སྐད་གྲགས་ཅན་གྱི་སྤོ་ལོའི་རིག་གནས་གསར་གཏོད་པ་བོད་ཡིན།

སྐད་གྲགས་ཅན་གྱི་སྤོ་ལོའི་རིག་གནས་གསར་གཏོད་པ་བོད་ཡིན།
འཛམ་གླིང་ཡོམ་ཡོམ་དུ་སྒུལ་བཞིན་པའི་གནའ་རབ་བོད་ཀྱི་རིག་གནས་ཤིག་ལ་རགས་ཙམ་དཔྱད་པ།
རྩོམ་པ་པོ།  བེའུ་རུ་འཇམ་དབྱངས་མདོ་སྔགས།
སྤྱིར་རིག་གནས་ལ་གནའ་བོའི་རིག་གནས་དང་། དེང་གི་རིག་གནས་ཞེས་དུས་སྔ་ཕྱི་ཡི་སྒོ་ནས་དབྱེ་བ་བྱས་པ་དང་། བོད་ཀྱི་རིག་གནས་དང་། རྒྱ་ཡི་རིག་གནས་ཞེས་ཡུལ་གྱི་སྒོ་ནས་དབྱེ་བ་བྱས་པ་དང་། ལྷ་ཆོས་རིག་གནས་དང་མི་ཆོས་རིག་གནས་ཞེས་རང་བཞིན་གྱི་སྒོ་ནས་དབྱེ་བ་བྱས་པ་ལྟ་བུས་མཚོན་ནས་རིག་གནས་ཞེས་པའི་ཚིག་འབྲུ་འདི་གཉིས་ལ་དགག་སྒྲུབ་དང་དབྱེ་བ་མང་དུ་བྱེད་འདུག་པར་མིག་མཐོང་ལག་ཟིན་དུ་གྱུར་ཡོད་མོད་མཐར་གཏུག་ན་”འགྲོ་ལུགས་འདུག་ལུགས་དང་”ཟ་ལུགས་མཐོང་ལུགས་”བསམ་ལུགས་དྲན་ལུགས”་ཏེ་འདི་རྣམས་ལས་གཞན་དུ་མ་འཆིས། བོད་ཀྱི་རིག་གནས་ཟེར་ན་ཡང་”བོད་ཀྱི་བསམ་ལུགས་དྲན་ལུགས”་འདི་རྣམས་ལས་གཞན་དུ་མེད་སྟབས་ཁོ་བོས་གླེང་ན་འདོད་པ་ཡང་བོད་ཀྱི་སྒྱུ་རྩལ་རིག་གནས་ཀྱི་ཁོངས་སུ་གཏོག་པའི་རྩེད་མོའི་རིག་གནས་ཤིག་གམ་རྩེ་མོ་རྩེད་ལུགས་ཤིག་ཡིན། འདི་ནི་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་གྱི་རིག་གནས་ཤིག་སྟེ་རྩེད་མོ་དེ་རྩེས་ཚེ་ལུས་སེམས་ཀྱི་ངལ་དུབ་སེལ་ཞིང་སེམས་ལ་སྤྲོ་བ་འཕེལ་བ་གཟུགས་པོས་འཁོར་སྤྱོད་དང་མཐུན་ཞིང་བདེ་ཐང་དང་འཕྲོད་བསྟེན་འཛོམས་པ་རྩ་རླུང་ལ་གནོད་པ་མེད་ཅིང་ཆེད་དུ་གཏད་ནས་སློབ་པ་ལ་ངལ་བ་ཡང་སྤུ་ཙམ་མི་དགོས། རྩེད་མཁན་ལ་ཕོ་མོའི་དབྱེ་བ་མེད་ཅིང་ཆུང་བྱིས་པ་རྐང་འགྲོ་ལག་འགྲོ་ཤེས་པ་ཡན་ཆད་ནས་རྒན་གཉེར་མས་ཡ་ཐོད་ཁེངས་པ་མན་ཆད་ནས་སུས་ཀྱང་རྩེས་ན་མི་ཆོག་པ་མེད་པ་ཞིག་དང་མ་རྩེས་ཐབ་མེད་ཀྱི་རྩེད་མོ་ཞིག་ཡིན་པའི་ངོས་ནས་ཉེར་གཅིག་གི་དུས་རབ་འདིར་ཡང་རྒྱལ་སྤྱིའི་རང་བཞིན་ཅན་གྱི་རྩེད་མོ་ཨང་དང་པོ་རུ་གྱུར་ཡོད།
ས་ཆེན་པོ་འདིའི་ཐོག་ལ་ཡོད་པའི་འགྲོ་བ་མིའི་རིགས་ཐམས་ཅད་ཀྱིས་གདེངས་འཇོག་གལ་ཆེན་གནང་བཞིན་པའི་བོད་ཀྱི་གནའ་རབ་ཀྱི་རིག་གནས་འདི་ཉིད་”ཆེན་པོ་བོད་ཀྱི་རྒྱལ་ཁབ་”ནས་དབུ་བརྙེས་ཏེ་རིམ་བཞིན་མི་རིགས་དང་རྒྱལ་ཁབ་གཞན་ལ་ས་ཁྱབ་རྡོ་ཁྱབ་ཏུ་བྱུང་ཡོད་པ་ལོ་རྒྱུས་ཀྱི་ཐོག་ནས་ལྷ་གསལ་ཀླུ་གསལ་ཡིན་མོད་ཤེས་ལྡན་གྱི་སྐྱེ་བོ་རེ་ཟུང་མ་གཏོག་སུས་ཀྱང་རྩ་བ་ཟུག་ས་དང་རྩེ་མོ་རྒྱས་ས་དེ་ང་ཚོ་བོད་རང་ནས་ཡིན་པ་ད་དུང་ཡང་མ་ཤེས་པར་ལུས་ཡོད་པ་དང་། རྒྱལ་ཁབ་འགའ་རེས་རྩེད་མོ་འདི་ཁོ་ཚོའི་ཕ་མེས་ཡང་མེས་ཞིག་གི་རྩེད་མྱོང་ཡོད་པ་དང་འདི་ལ་དགའ་མོས་བྱེད་བཞིན་ཡོད་པ་ཙམ་རྒྱུ་མཚན་དུ་བྱས་ཏེ་རྩེད་མོ་འདིའི་ཕ་ཡུལ་ངོ་མ་ཁོ་ཚོ་ནས་ཡིན་རབ་བཅོ་བརྒྱད་བཤད་བཞིན་འདུག་མོད་དེ་ནི་ཁ་འགུལ་སྟངས་ཞིག་དང་ལག་འགུལ་སྟངས་ཞིག་གིས་གཞན་གྱི་རིག་གནས་འཕྲོག་རྩིས་བྱེད་བཞིན་འདུག་པའི་ནང་གི་དེ་ཉིད་ཕྱི་རོལ་དུ་མངོན་པ་ཙམ་ལས་ཞིབ་འཇུག་པ་ཚོས་བརྟག་དཔྱད་བྱས་འབྲས་ལ” སྒྱུ་རྩལ་གྱི་རིག་གནས་”འདི་ཐོག་མར་དེ་ནས་བྱུང་བ་ཡིན་པའི་ཁུངས་དག་གི་ལོ་རྒྱུས་རྙེད་ཀྱང་མི་སྲིད་ལ་རྙེད་ཀྱང་རྙེད་མེད། ཡོད་ཚད་ནུབ་ཕྱོགས་ལ་ཁ་གདངས་བཞིན་པའི་རང་རེ་བོད་ཀྱི་གསར་བུ་ཚོས་ནི་རིག་གནས་འདི་ནུབ་ཕྱོགས་ཞིག་ནས་རང་རེ་ལ་དར་ཡོད་པ་སེམས་ཀྱི་འདུག་ཀྱང་ཁྱོད་ཅག་ནི་ཅི་ཡང་མི་ཤེས་པའི་བླུན་རྒན་ར་འདྲ་བ་ཞིག་རེད་ཅེས་གོ་བ་སྤྲོད་པའི་ཕྱིར་དུ་ „སྐབས་སུ་བབ་པའི་གཏམ་„ཐུང་ངུ་ཞིག་བརྗོད་སྙིང་སྤྲོ།
དེས་མིང་ལ། བོད་སྤྱི་སྐད་དུ། རྟ་ཐོག་ནས་རྩེས་ཚེ་རྟ་ཐོག་གི་ཕོ་ལོང་དང་། རྐང་པས་རྩེད་དུས་རྐང་རྩེད་ཕོ་ལོང་། ལག་པས་རྩེད་ན་ལག་རྩེད་ཕོ་ལོང་ཞེས་ཟེར་ཞིང་། བྱེ་བྲག་ཆོལ་ཁ་སོ་སོ་ནས་དེང་གི་དུས་སུ་ཡང་ཨ་མདོ་བ་རྣམས་ཀྱིས་ལྒང་ལི་དང་། ཁམས་པ་བ་རྣམས་ཀྱིས་གྲུ་གུ་དང་། དབུས་གཙང་བ་རྣམས་ཀྱིས་སྤོ་ལོ་འམ་དར་གྱི་ཕོ་ལོང་ཞེས་པའི་མིང་འདོགས་སྲོལ་ཡོད་འདུག་པ་དེ་དག་གི་རྒྱབ་ལྗོངས་ནས་གོ་བ་གཞན་ཞིག་ལེན་རྒྱུ་ཡོད་པ་ནི་རྩེད་མོ་འདི་བོད་མདོ་དབུས་ཁམས་གསུམ་གྱི་དམངས་ཁྲོད་ནས་ཤ་དར་ཁྲག་དར་དུ་བྱུང་ཡོད་པ་གསལ་བོར་མཚོན་ཐུབ། ཨ་མདོ་ཕྱོགས་ནས་སེམས་ཅན་གྱི་གཅིན་པ་གསོག་སའི་ལྒང་ཞིག་གི་ནང་དུ་དབུགས་རྒྱབ་སྟེ་དེ་ཉིད་རྩེད་ཆས་བྱས་པའི་གོ་རིམ་ཁྲོད་ནས་རྩེ་མོ་འདི་དར་བ་དང་། ཁམས་པ་བ་རྣམས་ཀྱིས་བལ་སྐུད་དང་རྩིད་སྐུད་སོགས་ཀྱི་དོག་པ་རིལ་རིལ་ཞིག་ཕར་འཕེན་ཚུར་འཕེན་བྱས་པའི་གོ་རིམ་ཁྲོད་ནས་རྩེད་མོ་འདི་དར་བ་དང་། དབུས་གཙང་བ་རྣམས་ཀྱིས་དར་དང་རས་སོགས་ལ་མདུད་པ་བོར་ཏེ་དོག་པོ་རིལ་རིལ་ས་ལ་བརྡབ་ན་གནམ་ལ་འཕར་བའི་དངོས་པོ་ཞིག་བཟོས་ཏེ་དེ་རྩེད་ཆས་གྱི་ཡོ་བྱད་ཡག་ཤོས་ཤིག་ཏུ་གྱུར་ཏེ་དམངས་ཁྲོད་དུ་ཧ་ཅང་དར་ཁྱབ་བྱུང་ཡོད་པར་མངོན་ཏེ། གནའ་དུས་ཀྱི་ཆོས་དཔེ་ཆོས་ཡིག་གལ་ཆེན་དག་ཏུ་ཆོས་དགེ་བའི་ཕན་ཡོན་དང་། སྡུག་སྡིག་པའི་ཉེས་དམིགས་བཤད་པ་ན་ཡང་། དཔེར་ན། དེད་དཔོན་སྙིང་རྗེ་ཅན་གྱིས་མི་ནག་མདུང་ཐུང་ཅན་སྙིང་རྗེའི་དབང་གིས་བསད་པ་ན་དེའི་རྣམ་སྨིན་གྱི་དེད་དཔོན་དམྱལ་བ་རུ་དར་གྱི་ཕོ་ལོང་ས་ལ་བརྡབ་པ་ཙམ་མ་གཏོག་འགྲོ་མ་དགོས་པར་བཤད་འདུག་ལ་ཞོར་དུ་འདི་ཉིད་དཔེ་རུ་བཀོད་འདུག་པ་འདི་ལ་བལྟས་ན་ཡང་དར་གྱི་ཕོ་ལོང་ནི་ཐང་ལ་བརྡབ་མ་ཐག་ཡར་ལ་འཕར་ཡོང་བའི་དོན་ཞིག་ལ་ངོས་བཟུང་འདུག་པ་ཅིའི་ཕྱིར་མི་གོ ། མདོར་ན། འདི་དག་སྐོར་ལ་ལག་པ་བྲང་ཁར་བཞག་ནས་བསམ་བློ་ཞིབ་ཏུ་གཏང་ཚེ་རྩེད་མོ་འདི་ནི་ནམ་ཞིག་ལ་མགོ་འབུས་ཡོད་མེད་ལོ་ཉིས་སྟོང་ཅན་གྱི་རྒན་པོ་ལོ་ལོན་ཞིག་ཡོད་ན་མ་གཏོག་སུས་ཀྱང་ཤོད་མི་ཤེས་མོད་དུས་རབ་དྲུག་པ་དང་བདུན་པའི་སྐབས་སུ་དམངས་ཁྲོད་ལ་དར་ཁྱབ་བྱུང་ཡོད་པ་ནི་”ཐང་ཡིག་རྙིང་མ”སོགས་ལས་ཤིན་དུ་གསལ། མ་ཟད་བཙན་རྒྱལ་སོ་བདུན་པ་ཁྲི་ལྡེ་གཙུག་བཙན་གྱིས་རྒྱ་བོད་གཉིས་ཀྱི་མཛའ་མཐུན་གྱི་འབྲེལ་བ་འཛུགས་ཆེད་ཐང་ཀྲུང་ཙུང་གི་སྲས་མོ་གྱིམ་ཤང་ཀོང་ཇོ་བཙུན་མོར་སློང་བའི་ཕོ་ཉ་བ་བོད་ནས་ཁྲང་ཨན་ལ་འབྱོར་སྐབས་རྒྱ་བོད་གཉིས་ཀྱིས་རྟ་ཐོག་ཕོ་ལོང་རྩེད་མོ་ལ་འགྲན་སྡུར་བྱས་ཤིང་བོད་རྣམས་ཀྱིས་རྒྱལ་ཁ་བླང་བའི་ལོ་རྒྱུས་ཡོད་པ་འདི་དག་ལ་བརྟག་ན་ཡང་སྐབས་དེར་རྒྱ་ནག་རྣམས་ལ་བྱང་ཆ་དེ་ཙམ་མེད་པ་དང་། བོད་རྣམས་ཧ་ཅང་བྱང་ཆ་ལྡན་པར་མངོན།
རྒྱལ་བོ་སྲོང་བཙན་གྱི་སྐབས་སུ་དར་གྱི་ཕོ་ལོང་གི་རྩེད་མོ་འདི་དམངས་ཁྲོད་དུ་དར་ཁྱབ་བྱུང་ཡོད་པ་”མ་ཎི་བཀའ་འབུམ”སོགས་ལས་གསལ་བས་འདི་ལ་གཞིག་ན་སྲོང་བཙན་ནི་དུས་རབ་དྲུག་པའི་སྐབས་ཀྱི་མི་ཡིན་ལ་འདིའི་སྔ་རོལ་དུ་དར་གྱི་ཕོ་ལོང་གི་རྩེད་མོ་འམ་སྤོ་ལོའི་རྩེད་རིགས་འདི་བོད་མ་གཏོག་རྒྱལ་ཁབ་དང་མི་རིགས་གཞན་སུ་ལ་ཡང་དར་ཡོད་པའི་ལོ་རྒྱུས་མེད་པས་རྩེད་མོ་འདིའི་རྩ་བ་ཟུག་ས་དེ་བོད་ཆེན་པོའི་རྒྱལ་ཁབ་ཡིན་པ་ལས་འོས་མེད། བོད་རྒྱལ་ཁྲི་ལྡེ་གཙུག་བཙན་གྱི་སྐབས་ཏེ་དུས་རབ་བདུན་པའི་ལོ་རབ་སུམ་ཅུ་སོ་གསུམ་པར་ཐང་རྒྱལ་ཁབ་ཆེན་མོའི་གོང་མ་ཀྲོང་ཙུན་གྱིས་རྩེ་མོ་འདི་ལ་མཐོང་ཆེན་དང་གདེངས་འཇོག་ཚད་མེད་བྱས་ཏེ་རྒྱལ་པོའི་བཀའ་ཕབ་དོན་ལྟར་ཐང་གི་སྤོ་ལོ་མཁན་དང་བོད་ཀྱི་ཕོ་ཉ་བ་རྣམས་དགའ་སྤྲོའི་ངང་རྩེ་མོ་འདི་རྩེས་ཡོད་པར་ཁ་གསལ་གཏིང་གསལ་ཡིན་པས་འདི་ལ་གཞིག་ན་སྐབས་དེར་ཐང་ཀྲུང་ཙུན་གྱིས་བོད་ཀྱི་མགྲོན་པོ་དེ་དག་དང་ཐང་རང་གི་སྲས་ཞོན་ཙུང་སོགས་རྩེད་རིགས་དེར་ཞུགས་སུ་འཇུག་དོན་ཡང་བོད་རྣམས་རྩེད་རིགས་དེར་བྱང་ཆ་ཡོད་པ་རྒྱལ་བོ་རང་ལ་ཆ་རྒྱུས་ཡོད་པ་དང་། ཐང་ཚང་གི་སྤོ་ལོ་མཁན་རྣམས་ཀྱིས་དེ་དང་འགྲན་བཙུག་ན་ཐང་གི་སྤོ་ལོ་མཁན་རྣམས་གནས་ཚད་ཇི་ཙམ་སླེབས་ཡོད་མེད་ཤེས་པའི་ཆེད་དང་། རྒྱལ་བོ་རང་གི་ཤ་ཁྲག་ལས་ཆད་པའི་སྲས་ལ་འདི་སློབ་དུ་བཅུག་པ་འདིས་ཀྱང་ཐང་ཀྲུང་ཙུན་རང་ཉིད་རྩེད་མོ་ཧ་ཅང་ཐུགས་དགྱེས་བཞིན་ཡོད་པ་སོགས་མཚོན་ཐུབ་པས་སྐབས་དེར་རྒྱ་ནག་པ་རྣམས་ཀྱིས་རིག་གནས་འདི་ལ་དགའ་མོས་བྱེད་བཞིན་ཡོད་ཀྱང་དམངས་ཁྲོད་ལ་བོད་དང་འདྲ་མཉམ་དུ་དར་ཁྱབ་དེ་ཙམ་བྱུང་མེད་པ་སོགས་རྒྱབ་ལྗོངས་ནས་གོ་བ་མང་པོ་ལེན་རྒྱུ་འདུག་སྙམ། འདི་དག་ལོ་རྒྱུས་དངོས་དང་མཐུན་ཡོད་མེད་ཀྱི་ཐེ་ཚོམ་ཡང་མི་དགོས་ཏེ། བོད་རྒྱལ་ཁྲི་ལྡེ་གཙུག་གཙན་དང་ཐང་ཀྲུང་ཙུན་གྱི་སྐུ་དུས་སུ་ཐང་རྒྱལ་ཁབ་ཀྱི་རྒྱལ་ས་ཁྲང་ཨན་དུ་ཐང་བོད་གཉིས་དབར་མཛའ་བརྩེའི་ངང་རྟོ་ཐོག་ཕོ་ལོང་འགྲན་སྡུར་བྱས་ཚུལ་སྐབས་དེར་ཇི་མ་ཇི་བཞིན་དུ་རི་མོར་བྲིས་པ་(ཐང་མིང་ཧོང་གིས་མཚན་མོར་རྟ་ཐོག་སྤོ་ལོ་འགྲན་པ་) ཞེས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་དཔེ་རིས་དེ། དེང་དུས་ཀྱང་རྒྱལ་ས་པེ་ཅིང་གི་གནའ་བོའི་ཕོ་བྲང་རྙིང་མའི་ནང་རྩ་ཆེའི་རིག་དངོས་ཀྱི་གྲས་སུ་བརྩིས་ཏེ་ཉར་ཚགས་བྱས་འདུག་པ་འདི་ལ་ལྟོས་དང་ཅིའི་ཕྱིར་མི་ཤེས། རྩེད་མོ་འདི་ཐང་རྒྱལ་ཁབ་ནས་མགོ་འབུས་པ་ཞིག་མ་ཡིན་པར་ཆེན་པོ་བོད་ཀྱི་རྒྱལ་ཁབ་ནས་ཕྱིར་འདྲེན་བྱས་པ་ཞིག་ཡིན་ཏེ། དུས་རབ་དྲུག་པའི་སྐབས་སུ་བོད་རྗེ་སྲོང་བཙན་སྒམ་པོས་རྒྱ་བོད་གཉིས་བར་མཛའ་མཐུན་གྱི་འབྲེལ་བ་གཙུག་ཅིང་དེ་རྗེས་གཞན་གྱི་རིག་གནས་ནང་འདྲེན་དང་ཆབ་སྲིད་ཀྱི་དགོས་དབང་གལ་ཆེན་ལ་བརྟེན་ནས་བཙན་པོ་རང་གི་བཀའ་སྒོས་འོག་བོད་ནས་ཤེས་རབ་རྣོ་བའི་གཞོན་ནུ་ཁག་ཅིག་རྒྱ་གར་ལ་གཏང་བའི་ལོ་རྒྱུས་ཡོད་པ་བཞིན་རྒྱ་ནག་ཐང་རྒྱལ་ཁབ་ཀྱི་རྒྱལ་ས་ཁྲང་ཨན་གྱི་(国学)ཞེས་པའི་སློབ་གྲྭར་གཏང་ཞིང་རྗེས་ཀྱི་བཙན་པོ་རྣམས་ཀྱིས་ཀྱང་དེ་ལྟར་གཏང་བས་དེ་དག་རྟ་ཕོང་ལོང་གི་རྩེ་མོ་རྩེ་རྒྱུ་དགའ་བོ་ཡོད་ནས་སློབ་གསེང་གི་དུས་ཚོད་བེད་སྤྱད་དེ་གྲོང་ཁྱེར་དེར་ཕོ་ལོང་གི་རྩེ་མོ་རྩེ་གི་ཡོད་པས་རྩེད་མོ་འདི་ལུས་ངག་ཡིད་གསུམ་གང་གིས་ཀྱང་ལོངས་སྤྱོད་མྱོང་མེད་པའི་ཐང་རྒྱལ་ཁབ་ཀྱི་མི་རྣམས་ཡ་འཚར་སྐྱེས་ཏེ་ལྟད་མོ་བལྟ་