དཀར་མཛེས་སྡེ་མགོན་པོའོ་ལོ་རྒྱུས།

སྡེ་མགོན་ཁང་གི་ལོ་རྒྱུས།

རྩོམ་པ་པོ། འཇིགས་མེད་བསམ་འགྲུབ།

དང་པོ། སྡེ་མགོན་ཁང་གི་སྔོན་འགྲོའི་ལོ་རྒྱུས་མདོ་ཙམ་བཤད་པ།
དེ་ཡང་ཏྲེ་ཧོར་དཀར་མཛེས་ཡུལ་གྱི་ལྟེ་བར་ཆགས་པའི་སྡེ་མགོན་ཁང་ཞེས་སྙན་གྲགས་ཅན་གྱི་མགོན་པོའི་ལྷ་ཁང་དེ་ནི་ལོ་རྒྱུས་ཀྱི་དུས་ཡུན་ཧ་ཅང་རིང་བ་ཡོན་རྒྱལ་རབས་ཀྱི་སྐབས་ཏེ། བོད་རབ་བྱུང་ལྔ་བའི་ཤིང་སྤྲེལ་སྤྱི་ལོ་༡༢༨༤ལ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་དངོས་སློབ་སྒ་ཨ་གཉན་དམ་པས་ཕྱག་འདེབས་གནང་བར། དེ་ནི་བོད་ཡུལ་གྱི་དཔལ་ལྡན་ས་སྐྱའི་གནས་མཆོག་དང་འབྱེར་མ་མཆིས་པར་བྱིན་རླབས་ཀྱི་ཚད་ཁ་རབ་ཏུ་འབར་བར་བརྩི་བས། ས་དེ་ཀའི་གྲུབ་མཐའ་རིས་མེད་ཀྱི་སྐྱེ་བོ་མཆོག་དམན་ཐམས་ཅད་ཀྱི་ཐུན་མོང་དུ་མཆོད་བཀུར་བྱེད་པའི་ཆོས་སྐྱོང་ཆེན་པོ་མཧྰ་ཀ་ལ་གུར་གྱི་མགོན་པོའི་ལྷ་ཁང་དེའི་ལོ་རྒྱུས་ཚད་ལྡན་ཡིག་ཆ་རྣམས་ཕྱོགས་གཅིག་ཏུ་བཀོད་དེ་འདིར་ཅུང་རྒྱས་པར་བཤད་པ་ལ།

སྔོན⑴དྲི་མེད་ཀོ་ཤའི་མཚོ་གླིང་དུ་ཙན་དན་ལས་མགོན་པོ་འདིའི་སྐུ་རང་བྱོན་དུ་བྱུང་བ། ཨོ་རྒྱན་རིན་པོ་ཆེས་གདན་དྲངས་ནས་པཎྟི་ཏ་དྷརྨྰ་པ་ལ་ལ་གནང་། དྷརྨྰ་པ་ལ་བོད་ཀྱི་གངས་ཏི་སེ་དང་མཚོ་མ་ཕམ་ལ་གཟིགས་པར་བྱོན་པའི་དུས་སུ། ལོ་ཆེན་རིན་ཆེན་བཟང་པོ་ལ་ཙནྡན་གྱི་མགོན་པོ་རང་བྱོན་[page 154] འདིས་གཙོས་པའི་བྱིན་རླབས་ཀྱི་རྟེན་ཁྱད་འཕགས་ཅན་མང་པོ་གནང་བ་རྣམས། རིམ་པར་བརྒྱུད་ནས་མངའ་རིས་བྲག་སྟེང་པ་ཆེན་པོ་ཡོན་ཏན་ཚུལ་ཁྲིམས་ལ་གནང་། དེ་ཉིད་ཀྱིས་བླ་ཆེན་མལ་ལོ་ཙཱ་བ་བློ་གྲོས་གྲགས་པ་ལ་གནང་། དམ་པ་དེ་ཉིད་ཀྱི་ཕྱག་ནས་རིམ་པར་ས་ཆེན་ཀུན་དགའ་སྙིང་པོ་ལ་མགོན་པོ་འདིའི་རྗེས་གནང་དང་སྒྲུབ་སྐོར་ཡོངས་རྫོགས། སྐུའི་རྟེན་དུ་བསེ་འབག་ནག་པོ་འཕུར་ཤེས་སུ་གྲགས་པ་དང་། ཙན་དན་གྱི་སྐུ་རང་བྱོན། བྲམ་ཟེ་མཆོད་སྲེད་ཀྱི་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་བ། དར་ནག་ཁ་གང་དང་བཅས་གནང་བ་རྣམས་རིམ་པ་བཞིན་དུ། ས་ཆེན་ཀུན་དགའ་སྙིང་པོ། རྗེ་བཙུན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན་འཇམ་དབྱངས་ས་པཎ་རྣམས་ཀྱིས་ཐུགས་དམ་གྱི་རྟེན་མཛད་ནས་དཔལ་ལྡན་ས་སྐྱར་བཞུགས་པ་ལ། ཕྱིས་སུ་⑵རྗེ་བཙུན་གྲགས་པ་རྒྱལ་མཚན་ཞིང་འདིའི་སྐུ་ཚེ་རྫོགས་ནས་མྱ་ངན་ལས་འདའ་སྐབས། ས་པཎ་ཀུན་དགའ་རྒྱལ་མཚན་ལ་རི་དྭགས་ཀྱི་ལྤགས་པ་འདོམ་གང་ཡོད་པ་སྤུ་རྣམས་ལ་གསེར་གྱི་ཟེ་འབྲུ་ཡོད་པ། ཟེ་འབྲུ་རེ་རེ་ལ་བསྐལ་བཟང་གི་སངས་རྒྱས་སྟོང་ས་ལེར་ཚང་བ། ཙན་དན་ས་མཆོག་ལས་གྲུབ་པའི་མགོན་པོའི་སྐུ་རང་བྱོན། ཙན་དན་གོརྵ་ལས་གྲུབ་པའི་དཔལ་གསང་བ་འདུས་པའི་སྐུ་རང་བྱོན། རྡོ་ནག་ལས་གྲུབ་པའི་རྣམ་སྣང་གི་སྐུ་རང་བྱོན་སོགས་གནང་ནས། ཁྱོད་ཀྱི་ཚེ་མཇུག་ལ་སྐད་རིགས་མི་གཅིག་པ། མགོ་ལ་ཞྭ་ཕྲ་འཕུར་བ་ལྟར། ལྷམ་ཕག་གི་སྣ་འདྲ་བ་གྱོན་པའི་ཡུལ་ཞིག་ནས་འབོད་མཁན་སླེབས་ཡོང་བས། དེ་དུས་རྟེན་འདི་རྣམས་དྲངས་ནས་སོང་དང་འགྲོ་བ་མང་པོ་ལ་ཕན་ཐོགས་པར་འོང་ཞེས་པའི་ལུང་བསྟན། དེ་དུས་⑶ཧོར་ཇིང་གིར་རྒྱལ་པོའི་དྲག་པོའི་སྟོབས་ཤུགས་དར་ལ་དྲག་པས་རང་རྒྱལ་བྱང་ཕྱོགས་ཀྱི་ས་ཁུལ་མང་པོ་དང་། རིམ་བཞིན་མི་ཉག་གི་རྒྱལ་ཁམས་ཀྱང་དབང་དུ་བསྡུས། ཇིང་གིར་འདས་རྗེས་རྒྱལ་ས་ཁོང་གི་བུ་གསུམ་པ་ཨོ་གོ་ཏ་ལ་གཏད།

སྤྱི་ལོ་༡༢༤༠ལོར་ཨོ་གོ་ཏའི་གཅུང་ཐོ་ལོ་ནོ་ཡོན་ཞེས་བྱ་བའི་བུ་ཨེ་ཆེན་གོ་དན་གྱིས་དམག་དཔོན་རྡོར་ཐ་ཆི་དྲག་པོའི་དཔུང་ཚོགས་དང་བཅས་བོད་དུ་བཏང་། དམག་དཔུང་རྣམས་མདོ་སྨད་བརྒྱུད་ནས་དབུས་གཙང་དུ་འོངས། བོད་པའི་རང་འགུལ་གྱིས་མགོ་བཏགས་སྣེ་ལེན་བྱེད་པ་རྣམས་ལ་གནོད་འཚེ་མི་བྱེད་པར་རང་འཇགས་སུ་འཇོག འགོག་རྒོལ་བྱེད་མཁན་རིགས་ལ་དྲག་གནོད་བྱེད་པ་བཅས་ཧོར་དམག་གིས⑷ཤར་ཀོང་པོའི་ཡུལ་ཡན་ཆད་ནས་ནུབ་བལ་པོ་དང་། ལྷོ་མོན་ལ་ཐུག་པ་ཚུན་ཆད་ཀྱི་མཁར་བཙན་པོ་རྣམས་བསྒྱེལ་ཞིང་། གོང་མ་རྒྱལ་པོའི་ལུང་ལས་མི་འདའ་བའི་རྒྱལ་ཁྲིམས་བཙན་པོས་དབང་དུ་བསྡུས། དེ་ལྟར་གོ་ཏན་གྱི་དམག་དཔུང་རྡོར་ཐ་ཆིས་དྲག་པོའི་སྟོབས་ཤུགས་དང་མཐུན་འབྲེལ་གཉིས་ཀྱི་སྒོས་བོད་ཡོངས་དབང་དུ་བསྡུས་ཤིང་། དེ་དུས་གོ་དན་གྱི་ཞབས་ལ་ཀླུ་སྐྱོན་གྱིས་བསྙུང་གཞི་བྱུང་བར་བརྟེན། བོད་ཀྱི་ཡུལ་དེ་ནས་ཆོས་ལ་ཤིན་ཏུ་མཁས་པའི་བླ་མ་ཞིག་སྤྱན་འདྲེན་[page 155] པར་རྒྱལ་བུ་གོ་ཏན་གྱིས་བཀའ་ཕབ་པ་ལྟར་བོད་དུ་བླ་མ་ཆེ་བ་ཞིག་བརྩད་བྱས་ཏེ་ཡི་གེ་ཕུལ་བར། བོད་⑸མཐའ་ཁོབ་ཀྱི་རྒྱལ་ཁམས་ན་དགེ་འདུན་གྱི་སྡེ་ནི་བཀའ་གདམས་ཆེ། ངོ་བསྲུང་ནི་སྟག་ལུང་ཆོས་རྗེ་མཁས། གཟི་བརྗིད་ནི་འབྲི་གུང་སྤྱན་སྔ་ཆེ། ཆོས་ནི་ས་སྐྱ་པཎྟི་ཏ་མཁས་པར་འདུག་པས་གང་སྤྱན་འདྲེན་གྱི་ལུང་སྩོལ་ཅིག་ཅེས་ཞུས་པར། གོ་དན་གྱིས་དེའི་ལན་དུ། འཇིག་རྟེན་འདིའི་སྟོབས་དང་གཟི་བརྗིད་ནི་ཇིང་གིར་ལས་ལྷག་པ་མེད། ཚེ་ཕྱི་མ་ལ་ཕན་པའི་ཆོས་དེ་གལ་ཆེ་བས་ས་སྐྱ་པཎྟི་ཏ་གདན་དྲོངས་ཤོག་བཅས་རྒྱལ་པོ་ཉིད་ནས་ནན་ཆེན་པོའི་ཕྱག་རྟེན་དང་གསེར་ཡིག་བཅས་བཏང་སྟེ་གདན་འདྲེན་པར་བྱུང་བ་ལ། ཆོས་རྗེ་ས་པཎ་མཆོག་ལོ་དེར་དགུང་གྲངས་དྲུག་ཅུ་རེ་གསུམ་ལ་ཕེབས་ཟིན་པས་སྐུ་ན་མཐོ་ཡང་བསྟན་འགྲོ་དང་བོད་སྤྱིའི་དོན་དུ་འབྱོན་པར་ཞལ་གྱིས་བཞེས། དཔོན་པོ་ཆོས་རྒྱལ་འཕགས་པ་དགུང་ལོ་བཅུ་དང་། ཕྱག་ན་རྡོ་རྗེ་དགུང་ལོ་དྲུག་ལས་མ་གསོན་པ་དེ་གཉིས་ཀྱང་ཁྲིད་ནས་སྤྱི་ལོ་༡༢༤༤བོད་ཤིང་འབྲུག་གི་ལོ་ལ་སྔར་གྱི་རྟེན་རྣམས་དྲངས་ཏེ་དཔལ་ལྡན་ས་སྐྱ་ནས་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ་བྱང་ལམ་བརྒྱུད་ནས་ཕེབས་པའི་ཚེ་ལམ་ཁར་སྒ་སྟོད་ནས་བུ་ཆུང་ཞིག་སློབ་མར་བྱུང་བ་ན། བྱད་དབྱིངས་ནི་སྒོ་རུས་ཀྱི་གསེར་འབག་དང་འདྲ་བར་འདུག་པ་ལ་མིང་ཨ་གཉན་དུ་ཆགས། ངེས་དོན་དུ་ཁུ་དཔོན་རྣམ་གཉིས་ནས་དཔལ་ལྡན་གུར་གྱི་མགོན་པོའི་རྣམ་རོལ་དུ་གཟིགས། མཚན་ལ་ཀུན་དགའ་གྲགས་སུ་བཏགས་ཏེ་ཕྱག་ཕྱིར་ཁྲིད། ཕྱིས་སུ་སྒ་ཨ་གཉན་དམ་པ་ནི་ས་པཎ་ཁུ་དཔོན་རྣམ་གཉིས་ཀྱི་ཐུགས་སྲས་གཙོ་བོར་གྱུར།

