ་གསན་པར་མཛད་ཅེས་ཐོས་ལ། དེ་དག་གི་སྐབས་སུ་བླ་མ་ལེགས་པ་བཟང་པོ་པ་བྱ་བས་ཡོན་ཏན་ཐམས་ཅད་ཀྱི་ཕྱི་མོ་འདྲི་ཀློག་ཕུལ་བ་ན། བརྡ་བསྟན་པ་ཙམ་གྱིས་འདྲི་ཀློག་གཉིས་ཀ་ཐོགས་མེད་དུ་མཁྱེན་ཅིང་། ཡི་གེའི་རིགས་ཀྱང་བོད་ཡིག་མི་ཐེ་བའི་རྒྱ་གར་བའི་ཡིག་རིགས་དྲུག་ཙམ་དང་མཁའ་འགྲོའི་ཡི་གེ་དང་། ཧོར་ཡིག་གསར་ལ་སོགས་པ་ཡིག་རིགས་མང་པོ་གཟིགས་པ་ཙམ་གྱིས་དགོངས་ཏེ། མདོར་ན་དྲི་བ་དང་ཀློག་པའི་ཚུལ་ཐམས་ཅད་ལ་མཁྱེན་རབ་ཕུལ་དུ་བྱུང་བས་སྐྱེ་བོ་ཐམས་ཅད་ངོ་མཚར་བའི་གནས་སུ་གྱུར་པ་ཡིན་ནོ། །དེ་ནས་དགུང་ལོ་དྲུག་བཞེས་པ་ན་བདག་ཆེན་རྒྱ་གར་ཤེས་རབ་རྒྱལ་མཚན་གྱི་དྲུང་དུ་དགྱེས་པ་རྡོ་རྗེའི་དབང་། རྡོ་རྗེ་ཕུར་པའི་དབང་། དྲག་པོ་སྒྲོལ་བའི་རྗེས་གནང་སོགས་དབང་རྗེས་གནང་མང་དུ་གསན་ཞིང་། སྐུ་གཞོན་ནུའི་སྐབས་དེར་ནམ་མཁའ་ལ་པཎྜི་ཏ་སྔོ་བསང་པོད་རལ་ཐོགས་པ་སེངྒེ་ལ་ཆིབས་པ་ཅིག་གཟིགས་ནས། འཇམ་དབྱངས་ཡ་གི་ན་ཞེས་གསུངས་པ་ཡང་བྱུང་བར་གྲགས་ཏེ། དེ་ནི་བདག་ཉིད་ཆེན་པོ་པཎྜི་ཏ་ཉིད་མངོན་སུམ་དུ་གཟིགས་པ་སྟེ། དེ་ལ་སོགས་པ་མདོར་ན་བདག་ཉིད་ཆེན་པོ་འདི་ནི་གཞོན་ནུའི་དུས་ཉིད་ནས་ཡོན་ཏན་གྱི་ཚོགས་དུ་མ་ལ་མངའ་མཛད་པ་ཞིག་སྟེ། ཇི་སྐད་དུ། སྐུ་ནི་མཛེས་ཤིང་ཡིད་འོང་མཐོང་ན་དགའ། །གསུང་ནི་འཇམ་ཞིང་སྙན་ལ་འཕྲོད་པར་སྨྲ། །ཐུགས་ནི་ཆོས་ཀྱི་བག་ཆགས་བཟང་པོས་བགོས། །གཞོན་ནུར་གྱུར་ཀྱང་བྱིས་པའི་སྤྱོད་ལས་འདས། །དེ་ཚེ་ངེས་པའི་དོན་དུ་འཇམ་དབྱངས་ཉིད། །གདུལ་བྱའི་སྣང་ངོར་ས་སྐྱ་པཎ་ཆེན་ཞེས། །སྙན་གྲགས་ཀུན་གྱི་གཙུག་ན་ལེན་པ་དེས། །རང་སྣང་ཡེ་ཤེས་ཚུལ་དུ་གསལ་བར་གཟིགས། །ཞེས་གསུངས་པ་ལྟར་རོ། །དེ་ནས་བདག་ཉིད་ཆེན་པོ་འདིས་རབ་ཏུ་བྱུང་ནས་བསྟན་པའི་བྱ་བ་ཇི་ལྟར་མཛད་པའི་ཚུལ་ནི། ཇི་སྐད་དུ། མགོན་ཁྱེད་སྲིད་པའི་འཆིང་བས་མ་གོས་ཤིང་། །འཁོར་བའི་ཕུན་ཚོགས་སྙིང་པོ་མེད་གཟིགས་ཀྱང་། །མཆོག་གི་སྤྱོད་པས་འགྲོ་རྣམས་རྗེས་གཟུང་ཕྱིར། །ཁྱིམ་གྱི་འཆིང་བ་དུག་ཅན་ཟས་བཞིན་སྤངས། །སླར་ཡང་ཨེ་ཝཾ་ཆོས་ཀྱི་འཇུག་ངོགས་ཆེར། །བློ་གསལ་ཆུ་བྱ་མང་པོས་མདུན་བསུས་ཏེ། །མཁན་སློབ་ངང་པའི་དེད་དཔོན་བཀའ་དྲིན་ལས། །བསླབ་གསུམ་འོ་མའི་རྒྱ་མཚོར་རིམ་གྱིས་ཞུགས། །ཞེས་པ་ལྟར་ཏེ། དེ་ཡང་བདག་ཉིད་ཆེན་པོ་འདི་དགུང་ལོ་བཅུ་གཅིག་བཞེས་པ་ཤིང་མོ་ཡོས་བུའི་ལོ་སྨིན་དྲུག་ཟླ་བའི་དཀར་ཕྱོགས་ལ། མཁན་ཆེན་ཐམས་ཅད་མཁྱེན་པ་བསོད་ནམས་ལྷུན་གྲུབ་ལེགས་པའི་འབྱུང་ནགས་རྒྱལ་མཚན་དཔལ་བཟང་པོ་པའི་དྲུང་དུ་བསྟན་པའི་རྩ་བ་དགེ་བསྙེན་གྱི་སྡོམ་པ་རྣམ་པར་དག་པས་ཐུགས་རྒྱུད་བལྟམས་ཤིང་རབ་ཏུ་བྱུང་བའི་བརྟུལ་ཞུགས་ལ་གནས་པར་མཛད།
གཞན་ཡང་མཁན་ཆེན་ཐམས་ཅད་མཁྱེན་པ་དེ་ལ་ཐུབ་པ་དགོངས་གསལ་གྱི་བཤད་བཀའ་སོགས་ཆོས་ཚུལ་དུ་མ་གསན་ཏེ། དེ་ནས་ལོ་དེ་ཉིད་ཀྱི་རྒྱལ་གྱི་ཟླ་བ་ལ་ངོར་ཨེ་ཝཾ་ཆོས་ལྡན་དུ་ཕེབས་ཏེ། ཟླ་བ་དེ་ཁའི་ཡར་ཚེས་བཅུ་གཉིས་ཀྱི་ཚེ་རྗེ་བཙུན་རྡོ་རྗེ་འཆང་དཀོན་མཆོག་འཕེལ་བའི་དྲུང་དུ་མཁན་པོ་ཞུས། ཆོས་རྗེ་གློ་བོ་མཁན་ཆེན་པས་སློབ་དཔོན་མཛད་ནས་དགེ་ཚུལ་གྱིས་སྡོམ་པ་རྣམ་པར་དག་པ་མནོས་ཤིང་། མཚན་ཡང་དོན་དང་མཐུན་པར་འཇམ་དབྱངས་ཀུན་དགའ་བསོད་ནམས་གྲགས་པ་རྒྱན་དཔལ་བཟང་པོ་ཞེས་བྱ་བར་གསོལ་ཏེ། བསླབ་བྱའི་གནས་ཕྲ་ཞིང་ཕྲ་བ་ལ་ཡང་ཁ་ན་མ་ཐོ་བའི་དྲི་མས་མ་གོས་པའི་བཙུན་པའི་མཆོག་ཏུ་གྱུར་ཏེ། དེ་ནས་མེ་ཕོ་འབྲུག་ལོ་རྗེ་དེ་ཉིད་དགུང་ལོ་བཅུ་གཉིས་ལ་ཉེ་བ་ཙམ་ན། མཁན་ཆེན་ཆོས་ཀྱི་རྗེ་དང་དཔོན་སློབ་ལྷན་ཅིག་ཏུ་དགེ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ་དུ་མའི་འཁོར་དང་བཅས་ཏེ་གདན་ས་ཕྱོགས་སུ་ཆིབས་ཀྱི་ཁ་ལོ་བསྒྱུར་བར་མཛད་ནས་རིམ་གྱིས་ཕེབས་ཏེ། ལོ་གསར་གྱི་དཀར་ཕྱོགས་དགའ་བ་དང་པོའི་ཚེས་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་ཆོས་རྗེ་ས་སྐྱ་པཎྜི་ཏ་ཆེན་པོའི་ཆོས་ཀྱི་ཁྲི་ག་ལ་བ་དེར། རྒྱལ་བའི་སྲས་ཀྱི་ལམ་པོ་ཆེ་ཐུབ་པའི་དགོངས་པ་གསལ་བ་ཞེས་བྱ་བའི་བསྟན་བཅོས་ཆེན་པོ་ཡོངས་སུ་རྫོགས་པ་ཉི་མ་གསུམ་གྱི་བར་དུ་ལེགས་པར་བཤད་པས། སྐྱེ་བོའི་ཚོགས་ཐམས་ཅད་ངོ་མཚར་ཞིང་སྐུ་ན་གཞོན་ནུ་འདི་ལྟ་བུ་ལ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྨད་དུ་བྱུང་བ་འདི་འདྲ་བ་འབྱུང་བ་ནི་ངེས་པར་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཉིད་སླར་ཡང་གདུལ་བྱའི་དོན་དུ་སྐུའི་སྐྱེ་བ་བཞེས་པ་ཡིན་ཡང་དག་གོ །ཞེས་མཁས་པའི་སྐྱ་བོ་རྣམས་ཀྱི་མཆོག་ཏུ་བསྔགས་པའི་གནས་སུ་གྱུར་པ་ཞིག་གོ །ཞེས་གྲགས་ཏེ། ཇི་སྐད་དུ། འཛིན་མའི་ཁྱོན་འདིར་འཇམ་དབྱངས་སྤྲུལ་པའི་སྐུ། །རིམ་པར་བྱོན་པའི་དཔལ་ལྡན་ས་སྐྱ་ཞེས། །གྲགས་པའི་རྔ་ཆེན་སྲིད་ན་གསལ་བ་དེར། །བཅུ་གཉིས་བཞེས་ཚེ་བཤད་པའི་དགའ་སྟོན་བསྒྲུབ། །སྐུ་ནི་འཁོར་ཚོགས་དབུས་ན་ཟླ་ལྟར་བརྗིད། །གསུང་ནི་ཚངས་པའི་དབྱངས་ལྟར་དལ་དོད་སྙོམས། །ཐུགས་ནི་ཤེས་བྱའི་གནས་ལ་གསལ་བར་འཇུག །ཡོན་ཏན་སྐྱེ་བོ་ཀུན་གྱི་ཁ་ན་རྒྱུ། །ཞེས་པ་ལྟར་རོ། །དེ་ནས་དགུང་ལོ་བཅུ་བཞི་པ་ས་ཕོ་རྟའི་ལོ་བཞི་ཐོག་གི་གདན་ས་མཛད་ནས་བསྟན་པའི་བདག་པོར་མངའ་གསོལ་ཞིང་། སླར་ཡང་རྩེ་གདོང་དུ་ཕེབས་ནས་ར་དཔོན་ཡོན་ཏན་འབྱུང་གནས་ལ་འདུལ་བ་མདོ་རྩ་བ། འདུལ་བ་མེ་ཏོག་འཕྲེང་རྒྱུད། རྒྱས་པའི་བསྟན་བཅོས་ཚད་མ་རྣམས་འགྲེལ། སྡེ་བདུན་མདོ་དང་བཅས་པའི་དགོངས་འགྲེལ་གྱི་བསྟན་བཅོས་རིག་པའི་གཏེར། སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ་སོགས་སྡེ་སྣོད་གཙོ་བོར་གྱུར་པའི་ཆོས་ཀྱི་རྣམ་གྲངས་འགའ་ཞིག་ལུང་རིགས་ཀྱི་མཐའ་གཅོད་དང་བཅས་ཏེ་ལེགས་པར་གསན་ཞིང་། འབེལ་བའི་གཏམ་གྱི་སྒོ་ནས་ལེགས་པར་གཏན་ལ་ཕབ་སྟེ་སྨྲ་བའི་ཁྱུ་མཆོག་ཏུ་གྱུར་ལ། དེ་དུས་སྔ་དྲོ་ཇ་སྦྱོར་རེ་ཙམ་གྱི་བར་ལ་ཤོག་བུ་མདའ་ཚད་བདུན་ཙམ་རེ་ཟིན་པ་ཡང་བྱས་ཞེས་གསུངས་པ་དང་། ཇི་སྙེད་ཐུགས་སུ་ཆུད་པ་ཐམས་ཅད་ཀྱང་བསྙེལ་བ་མེད་པའི་སྤོབ་པ་ཕུན་སུམ་ཚོགས་པ་མངའ་བ་སྟེ། བདག་ཉིད་ཆེན་པོ་རང་གི་གསུང་ལས། གསང་སྟོན་སློབ་དཔོན་ཡེ་ཤེས་འབྱུང་གནས་ལ། །འདུལ་བ་མདོ་རྩ་ཀ་རི་ཀ་ལ་སོགས། །ཚད་མ་རྣམ་འགྲེལ་རིག་གཏེར་སྡོམ་གསུམ་དང་། །ཕ་རོལ་ཕྱིན་པའི་གཞུང་ལུགས་འགའ་ཞིག་མནོས། །སྔགས་ཀྱི་སྡེབ་སོགས་ལག་ལེན་ཕྲན་ཚེགས་བསླབ། །དེ་ལྟར་ཐོས་པའི་གཞུང་ལུགས་ཐམས་ཅད་ལ། །བསམ་པས་སྒྲོ་འདོགས་ཆོད་ཅིང་བསྒོམ་ན་ཡང་། །ཐེ་ཚོམ་མི་ཟ་ཡིད་ཆེས་ཅུང་ཟད་ཡོད། །ཅེས་གསུངས་སོ། །དེ་ནས་ལུག་གི་ལོ་རྗེ་ཉིད་དགུང་ལོ་བཅོ་ལྔ་པའི་དུས་ཡོངས་འཛིན་དཀོན་མཆོག་འཕེལ་བའི་གསུང་གི་རང་གཞན་གྱི་དོན་གཉིས་བསྒྲུབ་པའི་ཕྱིར་གསུང་བསྙེན་མཛད་དགོས་པའི་བཀའ་སྩལ་བ་ལ་རྟེན། དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་གྱི་བསྙེན་པ་སྦྱིན་སྲེག་དང་བཅས་པ། རྡོ་རྗེ་ཕུར་པའི་བསྙེན་པ། ནག་པོ་ཆེན་པོ་གུར་གྱི་མགོན་པོའི་བསྙེན་པ་རྣམས་མཐར་ཕྱིན་པར་མཛད་པས། དེ་དག་གི་སྐབས་སུ་ཀྱེ་རྡོ་རྗེ་དང་། རྡོ་རྗེ་གཞོན་ནུ། གུར་མགོན་རྣམས་ཞལ་གཟིགས་པ་ལ་སོགས་པ་གྲུབ་པའི་མཚན་མ་མང་དུ་བྱུང་བར་གྲགས་ལ། དེ་ནས་ཡང་རྒྱལ་བའི་བསྟན་པ་ལ་ཞུགས་ལ་ཡོངས་སུ་རྫོགས་པ་ནི་དགེ་སློང་ཉིད་ཡིན་པར་དགོངས་ནས། དགུང་ལོ་ཉི་ཤུར་ཕེབས་པ་ཤིང་ཕོ་བྱི་བའི་ལོ་མཁན་པོ་སྔར་གྱི་དགེ་ཚུལ་མཛད་པ་པོ་དེ་ཉིད་དང་། ལས་ཀྱི་སློབ་དཔོན་འཇམ་པའི་དབྱངས་སངས་རྒྱས་རིན་ཆེན་དཔལ་བཟང་པོ་དང་། གསང་སྟོན་ར་དཔོན་ཡོན་ཏན་འབྱུང་གནས་ཀྱིས་མཛད་དེ། དགེ་འདུན་བཅུ་ཕྲག་ཕྱེད་ཀྱི་དབུས་སུ་བསྙེན་པར་རྫོགས་པར་མཛད་ནས། འཕགས་པ་རྟ་ཐུལ་ལྟར་སྤྱོད་ལམ་ཤིན་ཏུ་དུལ་བ་དང་། ཀ་ཏ་ཡ་ནའི་བུ་ལྟར་བསླབ་བྱ་རྣམས་ལ་ཤིན་ཏུ་གུས་ཤིང་། འོད་སྲུང་བཞིན་དུ་སྦྱངས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ་སྟེ། མདོར་ན་འདུལ་བ་འཛིན་པ་རྣམས་ཀྱི་གཙུག་གི་རྒྱན་དུ་གྱུར་པ་ཞིག་སྟེ། ཇི་སྐད་དུ། ཞི་དང་ཉེར་ཞིའི་མྱོས་བུམ་མཐོ་ལྡན་ཞིང་། །ཀུན་ནས་དུལ་བའི་གསེར་གྱི་དྲ་བ་ཅན། །ཐུབ་བསྟན་སྐྱེད་ཚལ་མཛད་པའི་གཉིས་འཐུང་ཁྱོད། །ཡོངས་རྫོགས་བསྟན་པའི་ཁུར་ཆེན་འདེགས་པར་བཟོད། །སྤྱོད་ལམ་ཀུན་ནས་དུལ་བ་རྟ་ཐུལ་ཏེ། །བསླབ་བྱར་གུས་པ་ཀ་ཏ་ཡ་ནའི་བུ། །སྦྱངས་པའི་ཡོན་ཏན་ལྡན་པ་འོད་སྲུང་བཞིན། །དྲི་ཞིམ་ལྟ་ན་སྡུག་པ་འོད་ཆགས་འབར། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ངེས་ལེགས་ཀྱི་ལམ་ལ་གཅིག་ཏུ་གཞོལ་ཞིང་། ལྷག་པའི་ཚུལ་ཁྲིམས་ཀྱི་ཐུགས་རྒྱུད་ཕྱུག་པར་མཛད་ནས། སླར་ཡང་རང་གཞན་རྣམས་གྲོལ་བ་ཐོབ་པའི་ཐབས་ཀྱི་གཙོ་བོ་དམ་པའི་ཆོས་ཐོས་ནས་ཉམས་སུ་ལེན་པ་དང་། དེའི་ཡང་རྩ་བ་དྲི་མ་མེད་པའི་གསུང་རབ་ལ་ཐོས་པ་བྱ་བ་ཉིད་ཡིན་པར་དགོངས་ནས། ཡོངས་ཀྱི་དགེ་བའི་བཤེས་གཉེན་རྣམས་ལས་གསན་པ་རྒྱ་མཚོའི་ཕ་རོལ་ཏུ་གསོན་པ་མཛད་པའི་ཚུལ་ནི། ཇི་སྐད་དུ། ཁྱོད་ནི་མཁྱེན་པའི་ལང་ཚོ་ཆེར་རྒྱས་ཀྱང་། །བློ་གསལ་ཡོངས་ཀྱི་དཔྱད་བྱ་འདི་ཡིན་ཞེས། །མང་དུ་གསན་པའི་སྙིམ་པས་རབ་བརྐྱངས་ཏེ། །མཁས་མང་ཞལ་གྱི་བདུད་རྩི་དགྱེས་པར་གསོལ། །ཞེས་པ་ལྟར། ཆོས་ཀྱི་རྗེ་ཡོངས་འཛིན་དཀོན་མཆོག་འཕེལ་བའི་དྲུང་དུ། དབུ་མ་ལུགས་ཀྱི་སེམས་བསྐྱེད། དབང་གི་སྔོན་འགྲོའི་སེམས་བསྐྱེད། དེ་གཉིས་ཀྱི་ཡིག་ཆའི་ལུང་དང་བཅས་པ། དགྱེས་པ་རྡོ་རྗེ་ཡབ་ཡུམ་གྱི་དབང་། གཤེད་དམར་ལྷ་ལྔའི་དབང་སོགས་དབང་གི་རྣམས་གྲངས་དུ་མ་དང་། གསུང་ངག་ལམ་འབྲས་ཀྱི་ཁྲིད་དང་། འདི་དང་འབྲེལ་བའི་བྱིན་རླབས་མཐའ་དག་དང་རྒྱབ་བརྟེན་གྱི་ཡིག་ཆའི་ལུང་། གཞན་ཡང་ཌོམྦྷི་པའི་ལྷན་ཅིག་སྐྱེས་གྲུབ་སོགས་ལམ་སྐོར་ཕྱི་མ་བརྒྱད་དུ་གྲགས་པ་མན་ངག་ཡིག་ཆ་ཕྲན་ཚོགས་དང་བཅས་པ། ཤནྟི་པའི་མདོ་རྒྱུད་བསྲེ་བ་སོགས་སྒོ་དྲུག་ཆོས་འབྲེལ་དུ་གྲགས་པ་རྣམས་དང་། གཙོ་ཆེའི་ཆོས་སྣ་སུམ་ཅུ་རྩ་དགུ་པོ་སོགས་དགྱེས་པ་རྡོ་རྗེ་ཆོས་སྐོར་མཐའ་ཡས་པ་ཞིག་དང་། ཡང་འཁོར་ལོ་བདེ་མཆོག་བསྐོར་ལ། དཔལ་མངོན་པར་རྟོགས་པ་སོགས་ལཱུ་ཧི་པའི་སྨད་ལྔ། བདེ་མཆོག་ནག་པོ་པའི་སྒྲུབ་ཐབས་སོགས་ནག་པོ་གཞུང་དྲུག བདེ་མཆོག་ལུས་དཀྱིལ་སྒྲུབ་ཐབས་སོགས་དྲིལ་བུ་སྐོར་གསུམ་སྟེ་ལཱུ་ནག་དྲིལ་གསུམ་གྱི་སྐོར་གྱི་འཁོར་ལོ་བདེ་མཆོག་གི་ཆོས་བསྐོར་ཕལ་མོ་ཆེ་དང་། གཞན་ཡང་སྒྲུབ་ཐབས་མདོ་བྱས་མདོ་བསྲེས། རྣམ་གཞག་རིམ་པ་སོགས་ཕ་རྒྱུད་གསང་བ་འདུས་པའི་སྐོར་མང་པོ་ཞིག་དང་། ཐུན་མོང་བསྒྲུབས་པས་མཆོག་ཞར་ལ་འབྱུང་བ་དམར་པོ་སྐོར་གསུམ་གྱི་བྱིན་རླབས་མན་ངག་ལས་ཚོགས་དང་། དེ་དག་གི་ཡིག་ཆའི་ལུང་། རྗེ་བཙུན་གོང་མ་ལྔའི་བཀའ་འབུམ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེངྒེ་རྣམས་ཀྱི་བཀའ་འབུམ། གཞན་ཡང་ཆོས་སྐྱོང་སྐོར་གྱི་རྗེས་གནང་སོགས་རྗེས་གནང་གི་རིགས་བསམ་གྱིས་མི་ཁྱབ་པ་དང་། ཁྱད་པར་བརྒྱུད་པ་དྲི་མ་མེད་པ་ལས་འོང་བའི་སྡོམ་པ་གསུམ་གྱི་བཀའ་དྲིན་མནོས་པའི་བླ་མ་རྣམས་ཀྱི་ནང་ནས་ཀྱང་འདི་ཉིད་ལ་རྩ་བའི་བླ་མ་མཆོག་ཏུ་འཛིན་པ་ཡིན་ཏེ། ཉིད་ཀྱི་གསུང་ལས་ཀྱང་། ཁྱད་པར་རྡོ་རྗེ་འཆང་ཆེན་རཏྣའི་མཚན། །སྙིགས་དུས་འགྲོ་བའི་འདྲེན་མཆོག་དམ་པ་ལས། །སྡོམ་པ་གསུམ་གྱི་བཀའ་དྲིན་ཉེར་མནོས་པས། །བཀའ་དྲིན་ཆེ་ཞིང་བླ་མའི་མཆོག་ཏུ་བཟུང་། །ཞེས་གསུངས་སོ། །
ཡང་བདག་ཉིད་ཆེན་པོ་འདིས་མཁན་ཆེན་བསོད་ནམས་ལྷུན་གྲུབ་ལས་དམ་པའི་ཆོས་གསན་པའི་ཚུལ་ནི། བདག་ཉིད་ཆེན་པོ་རང་གི་གསུང་ལས། མཁན་ཆེན་འཇམ་པའི་དབྱངས་ལས་ཆེས་ཟབ་པའི། །ཀྱེ་རྡོར་རྒྱུད་གསུམ་གསང་མཐའ་གུར་མགོན་སོགས། །ཐུན་མོང་མ་ཡིན་ཡིད་ཆེས་གནས་རྣམས་ཞུས། །ཞེས་གསུངས་པ་ལྟར། བྱ་བ་སྤྱི་རྒྱུད་ནས་བཤད་པའི་རིགས་གསུམ་སྤྱི་དབང་། རྣམ་འཇོམས་མ་ཎི་བཛྲ་ལུགས་ཀྱི་དབང་སོགས་སྨིན་བྱེད་དབང་གི་རྣམ་གཞག་བཅུ་ཕྲག་གསུམ་དུ་ལྔ་ཕྲག་གཅིག་གི་ལྷག་པ་རྣམས་དང་། དཔྱལ་ལུགས་ཀྱི་ཕག་མོ་སྐོར་གསུམ་གྱི་བྱིན་རླབས་སོགས་བྱིན་རླབས་ཀྱི་རིགས་ལྔ་ཕྲག་གསུམ་ཙམ་དང་། གཙུག་ཏོར་རྣམས་རྒྱལ། དོན་ཞགས་ལྷ་ལྔ། གུར་མགོན་ལྷ་བརྒྱད་ཀྱི་རྗེས་གནང་། ཟུར་བཀའ་བཞི་བཅུ་ལྷག་པ་ཙམ་སོགས་འདི་དག་ཀྱང་རྒྱབ་རྟེན་གྱི་ཡིག་ཆ་སོ་སོའི་ལུང་དང་། གཞན་ཡང་དགྱེས་པ་རྡོ་རྗེ་རྒྱུད་གསུམ་གྱི་བཤད་བཀའ། བདེ་མཆོག་རྩ་རྒྱུད་འགྲེལ་པ་དང་བཅས་པའི་ལུང་བཤད་སོགས་དང་། ཆོས་རྗེ་མཁན་ཆེན་ཐམས་ཅད་མཁྱེན་པ་རང་ཉིད་ཀྱི་བཀའ་འབུམ་གྱི་ལུང་སོགས་མཆོག་ཏུ་ཟབ་པའི་ཆོས་ཀྱི་བཀའ་དྲིན་མང་དུ་གསན་ཏེ་ཐུགས་སུ་ཆུད་པར་མཛད། ཡང་རྗེ་འདིས་འཕགས་པ་སྤྱན་རས་གཟིགས་དང་མི་གཉིས་པའི་རྗེ་བཙུན་མུས་པ་ཆེན་པོ་སངས་རྒྱས་རིན་ཆེན་གྱི་དྲུང་དུ་སྔ་ཕྱིར་གསན་པའི་ཆོས་ཀྱི་རྣམ་གྲངས་ལ། རྡོ་རྗེ་འཕྲེང་བ་ཀྲི་ཡ་ས་མུཉྩ་དང་བཅས་པའི་དབང་། བདེ་མཆོག་ནག་པོ་པའི་ཆོས་སྐོར་ཡོངས་རྫོགས། སྦྱོང་དཀྱིལ་བཅུ་གཉིས་ཀྱི་དབང་། བློ་སྦྱོང་གི་སྐོར། རྗེ་མུས་ཆེན་རང་ཉིད་ཀྱི་གསུང་འབུམ་གྱི་ལུང་སོགས་གསན་ཞིང་། མདོར་ན་སྔར་གསན་པའི་གདམས་མང་པོ་ཡང་བསྐྱར་ནས་གསན་པར་མཛོད་དེ། ཉིད་ཀྱི་གསུང་ལས། འཇིག་རྟེན་དབང་ཕྱུག་བུདྡྷ་རཏྣ་ལས། །སྔར་གྱི་གདམས་སྔགས་ཕལ་ཆེར་བསྐྱར་ནས་གསན། །གཞན་ཡང་གསང་འདུས་རིགས་གསུམ་བློ་སྦྱོང་སྤྱོད། །ཀྲི་ཡ་ས་མུཉྩ་སོགས་མང་དུས་ཐོས། །ཞེས་སོགས་གསུངས་སོ། །གཞན་ཡང་ཐམས་ཅད་མཁྱེན་པ་ཞ་ལུ་ལོ་ཙཱ་བ་རིན་ཆེན་ཆོས་སྐྱོང་བཟང་པོ་ལ་དུས་འཁོར་ས་ལུགས་ཀྱི་དབང་། སྦྱོར་བ་ཡན་ལག་དྲུག་པའི་ཁྲིད། ཐ་སྙད་རིག་པ་ལ་སྒྲ་ཀ་ཙན་གཉིས་འགྲེལ་པ་ཡན་ལག་དང་བཅས་པ། སྡེབ་སྦྱོར་གྱི་བསྟན་བཅོས་རིན་ཆེན་འབྱུང་ནས། ཚིག་རྒྱན་གྱི་བསྟན་བཅོས་མེ་ལོང་། མངོན་བརྗོད་ཀྱི་བསྟན་བཅོས་སྣ་ཚོགས་གསལ་བའི་ཉེར་མཁོ་བསྡུས་པ་སོགས་མང་དུ་གསན་ཞིང་། གསན་པ་དེ་དག་ཀྱང་མིང་ཙམ་མ་ཡིན་པ་ཚིག་དང་དོན་དུ་བཅས་པ་ལེགས་པར་དགོངས་ཤིང་ཐུགས་སུ་ཆུད་པས་ཕྱི་ནང་གི་རིག་གནས་གང་ལ་ཡང་ཐོག་པ་མེད་པའི་པཎྜི་ཏ་ཆེན་པོར་གྱུར་པ་ཡིན་ཏེ། ཉིད་ཀྱི་གསུང་ལས། འགོས་ལོ་དྷརྨ་པ་ལའི་ཞལ་སྔ་ནས། །དུས་ཀྱི་འཁོར་ལོའི་དབང་བསྐུར་ས་ལུགས་དང་། །ཇོ་ཞ་ལུགས་ཀྱི་སྦྱོར་དྲུག་ལ་སོགས་ཞུས། །ཀ་ལ་ཙནྡྲ་རིན་ཆེན་འབྱུང་གནས་དང་། །སྣ་ཚོགས་གསལ་བ་སྙན་ངག་མེ་ལོང་དང་། །དཔག་བསམ་འཁྲི་ཤིང་ལ་སོགས་ཐ་སྙད་ཀྱི། །གཙུག་ལག་ཕལ་ཆེར་ཞུས་ཤིང་ནན་ཏན་བགྱིས། །རང་བཞིན་རྐྱེན་དང་རྣམ་འགྱུར་ལ་སོགས་པ། །དུས་དང་དོན་ལ་འཇུག་ཚུལ་ཅུང་ཟད་ཤེས། །སཾཀྲི་ཏ་དང་བོད་ཀྱི་ཀློག་ཚུལ་ལ། །སྔ་རབས་འཆད་ཚུལ་རབ་ཏུ་མང་ན་ཡང་། །སྐྱོན་མེད་འདྲ་དང་བརྗོད་པའི་ཚུལ་ཤེས་པ། །མཁས་པའི་གཙུག་རྒྱན་འདི་ཉིད་བཀའ་དྲིན་ལས། །གཞན་ལ་འཆད་དམ་རང་ཉིད་ཉམས་སུ་ལེན། །ཇི་ལྟར་བྱེད་ཀྱང་ལག་ནོམ་མི་དགོས་ཙམ། །ཞེས་གསུངས་པ་ལྟར་དང་། གཞན་ཡང་ཆག་ལོ་ཙཱ་བ་རིན་ཆེན་ཆོས་ཀྱི་རྒྱལ་པོའི་དྲུང་དུ་སྒྲོལ་མ་ལྷ་བཅུ་བདུན་མའི་དབང་། ལུས་དཀྱིལ་ལྷ་ཉེར་ལྔ་མའི་དབང་། མགོན་པོ་ལྷ་བཅུ་གཉིས་མ་དང་། བརྒྱད་མའི་དབང་ལ་སོགས་པ་ཟབ་ཅིང་དཀོན་པའི་ཆོས་མང་དུ་གསན་ལ། དེ་ལྟར་མཁས་ཤིང་གྲུབ་པ་བརྙེས་པའི་བླ་མའི་ཚོགས་དུ་མ་ཞིག་ལས་ཕྱི་ནང་གི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་གསན་ཅིང་ཐུགས་སུ་ཚུད་པར་མཛད་པས། གཞན་ལ་འཆད་པ་དང་རང་ཉིད་ཉམས་སུ་ལེན་པ་ལ་སོགས་གང་ལ་ཡང་ཐོགས་པ་མེད་པའི་བློ་གྲོས་མངའ་བ་ཞིག་སྟེ། ཇི་སྐད་དུ། སྒྲ་ཚད་བཟོ་དང་གསོ་བ་ནང་དོན་རིག །སྡེབ་སྦྱོར་མངོན་བརྗོད་ཟློས་གར་ཚིག་གི་རྒྱན། །རྩིས་སོགས་མཁས་པ་རྣམས་ལ་ཡོངས་གྲགས་པས། །རིག་གནས་ཕལ་ཆེར་གཟིགས་པ་ཙམ་གྱིས་དགོངས། །ཁྱད་པར་ཉི་ཟླ་ལྟ་བུའི་ཀ་ཙན་གཉིས། །ཕྱི་ནང་གཞན་གསུམ་དཔལ་ལྡན་དུས་འཁོར་ལོ། །ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ལ་སོགས་པའི། །གཙུག་ལག་ཀུན་ལ་མི་འཇིགས་སྤོབ་པ་ཐོབ། །ཅེས་པ་ལྟར་རོ། །དེ་ལྟར་བདག་ཉིད་ཆེན་པོ་འདིས་ཡོངས་འཛིན་དམ་པ་རྣམས་ལས་ཕྱི་ནང་གི་རིག་གནས་ཀྱི་བསྡུས་པའི་ཟབ་རྒྱས་དམ་པའི་ཆོས་ཀྱི་བདུད་རྩི་རྣམས་ཕྱོགས་དང་རིས་མེད་པའི་གདུལ་བྱ་བློ་གསལ་དད་འདུན་ཅན་རྣམས་ལ་འཆད་པ་གཙོ་བོར་གྱུར་པའི་མཁས་པའི་བྱ་བ་རྣམ་པ་གསུམ་གྱིས་ཉིན་མཚན་ཁོར་ཡུག་ཏུ་འདའ་བར་མཛད་པའི་ཚུལ་ནི། ཇི་སྐད་དུ། སྔོན་བྱོན་མཁས་གྲུབ་མང་པོས་ཉེར་བསྟེན་པའི། །གྲངས་ཡས་ཆོས་ཀྱི་ཁྲི་ལ་མངའ་མཛད་ནས། །བློ་གསལ་མང་པོས་རེ་བ་སྐོང་མཁས་པའི། །མགོན་ཁྱེད་གངས་ཅན་བསྟན་པའི་བདག་པོ་ཉིད། །བློ་གྲོས་ལུས་དཀར་གངས་རིའི་རྗེས་འགྲོ་ཞིང་། །གཞུང་མང་འཆད་རྩོད་རྩོམ་པའི་གོམས་སྟབས་ཅན། །སྟོང་ཕྲག་མཁས་བཙུན་བཟང་པའི་ཁྱུ་མཆོག་དེ། །གུས་པས་བསྟེན་ཁྱོད་ལྔ་རིག་པཎྜི་ཏ། །ཆོས་སྒོ་བརྒྱ་ཁྲི་བཞི་སྟོང་གིས་མཛེས་པའི། །ཡོངས་རྫོགས་བསྟན་པའི་ཁང་བཟང་ཉམས་དགའ་བར། །བསྙེངས་བྲལ་ཐོས་བསམ་བསྒོམ་པའི་ཁྲིར་འཁོད་ནས། །སྟོན་པའི་རྒྱལ་ས་འཛིན་ཁྱོད་འོད་སྲུང་ཆེ། །ཕྱི་རིག་གླིང་ཆེན་བཞི་ལ་མངའ་བསྒྱུར་ཞིང་། །ནང་རིག་ལྷུན་པོའི་རྩེ་མོར་བགྲོད་མཁས་པའི། །རྣལ་འབྱོར་དབང་པོ་རྣམས་དང་ལྷན་ཅིག་ཏུ། །ཟབ་མོ་སྒྲོག་ཁྱོད་གྲུབ་པའི་དབང་ཕྱུག་ཆེ། །ཡིད་འོང་མཚན་དཔེའི་རི་མོ་རྣམ་བཀྲ་བའི། །ཐུབ་ཆེན་རྒྱལ་བའི་ཞལ་གྱི་ལྟས་མོ་ནི། །སྐྱོན་བྲལ་ཐུགས་ཀྱི་མེ་ལོང་ངོས་ཡངས་པོར། །ངེས་པར་གཟིགས་ཁྱོད་ས་ཐོབ་སེམས་དཔའ་ཆེ། །ཞེས་པ་ལྟར་ཏེ། དེ་ཡང་བདག་ཉིད་ཆེན་པོ་འདིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ཞིབ་པར་ནི་སུས་ཀྱང་བརྗོད་པར་དཀའ་མོད། འོན་ཀྱང་མདོར་བསྡུས་པ་ཙམ་ནི་འདི་ལྟ་སྟེ། རྗེ་འདིས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ། རྩེ་གདོང་། ངོར་ཨེ་ཝཾ་ཆོས་ལྡན། ན་ལནྡྲ། གླིང་དགའ་བདེ་བ་ཅན། ཆོས་འཁོར་ལྷ་ས། བྱང་ར་སྒྲེང་སོགས་གནས་མང་པོར་ཆོས་ཀྱི་འཁོར་ལོ་ཇི་སྙེད་ཅིག་བསྐོར་བའི་དུས་རྣམས་སུ་ཤེས་བྱའི་གནས་ལ་མ་ནོར་བར་དཔྱོད་པའི་མཁྱེན་རབ་ཀྱི་འཇུག་པ་རྣོན་པོས། བཤད་བྱའི་ཆོས་དེ་ཚིག་རྣ་བར་སྙན་ཞིང་། ཚིག་དོན་གོ་བདེ་ཞིང་ཆོད་ཆེ་ལ། དཀའ་བའི་གནས་རྣམས་དཔྱིས་ཕྱིན་ཞིང་། བྱེད་པ་གསལ་བའི་སྒོ་ནས་སོ་སོའི་བློ་དང་འཚམས་པར་བཤད་པས་གདུལ་བྱ་རྣམས་ཀྱི་བློ་གྲོས་ཀྱི་པདྨོ་རྒྱས་པར་མཛད་པ་ན། ཉིན་རང་པོར་ཆོས་ཀྱི་གྲྭ་གནས་ཀྱང་སྐྱོ་སུན་སོགས་གཏན་མི་སྐྱོ་བ་ཞིག་ཡིན་པར་ཡོངས་སུ་གྲགས་ཤིང་། ཇི་སྙེད་གསུངས་པའི་རྣམ་གྲངས་ཀྱང་། རྒྱུད་སྡེ་རིན་པོ་ཆེ་དྲི་མ་མེད་པ་རྣམས་ནས་བཤད་པའི་སྤྱིའི་དབང་བསྐུར་རྡོ་རྗེ་འཕྲེང་བ་དཀྱིལ་འཁོར་ཞེ་གཉིས། དེའི་སྟེང་དུ་ཀྲི་ཡ་ས་མུཉྩའི་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་སྟེ་བཞི་བཅུ་ཞེ་ལྔའི་དབང་དང་། སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་རྣམས་དང་། བྱེ་བྲག་གི་དབང་ལ། ཀྱཻ་རྡོ་རྗེ་བཀའ་བབས་བཞིའི་དབང་ལ་སོགས་པ་ལྔ་བཅུ་རྩ་གཅིག་སྟེ་ཡོངས་སྡོམ་སྨིན་བྱེད་དབང་གི་རྣམ་གྲངས་བརྒྱ་རྩ་བརྒྱད་དང་། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ་ལ་སོགས་པ་གྲོལ་བྱེད་ཀྱི་ཁྲིད་ཀྱི་རྣམ་གྲངས་ཉི་ཤུ་རྩ་བདུན་ཙམ་དང་། རྡོ་རྗེ་བདག་མེད་མའི་བྱིན་རླབས་ལ་སོགས་པ་སྙན་བརྒྱུད་ཟབ་མོའི་བྱིན་རླབས་ཀྱི་རིམ་པ་ཉེར་གསུམ་ཙམ་དང་། སྒྲུབ་ཐབས་བརྒྱ་རྩ་དང་། རྒྱ་མཚོ་སྟེ་རྗེས་སུ་གནང་བའི་བཀའ་སྲོལ་ཆེན་པོ་གཉིས་དང་། མི་གཡོ་བ་དཀར་སྔོན་གྱི་རྗེས་གནང་སོགས་རྗེས་གནང་ཟུར་བཀར་གྲགས་པ་བཅུ་ཕྲག་བཞིའི་ལྷག་པ་དང་། དུས་འཁོར་འགྲེལ་ཆེན་གྱི་བཤད་བཀའ་དང་། ཀྱཻ་རྡོར་རྒྱུད་གསུམ་གྱི་བཤད་བཀའ་སོགས་རྒྱུད་དང་། རྒྱ་བོད་ཀྱི་མཁས་གྲུབ་ཚད་ལྡན་རྣམས་ཀྱིས་མཛད་པའི་རྒྱུད་འགྲེལ་ཟབ་མོའི་བཤད་བཀའི་རྣམས་གྲངས་བཅུ་གསུམ་ཙམ་དང་། གཞན་ཡང་སོར་སྡོམ་དང་། བྱང་སེམས་ཀྱི་སྡོམ་པའི་བསླབ་བྱ་སྟོན་པའི་གསུང་རབ་དུ་མ་དང་། སྒྲ་དང་སྡེབ་སྦྱོར་སྙན་ངག་སྐར་རྩིས་ལ་སོགས་པ་ཐ་སྙད་ཀྱི་རིགས་པ་དང་། གཞན་ཡང་གོང་དུ་བཤད་པའི་དབང་ཁྲིད་བྱིན་རླབས་རྣམས་ཀྱི་རྒྱབ་བརྟེན་གྱི་བཀའ་དང་བསྟན་བཅོས་སོགས་ལུང་གི་ཚོགས་རབ་ཏུ་མང་པོ་སོགས་ཆོས་ཀྱི་རྣམ་གྲངས་རེ་རེ་ནས་ཀྱང་ལན་གྲངས་མང་པོ་ཞིག་སྩོལ་བར་མཛད་ཅིང་། ཡང་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པ་དང་། དངོས་དང་བརྒྱུད་པའི་གདུལ་བྱ་རྣམས་ལ་ཕན་པའི་སླད་དུ་ལེགས་བཤད་གསར་དུ་མཛད་པ་ཡང་། རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ལ་མཆོད་ཡར་གྱི་ཚིགས་བཅད། རྩ་བའི་བླ་མ་བཞི་ལ་བསྟོད་པ་སོགས་གསོལ་འདེབས་དང་བསྟོད་པའི་སྐོར་དུ་མ་དང་། རྗེ་སངས་རིན་དང་། གློ་བོ་མཁན་ཆེན་པ་གཉིས་ཀྱི་རྣམ་ཐར། གཞན་ཡང་སྒྲུབ་ཐབས། དཀྱིལ་འཁོར་གྱི་ཆོ་ག ཁྲིད་ཡིག ལྷ་སོ་སོའི་རྗེས་གནང་གི་ཡི་གེ ཆོས་སྐྱོང་གི་བསྐང་བ། བསྟོད་པ། ཉིད་ཀྱི་གསན་ཡིག་པདྨ་ར་གའི་འཕྲེང་བ་སོགས་མདོར་ན་སྔོན་མེད་པའི་ལེགས་བཤད་ཀྱི་ཚོགས་གླེགས་བམ་དུ་ལོང་བ་མཛད་དེ། འདི་དག་ཀྱང་མིང་མངོན་བརྗོད་ཀྱིས་སྤྲས་པས་བྱིང་ཆེ། ཚིག་སྙན་ངག་གིས་བརྒྱན་པས་སྣ་བར་སྙན། དོན་བརྗོད་བྱ་དང་འབྲེལ་བས་རྟོགས་སླ། བཅད་མཚམས་སྡེབ་སྦྱོར་དང་མཐུན་པས་བརྗོད་བདེ་བ་ལ་སོགས་པ་བསྟན་བཅོས་རྩོམ་པའི་ཡོན་ཏན་ཐམས་ཅད་ཚང་བས་མཁས་པ་རྣམས་ཀྱི་ཡིད་འཕྲོག་པར་བྱེད་པ་ཁོ་ན་ཏེ། ཇི་སྐད་དུ། གཞུང་བརྒྱ་འཆད་པའི་ལྕེ་བདེ་བློ་གསལ་ཞིང་། །ལུང་རིགས་འགལ་འབྲེལ་སྤྱོད་པའི་འདྲེན་བྱེད་ཀྱང་། །སྡེབ་ལེགས་རྩོམ་པའི་རོ་འཛིན་བསྒྱུར་མཁས་པའི། །གནས་ལྔ་རིག་པ་དཔལ་ལྡན་ས་སྐྱ་པ། །བློ་བཟང་ཁྱེད་ཀྱི་མཁྱེན་པའི་དོད་དཔོན་གྱིས། །མཁས་གྲུབ་ཞལ་གྱི་ཆུ་གཏེར་ལས་བླངས་པའི། །དབང་ལུང་མན་ངག་ཡིད་བཞིན་རིན་ཆེན་གྱིས། །ཟབ་ཡངས་ཐུགས་ཀྱི་བང་མཛོད་ལེགས་བཀང་ནས། །སླར་ཡང་སྐྱེ་དགུའི་དབུལ་བ་སེལ་བའི་ཕྱིར། །རྒྱུད་སྡེ་རྣམ་བཞིའི་དགོངས་དོན་རིན་ཆེན་མཆོག །རྡོ་རྗེ་འཕྲེང་བ་ཀྲི་ཡ་ས་མུ་ཉྩར། །ལེགས་པར་བཤད་པའི་དཀྱིལ་འཁོར་ཞེ་ལྔ་དང་། །ངན་སོང་སྦྱོང་བའི་དཀྱིལ་འཁོར་བཅུ་དང་གཉིས། །རྣམ་དག་ཟུར་བཀའ་ལྔ་བཅུ་རྩ་གཅིག་སྟེ། །སྨིན་བྱེད་དབང་གི་རྣམ་གྲངས་བརྒྱ་དང་བརྒྱད། །གྲོལ་བྱེད་ཁྲིད་ཀྱི་རིམ་པ་ཉི་ཤུ་བདུན། །སྙན་བརྒྱུད་ཟབ་མོའི་བྱིན་རླབས་ཉེར་གཉིས་ལྷག །རྗེས་སུ་གནང་བའི་བཀའ་སྲོལ་ཆེན་པོ་གཉིས། །རྗེས་གནང་ཟུར་བཀར་གྲགས་པ་བཞི་བཅུ་ལྷག །རྒྱ་བོད་མཁས་པའི་དགོངས་འགྲེལ་དང་བཅས་པའི། །ཟབ་རྒྱ་རྒྱུད་སྡེའི་བཤད་བཀའ་བཅུ་གསུམ་དང་། །སོ་ཐར་བྱང་སེམས་སྡོམ་པ་བསླབ་བྱར་བཅས། །སྒྲ་དང་སྙན་ངག་སྡེབ་སྦྱོར་སྐར་རྩིས་དང་། །བཀའ་དང་བསྟན་བཅོས་གླེགས་བམ་རབ་འབྱམས་ཀྱི། །དག་གསལ་ལུང་གི་བཀའ་དྲིན་དང་བཅས་པ། །མཐའ་ཡས་གདུལ་བྱའི་བསམ་པ་ཇི་ལྟ་བར། །སྩོལ་མཛད་ཆོས་ཀྱི་སྦྱིན་བདག་ཆེ་བ་པོ། །མཁས་པའི་མདུན་སར་འགལ་འབྲེལ་གཏམ་བྱེད་ཚེ། །ལུང་རིགས་རྗེས་སུ་གདམས་པའི་མཆེ་ལྡེར་གྱིས། །མ་རྟོགས་ལོག་རྟོགས་ཐེ་ཚོམ་གླང་པོའི་ལུས། །འཇོམས་མཛད་སྨྲ་བའི་སེངྒེ་མཚུངས་པ་མེད། །ལེགས་སྦྱར་ཚིག་གི་སྲད་བུ་ལ་བརྒྱུས་པའི། །རྒྱན་དང་མངོན་བརྗོད་སྡེབ་སྦྱོར་ནོར་བུའི་འཕྲེང་། །མཁས་པའི་ཡིད་འཕྲོག་དབྱངས་ཅན་མགུལ་པའི་རྒྱན། །སྤེལ་མཁས་ཚིག་རྗེ་ཚིག་བདག་སྨྲ་མཁས་པོ། །ཞེས་གསུངས་པ་ལྟར་རོ། །དེ་བས་ན་བདག་ཉིད་ཆེན་པོ་འདིས་མཁས་པའི་བྱ་བ་རྣམས་པ་གསུམ་གྱིས་སྒོ་ནས་མཁྱེན་བརྩེ་ནུས་གསུམ་གྱི་རྒྱལ་བའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་པའི་སྙན་གྲགས་ཕྱོགས་ཀུན་ཏུ་ཁྱབ་པ་ལ་རྟེན། སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་མ་བསྡུས་པར་ཡང་རང་གི་ངང་གིས་འདུ་ཞིང་། ཁྱད་པར་གསུང་གི་བདུད་རྩི་ངོམ་པར་གསོལ་བ་དང་། ཆོས་ཀྱི་འབྲེལ་པ་ཅི་རིགས་པ་ཐོབ་པའི་བསྟན་འཛིན་གྱི་སློབ་མ་ཡང་། བསྟན་པའི་མངའ་བདག་དམ་པར་བཞུགས་པ་རྗེ་རང་ཉིད་ཀྱི་སྐུའི་གཅུང་འཇམ་པའི་དབྱངས་ངག་གི་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་སྐུ་མཆེད་རྣམས་དང་། སྙིགས་དུས་བསྟན་པའི་ཉི་མ་སྔགས་འཆང་ངག་གི་དབང་པོ་ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་དང་། བདག་ཆེན་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་སྐུ་མཆེད་རྣམས་དང་། རྗེ་བཙུན་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་དང་། བྲག་དཀར་སེམས་དཔའ་ཆེན་པོ་བསོད་ནམས་རྒྱལ་མཚན་དང་། མཁན་ཆེན་དཔལ་ལྡན་པ། གསེར་གླིང་ཆོས་རྗེ་ཀུན་དགའ་བཀྲ་ཤིས་པ་དང་། བཞི་སྡེ་ཆོས་རྗེ་འཇམ་དབྱངས་ནམ་མཁའ་བརྟན་པ་དང་། ཐུབ་བསྟན་ཡངས་པ་ཅན་གྱི་ཆོས་རྗེ་རྣམ་པ་གཉིས། ཆོས་རྗེ་དངོས་གྲུབ་དཔལ་འབར་པ་ཡབ་སྲས་དང་། རྗེ་ལྕགས་ཐང་རབ་འབྱམས་པ། ལོ་ནས་སྤྱན་སྔ་རིན་པོ་ཆེ་ངག་དབང་ཆོས་གྲགས། ཆོས་རྗེ་སྐུ་སྐྱེ་བ་ངག་དབང་གྲགས་པ། ལྷུན་སྟིང་ལོ་ཙཱ་བ་ནམ་མཁའ་དཔལ་བཟང་སྐུ་མཆེད་དང་། བྱང་ས་དུས་འཁོར་བ་རིན་ཆེན་བཟང་པོ། བླེ་ལུང་མཁན་པོ་དཀོན་མཆོག་རིན་ཆེན། རྣལ་འབྱོར་དབང་པོ་ཀུན་སྤངས་ཆོས་ཀྱི་ཉི་མ། ཇོ་ནང་མཁན་ཆེན་ངག་དབང་ཀུན་དགའ་ལེགས་པ། སྲིན་པོ་རིའི་མཁན་ཆེན་བསོད་ནམས་རྒྱལ་མཆོག གྲོལ་མཁན་ཆེན་ནམ་མཁའ་དབང་ཕྱུག