བར་གང་འགྱོག་ཅི་འགྱོག་ཏུ་ཡོང་བ་དང་བསྟུན་ཁོ་ཚོས་ཀྱང་རིམ་བཞིན་བོད་ཀྱི་སློབ་གྲྭ་རྣམས་དང་ལད་མོ་བྱས་ནས་རྩེད་མོ་འདི་ཐང་རྒྱལ་ཁབ་ཏུ་དར་བའི་མགོ་ཚུགས་པ་རེད། དེ་རྗེས་ཐང་གོང་མའི་ཕོ་བྲང་གི་ཕྱི་ནང་ཀུན་ཏུ་ས་ཁྱབ་རྡོ་ཁྱབ་ཏུ་བྱུང་ཡོད་པ་མ་ཟད་ཆིན་རྒྱལ་རབ་ཀྱི་སྐབས་སུ་ཡང་འདི་ཉིད་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པའི་དན་རྟགས་སུ་(高球)ཟེར་བའི་མི་དེ་ཆིན་ཆེན་མོའི་བློན་ཆེན་གྱི་གོ་ས་ལ་གཤེགས་པའི་རྒྱུན་རིམ་ཁྲོད་ནས་ཀྱང་”ཆུ་ངོགས་གཏམ་རྒྱུད”གོ་མྱོང་མཐོང་མྱོང་ཡོད་མཁན་ཞིག་ཡིན་ན་ཅི་ལ་མི་ཤེས་བསམ་གི་ཡོད། ཕོ་ལོང་གི་རིག་གནས་འདི་དར་རིམ་བཤད་སྐབས་རྒྱ་བོད་གཉིས་དམིགས་སུ་ཀར་ཏེ་བཤད་དགོས་དོན་ཡང་རིག་གནས་འདི་ཡི་ཕ་ས་ཕ་ཡུལ་མི་རིགས་གཞན་མིན་པར་ཐག་ཆོད་སླ་ཞིང་རྒྱ་བོད་གང་ཡིན་ལ་དོགས་པ་ཟ་ཆེ་བའི་རྒྱུ་མཚན་གྱིས་ཡིན། དེ་རྗེས་ལོ་རྒྱུས་ཀྱི་འཕེལ་རིམ་སྤྱི་ཚོགས་ཀྱི་ཉམས་རྒུད་ཆབ་སྲིད་དང་ཆོས་ལུགས་སོགས་ཀྱི་རྐྱེན་པས་བོད་རང་ལ་རིག་གནས་འདི་ཉམས་དམས་སུ་བྱུང་ཡོད་པ་སུས་ཀྱང་བཤད་མི་དགོས་པར་མངོན་གསལ་དོད་པོ་ཡིན། དེ་ཡང་བོད་ཀྱི་མི་རྣམས་ལྷ་འདྲེ་ལ་ཡིད་ཆེས་བརྟན་པས་ལྒང་ལི་ནམ་མཁར་སྤུར་ན་ལྷ་འདྲེ་ཕོགས་ཐུག་འབུད་རབ་དང་། གྲུག་གུ་དང་དར་གྱི་ཕོ་ལོང་སོགས་ཀྱི་རྩེད་མོ་རྩེས་ཚེ་འདི་རྩེ་མི་ཉན་རབ་དང་འདི་ནི་མཐའ་མཚམས་ཀྱི་དམག་རྣམས་དགྲ་བོ་དང་འཐབ་པ་ན་རྒྱལ་ཁ་ལོན་ཚེ་དགྲ་བོའི་མགོ་བོ་རྟ་ཐོག་ནས་ཕར་འཕེན་ཚུར་འཕེན་བྱས་པའི་གོ་རིམ་ཁྲོད་ནས་དར་བས་འདི་ནི་དར་སྲོལ་མ་རུང་པ་ཞིག་ཡིན་ཚུལ་སོགས་ཁུངས་མེད་ལུགས་མེད་ཀྱི་གཏམ་འཁྱམ་འ་རེ་འུར་རེ་ཞིག་དམངས་ཁྲོད་ལ་ཁྱབ་ནས་རྩེ་མོ་འདི་ད་བར་ཇེ་ཉམ་ཇེ་རྒུད་དུ་སོང་ཡོད།
རྩེད་རིགས་འདི་ལ་བྱང་ཆ་ཡོད་པའི་མགོ་སེར་དང་མགོ་ནག་ཕལ་ཆེ་བས་རྩེད་རིགས་འདི་དུས་རབ་བཅུ་གཉིས་པའི་དུས་སྟོད་ཙམ་ན་དབྱིན་ཇི་རུ་དམག་འཁྲུག་གི་ནང་ནས་སེམས་ཅན་གྱི་མགོ་བོ་ཕར་སྒྲིལ་ཚུར་སྒྲིལ་བྱས་པའི་གོ་རིམ་ཁྲོད་ནས་དར་བར་ངོས་བཟུང་ཞིང་དེ་རྗེས་རིམ་བཞིན་རྩེད་ཆས་གཞན་དག་གི་ཐོག་ལ་ཁ་སྤོས་ཏེ་འཛམ་གླིང་གི་མི་རིགས་གཞན་ལ་ཨ་དར་ཡང་དར་དུ་སོང་ཡོད་པར་ངོས་བཟུང་མཛད་ནས་མི་རིགས་དང་རྒྱལ་ཁབ་གཞན་དག་ནས་ནང་འདྲེན་བྱས་པ་ཞིག་མིན་པར་སེམས་ཀྱི་འདུག་ཀྱང་དེ་ནི་ནོར་བ་མིན་ཀྱང་འཁྲུལ་བ་ཡིན་པར་ཐེ་ཚོམ་མི་དགོས་ཏེ། རིག་གནས་འདི་དར