དེ་ནས་རིམ་གྱིས་བྱོན་པས་རྒྱལ་པོ་ཡབ་སྲས་འཁོར་དང་བཅས་པའི་བསུ་བ་རྒྱ་ཆེར་བྱས་ཏེ་ཕོ་བྲང་དུ་གདན་དྲངས། དེར་རྒྱལ་པོ་འབངས་འཁོར་ཐམས་ཅད་ཀྱིས་ཐེག་ཆེན་སེམས་བསྐྱེད་སོགས་ཆོས་བཀའ་མང་དུ་ཞུས་ནས་མཆོད་གནས་ཀྱི་གཙོ་བོར་བཟུང་སྟེ་བཀུར་སྟི་ཚད་མེད་བྱས། རྒྱལ་པོའི་བསྙུང་གཞི་སོགས་ལ་ཐབས་མཁས་ཀྱི་མཛད་པ་བྱས་པས་མྱུར་དུ་ནད་གཞི་ལས་གྲོལ། དེ་ནས་⑹ཆོས་རྗེ་དང་རྒྱལ་པོ་གཉིས་ཕན་ཚུན་གསུང་གླེང་གི་འཕྲོས་ལ། རྒྱལ་པོས་མདོ་སྡེ་གསེར་འོད་དམ་པ་ན་རུས་སྦལ་ལ་སྦུ་མི་འབྱུང་ཚུལ་གསུང་ན། ལྤགས་པ་འདོམ་གང་ཙམ་ལ་སྤུ་ཡོད་པ། འཇའ་ཚོན་གྱི་རི་མོ་ཡོད་པ་འདི་ཅི་ཡིན་ཞེས་སུན་དབྱུང་བའི་ཕྱིར་གཟིགས་མོ་ཕུལ་བ་ན། ས་པཎ་གྱིས་ཞལ་ནས། འདི་ནི་སེམས་ཅན་རང་ག་བའི་ལྤགས་པ་ག་ལ་ཡིན། ཆུ་ན་གནས་པའི་སེམས་ཅན་རྣམས་ཀྱི་དོན་བྱ་ཕྱིར་བྱང་སེམས་རུས་སྦལ་འདྲ་བར་སྤྲུལ་ནས་བྱོན་པ་གསུང་རབ་ལས་བཤད་པ་གང་ཡིན་པ་དེ་ཉིད་ཀྱི་པགས་པ་ཡིན། དེའི་རྒྱུ་མཚན་སྟོན་ཤེས་ཀྱིས་བསྟན་ནས་བལྟ་ཤེས་ཀྱིས་བལྟས་ན་པགས་པ་འདིའི་ངོས་ལ་སངས་རྒྱས་སྟོང་དང་བྱང་སེམས་ཉེ་བའི་སྲས་བརྒྱད་ཀྱི་སྐུ་བཪྙན་གསལ་བར་ཡོད་གསུངས་ནས་དེ་དག་བསྟན་པས། དེར་ལྷགས་པའི་སྐྱེ་བོ་ཀུན་ངོ་མཚར་དུ་གྱུར་ཅིང་། རྒྱལ་པོ་ཅུང་ཟད་སྐྱེངས་ཏེ་ལན་ཞིག་བྱ་དགོས་ས་སྙམ་[page 156] ནས་བློན་པོ་རྣམས་ལ་ བཀའ་བགྲོས་ཏེ་སྒྱུ་མ་མཁན་རྣམས་རྫས་སྔགས་ཀྱིས་སྒྱུ་མ་སྤྲུལ་དུ་བཅུག་པས། སྔར་མེད་པའི་ཡུལ་ཡིད་དུ་འོང་བ་ཞིག་ན་གཙུག་ཁང་སོགས་དགོན་པའི་རྣམ་པ་ངོ་མཚར་ཅན་ཞིག་སྤྲུལ་དུ་བཅུག་ནས། རྒྱལ་པོས་ཆོས་རྗེ་ས་པཎ་ཉིད་ལ། ཁྱོད་ང་ཡི་མཆོད་གནས་ཆེན་པོ་ཡིན་པ་དང་ཡོན་ཏན་ཆེན་པོ་མཐོང་བས་སེམས་པ་སྤྲོ། ད་ནི་ཉེ་ཁོར་གྱི་གནས་དབེན་པ་ཞིག་ན་དགོན་པ་ཕུན་སུམ་ཚོགས་པ་ཞིག་ཡོད་པས་ཁྱོད་ལ་སྟེར་བས་དེར་འགྲོ་གསུངས་ནས། བདག་ཉིད་ཆེན་པོ་དཔོན་སློབ་རྣམས་དང་། རྒྱལ་པོ་འཁོར་དང་བཅས་ཀྱང་བྱོན། དེའི་ཚེ་ཆོས་རྗེ་ཉིད་ཀྱིས་ཕྱོགས་དེ་གཟིགས་མ་ཐག་ནས་སྒྱུ་མ་སྤྲུལ་པ་ཡིན་པར་མངོན་པར་མཁྱེན་པས་དགོངས་ཏེ། སྒོ་སྲུང་འཇིགས་སུ་རུང་བ་མང་པོ་འདུག་པ་དེ་རྣམས་ལ་བཀའ་བསྒོ་དང་། གནས་བརྟན་གཞན་རྣམས་ལ་རབ་གནས་ཀྱི་མེ་ཏོག་འཐོར་བ་མཛད་པས། སྒྱུ་མ་བཤིག་མ་ཐུབ་པར་དུས་ད་ལྟ་ཡང་མངོན་སུམ་དུ་ཡོད་ཅིང་། སྤྲུལ་པ་སྡེ་ཞེས་བྱ་བར་མིང་ཡང་གྲགས་སོ།།

དེ་ལྟར་ཆོས་རྗེ་ས་པཎ་གྱིས་ཆེན་པོ་ཧོར་གྱི་རྒྱལ་ཁམས་སུ་ཆོས་སྲིད་གཉིས་ཀྱི་མཛད་རྗེ་བླ་ན་མེད་པ་ཞིག་གནང་སྟེ་སྤྱི་ལོ་༡༢༥༡བོད་རབ་བྱུང་བཞི་པའི་ལྕགས་ཕག་ལ་སྤྲུལ་བའི་སྡེ་ཞེས་བྱ་བར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནོ། དེ་དུས་རྟེན་མཆོག་རྣམས་རྒྱལ་པོའི་མཆོད་གནས་བང་མཛོད་དུ་བཞུགས་སོ།།

འགྲོ་མགོན་འཕགས་པ་རིན་པོ་ཆེ་དགུང་ལོ་བཅུ་ལ་སོན་དུས་ཆོས་རྗེ་ས་པཎ་དང་ལྷན་དུ་ནང་སར་ཕེབས་ནས་ལོ་ངོ་བདུན་ཙམ་རིང་ཆོས་རྗེ་ས་པཎ་དང་འབྲལ་མེད་ཞབས་ལ་གཏུགས། ཆོས་རྗེ་ས་པཎ་ལ་མངའ་བའི་སྐུ་ཡོན་ཕལ་ཆེ་བ་ཐུགས་སུ་ཆུད་པས་བླ་མ་ཐུགས་ཤིན་ཏུ་མཉེས་ཏེ་བསྟན་པའི་ཁུར་བཟོད་པར་དགོངས་ནས་ཆོས་དུང་དང་ལྷུང་བཟེད་ལ་སོགས་པ་གནང་། སློབ་མའི་ཚོགས་རྣམས་ཀྱང་གཏད་ནས་བསྟན་པའི་བྱ་བ་དང་སེམས་ཅན་མང་པོའི་དོན་བྱ་བའི་ཁུར་གཏད་དོ།།

དེ་ནས་སྤྱི་ལོ་༡༢༥༣བོད་རབ་བྱུང་བཞི་བའི་ཆུ་གླང་ལོར་སེ་ཆེན་ཧུ་པེ་ལིས་བླ་མ་འཕགས་པ་ཕོ་བྲང་དུ་གདན་དྲངས་པར། དེ་དུས་⑺འགྲོ་མགོན་འཕགས་པ་དགུང་ལོ་བཅུ་དགུ་ཙམ་ལས་ཕེབས་མེད་ཀྱང་། སེ་ཆེན་ཧན་གྱིས་མི་གཞན་ལས་ལན་འདེབས་དཀའ་བའི་ཐེ་ཚོམ་མང་པོ་དྲི་བ་བཏོན་པར། དྲིས་ལན་རྒྱུ་མཚན་དང་བཅས་པ་གསུངས་པས་ཧ་ཅང་བཉེས་པར་གྱུར། ད་དུང་ཁོང་གིས་ཁྱེད་བོད་ཀྱི་ཡུལ་དུ་མི་ཆེ་བ་སུ་དང་སུ་བྱུང་། ཕོ་རྒོད་པ་སུ་བྱུང་། ཡོན་ཏན་ཅན་སུ་བྱུང་ཞེས་རྒྱུ་མཚན་དང་བཅས་དྲི་བ་གནང་བར་འཕགས་པ་རིན་པོ་ཆེ་ནས། ངེད་བོད་ལ་མི་ཆེ་བ་ཆོས་རྒྱལ་མེས་དཔོན་རྣམ་གསུམ་བྱུང་། ཕོ་རྒོད་པ་མི་ལ་རས་པ་བྱུང་། ཁོང་གིས་ཚེ་སྟོད་ལ་དགྲ་བཏུལ། ཚེ་གཞུག་ལ་ཆོས་བྱས་གྲུབ་པ་ཐོབ་པ་ཡིན། ཡོན་ཏན་ཅན་བདག་གི་བླ་མ་ས་སྐྱ་པཎྟི་ཏ བྱུང་ཞེས་ལན་རྒྱུ་མཚན་དང་བཅས་ཐོགས་པ་[page 157] མེད་པར་གསུངས་ཤིང་། ད་དུང་ལོ་རྒྱུས་ཐོག་ཐང་བོད་དབར་འཐབ་པའི་ཟླ་དང་འགྲོགས་པའི་གཉེན་གྱི་མཛའ་མཐུན་འབྲེལ་བ་དམ་ཟབ་བྱུང་ཚུལ་དང་ཇོ་བོ་ཤྰཀྱ་མུ་ནི་གདན་དྲངས་ཚུལ་རྣམས་གསུངས། སེ་ཆེན་གྱིས་དེ་བཞིན་བདེན་ན་རྒྱལ་ཐོག་གི་ཡི་གེར་བྲིས་ཡོད་པས་ལྟོས་གསུངས་པ་དང་། རྒྱའི་སྔོན་གྱི་ཡིག་ཚང་ལ་བལྟས་པར་འཕགས་པས་ཇི་ལྟར་གསུངས་བ་བཞིན་བྱུང་བས་སེ་ཆེན་ལྷག་པར་དགྱེས། ད་དུང་འཕགས་པས་ངེད་ཀྱི་ཕ་མེས་ལ་མི་ཉག་རྒྱལ་པོས་གོས་ཆེན་གྱི་བླ་བྲེ་ཤ་བའི་ར་ཅོ་ནས་བཟུང་ཐུབ་པ་ཕུལ་ཡོད་གསུངས་པས། རྒྱལ་པོས་ས་སྐྱར་བལྟར་བཏང་བས་ཇི་བཞིན་འདུག་ཟེར་བས་རྒྱལ་པོ་ཡབ་སྲས་ཤིན་ཏུ་མོས་པར་གྱུར།

