མཛོད་འགྲེལ་གཞུང་དོན་གསལ་བའི་ཉི་མ། ང༽

།གཉིས་པ་ལ། དབྱེ་བ་དངོས། སྤང་བྱ་གང་ཡིན་པ། མ་སྤངས་ཀྱང་མངོན་དུ་མི་འགྱུར་བའི་ཁྱད་པར་རོ། །དང་པོ་ནི། ལྟ་བར་མ་ཟད་ང་རྒྱལ་ཡང་དབྱེ་ན་བདུན་ཡོད་དེ། ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་དང་། ངའོ་སྙམ་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་ལོ། །ལྔ་པ་དང་བདུན་པའི་ཁྱད་པར་ནི། གཞི་ཡོད་མེད་དོ། །འོ་ན་ཡེ་ཤེས་ལ་འཇུག་པ་ལས། བདག་གཞན་དང་འདྲའོ། །བདག་མཆོག་གོ །བདག་དམན་ནོ་སྙམ་པ་གསུམ་དང་། བདག་དང་མཉམ་པ་ཡོད་དོ་བདག་ལས་དམན་པ་ཡོད་དོ། །བདག་བས་མཆོག་ཡོད་དོ་སྙམ་པ་གསུམ། བདག་བས་མཆོག་མེད་དོ། །བདག་དང་མཉམ་པ་མེད་དོ། །བདག་བས་དམན་པ་མེད་དོ་སྙམ་པ་གསུམ་སྟེ་དགུ་བཤད་པ་ཅི་ཞེ་ན། ང་རྒྱལ་རྣམ་པ་དགུ་བཤད་པ་དེ་ནི་འདིའི་ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་དང་གསུམ་དུ་རིམ་བཞིན་འདུས་སོ། །གཉིས་པ་ནི། བདུན་པོ་གང་གིས་སྤོང་ན། མཐོང་དང་སྒོམ་པ་གཉིས་ཀས་ཟད་པར་བྱ་བའོ། །གསུམ་པ་ནི། ཅི་འཕགས་པ་རྣམས་སྒོམ་སྤང་སྔར་མ་སྤངས་པ་དེ་ཀུན་ཏུ་སྤྱོད་དམ་ཞེ་ན། ངེས་པ་མེད་དེ། འཕགས་པ་ལ་གསོད་པ་དང་། སོགས་པ་བརྫུན་གྱི་བར་ཉོན་མོངས་པ་ཀུན་ནས་དཀྲིས་པ་རྣམས་ནི་སྒོམ་པས་སྤང་བར་བྱ་བ་ཁོ་ན་ཡིན་ཡང་དེ་དག་སླར་མི་འབྱུང་སྟེ། དེ་ལོག་པར་ལྟ་བས་རྒྱས་ཤིང་བསྐྱེད་པར་འགྱུར་བ་ལས་དེ་སྤངས་པའི་ཕྱིར། རྐེད་པ་བཅག་ན་ལྡང་མི་ནུས་པ་བཞིན་ནོ། །དེ་བཞིན་དུ་བདག་གླང་པོ་ཆེ་ས་སྲུང་གི་བུར་གྱུར་ན་ཅི་མ་རུང་སྙམ་པ་སྐྱེ་སྲིད་དང་། བདག་མེད་པ་དང་བག་ལ་ཞ་ན་ཅི་མ་རུང་སྙམ་པ་འཇིག་སྲེད་གཉིས་འཕགས་པ་ལ་མི་འབྱུང་སྟེ། དེ་གཉིས་ནི་རྟག་པ་དང་ཆད་པར་ལྟ་བས་རིམ་པ་བཞིན་རྒྱས་པར་འགྱུར་ཞིང་དེ་གཉིས་སྤངས་པས་སོ། །ང་རྒྱལ་གྱི་རྣམ་པ་དགུ་དང་ངའོ་སྙམ་པ་སོགས་སྒོམ་སྤང་གིས་བསྡུས་པ་དག་ཀྱང་མི་འབྱུང་སྟེ། འཇིག་ཚོགས་ལ་ལྟ་བ་སྔོན་དུ་སོང་བས་རྒྱས་པར་འགྱུར་ལ་དེ་སྤང་བའི་ཕྱིར་རོ། །མི་དགེ་བ་འགྱོད་པའང་སྤྱོད་པ་མི་འབྱུང་སྟེ། ལས་འབྲས་ལ་ཐེ་ཚོམ་ཟ་བས་སློང་བའི་ཕྱིར་རོ། །གཉིས་པ་རྣམ་པའི་དབྱེ་བ་ལ། ཀུན་འགྲོ་ཡིན་མིན་གྱི། ཟག་བཅས་ཟག་མེད་ལ་དམིགས་པའི། གང་གིས་རྒྱས་པར་འགྱུར་བའི། མི་དགེ་བ་དང་ལུང་མ་བསྟན་གྱི་རྣམ་པའི་དབྱེ་བ། དུས་གསུམ་ལ་ཕྲ་རྒྱས་གང་ལྡན་པའོ། །དང་པོ་ལ། སྐལ་བ་མཉམ་པའི། སྐལ་བ་མི་མཉམ་པའི། དེ་ལས་གཞན་པའི་ཀུན་འགྲོའི་དབྱེ་བའོ། །དང་པོ་ནི། ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་ལས་ཀུན་འགྲོ་དང་དེ་དམིགས་པ་དུ་ཞེས་པའི་རབ་དབྱེ་སྟེ་དོན་གྱིས་མཐོང་སྤང་དང་པོ་གཉིས་ཀྱིས་དངོས་དང་བརྒྱུད་པའི་ལོག་ཞུགས་གང་ཡིན་པ་དང་དམིགས་རྣམ་སྟོན་པའོ། །དེ་ལ་སྡུག་བསྔལ་དང་རྒྱུ་ཀུན་འབྱུང་མཐོང་བས་སྤང་བར་བྱ་བའི་ལྟ་བ་བདུན་པོ་དང་། དེ་བཞིན་དུ་སྤང་བྱ་དེ་གཉིས་ཀྱིས་ཐེ་ཚོམ་གཉིས་པོ་དང་། ལྟ་བ་དང་ཐེ་ཚོམ་གང་ཡིན་པ་དེ་དག་དང་ལྷན་ཅིག་པ་དང་། མ་འདྲེས་པའི་མ་རིག་པ་གཉིས་ཏེ་བཅུ་གཅིག་པོ་གང་ཡིན་པ་ནི་རང་སའི་སྤང་བྱའི་རིས་ལྔ་པོ་ཐམས་ཅད་ལ་ཁྱབ་པར་དམིགས་པས་ཀུན་ཏུ་འགྲོ་སྟེ་ལྷག་མ་ནི་ཀུན་འགྲོ་མིན་པའོ། །འོ་ན་དེའི་དོན་རིམ་གྱིས་སམ་གཅིག་ཆར་དམིགས་པས་ཀུན་འགྲོ་ཡིན། དང་པོ་ལྟར་ན་ཆགས་སོགས་ཀྱང་དེར་འགྱུར་ལ། གཉིས་པ་ལྟར་ན་རང་གི་ཁམས་མཐའ་དག་གི་དག་གྲོལ་དང་རྒྱུར་ལྟ་བ་མི་སྲིད་པས། ལྔ་པ་ཡང་དེར་མི་རུང་ངོ་ཞེ་ན། དང་པོ་འདོད་ཀྱང་ཆགས་སོགས་རིས་གཞན་ལ་མི་དམིགས་པས་སྐྱོན་མེད་དོ་ཞེས་ཁ་ཅིག་འཆད་ཀྱང་། ཕྱི་མ་ལྟར་ཡིན་ལ་དེ་ཡང་རྫས་མཐའ་དག་ལ་མིན་ཡང་རང་གི་ཕུང་པོའི་རིས་ལྔ་པོ་ཐམས་ཅད་ལ་གཅིག་ཆར་དུ་དམིགས་པས་ཀུན་འགྲོའོ། །དེ་ལ་སློབ་དཔོན་གྱིས་སྐྱོན་བརྗོད་པ་ནི་སྲེད་པ་དང་ང་རྒྱལ་ཡང་ཀུན་འགྲོར་འགྱུར་ཏེ། ལྟ་བ་དངོས་གང་ལ་བདག་ཏུ་ལྟའི་ཉེར་ལེན་གྱི་ཕུང་པོ་ལ་བདག་ཏུ་སྲེད་པས་དམིགས་ཤིང་། གང་ལ་མཆོག་དང་དག་པར་ལྟ་བ་དེ་ལ་དོན་དུ་གཉེར་བའི་ཆགས་པ་ཡོད་ལ་དེ་དག་ལ་ང་རྒྱལ་ཡང་དམིགས་པས་སོ། །དེ་ལ་བྱེ་བྲག་སྨྲ་བ་ན་རེ། དེ་ལྟར་ན་གོང་དུ་སྒོམ་སྤང་བཞིའི་རིས་ལས་མཐོང་སྤང་ལ་དམིགས་པ་མཐོང་སྤང་ཞེས་བསྟན་ན་དེ་གཉིས་རིས་ལྔ་ཆར་ལ་དམིགས་པས་སྤང་བྱ་གཉིས་ཀར་མི་རུང་ངོ་ཞེ་ན། སློབ་དཔོན་གྱིས། ཁྱོད་ཉིད་ལྷག་མ་ནི་སྒོམ་སྤང་ངོ་ཞེས་འདོད་པས་སྒོམ་སྤང་དུ་འདོད་དགོས་ལ། ཁོ་བོ་ལྟར་ན་ལྟ་བའི་མཐུ་ལས་བྱུང་བས་མཐོང་སྤང་དུའང་རུང་ངོ་ཞེས་སོ། །ཡང་བྱེ་སྨྲ་ན་རེ། ཉོན་མོངས་པ་དེ་གཉིས་ནི་རང་གི་མཚན་ཉིད་པ་དུཿཁ་སོགས་ལ་ཕྱོགས་གཅིག་ཏུ་དམིགས་ཀྱི་བདག་ཏུ་བཟུང་བ་སོགས་ཐམས་ཅད་ལ་མི་དམིགས་པས་ཀུན་འགྲོ་མིན་ཏེ། ཡུལ་དང་མི་མཉམ་པའམ་ཁ་ཅིག་རིས་མཉམ་པའི་ཉོན་མོངས་ཀྱི་རྒྱུར་འགྲོ་བ་མེད་པས་སོ། །གཉིས་པ་ནི། སྐལ་བ་མཉམ་པའི་ཁམས་ཀུན་འགྲོའི་ཕྲ་རྒྱས་བཅུ་གཅིག་པོའི་རིས་དེ་དག་ལས་དགུ་ཁམས་གོང་དུ་དམིགས་ཏེ། ལྟ་བ་དང་པོ་གཉིས་པོ་རང་གི་རྫས་ལ་རྨོངས་པས། མ་རྟོགས་པ་ཡིན་ལ། ཚངས་པ་རྟག་བདག་ཏུ་འཛིན་པ་ནི་གྲུབ་པའི་མཐས་ལྟ་བ་མིན་གྱི་ལོག་པའི་ཤེས་པའོ་ཞེས་སོ། །གང་སྤེལ་ལས། འདོད་པ་ན་སྐལ་བ་མཉམ་མི་མཉམ་གྱི་ཁམས་དང་ས་ལ་དམིགས་པ་ཐམས་ཅད་ཡོད་ལ། བསམ་གཏན་དང་པོ་གསུམ་ཡང་དེ་