སྟག་ལུང་མཁན་པོ་བཀྲ་ཤིས་དཔལ་འབྱོར། གསེར་མདོག་པ་གཞོན་ནུ་ནོར་བཟང་། སྤ་སྤོང་ཆོས་རྗེ་དགེ་འདུན་དཔལ་བཟང་། སྐྱོགས་ལོ་ཙཱ་བ་ངག་དབང་རིན་ཆེན་བཀྲ་ཤིས་དཔལ་བཟང་པོ་ལ་སོགས་པ་མཁས་གྲུབ་ཀྱི་སློབ་མ་མཚན་ནས་བགྲང་དུ་བཏུབ་པ་བརྒྱ་ཕྲག་དུ་མ་བྱོན་ཞིང་། གཞན་ཡང་གདན་ས་ཆེན་པོའི་བརྒྱ་དཔོན་དང་། ཟུར་ཆོས་པ་བསྟན་པའི་བྱ་བ་མཛད་ནུས་པ་དུ་མ་དང་། དབུས་གཙང་ཁམས་གསུམ་གྱི་ཆོས་སྡེ་ཆེན་པོའི་མཁན་པོ་དང་། དགོན་པ་སོ་སོའི་བླ་མ་དང་། གྲྭ་ཚང་ཐ་དད་ཀྱི་སློབ་དཔོན་དང་། བློ་གསལ་དུ་མའི་འདྲེན་པ་དང་། མི་ཆེན་མང་པོའི་བླ་མ་ལ་སོགས་པ་མདོར་ན་བདག་ཉིད་ཆེན་པོ་དང་ཡུལ་དང་གནས་སྐབས་ཀྱི་མ་སྐལ་ཞིང་། ཆོས་ལུགས་གཞན་གྱིས་དབང་དུ་མ་གྱུར་པའི་དགེ་བའི་བཤེས་གཉེན་ཕལ་མོ་ཆེ་ཞིག་གིས་རང་གི་སྐལ་བ་དང་མཚམས་པའི་གསུང་གི་བདུད་རྩི་ཐོབ་པར་བྱས་ནས། དད་པ་ཆེན་པོའི་རིགས་ཀྱི་ཅོད་པན་དམ་པར་འཛིན་ཞིང་སྐུ་གསུང་ཐུགས་ཀྱི་རྣམ་ཐར་གྱི་རྗེས་སུ་སློབ་པ་བགྲང་བ་ལས་འདས་པས་ཀུན་མཁྱེན་རྒྱལ་བའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་ཅིང་། དེ་དག་གི་སློབ་མ་དང་ཡང་སློབ་དང་ཉིད་སློབ་རྣམས་ཀྱིས་ཀྱང་ས་ཆེན་པོ་འདི་ཡོངས་སུ་ཁྱབ་པར་གྱུར་པ་སྟེ། ཇི་སྐད་དུ། ཏིང་འཛིན་ཀླུ་དབང་དུ་མས་ཉེར་བསྟེན་པའི། །གཏིང་མཐའ་མི་མངོན་ཆོས་དབྱིངས་ཐུགས་མཚོ་ལས། །འཕྲིན་ལས་རྣམ་བཞིའི་ཆུ་ཆེན་རབ་ཕབ་ནས། །བསྟན་འཛིན་རྩ་ལྗང་མྱུ་གུ་མང་དུ་བསྐྱེད། །ཨེ་མ་འཇམ་མགོན་གཉིས་པའི་ཞལ་གྱི་ལུང་། །རྣ་བའི་ཀུན་དགར་མི་འཛིན་མཁས་པ་སུ། །ཁྱོད་ཀྱི་ཞབས་སེན་ཡིད་འོང་ནོར་བུའི་འཕྲེང་། །སྤྱི་བོའི་རྒྱན་དུ་མི་ལེན་ཆེན་པོ་གང་། །རང་གི་སློབ་མ་རང་དང་རྗེས་མཐུན་པ། །མཁས་བཙུན་བཟང་པོས་མཁས་པའི་བྱ་བ་གསུམ། །མཛད་ནུས་དུ་མས་མཛད་པ་བསམ་ཡས་ཀྱི། །བློ་གསལ་རྣམས་ཀྱི་བློ་མཚོ་འགེངས་ལ་བརྩོན། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་བདག་ཉིད་ཆེན་པོ་འདི་ནི་རང་གིས་ཐོས་པ་དང་། གཞན་ལ་བསྟན་པ་དེ་ཐམས་ཅད་ཀྱང་ཟབ་མོའི་ཏིང་ངེ་འཛིན་ལ་བཅུད་ལེན་བྱ་བའི་ཕྱིར་བཙོན་འགྲུས་དྲག་པོས་ཉིན་ཞག་ཕྲུགས་རེ་ལ་ཇི་ལྟར་མཛད་པའི་རིམ་པ་ཡང་། ཐོག་མར་དགྱེས་པ་རྡོ་རྗེའི་ཕྱི་ནང་གི་བསྐྱེད་རིམ། ལམ་དུས་ཀྱི་དབང་རྒྱས་པར་བླངས་བ་དང་བཅས་པ། བདེ་མཆོག་དྲིལ་བུ་པའི་ལུས་དཀྱིལ། ནག་པོ་པོའི་མངོན་རྟོགས། ཕུར་པའི་མངོན་རྟོགས། ལམ་ཟབ་མོ་བླ་མའི་རྣལ་འབྱོར། བླ་མ་རིན་ཆེན་འབྱུང་ལྡན། རྣལ་འབྱོར་དབང་ཕྱུག་གི་སྲུང་བ་གཉིས། ནཱ་རོ་མཁའ་སྤྱོད་ཀྱི་ཉམས་ལེན་འཆི་ཁ་མའི་གདམས་ངག་དང་བཅས་པ། བདེ་མཆོག་དཀར་པོའི་ཉམས་ལེན། རྡོ་རྗེ་ལྷ་མོའི་མངོན་རྟོགས། དམར་པོ་སྐོར་གསུམ་གྱི་ཉམས་ལེན། སྒྲོལ་དཀར་གྱི་མངོན་རྟོགས། ཐུབ་པ་མི་རུ་སྦི་ཥ་ར། རྣམ་རྒྱལ་འཇོམས་གཉིས། མགོན་པོའི་བསྲུང་བཟློག་རྒྱས་པ་སོགས་ལྷའི་རྣལ་འབྱོར་རེ་རེ་ནས་ཀྱང་སྔགས་ཀྱི་བཟླས་པ་གྲངས་མང་པོ་དང་བཅས་ཐུན་གཉིས་དང་གསུམ་དང་བཞི་ལ་སོགས་པའི་ངེས་པས་གཏན་མི་ཆག་པའི་དམ་བཅའ་བརྟན་པོ་མཛད་ཅིང་། གཙོ་ཆེར་རྫོགས་རིམ་གྱི་ཉམས་ལེན་ལྟ་བ་སྐྱོང་བ་དང་བཅས་པ་དུ་མ་དང་། སྦྱོར་དྲུག་གི་ཉིན་མཚན་གྱི་རྣལ་འབྱོར་དང་། རླུང་དང་འཁྲུལ་འཁོར་ལ་སོགས་པའི་རྣལ་འབྱོར་དུ་མས་མཚན་མོའི་ཆ་ཕལ་ཆེར་འདའ་བར་མཛད་ལ། སྔ་དྲོ་ཐུགས་དམ་གྲོལ་ནས་རྟེན་གསུམ་རྣམས་ལ་ཕྱག་དང་བཅས་པའི་ཡན་ལག་བདུན་པ་དང་། དཀར་གཏོར་ཆ་བཞི། ཉིན་པར་གྱི་དུས་སུ་ཚོགས་ཆོས་གསུང་བ་ལ་སོགས་པའི་ལུང་དང་བཅས་བཤད་པའི་ཕྱག་ཁྲིད་རྣམས་མཛད། དེ་ལྟ་བུ་མི་གནང་བའི་སྐབས་སུ་ཕྱག་དཔེའི་གཟིགས་རྟོག་ཁོ་ན་མཛད་ཅིང་། མཐུན་མཚམས་གང་རིགས་ལ་གཏོར་མ་བརྒྱད་རྩ་རྒྱས་པ་ཆུ་སྦྱིན་དང་བཅས་པ། ཛཾ་སེར་ནག དབྱུག་གུ་མ་སྤུན་གསུམ། དུས་འཁོར་གྱི་སྲུང་མ་དྲུག་ཅུ། ཐུགས་རྗེ་ཆེན་པོའི་གྲུལ་གཏོར། ཆ་གསུམ་གཏོར་མ་རྣམས་མཛད་ནས། མཐར་ཤེས་རབ་སྙིང་པོ་སཾ་ཀྲི་ཏའི་སྐད་དུ་ཚར་གསུམ། བདུད་བཟློག་བསྔོ་བ་སྨོན་ལམ་དང་བཅས་པ་མཛད། བར་སྐབས་སུ་སྐུ་འཆག་པའི་ཞབས་བསྐོར་དང་བཅས་ཏེ། རྩ་བའི་བླ་མ་རྣམ་བཞི་དང་། བླ་མ་གོང་མ་རྣམས་ཀྱི་བསྟོད་པ་དུ་མ་དང་། བརྒྱུད་པའི་གསོལ་འདེབས་ཁ་ཡར། དཔའ་བོས་མཛད་པའི་སངས་རྒྱས་ཀྱི་བསྟོད་ཚོགས་ཁ་ཡར། དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི་བདེ་མཆོག་གི་བསྟོད་པ་རྒྱུན་ཆགས། ཙནྡྲ་གོ་མིས་མཛད་པའི་འཇམ་དབྱངས་ཕྱོགས་བཅུ་མ། ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པའི་སྒྲོལ་མའི་བསྟོད་པ་མེ་ཏོག་འཕྲེང་འཛིན་སོགས་ཆོས་སྤྱོད་ཀྱི་རིམ་པ་མང་དུ་མཛད། དགོང་མའི་ཆ་ལ་དབང་དང་བྱིན་རླབས་དང་རྗེས་གནང་ཟབ་མོ་རྣམས་སོ་སོའི་བློ་དང་འཚམས་པར་མཛད། དེ་ནས་ཡང་སྲོད་ཐུན་ཕལ་ཆེར་རྫོགས་པའི་མཇུག་ཏུ། བདེ་དགྱེས་ཕུར་གསུམ། མགོན་པོ་ལྷ་བརྒྱད་སོགས་ཡི་དམ་ཆོས་སྐྱོང་གི་གཏོར་བསྔོ་རྣམས་རྒྱས་པར་མཛད། དེ་ནས་སྲོད་མཐུན་གྱི་འཕྲོ་རྣམས་རྫོགས་པར་མཛད་པ་ལ་སོགས་པ་མདོར་ན་བདག་ཉིད་ཆེན་པོ་འདིའི་ཉིན་ཞག་ཕྲུགས་གཅིག་གི་མཉམ་གཞག་གི་ཐུགས་དམ་རྣམས་ལྟ་ཞོག ཆོས་སྤྱོད་དང་གཏོར་མའི་བསྒྲིགས་ཆགས་ཙམ་ཡང་དིང་སང་གི་དགེ་བ་ལ་གཅིག་ཏུ་ཞུགས་པར་རློམས་པ་རྣམས་ཀྱིས་ཉིན་ཞག་དུ་མར་འབད་ཀྱང་གྲུབ་པར་དཀའ་བར་མཐོང་ཞིང་། དེ་ལྟར་རིམ་གཉིས་ཀྱི་ཏིང་ངེ་འཛིན་ཟབ་མོ་ལ་གཡེལ་བ་མེད་པར་བཞུགས་པའི་འབྲས་བུ་གནས་སྐབས་སུ་བླ་མ་ཡིད་དམ་སོགས་ཀྱིས་ཞལ་བསྟན་ཞིང་རྗེས་སུ་བཟུང་བའི་མཚན་མ་ཡང་བསམ་གྱིས་མི་ཁྱབ་པ་མངའ་བ་ཡིན་ཏེ། དེ་ཡང་བདག་ཉིད་ཆེན་པོ་འདིས་དགུང་ལོ་ཉི་ཤུ་རྩ་གྲངས་བཞེས་པའི་སྐབས་ཤིག རྩེ་གདོང་གི་དགོན་གཞིས་མདོ་ཆོས་གཟིམ་ཁང་དུ་སྐུ་མཚམས་མཛད་ནས་རྡོ་རྗེ་ཕུར་པ་གཙོར་བོར་གྱུར་པའི་ཐུགས་དམ་གནང་དུས། ས་བིར་ཞལ་སྤྲོས། བཅོམ་ལྡན་རྡོ་རྗེ་གཞོན་ནུ། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་རྣམས་ཀྱི་ཞལ་གཟིགས་པ་དང་། བདག་ཉིད་ཆེན་པོ་འདི་དགུང་ལོ་སུམ་བཅུ་སོ་གཉིས་སུ་ཕེབས་པ་མེ་ཕོ་བྱི་བའི་ལོ་ན་ལནྡྲར་གསུང་ངག་རིན་པོ་ཆེ་འབྲས་བུ་དང་བཅས་པའི་ཐོག་དྲངས། ཁྲིད་ལུང་མན་ངག་དབང་བྱིན་རླབས་རྗེས་གནང་སོགས་ཟབ་རྒྱས་ཀྱི་དམ་པའི་ཆོས་མང་པོ་སྩལ་བ་ན། དེའི་སྐབས་སུ་རྗེས་སངས་རྒྱས་རིན་ཆེན་ཡང་ཕེབས་ཏེ་དེ་ནས་ཡབ་སྲས་ལྷན་ཅིག་ཏུ་གཙང་ཕྱོགས་ལ་གདན་བཏེག་སྟེ། ཡར་ལམ་སྲིན་པོ་རི་མཇལ་བར་ཕེབས་པས། བདེ་མཆོག་གི་སྐུ་དེ་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཅིག་པར་གཟིགས་ནས་སྐུ་ལུས་ལ་འཕར་གཡོ་ལ་སོགས་པ་བྱུང་སྟེ་གར་སྟབས་སྣ་ཚོགས་མཛད་ཅིང་། དེ་ནས་དེ་ལས་སངས་པ་ན་ཁྱེའུ་དཀར་པོ་གཅིག་གིས་བསུ་བ་བྱས་ནས་བསྐོར་ལམ་ལ་ཕེབས་པས། དེའི་དུས་སུ་རྗེ་སངས་རྒྱས་རིན་ཆེན་གྱིས་འཁོར་རྣམས་ལ། ཁོང་པ་ལ་གཟིགས་སྣང་དང་ཉམས་རྟོགས་མང་པོ་འཁྲུངས་གདའ་མི་ཚོ་བདེ་མཆོག་སྔོན་པོ་ཡིན་ཟེར་ཏེ། འདི་ནི་དཀར་པོས་འདུག་གསུངས་པ་ལ་སོགས་པ་དང་། ཡང་ལན་གཅིག་མུས་ཀྱི་བསམ་གཏན་ཕུག་ཏུ་ལོ་གཅིག་ཧྲིལ་པོ་སྐུ་མཚམས་ལ་བཞུགས་ཏེ། འཁོར་ལོ་བདེ་མཆོག་གི་གསུང་བསྙེན་མཐར་ཕྱིན་པར་མཛད་པའི་དུས་སུ་འཁོར་ལོ་བདེ་མཆོག་བདེ་ཆེན་ལྷ་ལྔ་དང་། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། མུས་ཆེན་སངས་རྒྱས་རིན་ཆེན་རྣམས་ནམ་མཁར་ཞལ་གཟིགས་ཤིང་། ཁྱད་པར་འཇམ་དབྱངས་སངས་རྒྱས་རིན་ཆེན། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་བིར་ཝ་པའི་རྣམ་པར་གཟིགས་ཏེ། དེའི་སྐབས་སུ་སྐུ་འཁོར་རྣམས་ལ་གཟིགས་སྣང་རྣམས་བྱུང་ཚུལ་དང་། ཉམས་རྟོགས་ཀྱང་བློ་ཁ་རྫོགས་པ་ཙམ་བྱུང་། རྗེ་སངས་རྒྱས་རིན་ཆེན་འདི་དུས་ཀྱིས་མིན་པ། སེམས་དཔའ་ཆེན་པོ་ལས་འཇིགས་པ་འདུག