དེ་ནས་འགྲོ་མགོན་འཕགས་པས་རྒྱལ་པོས་དབུ་མཛད་པའི་དབང་ཞུ་བ་ཉི་ཤུ་རྩ་ལྔ་ལ་ལན་གསུམ་གྱི་བར་དུ་ས་སྐྱ་བའི་ཁྱད་ཆོས་དཔལ་ཀྱེེ་རྡོ་རྗེའི་དབང་ཡོངས་སུ་རྫོགས་པ་ལན་གསུམ་ཀྱི་བར་དུ་བསྐུར་བས། ཧོར་གྱི་རྒྱལ་ཁམས་སུ་རྡོ་རྗེ་ཐེག་པའི་དབུ་བཪྙེས་པ་ཡིན་ཞིང་། དེའི་དབང་ཡོན་དང་པོ་ལ་ཁྲི་སྐོར་བཅུ་གསུམ་ཕུལ་བ་དང་། དབང་ཡོན་བར་མ་ལ་ཆོས་དུང་དཀར་པོ་རྒྱང་གྲགས་ཀྱིས་གཙོས་པའི་བོད་ཕྱོགས་ཁ་གསུམ་ཀྱི་བན་དྷེ་དང་། མི་སྡེ་སོགས་ཐམས་ཅད་ཕུལ་བ་ཡིན། དབང་ཡོན་གསུམ་པ་ལ་བླ་མའི་བཀའ་བཞིན་རྒྱའི་མི་ཡུར་ཆེན་པོ་ཕུལ། ད་དུང་གཡང་ཀྲིའུ་ལས་བྱས་པའི་རི་མོ་ལ་ཡི་གེ་ས་དང་རིན་པོ་ཆེ་ཡོད་པའི་ཐམ་ཀ་གནམ་ཀྱི་འོག་དང་ས་ཡི་སྟེང་འདི་ན་རྒྱ་གར་ལྷའི་སྲས་པོ་སྤྲུལ་པའི་སྐུ་མཆོག་སངས་རྒྱས་གནས་ལྔ་རིག་པའི་པཎྟི་ཏ་འཕགས་པ་ཏི་ཤྰི་ཞེས་པའི་མཚན་གསོལ། གཞན་ཡང་གསེར་དང་མུ་ཏིག་གི་སྣམ་སྦྱར་སོགས་དངོས་རྫས་མཐའ་ཡས་པ་གནང་སྟེ་བོད་ཀྱི་དབང་འཛིན་དུ་བསྐོས།

དེ་ནས་⑻ཆོས་རྒྱལ་འཕགས་པའི་ཐུགས་སྲས་སྒ་ཨ་གཉན་དམ་པ་ནི་ཆོས་རྗེ་ཁུ་དཔོན་གཉིས་ཀྱི་ཕྱག་ཕྱིར་ནང་སར་བྱོན་ནས་རྒྱལ་བློན་ཐམས་ཅད་ཀྱི་བཀུར་སྟི་ཚད་མེད་བྱས་ནས་སྤྱི་བོའི་གཙུག་ཏུ་བཀུར་བ་ན། དེར་བློན་པོ་མི་ཆེ་ཞེས་པ་མ་དགའ་ནས་རྒྱལ་པོ་ལ་ཕྲ་མ་བཅུག་པས། རྒྱལ་པོས་སྒ་ཨ་གཉན་དོན་མེད་ཀྱི་ཁྲིམས་ལ་སྦྱར་ཏེ་གཤེད་མ་རྣམས་ཀྱིས་ཁྲིད་ནས་སྒམ་ནང་དུ་བཅུག་སྟེ་ཆུ་བོར་བསྐྱུར་བས་ཡུལ་གཞན་དུ་ཁྱེར་བའི་ཚེ། ཆུ་ལེན་པར་ཡོང་བ་དག་གིས་ཪྙེད་དེ་ཚུར་བླངས་ནས་བལྟས་པས། ཨ་གཉན་གྱིས་བཞིན་གྱི་མདངས་གསལ་ཞིང་ཞལ་ནས་མཧྰ་ཀཱ་ལ་སྒྲོགས་ཤིང་བཞུགས་པ་མཐོང་བས། དེའི་སྐྱེ་བོ་ཀུན་ངོ་མཚར་དུ་གྱུར་ནས་བཀུར་སྟི་བྱས། དེའི་ཚེ་རྒྱལ་ཁབ་ལ་རིམས་ནད་བྱུང་ནས་གང་གིས་ཀྱང་མ་བཟློག་པ་ལ། རྒྱལ་པོ་བློ་མ་བདེ་ནས་མི་སེར་རྣམས་ལ་འདི་ལྟར། ཨ་གཉན་དམ་པ་ཞེས་པའི་སྐྱེས་བུ་དམ་པ་དེ་ལ་སྐྱོན་མི་མངའ་ཡང་། བདག་ནི་མ་རིག་པའི་སྒྲིབ་ནས་ཨ་གཉན་དམ་པ་ཁྲིམས་ལ་སྦྱར་བས་མ་འགྲིག་པར་ནད་རིམས་འདི་བྱུང་ད་ཨ་གཉན་དམ་པ་ས་ཆ་གང་དུ་ཡོད་པར་བཙལ་ཏེ་ཕྱིར་སྤྱན་དྲོངས་ཤོག་ཅེས་བཀའ་སྩལ་བར། ཚང་མསདེ་ལྟར་སྤྱན་དྲངས་གསོལ་བ་བཏབ་པ་ལ་[page 158] བརྟེན་ནས་རྒྱལ་ཁམས་ཀྱི་ནད་རིམས་རྣམས་ཀྱང་ཞི་བར་གྱུར་ཏོ།།

གཉིས་པ། སྡེ་དགོན་ཁང་རྟེན་དང་བརྟེན་པ་ཇི་ལྟར་བཞེངས་པ་དང་
ནང་བཞུགས་བྱིན་རྟེན་གྱི་སྐོར་བཤད་པ།

དེ་ནས་འགྲོ་མགོན་འཕགས་པས་ཙན་དན་གྱི་སྐུ་རང་བྱོན་འདིས་ནང་བཞུགས་བྱས་ནས་མགོན་ཁང་ཞིག་བཞེངས་ན་བསྟན་འགྲོ་ཡོངས་ལ་ཕན་པ་རྒྱ་ཆེན་པོ་ཞིག་ཡོང་བར་དགོངས་ནས། སེ་ཆེན་རྒྱལ་པོ་ལ་ཞུས་པ། ངེད་ཀྱི་བླ་མ་གོང་མའི་གདན་དྲངས་པའི་རྟེན་ཆ་རྣམས་ངེད་ལ་ཚུར་གནང་ན། དེ་དག་གི་ནང་བཞུགས་བྱས་པའི་ཆོས་སྐྱོང་གི་སྐུ་བཪྙན་ཞིག་བཞེངས་བསམ་པ་ཡིན། དེའི་སྦྱིན་བདག་ཀྱང་ཁྱེད་ཡབ་སྲས་ནས་མཛད་དགོས་ཞེས་ཞུས་པ་ན། རྒྱལ་པོ་ཡབ་སྲས་ནས་ཀྱང་འཕགས་པའི་ཐུགས་བཞེད་ལྟར་སྒྲུབ་པར་ཞལ་གྱིས་བཞེས། དེ་ནས་མགྲོ་མགོན་འཕགས་པས་ཙན་དན་གྱི་སྐུ་རང་བྱོན་གཙོས་པའི་སྐུ་རྟེན་རྣམས་དྲེའུ་དཀར་པོ་ཅིག་ལ་བཀལ་ཏེ། སྒ་ཨ་གཉན་དམ་པ་ལ་གཏད་ནས་དྲེའུ་འདི་གང་དུ་ཉལ་བའི་སར་རྟེན་ཆ་འདི་དག་གིས་ནང་བཞུགས་བྱས་པའི་གུར་མགོན་གྱི་སྐུ་ཞིག་བཞེངས་ཤིག་ཅེས་ཨ་གཉན་དང་སེ་ཆེན་གྱི་སྲས་ཝང་གཉིས་ལ་གསུངས་ནས་བཏང་། དེ་ནས་ཁོང་རྣམ་གཉིས་དང་འཁོར་ཚོགས་བཅས་རིམ་གྱིས་ཕེབས་ནས་ད་ལྟའི་དཀར་མཛེས་ཡུལ་འདི་ལ་ཏྲེ་ཤོད་མཎྡ་ཐང་ཞེས་གྲགས་པའི་ལྟེ་བ་འདིར་ཕེབས་པ་ན། མཚོ་ཟངས་ཁ་ཙམ་ཡོད་པའི་ནང་དུ་དྲེའུ་དེའི་རྔ་མ་བཅུག་སྟེ་ཉལ་བ་ཇི་ཙམ་བསླང་ཡང་མ་ལངས་པར་བརྟེན། བླ་མའི་ལུང་བསྟན་པའི་ས་དེ་འདི་ཡིན་པར་ངོས་ཟིན་ནས། བོད་རབ་བྱུང་ལྔ་བའི་ཤིང་སྤྲེལ་སྤྱི་ལོ་༡༢༤༨ལ་གཙུག་ལག་ཁང་འདི་བཞེངས་པའི་སྦྱིན་བདག་ཧོར་སེ་ཆེན་གྱི་སྲས་ཝང་གིས་མཛད། བཟོ་བོ་ཨ་གཉན་པག་ཤི་རང་གི་གཙོར་མཛད་དེ་བཞེངས་པའི་⑼དཔལ་ལྡན་གུར་གྱི་མགོན་པོའི་སྐུ་འདིའི་ནང་རྟེན་གྱི་རིམ་པ་བཞུགས་ཚུལ་ནི།

ཐོག་མར་དབུ་སྐྲའི་ཐོར་ཅོག་ནང་དུ་པཎྟི་ཏ་ག་ཡ་དྷ་རས་རྒྱ་གར་ནས་སྤྱན་དྲངས་པའི་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་བ། སངས་རྒྱས་རབ་བདུན་གྱི་རང་བསྲེལ། བྱང་ཆུབ་ཤིང་ལས་གྲུབ་པའི་མི་བསྐྱོད་པའི་སྐུ། འཕགས་པ་རིན་པོ་ཆེའི་དབུ་སྐྲ་བུབས་རྣམས་བཞུགས་ཤིང་། སྤྱན་དབུས་མའི་ནང་དུ་སངས་རྒྱས་ཀྱི་རིང་བསྲེལ་བདུན། སྤྱན་གཡས་པའི་ནང་དུ་ཤྰ་རིའི་བུའི་རིང་བསྲེལ་བདུན། སྤྱན་གཡོན་པའི་ནང་དུ་མོོད་གལ་གྱི་རྗའི་རང་བསྲེལ་བདུན། དབུའི་ནང་དུ་རོ་བའི་དབུ་ཐོད་དུམ་བུ། ཤངས་ཀྱི་ནང་དུ་སངས་རྒྱས་འོད་སྲུང་ཀྱི་ཚེམས། མགྲིན་པའི་ནང་དུ་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་ཚེམས། ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་དུ་གཙོ་བོར་གོང་དུ་ལོ་རྒྱུས་རྒྱས་པར་བཤད་[page 159] པའི་ཙན་དན་གྱི་མགོན་པོའི་སྐུ་རང་བྱོན་དང་། མ་གཅིག་ལབ་ཀྱི་སྒྲོན་མའི་ཤངས་མཚལ་གྱིས་བྲི་ས་པའི་གུར་མགོན་གྱི་སྐུ། བསིལ་བ་ཚལ་གྱི་ནག་ལས་གྲུབ་པའི་གུར་མགོན་གྱི་སྐུ། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་ཞུན་ཐིགས་ལས་བྱོན་པའི་ཞལ་བཞི་པའི་སྐུ། འཇམ་དབྱངས་ས་པཎ་གྱི་ཐུགས་དམ་རྟེན་ཀྱེ་རྡོར་ཀྱི་སྐུ། རྒྱུ་གསེར་ལས་གྲུབ་པའི་ཕྱག་ན་རྡོ་རྗེ་འབྱུང་འདུལ་གྱི་སྐུ། ཆུ་ཤེལ་ལས་གྲུབ་པའི་སྤྱན་རས་གཟིགས་ཕྱག་བཞི་པའི་སྐུ་རྣམས་དང་། ལྟོ་བའི་ནང་དུ་སངས་རྒྱས་ཤྰཀྱ་ཐུབ་པའི་གསོལ་ལྷུང་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་བ་རྣམས་བཞུགས་ཤིང་།

