རིས་ཆད་ཕྱོགས་ལྷུང་ཅན་ལ་གྲོས་སུ་འདེབས་པ།

རིས་ཆད་ཕྱོགས་ལྷུང་ཅན་ལ་གྲོས་སུ་འདེབས་པ།

        གདོང་མཁན་ནམ་ས་དཀར་མདའ་སྨྱག ༢༠༡༧/༡༢/༡༤

སློབ་དཔོན་ཆོས་གྲགས་མཆོག་གིས་ཞལ་ནས། སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས།། དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དྲི་མ་དག་གིས་སྡང་བ་ཡང་།། ཡོངས་གྱུར་དེས་ན་བདག་ལ་འདི་ནི་གཞན་ལ་ཕན་པ་ཡིན་ཞེས་བསམ་པའང་མེད།། སེམས་ནི་ཡུན་རིང་ལེགས་བཤད་གོམས་པ་ལྷུར་ལེན་བསྐྱེད་ཕྱིར་འདི་ལ་དགའ་བ་སྐྱེས།། ཞེས་པའི་ཚིགས་བཅད་དེ་ཉིད་བསྐྱར་དུ་དྲན་པའི་བསླངས་ནས་ཐེངས་གཅིག་གསལ་བར་མངོན་པའི་ཐོག་ནས་ཉེ་ཆར་ཁོ་བོའི་ཆོས་གྲོགས་ཉག་ཤྲཱི་ལ་ནས་<<ལེགས་བཤད་གསེར་ཕྲེང་དེ་དོན་ངོ་མ་སུས་བརྩམས་པ་རེད>> ཅེས་པའི་དཔྱད་རྩོམ་ཞིག་མིག་མདུན་དུ་མངོན་པར་གསལ་བས་ཐེངས་གཅིག་བཀླགས་པ་ཡིན། གནའ་བོའི་རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་ཆེན་མོ་དཔལ་ནཱ་ལེནྡྲ་གཙོས་པའི་གཞུང་ལུགས་སློབ་གཉེར་ཁང་ཡོད་དོ་ཅོག་གི་ནང་དུ་གཏན་ཚིགས་རིག་པའི་ལམ་ནས་དགག་སྒྲུབ་དང་ཞིབ་དཔྱད་གནང་སྲོལ་དང་རྟོག་གེ་པ་ཞིག་གིས་ཤེས་རབ་ཀྱི་འབེལ་གཏམ་ལས་མ་འདས་པ་ཚང་མས་མཁྱེན་གསལ་རེད་སྙམས་པར་སོམས། དེའི་ཕྱིར་ཉག་ཤྲཱི་ལས་སྔོན་སོང་གི་མཁས་གྲུབ་ཚོས་ལོ་རྒྱུས་ནང་དུ་དག་ཐེར་ཡོད་མེད་ལ་མ་བལྟས་པ་ད་རན་རང་ཉིད་ཀྱིས་འཆད་ཁྲིད་ཀྱི་ཞོར་དུ་དོགས་སློང་གི་ཁ་ཕྱོགས་ནས་མཚན་ཉིད་སྨྲ་བ་རྣམས་ལ་གྲོས་སུ་འདེབས་པའི་འདྲི་རྟགས་བཅུ་གཉིས་ཤིག་བཀོད་པ་ལས་ཚིག་ཐག་གཅོད་པའི་ཐོག་ནས་ལེགས་བཤད་གསེར་ཕྲེང་རྗེ་བདག་ཉིད་ཆེན་པོས་བརྩམས་པ་མ་རེད་ཅེས་པའི་གདམ་སྒྲུག་གི་ཁ་ཕྱོགས་ནས་གདམ་ང་ཅན་གྱིས་མཐའ་ཚིག་ཞིག་ཡེ་ནས་མི་འདུག