ཅེས་རྗེ་ཉིད་ཀྱིས་གསུངས་ཞེས་ཀྱང་གྲགས་ཤིང་། ཡང་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་ཞལ་བསྟན་ཏེ་འཕྲིན་ལས་བསྒྲུབ་པའི་ཚུལ་ནི། སྐབས་གཅིག་ཤབ་དགེ་སྡིང་གི་མགོན་ཁང་དུ་རྒྱུན་རིང་བཞུགས་ཏེ་ཐུགས་དམ་དང་ཆོས་སྐྱོང་གི་གཏོར་འབུལ་དང་། བསྐང་བ་བསྟོད་པ་རྒྱ་ཆེན་པོ་མཛད་པས། དེའི་དུས་སུ་ཀྱཻ་རྡོར་དང་། རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལྕམ་དྲལ་དང་། ཁྱད་པར་ལས་མཁན་པུ་ཏྲ་ཆེན་པོ་ལུས་ཀྱི་སྟོད་ཉང་པ་བྱས་པ་ཅིག་མངོན་སུམ་དུ་གཟིགས་ཤིང་། གཞན་ཡང་ཆོས་སྐྱོང་མཉེས་པའི་རྟགས། བུད་མེད་རྒྱན་བཟང་པོས་བརྒྱན་པ་དང་། འཛུ་གེ་མང་པོ་དགྱེས་པའི་རྣམ་འགྱུར་ཅི་ཡང་བྱེད་པ་གཟིགས་ཏེ། དེ་ནས་ཆོས་སྐྱོང་འཁོར་བཅས་ལ་བསྟོད་པ་དགྲ་བགེགས་སྲོག་གཅོད་ཀྱི་འཁོར་ལོ་ཞེས་བྱ་བ་དང་། དཔལ་ལྡན་ལྷ་མོའི་བསྐང་གསོ་དངོས་གྲུབ་རོལ་མཚོ་ཞེས་བྱ་བ་གཉིས་རྩོམ་པར་མཛད་པ་ཡིན་ཞེས་ཐོས་ལ། ཡང་དེའི་རྗེས་ཐོགས་ཞིག་སྒོ་རུམ་དུ་བསེ་མགོན་ཡིད་བཞིན་ནོར་བུའི་དྲུང་དུ་སྐུ་མཚམས་ཡུན་རིང་གནང་བའི་སྐབས་སུ། རྗེ་བཙུན་བིར་ཝ་པའི་སྐུའི་བཀོད་པ་དྲུག་དང་། ས་ཆེན་གྱི་སྐུའི་རྣམ་འགྱུར་དྲུག་གཟིགས་ནས་བིར་ཝ་པ་དང་། ས་སྐྱ་པ་ཆེན་པོ་གཉིས་ངོ་བོ་གཅིག་པར་ཡང་དགོངས་ཤིང་། ཐུགས་ལ་ཉམས་རྟོགས་ཀྱི་ཏིང་ངེ་འཛིན་ཁྱད་པར་བ་དུ་མ་འཁྲུངས་ཞེས་གྲགས་པ་དང་། གཞན་ཡང་སྐབས་གཅིག་བྱས་འགྱུར་རྡོ་རྗེའི་བྲག་རྫོངས་སུ་ཚོགས་བདག་གི་བསྒྲུབ་པ་མཛད་སྐབས། གནོད་སྦྱིན་བསེའི་གདོང་ཅན་གྱིས་འཚུབ་ཀྱི་རྣམ་པས་གཟིམ་ཁང་གི་གཡམ་གདུང་གས་གྲུམ་ཆེར་བྱུང་བ་ན། གཟིམ་ཁང་ལ་ཞིག་གསོས་མཛད་ཅིང་བར་ཆད་ལས་གྲོལ་ཏེ། སླར་སྐུ་མཚམས་དེ་ཀའི་མུ་མཐུད་ནས་རྒྱུན་རིང་གནང་བ་ན། རྗེ་བཙུན་རིན་ཆེན་དང་། རྡོ་རྗེ་ལྷ་མོ་སོགས་བླ་མ་ཡི་དམ་དུ་མའི་ཞལ་གཟིགས་ཤིང་། དེ་སྐབས་དགོང་ཕྱོགས་སྐུ་འཆག་པ་ལ་ཞལ་འདོན་དང་བསྟུན་རྗེ་བཙུན་རིན་པོ་ཆེ་ཟན་འབུམ་ལ་ཞབས་བསྐོར་རྒྱུན་དུ་གནང་གིན་ཡོད་པ་ལ། མགོ་ཟླ་བའི་ཚེས་བཅུ་བཞི་རྗེ་ས་པཎ་གྱི་དུས་ཆེན་གྱི་ཉིན་འཆག་གཡོག་རབ་འབྱམས་པ་ཀུན་ཚེ་བྱ་བ་དང་དཔོན་སློབ་གཉིས་ཀྱིས་ཞབས་བསྐོར་ལ་ཕེབས་པས། རྗེ་འདིས་ནམ་མཁའ་ལ་གཟིགས་ཏེ་ཞབས་འབྲིང་པ་དེ་ལ་ཁྱོད་ཀྱིས་ཨེ་མཐོང་གསུང་བ་དང་། དེས་ཀྱང་ནམ་མཁའ་ལ་བལྟས་པས་ནམ་མཁའ་ཤིན་ཏུ་དྭངས་པ་ལ་འཇའ་འོད་ཟླུམ་པོ་ཤིན་ཏུ་ལེགས་པ་གཅིག་འདུག་ནས། འདི་བཞིན་འདུག་གཞན་ནི་མ་མཐོང་ཞུས་པས། རྗེའི་ཞལ་ནས་ཡ་གི་ན་རྗེ་ས་སྐྱ་པཎ་ཆེན་ཕེབས་འདུག འཇའ་འོད་དེ་ཙམ་མཐོང་བ་ཡང་སྒྲིབ་པ་ཆུང་བ་ཡིན་གསུངས་ཏེ། དཔོན་སློབ་གཉིས་ཀས་དད་པ་ཆེན་པོ་མཛད་པས། ཐུགས་ཉམས་འཕར་བ་ལ་སོགས་པའི་རྣམ་འགྱུར་ཅི་ཡང་མཛད་ཅེས་གྲགས་ཤིང་། ཡང་ལན་ཅིག་གི་ཚེ་ལ་སྟོད་ལྷོའི་ས་སྐྱོང་ཆེན་པོའི་སྤྱན་གྱིས་གསོལ་བ་བཏབ་སྟེ་ཞལ་གྱིས་བཞེས་ནས། དེར་ཕེབས་པའི་གོང་རོལ་ཞིག་ཏུ་མཁའ་སྤྱོད་གཟིམ་ཆུང་སྦུག་ཏུ་བཞུགས་པའི་སྐབས་ཅིག་མཚན་ལམ་དུ་རྗེ་ས་སྐྱ་པ་ཆེན་པོ་དང་། འཇམ་པའི་དབྱངས་ཡིན་ནམ་སྙམ་པའི་པཎྜི་ཏའི་ཆ་ལུགས་བྱས་པ་གཅིག ཆེས་རྗེ་ས་པཎ། རྣལ་འབྱོར་གྱི་དབང་ཕྱུག་བིར་ཝ་པ། སློབ་དཔོན་ནག་པོ་སྤྱོད་པ་བ་རྣམས་ཆོས་ཀྱི་གསུང་གླེང་མཛད་པའི་དྲུང་ན་བདག་ཉིད་ཆེན་པོ་འདི་ཕེབས་ཏེ་ཐེ་ཚོམ་མང་དུ་དཔྱད། ཁྱད་པར་ནག་པོ་སྤྱོད་པ་བ་ལ་འཁོར་ལོ་བདེ་མཆོག་གི་ཆོས་སྐོར་མ་ལུས་པ་གསན་ཞིང་། ནག་པོ་གཞུང་དྲུག་རྫོགས་མཚམས་མནལ་སད་ཅེས་གྲགས་ཤིང་། དེ་ནས་ལ་སྟོད་ལྷོར་ཕེབས་ཏེ་དེར་སྔ་དྲོ་ཐུགས་དམ་གྲོལ་མཚམས་ཤིག་རྗེའི་གསུང་གིས། ད་ནང་ཐོ་རངས་བྲམ་ཟེའི་གཟུགས་རལ་པའི་ཁྲོད་ན་སེང་ལྡེང་གི་རྡོ་རྗེ་རྩེ་ལྔ་པ་ཡོད་པ་ཞིག་བྱུང་སྟེ། ཁྱེད་རང་གི་མི་འཕྲོད་ཡོད་དོ་ཟེར་ནས་བནྡྷེ་འཕྱར་ཞགས་གྱོན་པ་གཉིས་གཏད་བའི་སྣང་བ་བྱུང་། ཕྱི་ན་མར་བལྟོས་ཤོག་དང་གསུངས། སྡེ་པའི་སྒོ་ཕྱེ་འཕྲལ་བལྟར་བཏང་པས། འབུལ་བསྡུད་པའི་བཏང་བ་ཡིན་ཟེར་བའི་སླེའུ་གྱོན་པ་གཉིས་སྒོ་དྲུང་ན་སློབ་འདུག་ཅེས་གླེང་བ་བྱུང་། དེ་ནས་ཡང་གདན་ས་ཆེན་པོར་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ་ཕེབས་ལམ་ཤྲི་རྒོད་ཚང་དུ་བཞུགས་ནས་རྒོད་ཚང་ཕུག་པར་ཚེས་བཅུའི་མཆོད་པ་མཛད་པས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་འཇའ་འོད་ཀྱི་དཀྱིལ་ན་བཞུགས་པ་མངོན་སུམ་དུ་གཟིགས། དེ་ནས་གདན་སར་ཕེབས་ཏེ་ཆོས་འཆད་ཉན་རྒྱ་ཆེན་པོ་མཛད་པའི་སྐབས་བཞི་ཐོག་གི་གཟིམ་ཆུང་མཁའ་སྤྱོད་སྦུག་ཏུ་ཐུགས་དམ་མཛད་དུས་འཁོར་རྣམས་ལ། ཁྱེད་རྣམས་ཕྱིར་སོང་། བརྡ་མ་བྱུང་བར་ལ་སུ་ཡང་མ་གཏོང་གསུངས་ནས་ཐུགས་དམ་ལ་སྔར་བས་ཀྱང་རྒྱུན་རིང་བར་བཞུགས་པ་ན། གཟིམ་དཔོན་གྱིས་ད་ནང་སྐུ་ཁམས་ཉོག་པ་མིན་ལགས་སམ་ཞུས་པས། ཉོག་པ་ཡིན། ད་ནང་བདེ་བ་ཅན་ཡིན་ཟེར་བའི་ཞིང་ཁམས་ཡིད་དུ་འོང་བ་ཞིག་ཏུ་སླེབ། རྒྱལ་བ་འོད་དཔག་མེད་ལ་སངས་རྒྱས་བྱང་སེམས་མང་པོས་བསྐོར་བ་དང་། རྗེ་ས་སྐྱ་པ་ཡབ་སྲས། རྗེ་སངས་རྒྱས་རིན་ཆེན་རྣམས་ཀྱང་བཞུགས་འདུག