གཞན་ཡང་འཕགས་པ་རིན་པོ་ཆེའི་ཕྱག་ཕྲེང་། ཤ་རིའི་རྗའི་སྐུ་ཆིངས། ཇོ་བོ་ཨ་ཏི་ཤའི་གདུང་རུས། པཎ་ཆེན་ཤྰཀྱ་ཤྲྰིའི་སྣམ་སྦྱར། པཎྟི་ཏ་དྷརྨཱ་པ་ལའི་གདུང་རུས། རྒྱ་གར་རྡོ་རྗེ་གདན་གྱི་རྟེན་མཧྰ་བོ་དྷིའི་ཞལ་ཕྱིས། དམ་པ་སངས་རྒྱས་ཀྱི་དབུ་སྐྲ། རྒྱ་གར་ཕྱག་ན་རྡོ་རྗེའི་སྒོམ་ཐག པཎྟི་ཏ་ཀཱ་མ་ལ་ཤྰི་ལའི་གདུང་རུས། གྲུབ་ཆེན་ཤ་བ་རི་པའི་སྐུ་ཤ། པཎྟི་ཏ་ག་ཡ་དྷ་རའི་གདུང་རུས། པཎྟི་ཏ་ཀ་ལིངྒ་པའི་དབུ་སྐྲ། བྲམ་ཟེ་སྐྱེ་བ་བདུན་པའི་སྐུ་ཤ། བལ་པོ་པཎ་ཆེན་མ་བོ་དྷིའི་དབུ་སྐྲ། དཔལ་ཆེན་རྒ་ལོའི་དབུ་ཞྭ། འབྲོག་མི་ཤྰཀྱ་ཡེ་ཤེས་ཀྱི་གདུང་ཐལ་དང་སྣམ་སྦྱར། ལོ་ཆེན་རིན་ཆེན་བཟང་པོའི་ཤངས་མཚལ། ཁྲོ་ཕུ་ལོ་ཙཱ་བའི་དབུ་སྐྲ། འབྲོམ་སྟོན་པའི་དབུ་སྐྲ། བཤེས་གཉེན་པོ་ཏོ་བའི་གདུང་རུས། བཤེས་གཉེན་བྱང་སེམས་ཟླ་བ་རྒྱལ་མཚན་གྱི་གདུང་རུས། ས་ཆེན་ཀུན་དགའ་སྙིང་པོའི་གདུང་རུས། རྗེ་བཙུན་བསོད་ནམས་རྩེ་མོའི་གདུང་རུས། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གདུང་རུས། འཇམ་དབྱངས་ས་པཎ་གྱི་གདུང་རུས། འཇམ་དབྱངས་ས་པཎ་གྱི་གདུང་ཚ། ལྷོ་བྲག་མར་པའི་དབུ་ཐོད་དུམ་བུ་དང་དབུ་སྐྲ། མི་ལ་རས་པའི་ན་བཟའ། དྭགས་པོ་ལྷ་རྗེའི་གདུང་རུས། ཕག་མོ་གྲུབ་པའི་གདུང་རུས། ཨུ་རྒྱན་རིན་པོ་ཆེའི་དབུ་སྐྲ། འབྲི་གུང་འཇིག་རྟེན་མགོན་པོའི་སྒོམ་ཐག རྒྱལ་པ་རྒོད་ཚང་པའི་གདུང་རུས། ཞང་གཡུ་བྲག་པའི་ན་བཟའ། མ་གཅིག་རེ་མའི་སྐུ་ཤ། གྲུབ་ཆེན་ཨུ་རྒྱན་པའི་གདུང་རུས་སོགས་རྒྱ་བོད་ཀྱི་མཁས་གྲུབ་ལོ་པཎ་ཕལ་ཆེར་གྱི་གདུང་རུས། རིང་བསྲེལ། དབུ་སྐྲ། ན་བཟའ་སོགས་བྱིན་རླབས་ཀྱི་རྟེན་རྣམས་དང་། སྟོན་པ་སངས་རྒྱས་ཀྱི་ཆོས་ཁྲིའི་ས། བྱང་ཆུབ་ཤིང་གྱི་ལོ་འདབ་དང་འབྲས་བུ། གནས་རྡོ་རྗེ་གདན་དང་། བྱ་རྒོད་ཕུང་པོ་རི། ཤྲྰི་ནྰ་ལེནྡྲ། བལ་ཡུལ་འཕགས་པའི་ཤིང་ཀུན། ཨོ་ཌ་ཡཱ་ན་ཤམྦྷ་ལ། རི་བོ་རྩེ་ལྔ། གངས་ཏི་སེ། ལྷ་ས་བསམ་ཡས་ཁྲ་འབྲུག་སོགས་གཙུག་ལག་ཁང་རྣམས་ཀྱི་ས་སྣ་དང་། ཆུ་བོ་གངྒྰ་སོགས་ཆུ་བོ་ཆེན་པོ་བཞིའི་ཆུ་སྣ། རིན་པོ་ཆེའི་བྱེ་མ། རྒྱ་མཚོའི་གླིང་གི་འཇག་མ་སོགས་མདོར་ན་རྒྱ་གར་ནག བལ་པོ། ལི་ཡུལ། རང་རྒྱལ་བོད་ཡུལ་རྣམས་ཀྱི་གཙུག་ལག་ཁང་མཆོད་རྟེན། གནས་ཆེན། གངས་བྲག མཚོ་ཆེན། དུར་ཁྲོད་ཀྱི་ས་སྣ། ་སྣ། ཆུ་སྣ། ཤིང་སྣ་དང་། ལྷ་རྟེན་རྣམས་ཀྱི་བག་རྡུལ་དང་། ན་བཟའ། གཞན་ཡང་པནྟི་ཏ་སངས་རྒྱས་[page 160] གསང་བའི་རྐང་མགྱོགས་ཀྱི་དངོས་གྲུབ་བཪྙེས་ནས། ཡུལ་ཉི་ཤུ་རྩ་བཞི། གནས་སུམ་ཅུ་སོ་གཉིྶ། དུར་ཁྲོད་ཆེན་པོ་བརྒྱད་པོ་ལ་སོགས་པ་གླིང་བཞི་གླིང་ཕྲན་བརྒྱད་ནས་བསྡུས་པའི་ས་སྣ་རྡོ་སྣ་ཆུ་སྣ་ཤིང་སྣ་ཁྱད་པར་ཅན་རྣམས་དང་། མཐིང་ཤོག་ལ་གསེར་གྱིས་བྲིས་པའི་རྒྱུད་སྡེ་བཞིའི་ལྷ་རྣམས་ཀྱི་སྙིང་པོ་དང་། ལྷག་ཏུ་མགོན་པོ་རང་གི་སྲོག་སྔགས་ཀྱི་ཤོག་དྲིལ། ཞབས་འོག་ཏུ་གནོད་སྦྱིན་ཕོ་མོའི་འཁོར་ལོ་སོགས་གཟུངས་གཞུག་གི་རིམ་པ་ཡང་གྲངས་ལས་འདས་པ་བཞུགས་སུ་གསོལ་བ་བཅས་གཙོ་བའི་སྐུ་དཔལ་ལྡན་གུར་གྱི་མགོན་པོའི་སྐུ་བཪྙན་ཆེན་མོ་ལེགས་པར་བཞེངས་པ་དང་། དེའི་གཡས་སུ་འཕྲིན་ལས་ཀྱི་མགོན་པོ་ཡབ་ལེགས་ལྡན་སྟག་ཞོན། དེའི་མདུན་དུ་ཞལ་ཤར་གཟིགས་ལ་རིམ་བཞིན་མོན་བུ་བྷ་ཏྲ་ནག་པོ། དེའི་གཡས་སུ་དམ་དམ་ཅན་པུ་ཏྲ་ཆེན་པོ། དེའི་གཡས་སུ་སྲས་མོ་རལ་གཅིག་མ་ཏེ། འདི་གསུམ་ལ་གུར་མགོན་གྱི་འཁོར་པུ་ཏྲ་མིང་སྲིང་གསུམ་ཞེས་གྲགས་པ་ཡིན། དེ་གསུམ་གྱི་གཡས་སུ་གསུང་གི་མོན་པ་ནག་པོ་རྭ་དུང་གི་སྒྲ་སྒྲོགས་པ། དེའི་གཡས་སུ་ཐུགས་ཀྱི་མོན་པ་སྰོ་ནག་སྤུ་གྲི་འཛིན་པ། དེའི་གཡས་སུ་སྐུ་ཡི་མོན་པ་ནག་པོ་རོ་ཕྱང་བ་འདི་གསུམ་ལ་མགོན་པོ་སྟག་ཞོན་གྱི་འཁོར་མོན་པ་གསུམ་ཞེས་གྲགས། གཙོ་བོའི་གཡོན་དུ་དཔལ་ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ། དེའི་མདུན་དུ་ཞལ་ནུབ་གཟིགས་ལ་ཡུམ་ནག་མོ་གནོད་སྦྱིན་མ། དེའི་གཡོན་དུ་ཡབ་ནག་པོ་གནོད་སྦྱིན། དེའི་གཡོན་དུ་དགེ་སློང་རུ་འདྲེན། དེའི་གཡོན་དུ་སྔགས་པ། དེའི་གཡོན་དུ་སྐྱེས་པ། དེའི་གཡོན་དུ་རྗད་མེད་ནག་མོ་རྣམས་འཇིགས་ཤིང་སྐྱི་གཡའ་བ་ཉི་མ་འབུམ་གྱི་གཟི་འོད་དང་ལྡན་པ་བཞུགས།