བཞིན་ཏེ། དང་པོ་གཉིས་རང་གི་ཁམས་རིལ་པོ་ལ་དམིགས་ཀྱང་རེ་རེ་བས་ལྷག་པས་ཁམས་ཀྱི་མིང་ཐོབ་ཅིང་། བཞི་པ་ན་སྐལ་བ་མཉམ་པའི་ཁམས་ཀུན་འགྲོ་མེད་ལ། གཟུགས་མེད་དང་པོ་གསུམ་ན་སྐལ་བ་མཉམ་པའི་ཁམས་ཀུན་འགྲོ་དང་མི་མཉམ་པའི་ཀུན་འགྲོ་ཡོད་ལ། སྲིད་རྩེ་ན་སྐལ་བ་མཉམ་པའི་ཀུན་འགྲོ་ཁོ་ན་ཡོད་དོ་ཞེས་ཏེ། འོག་ཏུ་མི་དམིགས་པ་ནི་གང་སྤངས་པ་ལ་འདུན་པའི་འདོད་ཆགས་བྲལ་བར་ངེས་པས་སོ། །གསུམ་པ་ནི། ཕྲ་རྒྱས་ཁོ་ན་ཀུན་འགྲོ་ཡིན་ནམ་ཞེ་ན་མ་ཡིན་ཏེ། ཕྲ་རྒྱས་ཀུན་འགྲོ་དེ་དག་དང་ལྷན་ཅིག་ཏུ་གང་འབྱུང་བའི་མཚུངས་ལྡན་དེའང་ནི་དམིགས་པ་དང་རྒྱུ་གཉིས་ཀ་དང་མཚན་ཉིད་ནི་རྒྱུ་ཁོ་ནས་ཀུན་འགྲོ་ཡིན་ལ། འོན་ཀྱང་ཐོབ་པ་ནི་མ་གཏོགས་ཏེ། ཕྲ་རྒྱས་དང་འབྲེལ་ཡང་དམིགས་པ་མེད་པ་དང་ཐོབ་པ་དང་ལྷན་ཅིག་འབྱུང་བའི་རྒྱུ་མིན་པས་སྐྱེས་བུ་དང་རྒྱུ་མཐུན་གྱི་འབྲས་བུ་མི་གཅིག་པའི་ཕྱིར། དེས་ན་ཕྲ་རྒྱས་ཀུན་འགྲོ་དང་། རྒྱུ་ཀུན་འགྲོ་ལ་མུ་བཞི་སྟེ། དང་པོ་མ་འོངས་པའི་ཕྲ་རྒྱས་སོ་གསུམ་དང་། གཉིས་པ་འདས་ད་ལྟར་གྱི་ལྷན་ཅིག་འབྱུང་བར་ཡིན་པས་ད་ལྟར་བའི་ཕྲ་རྒྱས་སོ་གསུམ། གསུམ་པ་དང་བཞི་པ་མ་འོངས་པའི་ལྷན་ཅིག་འབྱུང་བ་ལ་ཤུགས་ལ་གོའོ། །མདོར་ན་ཕྲ་རྒྱས་ཉེར་བདུན་ཀུན་འགྲོ་ཁོ་ན་དང་། དྲུག་ཅུ་རྩ་ལྔ་ཀུན་འགྲོ་མིན་པ་ཁོ་ན་དང་། དྲུག་གཉིས་ཀར་དངོས་སུ་བསྟན་ལ། ཤུགས་ལ་དངོས་སུ་ལོག་ཞུགས་དུ། དེ་ལས་ལོགས་པ་དུ། དམིགས་པ་གང་ལ་རྣམ་པ་ཇི་ལྟར་འཇུག་ཅེ་ན། ཀུན་འགྲོ་རྣམས་ནི་བདེན་པ་དེ་གཉིས་ཀྱིས་མཚན་ཉིད་དང་འགལ་བར་ཞུགས་པས་དང་པོ་ཡིན་ཞིང་། ཀུན་འགྲོ་མིན་པ་ནི་བདེན་པ་གཉིས་ཀྱི་དངོས་པོ་ལ་དམིགས་ཀྱང་མཚན་ཉིད་མི་འགལ་བ་དངོས་སུ་ལོག་ཞུགས་ལ་དམིགས་ནས་དོན་དུ་གཉེར་བ་དང་མནར་སེམས་པ་དང་ཁེངས་པའི་རྣམ་པ་སྟེ་གཉིས་པའོ། །སེམས་ཙམ་པ་ནི་ཁོང་ཁྲོ་དངོས་སུ་ལོག་ཞུགས་ལ་དམིགས་པར་མི་རུང་བས་དེའི་དབང་གིས་ལོག་ཞུགས་ཞེས་གསུངས་པ་སྟེ། སྔོན་པོ་དང་འགལ་བ་དང་སངས་རྒྱས་པའི་ལྟ་བ་བཟུང་བ་ལ་མནར་སེམས་བར་འཆད་ལ། གཞན་དག་ནི་དེ་ལྟར་ན་དངོས་སུ་ལོག་ཞུགས་ལ་དམིགས་པར་མི་འགྱུར་བས་ཕྱི་རོལ་པའི་ལྟ་བ་གཞན་སྔར་གཟུང་བ་ལ་ཞེ་སྡང་བའོ་ཞེས་སོ། །གཉིས་པ་ལ། མདོར་བསྟན། རྒྱས་པར་བཤད། རྩོད་པ་སྤོང་བའོ། །དང་པོ་ནི། ཟག་བཅས་ཟག་མེད་ལ་དམིགས་པ་དུ་ཡིན་པ་དང་། འགོག་ལམ་མཐོང་སྤང་གི་དངོས་དང་བརྒྱུད་པའི་ལོག་ཞུགས་དང་དམིགས་རྣམ་སྟོན་པ་ནི། འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ལོག་ལྟ་གཉིས་དང་ཐེ་ཚོམ་གཉིས་དང་། དེ་དག་དང་མཚུངས་ལྡན་དང་། འབའ་ཞིག་པ་སྟེ་མ་འདྲེས་པའི་མ་རིག་པ་དྲུག་ནི་ཟག་མེད་ཀྱི་སྤྱོད་ཡུལ་ཅན་ཏེ། ལྷག་མ་རྣམས་ནི་ཟག་བཅས་ལ་དམིགས་པ་ཁོ་ནའོ། །བསྡུ་བར་འགོག་ལམ་གཉིས་ནི་མཉམ་རྗེས་ཀྱི་ཡེ་ཤེས་ཀྱི་རིག་བྱ་ཡིན་པས་ཟག་པས་བརྟགས་ནས་དམིགས་པར་ཟད་ཀྱི་དངོས་སུ་མི་དམིགས་ལ། དེས་ན་ཡུལ་ལྔའི་ནང་ནས་རང་གིས་བཏགས་པའི་མིང་ལ་དམིགས་པར་ཟད་དོ་ཞེས་བཤད་དོ། །གཉིས་པ་ནི། འགོག་པ་ལ་དམིགས་པ་ལོག་ལྟ་སོགས་གསུམ་གྱི་ཡུལ་ནི་འདོད་པའི་འགོག་པའི་ཕྲ་རྒྱས་ཀྱི་ཡུལ་འདོད་པའི་འགོག་པ་ཁོ་ན་ཡིན་པ་སོགས་ས་དགུ་པོ་རང་གི་ས་པའི་གཉེན་པོ་འགོག་པ་ཡིན་ལ། ལམ་ནི་ས་ཐ་དད་པ་ཡང་སྔར་བཤད་པ་ལྟར་ཕན་ཚུན་སྐལ་མཉམ་གྱི་རྒྱུ་ཡིན་པ་དང་རང་གི་གཉེན་པོའི་རིགས་ཡིན་པས་བསམ་གཏན་ས་དྲུག ཆོས་ཤེས་ཕྱོགས་མཐུན་གྱི་ལམ་ཐམས་ཅད་ནི་འདོད་པའི་ལོག་ལྟ་སོགས་ལམ་དེའི་སྤྱོད་ཡུལ་ཅན་གྱི་ཡུལ་དང་། ཟག་མེད་ས་དགུའི་རྗེས་ཤེས་ཕྱོགས་མཐུན་གྱི་ལམ་ཐམས་ཅད་ནི་གོང་ས་བརྒྱད་ཀྱི་ལོག་ལྟ་སོགས་ལམ་དེའི་སྤྱོད་ཡུལ་ཅན་གྱི་ཡུལ་ཡིན་ནོ། །གསུམ་པ་ནི། ཆགས་སྡང་དང་ང་རྒྱལ་དང་མཆོག་འཛིན་རྣམས་ཅིའི་ཕྱིར་ཟག་མེད་ལ་མི་དམིགས་ཤེ་ན། རེ་ཞིག་འདོད་ཆགས་ནི་ཟག་མེད་ལ་དམིགས་པ་མིན་ཏེ་ཉོན་མོངས་ཅན་ཡིན་པས་རང་གི་ངོ་བོ་ཐོབ་པ་བཅད་པའི་སྤང་བྱ་ཡིན་པའི་ཕྱིར་རོ། །ཟག་མེད་ལ་འདོད་ན་ཇི་ལྟར་འདུན་པའི་འདོད་ཆགས་བྲལ་བའི་སྤང་བྱ་ཡིན་ཏེ་མིན་པར་འགྱུར་ཏེ་དགེ་བའི་ཆོས་ལ་འདུན་པ་བཞིན་ནོ། །ཞེ་སྡང་ནི་ཟག་མེད་ལ་དམིགས་པ་མིན་ཏེ། དེས་མི་འདོད་པ་སྒྲུབ་པའི་གནོད་པ་མི་བྱེད་པའི་ཕྱིར། ཟག་མེད་ནི་ཉེར་ལེན་གྱི་ཕུང་པོ་ཞི་བའི་ཕྱིར་ང་རྒྱལ་གྱི་ཡུལ་མིན་ཞིང་། ལམ་ནི་དོན་དམ་པར་དག་པར་བྱེད་པ་དེ་ལ་དག་པར་འཛིན་ན་ཡང་དག་པའི་ལྟ་བ་ཡིན་པའི་ཕྱིར་དང་། ཟག་མེད་ནི་མཆོག་ཏུ་གྱུར་པ་ལ་མཆོག་ཏུ་འཛིན་ན་ཡང་དག་པའི་ལྟ་བ་ཡིན་པའི་ཕྱིར། མཆོག་འཛིན་གཉིས་ཀྱི་ཡུལ་མིན་ནོ། །དེ་ལྟར་ན་ལོག་ལྟ་སོགས་དངོས་སུ་ལོག་ཞུགས་དང་། ཆགས་སོགས་བརྒྱུད་ནས་ལོག་ཞུགས་ཏེ་བདེན་བཞི་ལ་ཕྲ་རྒྱས་རྣམས་དངོས་དང་བརྒྱུད་པས་ལོག་པར་ཞུགས་ཚུལ་དེ་ལྟར་ཤེས་པར་བྱའོ། །གསུམ་པ་ལ་དམིགས་པས་དང་། མཚུངས་ལྡན་གྱིས་རྒྱས་པའོ། །དང་པོ་ནི། ཕྲ་རྒྱས་ཀུན་ཏུ་འགྲོ་བ་རྣམས་ནི་དམིགས་པའི་སྒོ་ནས་རང་གི་ས་པའི་སྤང་བྱ་རིས་ལྔ་པོ་ཐམས་ཅད་ལས་ནི་རྒྱས་པར་འགྱུར་རོ། །དམིགས་བསལ་ནི། ཀུན་འགྲོ་མིན་པ་རྣམས་ནི་དམིགས་པའི་སྒོ་ནས་རང་རིས་ཁོ་ན་ལས་རྒྱས་ཏེ། དུཿཁ་མཐོང་སྤང་ནི་དེ་ཁོ་ན་ལས་རྒྱས་པ་སོགས་སོ། །ཀུན་འགྲོ་མིན་པའི་ཟག་མེད་ཀྱི་ཡུལ་ཅན་དང་གོང་མའི་ཡུལ་ཅན་ནི་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་བ་མིན་ཏེ། ཡུལ་མིན་པ་ལ་དམིགས་པའི་རྒྱས་པ་མེད་པའི་ཕྱིར་དང་། འཇིག་ལྟས་བདག་གིར་མ་བྱས་ཤིང་སྲེད་པས་རིས་སུ་མ་བཅད་པའི་ཕྱིར་དང་། ལམ་ནི་གཉེན་པོ་དངོས་དང་། འགོག་པ་དེའི་འབྲས་བུ་ཡིན་ལ། གོང་མ་ཡང་སྤོང་བ་གཉེན་པོ་སོགས་ཅི་རིགས་པར་འདོད་པ་དེའི་ཕྱིར་རོ། །གཉིས་པ་ནི། ཕྲ་རྒྱས་གང་ཞིག