དེ་རྣམས་ཀྱི་དྲུང་ན་རིན་པོ་ཆེ་ཁྲི་ཤིན་ཏུ་མཛེས་པ་གཉིས་འདུག་པའི། ཅུང་མཐོ་བ་མཐའ་སྐོར་དུ་མཆོད་པའི་ལྷ་མང་པོས་མཆོད་རྫས་ཐོགས་ནས་འཁོད་པ། སྟེང་ན་གདུགས་ཕུབ་པ་ཞིག་འདུག་པ་དེར་ཁྱོད་སྡོད་ཟེར་ནས་ངས་བསྡད། ཅུང་དམའ་བ་དེར་གཞན་ཅིག་ཕེབས་རྒྱུ་ཡིན་པའི་མཚན་དོན་བྱུང་བ་བརྗེད་འདུག་གསུངས། ང་ཡོད་དུས་ཁྲི་དེ་སྟོང་པར་ཡོད། རྒྱལ་བ་འོད་དཔག་མེད་ཀྱི་དྲུང་དུ་ཆོས་མང་པོ་ཐོབ། ཞིང་ཁམས་དེ་ལས་ཡིད་དུ་འོང་བ་མི་འདུག་གསུངས། ནན་གྱིས་ཚུལ་སྣང་ཞུས་པས་གཉིས་སད་པའི་སྣང་བ་བྱུང་གསུངས། དེ་ནས་རྒྱུན་ཧ་ཅང་མི་རིང་བ་ཞིག་ན་གློ་བོ་མཁན་ཆེན་ཐམས་ཅད་མཁྱེན་པ་ཞིང་གཞན་དུ་གཤེགས་པའི་ཚུལ་བསྟན་པ་ན། དེ་དུས་བདག་ཉིད་ཆེན་པོའི་གསུང་ལས། ཁ་སང་བདེ་བ་ཅན་གྱི་ཞིང་ན་ཡོད་པའི་ཁྲི་སྟོང་པ་དེ་མཁན་ཆེན་ཐམས་ཅད་མཁྱེན་པ་ཉིད་འབྱོན་པའི་ལྟས་སུ་འདུག་ཅེས་གསུངས་པར་གྲགས་ལ། དེ་ལྟར་བླ་མ་དང་ཡི་དམ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་གཟིགས་ལུང་བསྟན་དབུགས་དབྱུང་མཛད་ཅིང་། དེ་ལ་བརྟེན་ནས་ནང་དུ་ཏིང་ངེ་འཛིན་གྱི་སྒོ་དུ་མ་ཡང་མངོན་དུ་མཛད། ཕྱི་རོལ་དུ་གྲུབ་པའི་མཚན་མ་བསམ་གྱིས་མི་ཁྱབ་པ་ལ་མངའ་མཛད་པ་ཞིག་སྟེ། དེ་ཡང་བདག་ཉིད་ཆེན་པོ་འདིས་ལྷ་སར་ཇོ་བོ་ཤཱཀྱ་མུ་ནེ་མཇལ་བར་ཕེབས་པའི་ལམ་དུ་སྐྱི་ཆུ་བྱ་བའི་ཆུ་བོ་དེ་ལ་གྲུ་ཞུགས་ནས་ཕེབས་པས་གྲུ་བྱིང་ནས་ཤིན་ཏུ་ཉེན་ཆེ་བ་བྱུང་བ་ན། རྗེ་འདིའི་རྗེ་སངས་རྒྱས་རིན་ཆེན་ལ་གསོལ་བ་དྲག་ཏུ་བཏབ་པས། བྱ་རོག་གཅིག་གྲུའི་རྟ་མགོའི་སྟེང་དུ་བྱུང་ནས་འཇིགས་པ་ལས་གྲོལ་བ་དང་། གཞན་ཡང་བདག་ཉིད་ཆེན་འདིས་བྱང་ར་སྒྲེང་བསྐོར་བར་ཕེབས་ཏེ། སླར་ཡང་ཕེབས་པའི་ལམ་དུ་བླ་མ་དགེ་དགའ་བ་བྱ་བ་དང་། མལ་གྲོ་བསྒྲུབ་ཆེན་པའི་སློབ་མ་བླ་མ་སྦལ་པ་བློ་གྲོས་བྱ་བ་སྦྱོར་དྲུག་གི་ཐུགས་དམ་ཤིན་ཏུ་སྨིན་པ་གཉིས་ཀྱི་རྨི་ལམ་དུ། རྗེ་འདི་འཇམ་དབྱངས་དངོས་ཡིན་པའི་མཚན་སོགས་རྟགས་ཁྱད་པར་བ་མང་དུ་འབྱུང་བར་གྲགས་པ་དང་། ཁྱད་པར་འབབས་རོང་གི་གནས་མཆོག་ཏུ་ཕེབས་པའི་ཚེ། ཕེབས་ལམ་གྱི་བྲག་སྲུབ་གཅིག་ཏུ་སྐྱེ་བོ་མང་པོ་ལ་འདྲེ་སྲིན་གྱི་གནོད་པ་མི་འབྱུང་བའི་ཕྱིར་རྡོ་ལ་ཞབས་ཀྱི་རྗེས་ཤིན་ཏུ་གསལ་བ་འཇོག་པར་མཛད་པ་ན། དེ་ཉིད་ཀྱི་སྙན་གྲགས་ལ་རྟེན་སྐུ་ཚེའི་བར་ཆད་དུ་སོང་དོགས་མཐོའི་འོག་ཏུ་གནོན་གསུངས་བའི་བཀའ་ཕེབས་པ་བཞིན། འཁོར་རྣམས་ཀྱིས་བཀའ་བཞིན་བསྒྲུབ་ཅེས་ཉིད་ཀྱི་སྐུ་འཁོར་བ་རྣམས་གླེང་བར་གྲགས་ཤིང་། གཞན་ཡང་དེར་སྐབས་དགུན་ཤིན་ཏུ་གྲང་བའི་དུས་ཡིན་ཀྱང་། བྲག་གསེབ་ནས་འཇམ་དབྱངས་མེ་ཏོག་མང་པོ་འཁྲུངས་པ་སོགས། མདོར་ན་དེ་དག་ལ་སོགས་པ་གྲུབ་པ་བརྙེས་པའི་རྟགས་དང་མཚན་མ་བསམ་གྱིས་མི་ཁྱབ་པ་མངའ་བས། འཕགས་པ་བསྡུད་པ་ཚིགས་སུ་བཅད་པ་སོགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་རྣམས་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར་མི་ལྡོག་པའི་རྟགས་སུ་གང་བཤད་པ་ཐམས་ཅད་བདག་ཉིད་ཆེན་པོ་འདི་ལ་མངའ་བ་ཡིན་ལ། དེ་བས་ན་རྗེ་བཙུན་ས་སྐྱ་པ་ཞེས་སྙན་པའི་གྲགས་པས་རྒྱ་མཚོའི་གོས་ཅན་ཡོངས་སུ་ཁྱབ་པའི་གདུང་རིགས་སུ་འཁྲུངས་པ་ལ། བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་གྱི་དགེ་ལེགས་ཙམ་གྱིས་ཀྱང་སྐལ་ལྡན་བློ་གསལ་རྣམས་ཀྱི་སྙིང་གི་ཆུར་སྐྱེས་བཞད་པར་ནུས་པ་དེ་ཉིད་ཁུ་དབོན་དང་། བོད་ཡུལ་མུན་པའི་གླིང་འདིར་དམ་པའི་ཆོས་ཀྱི་སྒྲོན་མེ་ཆེན་པོ་ལེགས་པར་སྦར་ཏེ། བྱང་གྲོལ་ཐར་པའི་ལམ་གྱི་རྒྱུའི་གཙོ་བོ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེའི་སྲོལ་ཆེན་ཁ་བ་ཅན་གྱི་ལྗོངས་འདིར་གསར་དུ་གཏོད་པར་མཛད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞི་བ་མཚོའི་རྣམ་པར་སྤྲུལ་པའི་སྐུ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་ཞེས་སྙན་པའི་བ་དན་དཀར་པོ་ས་གསུམ་ན་གཡོ་བ་སྟེ་སྐྱེས་མཆོག་དེ་དག་བྱོན་པའི་ཕྱི་ནས་བདག་ཉིད་ཆེན་པོ་འདི་བས་མཁས་པའི་ཡོན་ཏན་ཕུལ་དུ་བྱུང་བ་གཞན་མ་བྱོན་པར་ས་ཆེན་པོ་ལ་གནས་པའི་སྐྱེ་བོ་མཁས་བླུན་ཡོངས་ལ་གྲགས་ཤིང་གྲུབ་ལ། བཙུན་པ་དང་བཟང་པོའི་ཡོན་ཏན་གཉིས་ནི་རྒྱས་པར་ཕྱེ་ན་བསམ་གྱིས་མི་ཁྱབ་མོད།
མདོར་བསྡུས་པ་ནི། ཇི་སྐད་དུ། ཁྱོད་ཐུགས་དག་པའི་ནམ་མཁར་ཚིགས་གསུམ་གྱི། །ཚུལ་ཁྲིམས་ཡར་ངོའི་ཆ་ཤས་གོང་འཕེལ་ཞིང་། །ངེས་པར་འབྱུང་བའི་ཆུ་ཤེལ་ལས་གྲུབ་པའི། །གཞན་ལ་མི་གནོད་བཙུན་པའི་གོས་དཀར་ཅན། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཆེར་རྒྱས་པའི། །སེམས་ཉིད་ཉིན་མོར་བྱེད་པའི་འོད་ཟེར་གྱིས། །འགྲོ་བའི་བསྡུ་བསྔལ་མུན་པ་དཔྱིས་འབྱིན་པའི། །ཕན་བདེའི་ལམ་བཟང་གསལ་མཛད་སྐྱེ་དགུའི་སྒྲོན། །ཟབ་དོན་ལྗོན་ཤིང་དམ་ཚིག་རྩ་བ་བརྟན། །རིམ་གཉིས་ཡལ་འདབ་ལག་ལེན་མེ་ཏོག་རྒྱས། །ཟུང་འཇུག་འབྲས་བུའི་ཁུར་ལྡན་འཕྲིན་ལས་ཀྱི། །གྲིབ་བསིལ་གཡོ་ལྡན་རིགས་འཛིན་དཔག་བསམ་ཤིང་། །ཞེས་བཙུན་པའི་ཡོན་ཏན་དང་། གྲངས་ཡས་ཡོན་ཏན་ཀུན་གྱི་རྩེར་འཛེགས་ཀྱང་། །མངོན་པར་ཁེངས་པའི་མདུང་གི་བ་དན་བསྙལ། །སྐྱེ་དགུ་ཀུན་གྱི་གཙུག་གིས་རབ་བཏུད་ཀྱང་། །ཀུན་གྱི་འབངས་ལྟར་གཞན་གྱི་དོན་ལ་དགྱེས། །སྤྱོད་ལམ་ཀུན་ཏུ་ཞི་ཞིང་དུལ་བའི་ཐུགས། །གྲོགས་ངན་སྡུག་བསྔལ་ཟབ་མོ་ཐོས་མི་སྐྲག །སྐད་ཅིག་ཉོན་མོངས་གོ་སྐབས་གཡོ་མིན་པའི། །མཆོག་ཏུ་ཞི་བས་གཞན་གྱི་ཁྲོ་བའང་འཇོམས། །རྙེད་དང་མ་རྙེད་ལ་སོགས་མགོ་སྙོམས་ཤིང་། །འཕོང་དང་མགོན་མེད་རྒུད་པ་ཀུན་ལས་འཛིན། །ཟབ་བཅས་འཕྲིན་ལས་ངང་གིས་ལྷུར་མཛད་ཅིང་། །རྟག་ཏུ་འདྲེན་པ་ཀུན་གྱི་བྲན་དུ་ཞུགས། །མཛེས་ཤིང་ཡིད་འོང་རྡོ་རྗེ་ལྟ་བུའི་སྐུ། །ཉིན་མཚན་རྟག་ཏུ་ཆོས་ཆར་འབབ་པའི་གསུང་། །སྙིང་རྗེའི་གཞན་དབང་གྱུར་པའི་ཐུགས་མངའ་བ། །ཁྱོད་ཀྱི་མཛད་པ་བྱིས་བློའི་ཡུལ་ལས་འདས། །ཨེ་མ་བདག་ནི་ཚུལ་འདི་མཐོང་བས་ཀྱང་། །སྐྱོན་མེད་རྣམ་པར་ཐར་པ་བསམ་ཡས་ཀྱིས། །མགོན་ཁྱོད་གཞན་ལས་བཟང་པོར་བསྒྲུབ་མིན་ཏེ། །ཕྱོགས་འདི་ཁོ་ནས་སྤུ་ལྡང་མཆི་མ་གཡོ། །ཞེས་གསུངས་པ་ལྟར་རྟོགས་པར་བྱའོ། །དེ་ལྟར་མཁས་བཙུན་བཟང་གསུམ་དང་ལྡན་པའི་བདག་ཉིད་ཆེན་དེ་ཉིད་ཀྱི་དགུང་ལོ་བཅུ་གཅིག་ནས་བརྩམས་ཏེ། བཞི་བཅུ་རྩ་བརྒྱད་པ་ཆུ་ཕོ་འབྲུག་གི་ལོ་མ་རྫོགས་ཀྱི་བར་དུ་བསྟན་པའི་བྱ་བ་ཐོས་བསམ་བསྒོམ་གསུམ་དང་། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་སྤེལ་མར་མཛད་པས་ཐུགས་ཤིན་ཏུ་རངས་པར་གྱུར་ཅིང་། སྙིགས་མའི་སྐྱེ་བོ་ངན་པ་རྣམས་ཀྱི་སྤྱོད་ཚུལ་རྣམས་གཟིགས་པས་ཐུགས་ཅུང་ཟད་གདུང་བར་གྱུར་ནས། ཞིང་ཁམས་གཞན་དུ་གཤེགས་པ་ལ་མངོན་དུ་ཕྱོགས་པར་གྱུར་ཏེ། དེའི་སྔ་ལྟས་སུ་ས་གཡོ་བ་དང་། ནམ་མཁའ་ལ་མི་ཤེས་པའི་སྐར་མ་མཇུག་ཕོད་ཅན་གཅིག་ཀྱང་ཤར་ཞིང་། རྩིས་པ་རྣམས་ཀྱིས་ཀྱང་ད་ལོ་རྗེ་འདི་ལ་སྐུ་དོག་ཤིན་ཏུ་ཆེ་ཟེར་བ་བྱུང་བ་ན། ཀུན་སེམས་ཡེད་ཡེད་པོར་གྱུར་ཏེ་དེའི་སྐབས་