་སྔ་ཕྱི་དང་སྒྲ་གདངས་སོགས་ལ་ཞིབ་ཏུ་གཞིག་ན་ང་ཚོ་བོད་ཀྱི་རིག་གནས་ཤིག་དབྱིན་ཇི་གཙོས་པའི་འཛམ་གླིང་གི་མི་རིགས་ཕལ་ཆེ་བས་ཕྱིར་འདྲེན་བྱས་པ་ཞིག་ཡིན་པར་མངོན་འདུག་པས་སོ།། གཅིག་ན་རིག་གནས་འདི་རང་རེ་བོད་ཆེན་པོའི་རྒྱལ་ཁབ་ཏུ་དུས་རབ་དྲུག་པ་དང་བདུན་པའི་སྐབས་སུ་དར་ཡོད་པར་གནའ་བོའི་དཔེ་རྙིང་ཁག་དང་། “ཐང་ཡིག་རྙིང་མ་”སོགས་ལས་གསལ་ཞིང་དབྱིན་ཇི་རྒྱལ་ཁབ་ཏུ་དུས་རབ་བཅུ་གཉིས་པར་མ་གཏོག་དེའི་སྔ་རོལ་དུ་དར་ཡོད་པའི་ལོ་རྒྱུས་མེད་པ་དང་། གཉིས་ན་ཨ་རི་དང་དབྱིན་ཇི་སོགས་ཀྱི་གཙོས་པའི་སྟོབས་ཆེན་གྱི་རྒྱལ་ཁབ་དག་གིས་ཀྱང་ང་ཚོས་འབོད་སྲོལ་རྙིང་པ་སྟེ། རྩེད་ཆས་འདི་ལ་(སྤོ་ལོ་འམ་ཕོ་ལོང་)ཞེས་ཨ་འབོད་ཡང་འབོད་བྱེད་བཞིན་འདུག་པ་འདི་ལ་བསམ་ན་ང་ཚོའི་རིག་གནས་འདི་གཞན་ལ་དར་བའི་གོ་རིམ་ཁྲོད་ནས་སྒྲ་གདངས་ལ་ཡང་འགྱུར་བ་མ་སོང་ནས་རང་སོར་གནས་འདུག་པར་གསལ་བས་འབོད་སྲོལ་རྙིང་པ་འདི་རྒྱལ་ཁབ་དང་མི་རིགས་གང་ལ་ཡོད་པ་དེ་རུ་རིག་གནས་འདི་ང་ཚོ་ནས་དེ་རུ་དར་ཡོད་པའི་རང་རྟགས་ངོ་མ་ཞིག་སྟོན་བཞིན་འདུག་སྙམ། མ་ཟད་བོད་རིག་པའི་མཁས་དབང་ཆེན་པོ་དབང་རྒྱལ་ཀྱིས་<རྟ་ཐོག་གི་ཕོ་ལོང་གསར་དཔྱད་>ཞེས་པའི་དུས་དེབ་ནང་དུ་རྟ་ཐོག་ཕོ་ལོང་གི་འབྱུང་ཁུངས་ནི་ཐུ་བྷོད་ཡིན་ཏེ། བོད་ཀྱི་ཚིག་མཛོད་ཀྱི་དཔེ་ཆ་ཐོག་མ།《ལོ་ཙཱའི་མིང་ཚིག་ཆེ་བསྡུས》ལས་ཕོ་ལོང་ཞེས་པའི་མིང་འདི་བོད་ཀྱི་ཡིན་པར་ངོས་བཟུང་མཛད་པ་མ་ཟད་དུས་རབ་དུས་རབ་བརྒྱད་པ་དང་དགུ་པའི་བར་གྱི་བོད་ཀྱི་དཔེ་ཆའི་ནང་དུ་མིང་འདི་དངོས་སུ་བྱུང་ཡོད་པ་དང་། ལྷག་པར་དུ། འཇར་མན་གྱི་མཁས་པ་ལོའོ་ཧྥར་གྱིས་《 Bertnod.Lauder.》ཞེས་པའི་དེབ་ལས། ཕོ་ལོང་ཞེས་པའི་སྐད་གདངས་འདིའི་ཐོག་མའི་འབྱུང་ཁུངས་ནི་བོད་ཡིན་ཏེ། 《བོད་ཡིག་གཡར་ཚིག་ཞིབ་འཇུག་》དང་། 《Mམཛོད་ནང་གི་བརྡ་ཁྱབ་ཀྱི་ཤོག་དྲིལ་》ནང་དུ། ང་ཚོས་ཁ་ནས་ཆེས་རྒྱུག་ཆེ་བའི་(polo) ཞེས་པ་འདི་ནི་རྟ་ཐོག་ཕོ་ལོང་གི་རྩེད་མོ་ལ་གོ་བ་ཡིན་པས་རྩེད་མོ་འདི་ནི་《དུས་རབ་ཀྱི་ཚིག་མཛོད་》དང་། 《དབྱིན་ཇིའི་རིག་གནས་ཚིག་མཛོད་》སོགས་སྐད་གྲགས་ཅན་ཀྱི་དཔེ་ཆ་དག་ལས་ཕོ་ལོང་གི་རིག་གནས་དང་སྒྲ་གདངས་སོགས་ཀྱི་འབྱུང་ཁུངས་བོད་ཡིན་པར་བཤད་པས་ཁོ་བོས་ཀྱང་དེ་ལྟར་ཁས་ལེན་ཚུལ་དང་། དབྱིན་ཇིའི་མཁས་དབང་དབྱིན་ལེན་གྱིས། 