སེམས་ལ་སོགས་པ་གང་དང་མཚུངས་པར་ལྡན་པ་དེ་ནི་ཇི་སྲིད་མ་སྤངས་ཀྱི་བར་དུ་དེར་མཚུངས་ལྡན་གྲོགས་ཀྱི་སྒོ་ནས་རྒྱས་པར་འགྱུར་རོ། །བཞི་པ་ལ། ངོ་བོའི་དབྱེ་བ། དེ་དག་གི་རྩ་བའི་དབྱེ་བ། དེ་ལས་འཕྲོས་པའོ། །དང་པོ་ནི། ཕྲ་རྒྱས་ཐམས་ཅད་ཉོན་མོངས་ཅན་དུ་ངེས་པ་ལས་མི་དགེ་བ་དུ། ལུང་མ་བསྟན་དུ་ཞེ་ན། རེ་ཞིག་གོང་མ་གཉིས་ཀྱི་ཕྲ་རྒྱས་ཐམས་ཅད་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ལ། འདོད་པ་ན་སྤྱོད་པའི་ཕྲ་རྒྱས་ལས་འཇིག་ཚོགས་ལྟ་བ་དང་མཐར་འཛིན་ལྟ་བ་དང་དེ་གཉིས་དང་ལྷན་ཅིག་པའི་མ་རིག་པ་དག་སྦྱིན་སོགས་དང་མི་འགལ་བས་ལུང་མ་བསྟན་ཡིན་ལ། ལྷག་མ་རྣམས་ནི་འདོད་པའི་ཁམས་འདིར་མི་དགེ་བ་སྟེ། བསྡུ་བར། མང་དང་ཉོན་མོངས་ཅན་དང་ནི། །སྤྱོད་དང་དུཿཁ་ཉིད་དང་ཡང་། །ཁ་ན་མ་ཐོ་བུལ་དྲལ་དང་། །ཏིང་ངེ་འཛིན་དང་སྐྱེ་བའོ། །ཞེས་གོང་མའི་དང་ཁྱད་པར་བརྒྱད་བཤད་དོ། །སློབ་དཔོན་ནི་མཐོ་རིས་ལ་སྲེད་པ་དང་ངའོ་སྙམ་པའི་ང་རྒྱལ་ཡང་དེ་གསུམ་དང་ལྡན་པས་བསྒྲིབས་པར་འགྱུར་བའི་ཕྱིར་སྔོན་གྱི་སློབ་དཔོན་གྱི་ལུགས་བཞིན་ཏེ། ལྷན་སྐྱེས་རྣམས་ནི་ལུང་མ་བསྟན། །ཀུན་བཏགས་ནི་མི་དགེ་བའོ་ཞེས་སོ། །གཉིས་པ་ལ། མི་དགེ་བའི་དང་། ལུང་མ་བསྟན་གྱི་རྩ་བའོ། །དང་པོ་ནི། འདོད་པ་ན་ཕྲ་རྒྱས་དུ་མི་དགེ་བའི་རྩ་བ་ཡིན་ཞེ་ན། འདོད་ཆགས་དང་ཁོང་ཁྲོ་དང་འཇིག་མཐར་དང་ལྡན་པ་ལྷན་ཅིག་པ་བོར་བའི་རྨོངས་པ་སྟེ་རིས་ལྔ་པོ་རྣམས་ནི་མི་དགེ་བ་ཡང་ཡིན་ལ། ལུས་ངག་གི་ཉེས་སྤྱོད་ཉོན་མོངས་པ་མི་དགེ་བའི་རྩ་བ་ཡང་ཡིན་ལ། ཕྲ་རྒྱས་ལྷག་མ་རྣམས་ནི་མི་དགེ་བའི་རྩ་བ་མིན་ནོ། །གཉིས་པ་ལ། གསུམ་དུ་བསྟན་པ། བཞིར་བསྟན་པའོ། །དང་པོ་ནི། ཁམས་གསུམ་གྱི་བསྒྲིབས་ལ་ལུང་མ་བསྟན་པའི་རྩ་བ་ནི། ཁ་ཆེ་བ་ན་རེ། གསུམ་སྟེ་དེའི་གོང་མའི་སྲེད་པ་དང་མ་རིག་པ་ཁམས་གསུམ་གྱི་བསྒྲིབས་པ་ཐམས་ཅད་དང་། བློ་སྟེ་ལྟ་བ་ཡིན་མིན་གྱི་ཤེས་རབ་བསྒྲིབས་མ་བསྒྲིབས་ཐམས་ཅད་དེ། དེ་ལས་གཞན་པ་ཐེ་ཚོམ་ནི་རྣམ་པ་གཉིས་སུ་འཇུག་པས་གཡོ་ཞིང་། ང་རྒྱལ་ནི་ཁེངས་པའི་མཚན་ཉིད་ཀྱིས་མཐོ་བར་འཇུག་པས་རྩ་བ་དང་ཆོས་མི་མཐུན་པའི་ཕྱིར་རྩ་བ་མིན་ཏེ། འཇིག་རྟེན་ན་རྩ་བ་ནི་བརྟེན་པ་དང་འོག་ན་གནས་པར་མཐོང་ངོ་ཞེས་སོ། །གཉིས་པ་ནི། །བཞི་ཡིན་ནོ་ཞེས་ཉི་འོག་པ་འདོད་དེ། དེ་དག་ནི་ལུང་དུ་མ་བསྟན་པའི་སྲེད་པ་དང་ལྟ་བ་དང་ང་རྒྱལ་དང་རྨོངས་པ་ནི་ལུང་མ་བསྟན་གྱི་རྩ་བར་བཤད་ཅེ་ན། དེའི་རྒྱུ་ནི་སྲེད་པ་དང་ལྟ་བ་དང་ང་རྒྱལ་ཤས་ཆེ་བའི་བསམ་གཏན་པ་གསུམ་ཡོད་ལ། གསུམ་པོ་སོ་སོའི་རྩ་བ་དེ་དག་དང་སྤྱིའི་རྩ་བ་མ་རིག་པ་ཇི་ལྟ་བར་མི་ཤེས་པ་ལས་བྱུང་བའི་ཕྱིར། བསམ་གཏན་ནི་མཚོན་པ་སྟེ་གཟུགས་མེད་ཀྱི་སྙོམས་འཇུག་ཉོན་མོངས་ཅན་ཡང་བཟུང་ཞིང་འདོད་པའི་བསྒྲིབས་པ་ལ་སོགས་པ་གཞན་ཡང་རྩ་བ་ཅུང་ཟད་ཡོད་དོ། །གསུམ་པ་ནི། ཅི་ལུང་རིང་པོའི་མདོ་ལས་ལུང་མ་བསྟན་གྱི་དངོས་པོ་བཅུ་བཞི་གསུངས་པས་དེ་ལུང་མ་བསྟན་ཡིན་ནོ་ཞེ་ན། མིན་ཏེ་མི་དགེ་བའི་སེམས་ཀྱིས་བསླངས་པས་མི་དགེ་བ་ཡིན་ལ། ལུང་མ་བསྟན་དུ་བཤད་པ་ནི་དྲི་བའི་ལན་ལུང་དུ་མ་བསྟན་པས་སོ། །ལན་གྱི་བྱེ་བྲག་གིས་དྲི་བ་ཡང་བཞི་སྟེ། མགོ་གཅིག་ཏུ་ལུང་བསྟན་པའི་དྲི་བ་ནི་སྐྱེས་པ་ཐམས་ཅད་འཆིའམ་ཞེ་ན། འཆིའོ་ཞེས་དང་། རྣམ་པར་ཕྱེ་སྟེ་ལུང་བསྟན་པའི་དྲི་བ་ནི་ཤི་བ་ཐམས་ཅད་སྐྱེའམ་ཞེ་ན། སྲེད་པ་ཡོད་པ་སྐྱེ་ལ་མེད་པ་མི་སྐྱེའོ་ཞེས་དང་། དྲིས་ཏེ་ལུང་བསྟན་པའི་དྲི་བ་ནི་མི་འདི་དམན་ནམ་ཁྱད་པར་འཕགས་ཤེ་ན། ཁོ་ཉིད་ལ་དྲིས་ལ་ལྷ་ལ་ལྟོས་ཏེའོ་ཞེ་ན་དམན་ལ། ངན་འགྲོ་ལ་ལྟོས་ཏེའོ་ཞེ་ན་ཁྱད་པར་འཕགས་སོ་ཞེས་སོ། །གཞག་པར་ལུང་བསྟན་པའི་དྲི་བ་ནི་ཕྱི་རོལ་པ་དག་བདག་ཕུང་པོ་ལས་གཞན་ཡིན་ནམ་མིན་ཞེས་པ་ལ་སོགས་པའི་དྲི་བ་ལྟ་བུ་སྟེ། སེམས་ཅན་གྱི་རྫས་བདག་ཉིད་མ་གྲུབ་པས་ཁྱད་པར་ཕུང་པོ་ལས་གཞན་ཡིན་མིན་ཡང་མི་གྲུབ་པས་ལན་གཞག་པར་བྱ་བ་ཡིན་ནོ། །འོ་ན་ཇི་ལྟར་ལུང་བསྟན་པ་ཞེས་བྱ་ཞེ་ན། ངོ་བོ་མ་གྲུབ་པས་ཁྱད་པར་ལུང་བསྟན་དུ་མེད་དོ་ཞེས་དོན་གྱི་ལུང་བསྟན་པ་ཡིན་ལ་དངོས་སུ་མ་བསྟན་པ་ནི་མ་དད་པ་སྤོང་བའི་ཆེད་དོ། །ལྔ་པ་ལ། ལྡན་ཚུལ་དངོས། སྤངས་པ་ལྡན་པར་བཞག་ཚུལ། ཆོས་གོང་ལ་སེམས་གང་གིས་དམིགས་པའོ། །དང་པོ་ལ། རང་གི་མཚན་ཉིད་པའི་ལྡན་ཚུལ། སྤྱིའི་མཚན་ཉིད་པའི་ལྡན་ཚུལ། ལྡན་པ་དུས་གསུམ་དཔྱད་པའོ། །དང་པོ་ལ། དུས་གཉིས་ཀྱི་དང་། མ་འོངས་པའི་ལྡན་ཚུལ་ལོ། །དང་པོ་ནི། གང་ཟག་གང་གི་ཕྲ་རྒྱས་གང་ཞིག་དམིགས་པ་གང་ལ་རྒྱས་པར་འགྱུར་བའི་གང་ཟག་དེ་ནི། ཕྲ་རྒྱས་དེའི་དམིགས་པ་དེ་དང་ལྡན་པ་ཡིན་ལ། དེའང་འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་གསུམ་ནི་ཡུལ་སྡུག་མི་སྡུག་གང་རུང་རེ་ལ་དམིགས་པས་ཉོན་མོངས་པ་རང་གི་མཚན་ཉིད་པ་ཡིན་ལ་ལྟ་བ་ཐེ་ཚོམ་མ་རིག་པ་གསུམ་ནི་ཡུལ་སྡུག་མི་སྡུག་ཀུན་ལ་དམིགས་པས་ཉོན་མོངས་པ་སྤྱི་པ་ཞེས་བྱའོ། །དེ་ལ་འདས་པ་དང་ཉེར་གནས་ད་ལྟར་བའི་འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་དག་གིས་ནི་ཡུལ་ཐམས་ཅད་མི་དམིགས་པས་རང་དང་མཐུན་པའི་ཡུལ་གང་ལ་དེ་གསུམ་སྐྱེས་ལ་ད་ལྟར་བ་ནི་སྤངས་པ་མི་སྲིད་ཀྱི། འདས་པའི་མ་སྤངས་པའི་ཉོན་མོངས་པས་དངོས་པོ་དེ་དང་གང་ཟག་ལྡན་པར་བྱེད་པ་ཡིན་ལ། སྤངས་པ་ནི་དམིགས་པ་ལ་མི་རྒྱས་པས་ལྡན་པར་མི་བྱེད་ཅིང་དེས་མཚོན་ནས་མི་རྒྱས་པའི་ཡུལ་ཀུན་མི་ལྡན་ལ། དེ་གསུམ་ཡིད་ཀྱི་ས་པའི་ཡུལ་དུས་གསུམ་པ་དང་གཉིས་པོ་སྒོ་ལྔའི་ས་པའི་རང་དུས་པ་ཡིན་པས་ཉོན་མོངས་པའི་ཐོབ་པ་གང་ལ་ཡོད་པའི་རྒྱུད་དེ་ཡུལ་དེ་དང་ལྡན་པར་འདོད་དོ། །གཉིས་པ་ནི། ཡིད་ཀྱི་ས་པའི་དེ་གསུམ་མ་འོངས་པ་མ་སྤངས་པས་ན་རང་གི་ཡུལ་དུས་གསུམ་ཀུན་དང་ལྡན་པར་བྱེད་ཅིང་། ཆགས་སྡང་གཉིས་པོ་གཞན་སྒོ་ལྔའི་ས་པ་སྐྱེ་འགྱུར་གྱིས་ནི་སྔ་ཕྱི་ཡུལ་མིན་པས་རང་དང་དུས་མཉམ་པའི་ཡུལ་ལྡན་པར་བྱེད་ལ། མི་སྐྱེའི་ཆོས་ཅན་རྣམས་ཀྱིས་ཡུལ་དུས་གསུམ་ཐམས་ཅད་དང་ལྡན་པར་བྱེད་དེ། ཉོན་མོངས་ཉིད་མི་སྐྱེའང་ཡུལ་མི་སྐྱེ་བར་མ་ངེས་ཀྱི་ད་ལྟར་བ་དང་འདས་པར་འགྱུར་བ་ཡིན་པའི་ཕྱིར། ལྕམ་པ་བཞིན་ནོ་ཞེས་ཏེ་དངོས་སུ་དམིགས་པ་ནི་མིན་ནོ་ཞེས་བླ་མ་གསུང་ངོ་། །གཉིས་པ་ནི། ལྷག་པ་སྤྱི་པའི་ཉོན་མོངས་པ་གསུམ་པོ་ནི་ཡིད་ཀྱི་ས་པ་ཁོ་ན་ཡིན་པས་དུས་གསུམ་མ་སྤངས་པ་ཀུན་གྱིས་དུས་གསུམ་པའི་ཡུལ་སྡུག་མི་སྡུག་ཀུན་དང་ལྡན་པར་བྱེད་ལ། མ་རིག་པ་སྒོ་ལྔའི་ས་པ་ནི་སྔར་བཞིན་ནོ། །གསུམ་པ་ལ་འདོད་པ་བརྗོད། དེ་དག་དགག དེའི་ལན་ནོ། །དང་པོ་ལའང་། དམ་བཅའ་དང་རྟགས་འགོད། ཡོ་སྨྲའི་དབྱེ་བ། དབྱིག་བཤེས་ཀྱི་ལུགས་འཐད་པའོ། །དང་པོ་ནི། དུས་གཉིས་རྫས་སུ་ཡོད་ན་འདུས་བྱས་རྟག་པར་འགྱུར་ལ། མེད་ན་ཇི་ལྟར་ལྡན་པར་བྱ་བ་དང་བྱེད་པ་པོར་མི་རུང་ངོ་ཞེ་ན། དུས་རྣམས་ཀུན་ཏུ་རྫས་སུ་ཡོད་ལ་འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པས་སྐྱོན་གཉིས་ཀ་མེད་དོ། །སྒྲུབ་བྱེད་ལུང་ནི་མདོ་ལས། གང་གི་ཕྱིར་འདས་པའི་གཟུགས་ཡོད་པ་དེའི་ཕྱིར་འདས་པའི་གཟུགས་ལ་མི་ལྟ་བ་ཡིན་ནོ། །མ་འོངས་པ་ལ་མངོན་པར་དགའ་བ་དང་ད་ལྟར་བ་ལ་རོ་མྱོང་བ་ཞེས་ཕུང་པོ་ལྔ་ཆར་ལ་སྦྱང་ཞིང་གསུངས་པའི་ཕྱིར་དང་། སྐྱེ་མཆེད་དྲུག་གི་སྡོམ་ཚིག་གི་མདོ་ལས། རྣམ་པར་ཤེས་པ་ནི་གཉིས་ལ་བརྟེན་ནས་སྐྱེའོ་ཞེས་འདས་མ་ཐག་པའི་ཡིད་དང་དུས་གསུམ་པའི་ཆོས་ལས་ཡིད་ཤེས་སྐྱེ་བར་བཤད་པའི་ཕྱིར་དངོས་མེད་ནི་རྟེན་དུ་མི་རུང་ངོ་། །རིགས་པ་ནི། ཡུལ་ཡོད་ན་རྣམ་ཤེས་སྐྱེ་ལ་མེད་ན