ལྷ་མོ་དང་སྟག་གཞོན་སོགས་འཁོར་རྣམས་ཀྱི་ནང་དུ་ཡང་གོང་དུ་བཤད་པའི་བྱིན་རླབས་རྟེན་དང་། ས་སྣ། རྡོ་སྣ། ཆུ་སྣ་ཤིང་སྣ་རྣམས་ཆ་ཚང་རེ་བཞུགས་ཞིང་། ལྷག་པར་དུ་དཔལ་ལྡན་ལྷ་མོའི་ནང་རྟེན་ལ། རྗེ་ན་རོ་པའི་ཤངས་མཚལ་གྱིས་བྲིས་པའི་རྗེ་བཙུན་སྒྲོན་མའི་སྐུ་དང་། ཀླུ་སྒྲུབ་ཀྱི་ཤངས་མཚལ་ལས་བྱོན་པའི་གསང་འདུས་འཇམ་པའི་རྡོ་རྗེ། ཨཱ་ཙརྱ་དམར་པོའི་ཤངས་མཚལ་གྱིས་བྲིས་པའི་དཔལ་ལྷ་མོའི་སྐུ། རྒྱལ་པོའི་ནོར་བུ་ལ་ཁྲུས་གསོལ་བའི་མི་ནོར་ཟས་གསུམ་འཕེལ་བའི་གཏེར་རྣམས་བཞུགས། དཔལ་མགོན་སྟག་ཞོན་གྱི་ནང་དུ་སྡེ་བརྒྱད་ཀྱི་སྲོག་སྙིང་དང་། ཨ་གཉན་པག་ཤི་རང་གི་དབུ་སྐྲ། ན་བཟའ། ཕྱག་ཕྲེང་རྣམས་དང་། དམག་དཔོན་གྱི་ཞབས་འོན་ཏུ་མགུལ་ལྷ་བཅུ་གསུམ་དང་། བརྟན་མ་བཅུ་གཉིས་བླ་རྡོ་དང་སྲོག་སྙིང་། སྔགས་པའི་ནང་དུ་ཀླུ་ཆེན་བརྒྱད་ཀྱི་སྲོག་འཁོར་དང་། རིན་པོ་ཆེ་སྣ་ལྔ་ལ་སོགས་པའི་ཀླུ་གཏེར་མང་དུ་བཞུགས་ཤིང་། ཡུམ་ཆེན་མོ་གནོད་སྦྱིན་ཡབ་ཡུམ། པུ་ཏྲ་མིང་སྲིང་དང་། རུ་འདྲེན་གྱི་ནང་ཚན་དགེ་སློང་དང་བུད་མེད་བཅས་འདི་རྣམས་ལ་གཟུངས་གཞུག་གི་དམིགས་བསལ་མ་མཆིས་རུང་། སྐུ་རྟེན་ཐམས་ཅད་དུས་གཅིག་ཏུ་བཞེངས་འདུག་པས་གཟུངས་གཞུག་ལ་དབྱེ་པ་ཅི་ཡོད།

[page 161] མགོན་ཁང་གི་དབུ་རྩེར་གཙོ་བོ་མཉམ་མེད་ཤྰཀྱའི་རྒྱལ་པོ། དེའི་གཡས་སུ་རྣམ་པར་གཟིགས། དེའི་གཡས་སུ་གཙུག་ཏོར་ཅན། དེའི་གཡས་སུ་ཐམས་ཅད་སྐྱོབ། གཙོ་པའི་གཡོན་དུ་འཁོར་བ་འཇིག དེའི་གཡོན་དུ་གསེར་ཐུབ། དེའི་གཡོན་དུ་འོད་སྲུང་བཅས་སངས་རྒྱས་རབ་བདུན། དེའི་མདུན་ཕྱོགས་སུ་ཆོས་རྒྱལ་འཕགས་པ། དེའི་གཡོན་དུ་སྒ་ཨ་གཉན་དམ་པ་བཅས་བཞེངས། དཀྱིལ་དུ་བརྩེགས་གཅིག་ཕལ་པའི་སྟེང་དཔལ་དུས་ཀྱི་འཁོར་ལོའི་བློས་བསླང་། གཞན་ཀུན་རིགས་ཀྱི་ལྷ་ཚོགས་དང་རྒྱ་གར་ཤར་ལི་ཁྲུ་གང་ལོང་བ་གྲང་ཉེར་ལྔ་ལྷག་བཞུགས། ཁང་བཟང་གི་རྩེ་མོར་རྫ་མའི་རྒྱ་ཕིབས་དང་། གསེར་ཟངས་ལས་གྲུབ་པའི་གཉྫིར་དང་། དྲིལ་བུ། རྒྱལ་མཚན་སོགས་ཀྱིས་བརྒྱན་པ་དང་། གཙུག་ལག་ཁང་གི་ནང་དུ་བླ་བྲེ་དང་། གདུགས་རྒྱལ་མཚན། འཕན་དང་སྙན་ཤལ་གོ་མཚོན་ལ་སོགས་པའི་སྤྱན་གཟིགས་སོགས་མཆོད་པའི་ཡོ་བྱད་མང་པོའི་མཛེས་པར་བརྒྱན་པ་བཅས་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་ལེགས་པར་བཞེངས་པ་གྲུབ་པ་ན། ཧོར་རྒྱལ་པོའི་ཕོ་བྲང་དུ་བཞུགས་པའི་འགྲོ་མགོན་འཕགས་པ་ལ་ཞུ་འཕྲིན་ཕུལ་བར། གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་ལ་ཡེ་ཤེས་པ་དངོས་སུ་གཞུག་པའི་རབ་གནས་ཞུས་པར། དེར་འགྲོ་མགོན་འཕགས་པའི་གཟའ་སྐར་ཕུན་སུམ་ཚོགས་པའི་ཚེས་བཟང་ཞིག་ལ་གོང་མའི་ཕོ་བྲང་ནས་རབ་ཏུ་གནས་པ་མཛད་དེ་ཕྱག་ནས་འབྲས་དཀར་འཐོར་བ་མཛད་པས། མགོན་པོའི་སྐུའི་མདུན་དུ་འབྲས་ཁ་བས་ས་སྐྱ་བ་ཙམ་བབས་པ་དང་། ནམ་མཁའ་འཇའ་འོད་ཀྱིས་ཁྱབ་པ། ལྷའི་སིལ་སྙན་གྱི་སྒྲ་སྒྲོགས་པ་ལ་སོགས་པའི་ངོ་མཚར་བའི་ལྟས་མང་པོ་སྐྱེ་བོ་རྣམས་ལ་མཐུན་སྣང་དུ་བྱུང་བར་གྲགས།

དེ་ལྟར་བྱིན་རླབས་ཀྱི་གཟི་འོད་རབ་དུ་འབར་བའི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་འདི་ཉིད་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་ལོ་ངོ་བརྒྱ་ཕྲག་དུ་མའི་བར་དུ་བཞུགས་ནའང་བོད་རབ་བྱུང་བཅུ་དྲུག་པའི་མེ་རྟ་སྤྱི་ལོ་༡༩༦༦ལོར་རིག་གནས་གསར་བརྗེ་ཆེན་པོ་ཞེས་མིང་དུ་བཏགས་པ་རྒྱལ་ཡོངས་སུ་ཟིང་འཚུབ་ཆེན་མོ་ལངས་པའི་སྐབས་མགོན་ཁང་འདིའི་ཁང་བ་ཙམ་མ་གཏོགས་ ནང་གི་ལྷ་རྟེན་གཅིག་ཀྱང་མ་ལུས་པ་བཅོམ་སྟེ་གཙང་ཕྱགས་བྱས་ནས་ཤུལ་མེད་དུ་བཏང་ངོ་། མགོན་ཁང་ནི་ཉེ་འཁོར་ན་ཡོད་པའི་ཁང་གསར་ཆུས་སྲིད་གཞུང་ལས་ཁུངས་བཙུགས།