མཚན་ཉིད་སྨྲ་བ་ཞིག་གི་ངོར་ནས་གཞུང་ལུགས་ལ་རིག་པའི་དོན་ལ་བརྡར་ཤ་གཅོད་དགོས་པ་དང་དོགས་སློང་ཆོག་པ་མཚན་ཉིད་པས་སྤྱི་ལུགས་རེད། དེ་མིན་རྒྱལ་པོ་རྣམས་ནི་ངོ་བསྟོད་དགའ། དྲང་པོའི་གཏམ་ལ་མཉན་པ་དཀོན་ཞེས་པའི་གཏམ་དཔེ་ལྟར་དགེ་བཤེས་ཆོ་ལོ་བ་རིས་ཅན་པ་ཁག་གི་ངོར་ཁྱེད་ཀྱི་ཆོས་ལུགས་དེ་ཡག་ལུགས་དང་མཁས་ལུགས། ཁྱེད་ལས་ལྷག་པ་མཁས་པ་མེད་ལུགས་བཤད་ན་དགའ་འགུལ་ཡི་རང་དང་བཅས་སོ་སོ་ཡང་མཁས་མདོག་མདོག་གི་རྣམ་པའི་ཡིན་ཤག་བྱོས། ཉག་ཤྲཱི་ལ་མཆོག་གིས་དཔྱད་བརྩམས་ཁོ་བོས་མཚན་ཉིད་པ་ཡོངས་ལ་གྲོས་སུ་འདེབས་པའི་ལེགས་ཆ་ཞིག་མཐོང་ནས་ངོ་དེབ་དང་སྐད་འཕྲིན་བཅས་ཀྱི་རྒྱབ་ལོགས་སུ་གཞག་ནས་ཁོ་བོ་འཛིན་གྲྭ་ཐེངས་གཉིས་པ་གྲོལ་བའི་རྗེས་སུ་ཁ་པར་བསྔོགས་པའི་སྐབས་སུ་འཕྲིན་ཐུང་མང་པོ་ཞིག་གིས་ལམ་ནས་དགག་སྒྲུབ་དང་ཚིག་ཟུར་བཅས་མཐོང་། ཕྱོགས་གཅིག་ནས་དགོད་མོ་དང་ཕྱོགས་གཅིག་ནས་ཨ་ཁ་ཁ་ད་དུང་ཡང་རིས་ཆད་པའི་ཆོ་ལོ་བ་དང་སྔོན་དུས་ཀྱི་བསམ་བློའི་ཤུགས་རྐྱེན་ཏིལ་ལ་ཏིལ་མར་དུ་འཐིམ་པ་ལྟར་རང་ཉིད་ཀྱི་དད་ཞེན་དང་ཆོས་ལུགས་ལ་བསླུ་མེད་ཀྱི་སྐྱབས་གནས་སུ་འཛིན་ནས་གཞན་གྱི་ཆོས་ལུགས་ལ་ནོར་བ་ཅན་དང་བསླུ་བའི་ངོ་བོར་འཛིན་པ་འདིས་དགོད་བྲོ་ཞིང་དང་ངུ་འཆོར་ལས་མ་འདས་པ་ཡང་ཤེས་དགོས་སོ་སྙམ། དེ་བཞིན་དེ་རིང་ཞོགས་པ་ཁོ་བོ་ཁ་པར་བསྔོགས་པའི་སྐབས་སུ་ཁོ་བོ་ཆོས་གྲོགས་སམ་ཕ་ས་གཅིག་པའི་ངག་གི་དབང་ཕྱུག་གིས་<<རྒོལ་ངན་འབྱུང་བྱ་ལིག་རྟོག་མུན་པའི་གནས་ལ་འགོད་པའི་དགག་ལན་ཉི་མའི་འོད་ཟེར་རྣོན་པོ་རབ་ཏུ་འཕྲོ་བ་བཞུགས་སོ།>>ཞེས་པའི་དགག་བརྩམས་ཤིག་འདུག་པས་ཞིབ་ཆ་ཐེངས་གཅིག་བཀླགས་པ་ཡིན། རེད་དེ་གནད་ལ་ཁེལ་པའི་དགག་སྒྲུབ་ཞིག་ཡེ་ནས་མ་མཐོང་ལགས། ཁྱེད་རང་དངོས་གནས་དུངས་ཞེན་གྱི་རྒྱ་ལས་ཐར་སོང་ཞེས་པ་ལྡོག་འདྲི་དང་ཁ་བརྡུང་གནང་བ་ལས་མ་གཏོགས་ཉག་ཤྲཱི་ལ་ཡིས་འདྲི་རྟགས་བཅུ་གཉིས་ལ་གནད་ལ་སྨིན་པའི་ལན་ཞིག་ཡེ་ནས་མེད་པ་ཚོར། དེ་མིན་ཁ་གཏད་གྱོང་མཉམ་ལས་མ་འདས། ཕྱོགས་ཟུར་ཡན་གར་བས་དོན་སྤྱི་རགས་པ་ཙམ་ལ་བརྟེན་ནས་རང་ཉིད་མ་གཏོགས་རྒྱ་གཞུང་དང་བོད་གཞུང་། དེ་བཞིན་དུ་ཆོས་བརྒྱུད་གཞན་གྱི་ལྟ་གྲུབ་ཀྱི་རྣམ་གཞག་བཅས་ཀྱི་གཞུང་ལ་གཟིགས་མེད་པ་དང་ལྟ་རྒྱ་མེད་པ་དང་། གོ་རྟོགས་མེད་པ་ལྟབུའི་འཆར་སྣང་དེས་རང་ཉིད་ང་མཁས་ཤིག་དང་མཐོང་རྒྱ་དང་ཐོས་རྒྱ་མེད་པ་རང་བཞིན་དུ་མངོན་པའི་བརྡ་རྟགས་ཤིག་རེད། མཁས་པའི་མདུན་སར་མངོན་པ་གསལ་བ་འཐོན་འདོད་ན་ནང་བསྟན་མཚན་ཉིད་རིག་པའི་གཞུང་དང་ཁྱད་པར་དུ་རང་ལུགས་ཀྱི་ལེགས་བཤད་ཀྱི་ཕྱག་དཔེ་དེ་ཚོ་ལས་དོན་སྙིང་ལྡན་པའི་སྙིང་བཅུད་དུ་བརྩི་འོས་པའི་སྡེ་སྣོད་རྣམས་ལ་གཅེས་འཛིན་དང་དག་ཐེར་ཅི་དགོས་གནང་འོས་པ་ལས། རང་ཞེན་དང་གཞན་སྨོད་ཁོ་ན་ནས་གནད་ལུགས་ཅི་ཡང་མ་དཔྱད་པར་ནང་ཆོས་ལ་རྟོག་ཞིབ་ཀྱི་བརྟུལ་ཞུགས་ཙམ་ལ་འཛིན་ནས། བྱེད་ལས་སྦྱོར་བ་ལ་ཆོས་པ་དང་མཚན་ཉིད་པ་ཡིན་ཁུལ་གྱི་དགེ་བཤེས་མིང་ཅན་གྱོན་ཆས་འོག་ནས་ཟབ་གཞུང་གནད་དོན་ལ་ཅི་ཡང་མི་ཤེས་པར་ལ་ཞེན་དང་རིས་ཆད་ཀྱི་དུངས་བ་ཟབ་པའི་རང་ཕྱོགས་ལ་ཞེན་པ་དང་གཞན་ཕྱོགས་ལ་སྡང་བའི་ང་རྒྱལ་ཁོ་ནས་ཤི་འཐམ་རོ་འཐམ་བྱས་ཏེ། རྒྱལ་བའི་བསྟན་པ་འཛིན་དགོས་ཚུལ་བསྙད་ན་ཀུ་ཅོ་འདོན་པ་ལས་གཉིས་སུ་མ་མཆིས་སོ། སྔོན་དུས་ཆོས་ལུགས་ལ་ཕྱོགས་ཞེན་ཅན་ཚོས་དཀའ་སྡུག་མནར་གཅོར་གཏོང་དང་། མི་ཁ་གཏམ་ངན་བཟོ་པ། དབང་ཡོད་ཚོས་ཉམས་ཆུང་མགོན་མེད་རྣམས་ལ་བརྙས་བཅོས་བྱེད་པ་སོགས་ད་དུང་རང་རྟགས་འཁྲུལ་མེད་ཅིག་དྲི་ངན་ཁྱབ་བཞིན་གདའ། གལ་སྲིད་དངོས་གནས་ནང་བསྟན་ཆོས་ལུགས་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས། ཁྱད་པར་དུ་སོ་སོའི་རང་ལུགས་འཛིན་གཞུང་རྐང་བཙུགས་པ་དགོས་སྙམ་ན་གཞན་ཕྱོགས་ཀྱི་འདོད་ཚུལ་ལ་རང་ལུགས་ཀྱི་འཛིན་མཚམས་ལུང་རིགས་གཉིས་ཀྱི་སྒོ་ནས་ལན་འདེབས་གནང་གལ་ཆེ། དོན་དང་དོན་མ་ཡིན་པའི་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་རྗེས་སུ་དཔག་