སུ་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་རྗེ་འདི་ལ། དིང་སང་མཚན་ལྟས་ལ་སོགས་པ་ཇི་ལྟར་བྱུང་། ཕྱི་ལོ་འདི་དགུང་སྟེང་ཡིན་པས་སྐུ་དོག་བཞིན་ནི་མེད་ལགས་སམ་ཞེས་ཞུ་བ་མཛད་པ་ན། བདག་ཉིད་ཆེན་པོའི་གསུང་གིས། དིང་སང་རྨི་ལྟས་ལ་སོགས་པ་གང་ཡང་མ་བྱུང་། ཁ་སིང་སྔ་གོང་ཟ་ཟི་བཞིན་ཁ་ཅིག་བྱུང་བ་གློ་བོ་མཁན་ཆེན་ཆོས་ཀྱི་རྗེ་ཞིང་གཞན་དུ་གཤེགས་པ་ལ་ལྟ་བ་ཡིན་ནམ་སྙམ་པ་ཅིག་བྱུང་སྟེ། དེ་ཀ་རྐྱང་པ་ཡིན་པ་འདྲ། ཕྱི་ལོ་འདི་ལ་དོག་ཆ་ཕྲན་བུ་ཡོད་ཉན་ཀ་ཆེ་ཞེས་གསུངས། དེ་ལ་རྗེ་དཀོན་མཆོག་ན་གྲུབ་ཀྱིས། འོ་ན་དེ་ལ་དམིགས་ནས་སྐུ་རིམ་དང་། སྐུ་མཚམས་སོགས་མཛད་ནས་ཡུན་རིང་དུ་ཞབས་པད་བརྟན་པའི་རྟེན་འབྲེལ་གནང་དགོས་ཞུས་པས། རྗེའི་གསུང་གིས། རིམ་གྲོ་སོགས་སྔར་ཡང་གང་འགྲུབ་བྱས་ད་རུང་རིམ་པས་བྱེད་རྩིས་ཡིན། མཚམས་དམ་པ་ཞིག་བྱེད་སྙམ་ནའང་། ཁ་སང་ནས་ཆོས་འཆད་པ་དང་། དེང་སང་གདན་ས་འདི་པ་རྣམས་ལ་མདུན་འཇགས་གཅིག་ཡོང་རེ་ནས་འགྱང་པ་ཡིན། འདི་ཚོའི་བྲེལ་བ་ཆོད་འཕྲལ་ལ་མཚམས་བྱེད་ཅེས་གསུངས་པ་ལ་སོགས་པ་ཞིང་ཁམས་གཞན་དུ་འབྱོན་བའི་བཀའ་དུ་མ་སྔ་རོལ་ནས་སྩལ་བ་དང་། གཞན་ཡང་མྱ་ངན་ལས་འདའ་བའི་ལྟས་དུ་མ་སྔ་གོང་ནས་བྱུང་བར་གྲགས་ཤིང་། དེ་ནས་སྦྲུལ་ལོ་ཟླ་བ་དང་པོའི་ཚེས་ཉི་ཤུ་སྐོར་ལ་རིན་ཆེན་སྒང་གཟིམ་ཁང་དུ་ཕེབས་ནས་སྐུ་མཚམས་བུག་སྒོ་འདག་སྦྱར་མཛད་དེ་ཐུགས་དམ་ཟབ་མོ་ལ་རྩེ་གཅིག་ཏུ་བཞུགས་ཤིང་། ཐུན་མཚམས་རྣམས་ལ་གསུང་རྩོམ་འཕྲོ་ཅན་རྣམས་ཀྱང་གྲུབ་པར་མཛད། ཟླ་བ་ལྔ་པའི་ཉེར་བཞི་ཉེར་ལྔ་ཙམ་ནས་གཞན་ངོར་ཞབས་ཅུང་ཟད་སྙུང་བའི་ཚུལ་བསྟན་ནས། དེར་སྐབས་ཀྱང་ཐུགས་དམ་ཟབ་མོ་ལ་རྩེ་གཅིག་ཏུ་བཞུགས་ཤིང་། སྐབས་འགར་ཁྱེད་རྣམས་མ་འདུག་པ་མཆོད་པ་གསར་པ་གཤོམ་ཞེས་ཡང་ཡང་གསུངས་དེ་དག་གི་སྐབས་སུ་ནམ་མཁའ་བཻཌུརྻའི་མདོག་ལྟར་ཤིན་ཏུ་དྭངས་ཤིང་སྣུན་པ་ལ་ཉི་མའི་འོད་ཟེར་སྔར་བས་ཀྱང་གསལ་བ་དང་། ལྷའི་མེ་ཏོག་གི་ཆར་བསམ་གྱིས་མི་ཁྱབ་པ་བབས་པ་ན་སྐུ་འཁོར་རྣམས་ཡིད་མ་བདེ་ནས། འདི་ལྟར་འདུག་ལགས་པ་ཅི་འདྲ་ལགས་སམ་ཞུགས་པས། འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པ་རྣམས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་པར་སྤྲུལ་པ་ལ་ལ་བལྟམས་པ་དང་། ལ་ལ་མྱ་ངན་ལས་འདའ་བ་ལ་སོགས་པའི་ཚུལ་སྟོན་པ་བསམ་གྱིས་མི་ཁྱབ་པས་དེ་ཀུན་གྱི་ལྟས་ཡིན་མོད་གསུངས་ཤིང་། གཞན་གྱི་སེམས་བསྲུང་བའི་ཕྱིར་དུ་ཡལ་ཡོལ་མཛད། ཚེས་བཅུའི་སྔ་དྲོའི་དུས་ད་ལྟ་སྐུ་ཁམས་གསོ་བའི་མནལ་ཅུང་ཟད་གཅིག་མཛད་ན། ཉིན་མོ་སྐུ་ཁམས་དྭངས་པ་ཡོང་ལགས་སམ་ཞུས་པས། དེ་ཙམ་འདུག་ལོང་མེད་ཅེས་གསུངས་ཤིང་། ཞིང་ཁམས་འདིའི་མཛད་པ་རེ་ཤིག་རྫོགས་པ་དང་། ཞིང་ཁམས་གཞན་དུ་གདུལ་བྱ་རྒྱ་ཆེ་བ་ལ་དགོངས་ནས། བརྟག་འཛིན་ཅན་རྣམས་ངེས་འབྱུང་བསྐྱེད་པ་དང་། ལོ་ལོ་ཅན་རྣམས་བརྩོན་འགྲུས་ལ་བསྐུལ་བའི་ཆེད་དུ་ཆོས་ཀྱི་རྗེ་དེ་ཉིད་དགུང་ལོ་བཞི་བཅུ་རྩ་དགུར་ཕེབས་པ་ཆུ་མོ་སྦྲུལ་གྱི་ལོ་ཆུ་སྟོད་ཟླ་བའི་ཚེ་བཅུའི་ཉི་མ་དྲོ་བོར་ཙམ་ལ་གདན་ས་ཆེན་པོའི་བླ་བྲང་རིན་ཆེན་སྒང་ཉིད་དུ་གཟུགས་ཀྱི་སྐུ་ཆོས་ཀྱི་དབྱིངས་སུ་བསྡུ་བར་མཛད་ཅིང་། དེ་ནས་ཕྱི་དྲོའི་ཆ་ལ་བབས་པ་ན་ཐམས་ཅད་ཀྱིས་གསན་པའི་ཐག་སྒྲ་ཤིན་ཏུ་ཆེ་བ་དང་བཅས་ཏེ་དབུའི་གཙུག་གི་ཐོད་པ་སོར་གང་ཙམ་གཅིག་གཙུག་ཏོར་གྱི་ཚུལ་དུ་འཕགས་པ་ལ་བྱང་སེམས་ཀྱི་ཟིལ་པ་ཁྲོམ་མེ་བ་དང་བཅས་པར་གྱུར་ཅིང་། དེ་མ་ཐག་ནས་སྔར་སུ་ཞིག་གི་སྣའི་ཡུལ་དུ་ཚོར་མ་མྱོང་བའི་ལྷ་རྫས་ཀྱི་སྤོས་ཀྱི་དྲི་གསུང་ཁྱད་པར་ཅན་གྱིས་གཟིམ་ཁང་གི་སྟེང་འོག་ཐམས་ཅད་ཁྱབ་པ་དང་། ཁ་དོག་སྣ་ཚོགས་པའི་འཇའ་ཚོན་གྱི་རི་མོས་མཛེས་པའི་ནམ་མཁའ་ལས་མེ་ཏོག་གི་ཆར་ཆེན་པོ་བབས་པ་ལ་སོགས་པ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ། རྒྱུད་སྡེ་རྣམས་ནས་འབྱུང་བའི་མདའ་ཁ་མའི་རྣལ་འབྱོར་གྱིས་བདེ་བ་ཅན་གྱི་ཞིང་ཁམས་སུ་དཔའ་བོ་དང་རྣལ་འབྱོར་མ་རྣམས་བསུ་བ་དང་བཅས་གཤེགས་པར་འགྱུར་ཏོ། །དེ་ནས་སྐུ་གདུང་གི་ཞབས་ཏོག་དང་། ཐུགས་དམ་གསལ་འདེབས་སུ་གསང་སྔགས་ཟབ་མོའི་བསྒྲུབ་མཆོད་ནར་མར་འབུལ་བ་སོགས་སྦས་པའི་རྣལ་འབྱོར་འཕགས་ཆེན་དཔལ་ལྡན་བཀྲ་ཤིས་དང་། ས་ལོ་ཉིད་ཀྱི་ཐུགས་སྲས་ཀྱི་གཙོ་བོ་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན། ཞབས་འབྲིང་པའི་ཚོགས་དང་བཅས་པས་ཕྱག་བཞེས་སུ་བཏབ་ནས་ཡང་དག་པར་བསྒྲུབ་པར་མཛད་ཅིང་། གཞན་ཡང་དགོངས་རྫོགས་ཀྱི་དངོས་གཞིའི་སྐབས་སུ་བྱེས་ཀྱི་དགེ་འདུན་གྱི་སྡེ་རྣམས་སུ་འབུལ་བ་བསྙེན་བཀུར་སྦྱིན་གཏོང་སོགས་དགེ་བའི་བྱ་བ་རྒྱ་ཆེན་པོ་བློའི་ར་བ་ལས་འདས་པ་ཞིག་གིས་དགོངས་པ་ཆོས་དབྱིངས་སུ་རྫོགས་པར་མཛོད་དེ། སླར་ཡང་རྒྱུན་དང་། ལོ་དུས་ཀྱི་མཆོད་པ་རྒྱུན་མ་ཆད་པ་དང་། ནང་རྟེན་དུ་ད་ལྟ་ས་སྐྱའི་བཞི་ཐོག་བླ་བྲང་གི་གསེར་ཁང་ན་བཞུགས་པའི་ས་ལོ་ཉིད་ཀྱི་སྐུ་ཚབ་སྐུ་ཚད་མ་གཉིས་ལ་ལམ་འབྲས་བརྒྱུད་པས་བསྐོར་བ་དང་། བླ་མ་གོང་མའི་སྐུ་འབུམ་རྣམས་ཀྱི་ཁྲོད་ལ་ཕྱི་རྟེན་ངོ་མཚར་ཅན་བཞེངས་ཏེ་ལྷ་མི་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དམ་པར་བཞུགས་པ་ཡིན་ནོ། །དེ་ལྟར་ས་སྐྱ་ལོ་ཙཱ་འཇམ་དབྱངས་ཆེ། །གང་གི་རྣམ་ཐར་མདོ་ཙམ་བཤད་པ་ཡི། །ལེགས་བྱས་འདིས་མཚོན་དུས་གསུམ་དགེ་བའི་མཐུས། །བདག་ཅག་མཁའ་མཉམ་འགྲོ་བ་མ་ལུས་པའི། །སྒྲིབ་ཀུན་བྱང་ནས་དུས་འདིར་ཚེ་རིང་ཞིང་། །ཡིད་ལ་རེ་བ་ཐམས་ཅད་འགྲུབ་པ་དང་། །ཕྱི་མ་ལྷན་ཅིག་བདེ་བ་ཅན་སྐྱེས་ནས། །སྤྲུལ་པས་སྲིད་མཐར་བསྟན་པ་འཛིན་པར་ཤོག །ཅེས་ས་སྐྱ་ལོ་ཙཱ་བའི་རྣམ་པར་ཐར་པ་ངོ་མཚར་གསལ་བའི་མེ་ལོང་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་འདི་ཡང་། མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་རྣམ་ཐར་ཆེན་མོ་ནས་བཏུས་ཏེ། ས་སྐྱ་པ་ཤཱཀྱི་དགེ་བསྙེན་པཎྜི་ཏ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་རང་ལོ་ཞེ་གཅིག་པ་མེ་མོ་གླང་གི་ལོ་དཔལ་ས་སྐྱར་གསུང་ངག་ཚར་བདུན་པ་བཤད་དུས་ཐ་སྐར་གྱི་ཟླ་བའི་དཀར་པོའི་ཕྱོགས་ཀྱི་ཚེས་ལ་ལེགས་པར་སྦྱར་བའི་ཡི་གེ་པ་ནི་ཤབ་སྟོད་པ་བཀྲ་ཤིས་དོན་གྲུབ་བོ། །འདིས་འཕྲལ་དང་ཡུན་དུ་དགེ་ལེགས་སུ་གྱུར་ཅིག སརྦ་མངྒ་ལཾ།། །།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*