མདོ་སྲིབ་དགོན་པའི་ལོ་རྒྱུས་སྙིང་བསྡུས།

མདོ་སྲིབ་དགོན་པ་ནི།
བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་ལས་ས་སྐྱ་ངོར་པའི་ལུགས་ཡིན་ལ། ཆགས་ཡུལ་ས་གནས་སྡེ་དགེ་འབྲི་ཆུའི་ནུབ་ཀྱི་ལ་རྒྱབ། སྨར་ཁམས་ཀེ་རེའི་སྒང་སྟོད་ཀྱི་ས་ཡི་ཆར་ཏེ། དེང་སང་རི་མདའ་ཟེར། དེ་ཡང་མདོ་ཆུ་ཞེས་པའི་ཆུ་བོ་ལྷོར་འབབ་ཀྱི་གཡས་ངོས་སྲིབ་རིའི་སྒང་ལ་ཆགས་པས་དགོན་པའི་མིང་ལ་མདོ་སྲིབ་དགོན་པ་ཞེས་ཐོགས། ཡུལ་དུས་ཀྱི་འགྱུར་བ་མང་པོ་བྱུང་བའི་རྐྱེན་གྱིས་དགོན་པ་འདིའི་སྔོན་དུས་ཀྱི་ལོ་རྒྱུས་གསལ་པོ་མི་འདུག་ཀྱང་། བླ་གྲྭ་རྒན་པ་རྣམས་ཀྱི་གསུང་རྒྱུན་ལ། སྤྱི་ལོའི་དུས་རབས་༡༢པའི་ལོ་རབས་༧༦ ཙམ་ལ་རྒྱ་གར་གྱི་བླ་མ་གྲུབ་པ་ཐོབ་པ་ཞིག་གི་མཚན་ལ་གོ་འཇོ་བྱང་ཆུབ་རྡོ་རྗེ་ཡིས་དགོན་པ་འདི་ཐོག་མར་ཕྱག་བཏབ་པའམ། ཡང་ན་འགྲོ་མགོན་ཆོས་རྒྱལ་འཕགས་པའི་དངོས་སློབ་ཞིག་གིས་ཕྱག་བཏབ་གནང་བ་གྲགས།

དགོན་པའི་ནང་དུ་བཞུགས་སུ་གསོལ་བའི་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་ཡོད་ཅིང་། རྟེན་གྱི་གཙོ་བོ་ནི་སྒྲོལ་སྐུ་བྱིན་ཅན་ཞིག་དང་ཆོས་རྗེ་ཁུ་དབོན་གྱིས་རབ་གནས་ཐེབས་པའི་མགོན་སྐུ་གཟི་བྱིན་ཅན་གཉིས། གཞན་ཡང་བལ་བཟོའི་ལི་མ་ལས་གྲུབ་པའི་སྟོན་པ་གཙོ་འཁོར་གསུམ་ལ་གནས་བརྟན་བཅུ་དྲུག་གི་སྐོར་བ་དང་། མཁན་སློབ་ཆོས་གསུམ་ཇོ་བོ་བཅས་བཞུགས་སོ། །

དགོན་པ་འདི་ཕྱག་བཏབ་ནས་བཟུང་ད་ལྟའི་བར་དུ་མཁས་བཙུན་བཟང་གསུམ་ལྡན་ཞིང་འཆད་རྩོད་རྩོམ་གསུམ་ལ་མངའ་བརྙེས་པའི་མཁས་གྲུབ་མང་དག་ཅིག་ཕེབས་པའི་ནང་ནས་བསྟན་པ་ལ་མཛད་རྗེས་ཧ་ཅང་ཆེ་བ་འགའ་ཞིག་གི་མཚན་སྨོས་ན། བྱང་ཆུབ་རྡོ་རྗེ། གོ་བླ་ནམ་མཁའ་རྒྱལ་མཚན། གོ་བླ་ཡེ་ཤེས་དཔལ་ལྡན། མཁན་ཆེན་ངག་དབང་དམ་ཆོས། མི་ཉག་ཨ་དཔལ། བཟོད་པ་ལེགས་བཤད། མཁན་ཆེན་ཐུབ་བསྟན་རྒྱལ་མཚན། རྒྱལ་མཚན་བཟང་པོ། ངག་དབང་དཔལ་ལྡན། ཡོན་ཏན་རིན་ཆེན། མཁན་ཆེན་ཀུན་དགའ་དབང་ཕྱུག བློ་གྲོས་ཆོས་གྲགས། མཁན་ཆེན་མཁས་གྲུབ་ཕུན་ཚོགས། རིན་ཆེན་བཟང་པོ། བློ་གྲོས་བཟང་པོ། དམ་ཆོས་བཟང་པོ། བསོད་ནམས་དབང་ཆེན་བཅས་མདོ་སྲིབ་དགོན་པའི་ལོ་རྒྱུས་མདོར་བསྡུས་ཙམ་མོ།།

སྡེ་དགེ་རྒྱལ་ཡོངས་དྲ་བ་ལས་བཏུས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*