པ་ལ་བརྟེན་དགོས་པ་ལྟར་རང་གཞན་གཉིས་ཀྱི་འདོད་ཚུལ་ཇི་ལྟར་ཡིན་རུང་བདེན་པའི་འཚོལ་སྒྲུབ་དགོས་པ་ལས་ཟུར་ཟ་དང་ཁ་བརྡུང་དགོས་དོན་མེད། མདོ་ལས་ཆོས་གཅིག་ཡོངས་སུ་མ་ཤེས་པ་དང་། ཡོངས་སུ་མ་སྤངས་པ་དེས་སྡུག་བསྔལ་མཐར་བྱས་སོ་ཞེས་ང་མི་སྨྲའོ་ཞེས་གསུངས་པ་ལྟར། ཤེས་བྱའི་གནད་ལུགས་ཀྱི་གྲུབ་ཆ་དང་རྒྱ་འབྲས་བལྟོས་བཅས་ལ་ཐུན་མོང་མིན་པའི་འབྲེལ་ཆགས་བཞིན་བཟང་ངན་དང་ཕྲ་རགས་ཀྱི་ཤེས་བྱའི་གནད་ལུགས་ལ་གོ་རྟོགས་དང་མཁྱེན་རྒྱ་མེད་ན་རང་ཕྱོགས་མ་གཏོགས་གཞན་ཕྱོགས་ཀྱི་འདོད་ཚུལ་ཇི་བཞིན་མཐོང་མི་ཐུབ། དེ་ནི་གཞུང་ལུགས་ཀྱི་གནད་དོན་རྟོགས་མི་ནུས་ལ་ལོག་རྟོག་ཡང་སེལ་མི་ནུས་པས་བློ་ཉི་ཚེ་བ་ཙམ་གྱི་སྣེ་ཁྲིད་འོག་ཏུ་རང་ཉིད་ཆོས་བརྒྱུད་ཀྱི་གཞུང་ཁོ་ནས་གོ་རྟོགས་ལས་བློ་རིག་ཟད་པར་གྱུར། དེའི་ཕྱིར་འབྱུར་འགྱུར་དོགས་སློང་དང་དགག་སྒྲུབ་གནང་འདོད་ཚེ་ཚུལ་གསུམ་ཚང་བའི་གཏན་ཚིགས་རིག་པའི་སྒོ་ནས་རྒྱུ་སྔོན་སོང་གི་འབྲས་རྟགས་དང་རྒྱུ་ཆོས་རྗེས་དཔག་པའི་འབྲས་རྟགས་ཀྱི་ལམ་ནས་ཕྱོགས་ཞེན་མེད་པའི་ཐོག་ནས་གནང་རོགས་ཞེས་རེ་བསྐུལ་ཞུ་ན་འདོད། གཞུང་ལུགས་ཀུན་ལ་འཇིག་རྟེན་གྱི་དངོས་པོ་ཀུན་ལ་ལྟ་ཞིབ་བྱེད་པའི་བློ་མིག་ཅིག་དགོས་ན་རྟོག་གེ་དགག་སྒྲུབ་ལྟར་གནང་གལ་ལས་མི་གཤིས་ལ་སྐྱོན་བརྗོད་མིན་པ་འདྲི་རྟགས་དང་བགྲོ་གླེང་གི་ཁ་ཕྱོགས་ནས་གནང་ཐུབ་ན་ང་ཚོ་ཚང་མ་ལ་ཕན་བདེའི་འབྲས་བུ་ཇི་སྙེད་ཅིག་བསྟེར་ངེས་པའི་ཁོ་བར་ཡིད་ཆེས་གཙང་མ་ཡོད། དེའི་ཕྱིར་ཆོས་གྲོགས་རྣམ་གཉིས་ནས་དེ་ལུགས་སུ་དགོངས་པའི་ཀློང་ནས་མཁྱེན་པར་མཛད། དེ་རིང་འཛིན་གྲྭ་སྔ་ཕྱིའི་བར་མཚམས་སུ་ཤར་མར་མགྲིན་ལག་ཟུར་ནས་ཐལ་བས་བརྡ་སྤྲོད་རིག་པའི་ཁ་ཕྱོགས་དང་མཐུན་མིན་ཡོད་ངེས་པས་རྒྱ་ཆེ་བའི་ཀློག་པ་པོ་ཚོས་དགོངས་གཞིགས་ཤིག་གནང་བར་ཞུ། ༢༠༡༧/༡༢/༡༤

 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*