《དབྱིན་ཡིག་ནང་གི་བོད་ཡིག་གཡར་ཚིག》ལས་ང་ཚོའི་འབོད་བཞིན་པའི་(polo) ཞེས་པ་འདི་ནི་དབྱིན་ཡིག་ནང་གི་བོད་ཡིག་གཡར་ཚིག་ཞིག་ཏུ་ངོས་བཟུང་མཛད་འདུག་པས་དེས་ན་ཕོ་ལོང་ངམ་སྤོ་ལོའི་རིག་གནས་འདིའི་འབྱུང་ཁུངས་ནི་བོད་ཡིན་པ་ལས་འོས་མེད་དེ། རྟ་ཐོག་ཕོ་ལོང་གི་འབྱུང་ཁུངས་ནི་བོད་ཡིན་པར་མཁས་པ་རྣམས་ཀྱིས་འགྲན་གཅིག་དབྱངས་གཅིག་ཏུ་གསུང་པ་ལགས་པས་མ་གྲོས་རང་མཐུན་ཡིན་ལ་རྐང་རྩེད་དང་ལག་རྩེད་སོགས་ཀྱི་རྩེད་མོ་འདི་ཡང་ཐོག་མར་རྟ་ཐོག་ཕོ་ལོང་གི་རྩེད་མོ་འདི་ཉིད་རྐང་པས་རྩེད་ན་རྩེད་དུ་ཡོད་པ་དང་། ལག་པས་རྩེད་ན་རྩེད་དུ་ཡོད་པར་ཤེས་ཏེ་ཁ་སྤོས་པ་ཡིན་པར་སྒྱུ་རྩལ་གྱི་མཁས་དབང་རྣམས་ལ་རྩོད་མེད་ཡོངས་གྲགས་ཡིན་པས་སོ།། ཞེས་དང་། ཀྲུང་དབྱངས་མི་རིགས་སློབ་གྲྭ་ཆེན་མོའི་དགེན་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་ཀྱང་། བོད་ཀྱི་ལོ་རྒྱུས་ཀྱི་སྤྱི་དོན་པདྨ་རཱ་གའི་ལྡེ་མིག་ལས། ལོ་རྒྱུས་ཀྱི་ཐོག་ནས་སྐད་གྲགས་ཡོད་པའི་རྟ་ཐོག་ནས་པོ་ལོ་རྒྱག་རྒྱུའི་ལུས་རྩལ་དེ་ནི་ཐོག་མར་བོད་ནས་དར་ཡོད་པ་གཟུར་གནས་ཀྱི་ལོ་རྒྱུས་སྨྲ་བ་ཀུན་གྱི་ངོས་འཛིན་གཅིག་མཐུན་བྱེད་ཅིང་། དབྱིན་ཇི་ལ་སོགས་པའི་ཕྱི་རྒྱལ་གྱི་སྐད་དུ་དེང་དུས་ཀྱང་པོ་ལོ་ཞེས་བོད་སྐད་ཀྱི་སྒྲ་རང་སོར་བཞག་ནས་བེད་སྤྱོད་བྱེད། ཞེས་གསུངས་འདུག་པས་དེས་ན་སྙན་གྲགས་འབར་བའི་སྤོ་ལོའི་རིག་གནས་འདིའི་བྱུང་ས་བྱུང་ཁུངས་ནི་བོད་ཆེན་པོའི་རྒྱལ་ཁབ་ཡིན་མིན་ལ་ཐེ་ཚོམ་ཙམ་ཡང་མི་དགོས་པར་འདུག
མདོར་ན་རྩེ་མོ་འདི་ཐོག་མར་དར་ས་བོད་ཆེན་པོའི་རྒྱལ་ཁབ་ཡིན་པར་ཚད་ལྡན་མཁས་པ་མང་པོ་ཞིག་དང་ཡིད་རྟོན་རུང་བའི་ལོ་རྒྱུས་ཀྱི་དཔེ་ཆ་མང་པོ་ཞིག་གི་དགོངས་པ་ཡིན་པས་དོགས་པ་མི་དགོས་མོད་དེང་སང་བོད་ལ་དེ་ཙམ་དར་ཁྱབ་མེད་པ་ནི་བོད་རྣམས་ཀྱིས་གོང་དུ་བཤད་པ་ལྟར་གྱི་ལྟ་ཚུལ་སྡུག་མོ་ཞིག་འཆང་བའི་རྒྱུ་མཚན་གྱིས་ཇེ་ཉམ་དུ་སོང་བ་ཡིན་རྒྱུ་རེད་སྙམ་བཞིན་ཡོད། ནུབ་ཕྱོགས་ཀྱི་རྒྱལ་ཁབ་རྣམས་ལ་ལྟ་ཚུལ་དེ་འདྲ་མེད་པ་མ་ཟད་རྩེད་མོ་འདི་ཉིད་རྒྱལ་སྤྱིའི་རང་བཞིན་ཅན་གྱི་རྩེད་མོ་ཨང་དང་པོ་རུ་ངོས་བཟུང་བཞིན་ཡོད་པས་དེང་སང་གི་བར་དུ་ཇེ་རྒྱས་ཇེ་འཕེལ་དུ་སོང་ཡོད། ལྷག་ཏུ་ཉེར་གཅིག་གི་དུས་རབ་འདིར་འཛམ་གླིང་མི་དམངས་ཐམས་ཅད་རྩེད་མོ་འདི་ལ་སྤྲོ་བ་ཡོད་པ་མ་ཟད་ཡོངས་རྫོགས་ཀྱི་གླེང་གཞི་ཆེན་པོ་རུ་གྱུར་འདུག་པ་ནི་འདི་ལྟར། སང་ཉིན་སྐད་གྲགས་ཅན་གྱི་སྤོ་ལོའི་རུ་ཁག་གཉིས་འགྲན་བསྡུར་བྱེད་པའི་གསར་བསྒྲགས་བྱུང་ཚེ་ཡོད་ཚད་ཀྱིས་ཟས་གཅག་གཉིད་བརྗེད་ཀྱི་ངང་དེ་གཉིས་རྒྱལ་ཕམ་གྱི་ལྟད་མོ་ལྟ་བར་བྲེལ་བཞིན་འདུག་པ་དང་། གྲོང་ཁྱེར་གྱི་ལོ་ལོན་ཚོ་དང་བསམ་མེད་ཤེས་མེད་ཀྱི་ཕོ་འཁྱམ་མོ་འཁྱམ་མང་པོའི་སྒོར་མོ་སོགས་ཀྱི་རྒྱན་བཞག་སྟེ་སང་ཉིན་རྐང་ཕོལ་འགྲན་བསྡུར་ཁྲོད་ཅིག་ཅིག་གི་སྤོ་ལོའི་རུ་ཁག་དེ་རྒྱལ་ཐུབ་པའི་ཡིད་ཆེས་དང་རེ་བ་ཁོ་ལ་ཡོད་ཅེས་བརྗོད་པ་ན་ལ་ལས་རྐང་ཕོལ་རུ་ཁག་དེ་རྩེད་རིགས་འདི་ལ་བྱང་ཆ་གཞན་དེ་ནང་བཞིན་བྱུང་མེད་སྟབས་ཅིག་ཤོས་དེ་རྒྱལ་རབ་ཡག་རབ་བཅོ་བརྒྱད་བཤད་དེ་ཅིག་ཅིག་དེ་མ་རྒྱལ་ན་ངས་ཁྱོད་ལ་སྒོར་མོ་བརྒྱ་སྟོང་མང་པོ་སྟེར་རབ་དང་ཉིས་ཉིས་ཏེ་མ་ཁེ་ན་ཁྱོས་ང་ལ་དེ་ལྟར་དགོས་རབ་སོགས་བཤད་དེ་དོན་མེད་ཀྱི་མི་མང་པོས་ཀྱང་རྩེད་མོ་འདི་ལ་གདེངས་འཇོག་དང་མཐོང་ཆེན་ཚད་མེད་བྱེད་བཞིན་འདུག་པ་འདི་དག་ལ་བསམ་ནས་བོད་ཀྱི་སྒྱུ་རྩལ་གྱི་རིག་གནས་འདིས་འཛམ་གླིང་ཡོམ་ཡོམ་དུ་སྒུལ་བཞིན་འདུག་སྙམ། དེ་བས་ཁ་བྱང་ཀྱང་དེ་ལྟར་བཀོད་ཡོད། བོད་ཀྱི་སྒྱུ་རྩལ་གྱི་རིག་གནས་འདི་དར་འཕེལ་རྒྱ་ཆེན་ཇི་ཙམ་བྱུང་ཡོད་པ་ནི་༢༠༡༦/གཉིས་ཀྱིས་རྐང་ཕོལ་འགྲན་བསྡུར་བྱས་སྐབས་དེ་གཉིས་རྒྱལ་ཕམ་ལ་ཇུས་གཏོགས་ཡོད་མེད་གང་ཡིན་ཡང་འཛམ་གླིང་མི་མང་ཡོངས་རྫོགས་ཀྱིས་ཁ་གདང་ལག་སྐྱོང་བྱས་སྟེ་བསྡད་འདུག་པ་འདི་ལ་བལྟས་ན་ཅི་ལ་མི་ཤེས་ཏེ་ཤེས་མོད་རྒྱལ་ཁབ་དང་མི་རིགས་སུས་ཀྱང་ད་སྔོན་རིག་གནས་འདིའི་ཐོག་མར་བྱུང་ས་བྱུང་ཁུངས་དང་བར་དུ་རིག་གནས་འདི་ལ་འཕེལ་འགྲིབ་དང་ཐ་མ་ཁོ་ཚོ་དང་ང་ཚོས་འདི་འདྲ་མཐོང་ཆེན་བྱེད་དགོས་དོན་སོགས་དུད་འགྲོ་ལྐད་ལྐུགས་དག་དང་འདྲ་བར་ཅི་ཡང་རྩད་ཆོད་མེད་སྟབས་དེ་དག་ལ་ཤ་ཚ་བའི་སྙིང་རྗེ་ཆེན་པོས་ཀུན་ནས་སླང་སྟེ་ཁོ་བོས་”མ་ཎི་བཀའ་འབུམ”་དང་”ཐང་ཡིག་རྙིང་མ”་ཆུ་ངོགས་གཏམ་རྒྱུད་”དང་”གཡུ་ཕྲེང”དབང་རྒྱལ་གྱི་དུས་དེབ་”དེ་ཉིད་ཀྱི་གཙོས་པའི་རྒྱལ་ཕྱི་ནང་གི་དཔྱད་གཞིའི་ཡིག་ཆ་མང་པོ་ཞིག་དང་། ལོ་རྒྱུས་ཀྱི་བྱུང་རིམ་དང་དངོས་ཡོད་ཀྱི་འཚོ་བ་མང་པོ་ཞིག་དང་སྦྲགས་ཏེ་འཛམ་གླིང་མི་མང་གི་རྣ་བའི་ནང་དུ་སྐད་ཆ་གསར་པ་འདི་ལས་གཞན་དུ་འདའ་ས་མེད་པ་ཞིག་འབུལ་བ་ལགས་ན་གཟུར་གནས་བློ་ལྡན་དོན་གཉེར་རྣམས་ཀྱིས་འཐད་མི་འཐད་ཀྱི་དགག་སྒྲུབ་ཅིག་ཅིས་ཀྱང་གནང་རོགས་ཞེས་གསོལ་བ་འདེབས་པ་ལགས་སོ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*