གསུམ་པ། སྡེ་མགོན་ཁང་ཡང་བསྐྱར་བཞེངས་པའི་སྐོར་བཤད་པ།
དེ་ནས་ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་དོན་ཐོག་ཏུ་འཁེལ་པ་བརྒྱུད་ཏེ། སྤྱི་ལོ་༡༩༨༣ལོར་སྡེ་གྲོང་པ་རྣམས་ཀྱིས་ཆུས་མི་དམངས་སྲིད་གཞུང་ལ་སྒོར་དྲུག་སྟོང་ཞིག་ཕུལ་ཏེ་དགོན་[page 162] ཁང་ཕྱིར་ཉོས། དེ་ནས་ཁང་དམར་བློ་བཟང་ཐུབ་བསྟན་མཆོག་དང་སྡེ་གྲོང་པ་རྣམས་ཀྱི་སྦྱིན་བདག་བྱས་ཏེ་གྲོང་པའི་དབུ་འཛིན་ཨ་མགོན་བསོད་ནམས་ཡེ་ཤེས། དགེ་སློང་བཀྲ་ཤིས་ཚེ་རིང་། དགེ་སློང་ཡ་ཐ་མགོན་པོ་དབང་ཆེན་རྒྱལ་མཚོ། བློ་བཟང་དབང་རྒྱལ་སོགས་ཉམས་གསོ་ཚོ་ཆུང་བཙུགས་ཏེ་མགོན་ཁང་གི་རྒྱ་ཕིབས་སྤོས་རྒྱན་སོགས་བཤིག་རལ་དུ་སོང་བ་རྣམས་ཉམས་གསོ་དང་། རྟེན་གྱི་གཙོ་བོ་གུར་གྱི་མགོན་པོའི་སྐུ་རྒྱུ་སྨན་འདམ་ལས་གྲུབ་པ་ཁང་བརྩེགས་གཅིག་དང་ཕྱེད་ཅན། མགོན་པོ་སྟག་གཞོན། དཔལ་ལྡན་ལྷ་མོ། སངས་རྒྱས་རབ་བདུན། འགྲོ་མགོན་འཕགས་པ་སོགས་སྐུ་འདྲ་རྣམས་སྔོན་མ་ནང་བཞིན་བཞེངས། སྐུ་འདྲ་རྣམས་བཞེངས་སྐབས་རྒྱུ་སྨན་འདམ་ནང་དུ། གསེར་དངུལ། མི་ཏིག་བྱི་རུ་སོགས་རིན་ཆེན་སྐོར་དང་སྨན་སྣ་མང་པོ་རྣམས་གཙང་སྤྲ་ལེགས་པར་བཟོས་ཏེ་ཞིབ་མོར་འཐག་ནས་རིན་ཆེན་བྱེ་མར་བཟོས་ནས་སྨན་འདམ་ནང་དུ་བསྲེས་ཏེ་བཞེངས།

སྐུ་འདྲ་དེ་དག་གི་ནང་རྟེན་ནི་སྔོན་མའི་རྟེན་བྱིན་ཅན་རྣམས་འཇིག་ཟིན་ནའང་། བྱིན་རྟེན་རེ་གཉིས་ཞིག་ཆོས་དད་མང་ཚོགས་འགའི་ཉར་ཚགས་བྱས་ཏེ་ལྷག་པ་དང་། རྟེན་གསར་བའི་སྐོར་འགའ་ཡོད་པ་རྣམས་གཟུངས་གཞུག་ཏུ་ཕུལ་པ་ནི། མགོན་པོའི་སྐུ་དང་རྩ་སྔགས་ཤོག་གུའི་སྟེང་པར་བ་འབུམ་གཅིག རྒྱལ་བ་པཎ་ཆེན་གྱི་ན་བཟའ། སྒོམ་ཐག། དབུ་ཞྭ། ལག་ཤུབ། ལགབྲག་སྐལ་བཟང་རྣམ་རྒྱལ་གྱི་འབྲལ་སྤངས། སྔོན་མའི་མགོན་པོའི་གཟུངས་བཞུག་དུ་ཚ་ཚ་བདུན་ཡོད་པའི་ནང་ནས་ཚ་ཚ་རྡོག་གསུམ། རྒྱལ་དབང་བཅུ་གསུམ་པའི་རྟེན་འདུས་རིལ་བུ་དང་སྨན་སྣའི་སྐོར། པཎ་ཆེན་རིན་པོ་ཆེ་ཕྱག་ཚ་གསུམ། བྱ་ཁྱུང་གི་སྒོ་ང་གཅིག རྗེ་རིན་པོ་ཆེའི་ཕྲེང་རྡོག་གཅིག རྒྱལ་དབང་བཅུ་གསུམ་པའི་ཕྱག་ཚ་འཇིགས་བྱེད་སོགས་ཡོད་པ་གཟུངས་གཞུག་ཏུ་ལེགས་པར་ཕུལ་ལོ། ཞེས་ཏྲེ་ཧོར་ཡེ་ ཤེས་མགོན་པོའི་སྐུ་ཪྙན་མཐོང་གྲོལ་ཆེན་མོའི་ལོ་རྒྱུས་གསལ་བར་བཤད་པ་བྱིན་རླབས་གཏེར་མཛོད་ཅེས་པ་འདི་ནི་ཉེ་ལམ་དཀར་མཛེས་ཁུལ་གྱི་དགོན་སྡེ་རྣམས་ཀྱི་ལོ་རྒྱུས་དངོས་འཚོལ་ཞིབ་ཆེད་ས་དེ་ཀར་དངོས་སུ་བརྟག་དཔྱད་དུ་ཕྱིན་ནས་སྡེ་མགོན་ཁང་དང་འབྲེལ་ཡོད་ཚད་ལྡན་ཡིག་ཆ་རྣམས་གུང་བསྒྲིགས་ཏེ་ཅུང་ཟད་རྒྱས་པར་བཤད་པ་འདི་ནི་སྐྱེས་ཡུལ་མདོ་སྨད་རེབ་གོང་དགེ་མིང་བ་འཇིགས་མེད་བསམ་གྲུབ་ཀྱིས་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་གོ་བཞི་ལོའི་ཟླ་བཅུ་གཉིས་པར་པེ་ཅིན་དུ་སྦྱར་བ་རེ་ཞིག་རྫོགས་སོ།།

མཆན་འགྲེལ།
⑴སྡེ་མགོན་པོའི་དཀར་ཆག་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་བསྒྲིགས་པ་ཞེས་པ། ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་བཀའ་འབུམ་ཨེ་བ། རྟོགས་བརྗོད་སྣ་ཚོགས་ལྗོན་པ་ཞེས་པར་གསལ། སྡེ་དགེ་ཤིང་པར་མ།

[page 163] ⑵སྐུ་ཞོགས་ལམ་བྲག་ནས་མཁོ་སྤྲོད་བྱས་པའི་ཏྲེ་ཧོར་ཡེ་ཤེས་མགོན་པོའི་སྐུ་བཪྙན་ལོ་རྒྱུས་ཞེས་པའི་དེབ་ལག་བྲིས་མ་ཞིག་ཏུ་གསལ། ཁང་དམར་པས་བརྩམས།

⑶༡༩༩༠ལོར་བོད་ལྗོངས་དཔེ་སྐྲུན་ཁང་ནས་བཏོན་པའི་《བོད་ཀྱི་ལོ་རྒྱུས་རག་རིམ་གྱུ་ཡི་ཕྲེང་བ་》ཞེས་པའི་ས་བཅད་ལྔ་བར་གསལ།

⑷རྒྱལ་དབང་ལྔ་བས་མཛད་པའི་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》སུ་གསལ།

⑸གོང་སྨོས་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སུ་གསལ།

⑹༡༩༨༦ལོར་མི་རིགས་དཔེ་སྐྲུན་ཁང་གིས་བཏོན་པའི་《ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་》ཀྱི་ལེའུ་ལྔ་བར་གསལ།

⑺གོང་སྨོས་ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་དུ་གསལ།

⑻ཏྲེ་ཧོར་ཡེ་ཤེས་མགོན་པོའི་སྐུ་བཪྙན་མཐོང་གྲོལ་ཆེན་མོའི་ལོ་རྒྱུས་ཞེས་པར་གསལ།

⑼ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་བསྒྲིགས་པའི་སྡེ་མགོན་པོའི་དཀར་ཆག་ཏུ་གསལ།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*