་མི་སྐྱེ་ཞིང་དུས་གསུམ་ལ་དམིགས་པའི་ཤེས་པ་སྐྱེ་བའི་ཕྱིར་དང་། འདས་པ་མེད་ན་དགེ་མི་དགེའི་འབྲས་བུ་མི་རུང་བ་ལས་ཚེ་ཕྱི་མའི་རྣམ་སྨིན་གྱི་འབྲས་བུ་ཡོད་པའི་ཕྱིར་འདས་པ་ཡོད་དོ། །དེ་ལྟར་དུས་གསུམ་པོ་དེ་རྫས་སུ་ཡོད་པར་སྨྲ་བའི་ཕྱིར་བཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་སུ་འདོད་ཀྱི། ད་ལྟར་བ་དང་འབྲས་བུ་མ་ཕྱུང་བའི་འདས་པ་ནི་ཡོད་ལ་མ་འོངས་པ་དང་ཕྱུང་བ་ནི་མེད་དོ་ཞེས་སྨྲ་ན་རྣམ་པར་ཕྱེ་སྟེ་སྨྲ་བའོ། །གཉིས་པ་ནི། དུས་གསུམ་ཡོད་པར་སྨྲ་བ་དེ་དག་ཀྱང་རྣམ་པ་བཞི་སྟེ། བཙུན་པ་ཆོས་སྐྱོབ་ནི། ཆོས་གཅིག་དུས་གསུམ་དུ་འཇུག་པ་ན་མ་འོངས་པ་དོར་ནས་ད་ལྟར་བ་དང་དེ་དོར་ནས་འདས་པ་ཐོབ་པས་དངོས་པོ་གཞན་དུ་འགྱུར་གྱི་རྫས་གཞན་དུ་མི་འགྱུར་ཏེ། འོ་མ་དང་ཞོ་དང་དེ་མར་དུ་འགྱུར་བ་ན་རོ་ནུས་གཞན་དུ་འགྱུར་གྱི་ཁ་དོག་མི་འགྱུར་བ་བཞིན་ཞེས་སྨྲ་བས་སོ། །དེས་ན་འདིས་དངོས་པོ་དང་རྫས་མི་གཅིག་པར་འདོད་དོ། །བཙུན་པ་དབྱངས་སྒྲོགས་ན་རེ། དུས་རེ་རེ་ཡང་དུས་གསུམ་ཆར་གྱི་མཚན་ཉིད་དང་ལྡན་ཡང་མ་འོངས་པ་སོགས་གང་གི་མཚན་ཉིད་ཤས་ཆེ་བ་དེ་མ་འོངས་པ་སོགས་སུ་འཇོག་པས་མཚན་ཉིད་གཞན་དུ་འགྱུར་གྱི་རྫས་གཞན་དུ་མི་འགྱུར་བས། སྐྱེས་བུ་གཅིག་བུད་མེད་གཅིག་ལ་ལྷག་པར་ཆགས་ཟེར་ཡང་གཞན་ལ་ཆགས་བྲལ་མིན་པ་བཞིན་ནོ། །འདིས་ཀྱང་རྫས་མི་འགྱུར་བར་སྨྲའོ། །བཙུན་པ་དབྱིག་བཤེས་ན་རེ། མ་འོངས་པའི་གནས་སྐབས་དོར་ནས་ད་ལྟར་བའི་གནས་སྐབས་སུ་ཕྱིན་པ་དང་། དེ་དོར་ནས་འདས་པའི་གནས་སྐབས་སུ་ཕྱིན་ནས་གནས་སྐབས་གཞན་དུ་འགྱུར་གྱི་རྫས་གཞན་དུ་མི་འགྱུར་ཏེ། རིལ་བུ་གཅིག་ཉིད་གཅིག་གི་ཤོད་མིག་ཏུ་བཞག་ན་གཅིག་དང་། དེ་བཞིན་དུ་བརྒྱ་དང་སྟོང་གི་ཤོད་མིག་ཏུ་བཞག་ན་དེ་དང་དེར་བརྗོད་པ་བཞིན་ཞེས་འདོད་ལ། འདིས་གནས་སྐབས་དང་གནས་སྐབས་ཅན་རྫས་ཐ་དད་དུ་འདོད་དོ། །བཙུན་པ་སངས་རྒྱས་ལྷ་ན་རེ། ད་ལྟར་བ་ལ་ལྟོས་ཏེ་རང་ལས་སྔ་བ་འདས་པ་དང་། ཕྱི་བ་ལ་མ་འོངས་པ་དང་། དེ་གཉིས་ཀྱི་བར་ད་ལྟར་བ་ཞེས་སྔ་ཕྱི་ལ་ལྟོས་ནས་གཞན་དང་གཞན་དུ་འགྱུར་གྱི་རྫས་གཞན་དུ་མི་འགྱུར་ཏེ། བུད་མེད་གཅིག་ཉིད་ལྟོས་ས་ཐ་དད་ལ་ལྟོས་ནས་མ་དང་བུ་མོ་གཉིས་ཀ་ཡིན་པ་བཞིན་ཞེས་འདོད་དོ། །སྔ་མ་གསུམ་གྱིས་དུས་གསུམ་རྫས་གཉིས་སུ་འདོད་ལ། ཕྱི་མས་ནི་དུས་གསུམ་རྫས་ཀྱང་གསུམ་དུ་འདོད་དོ། །དེ་ལྟར་ལུགས་བཞི་ལས་དང་པོ་ནི། གྲངས་ཅན་པས་རང་བཞིན་རྟག་ལ་གནས་སྐབས་མི་རྟག་ཅེས་འདོད་པ་དང་མཚུངས་ལ། གཉིས་པ་ལ་དུས་འཆོལ་བར་འགྱུར་བ་དང་། བཞི་པ་ལ་ལྟོས་ས་ཐ་དད་ལ་ལྟོས་ནས་དུས་རེ་རེ་ཡང་དུས་གསུམ་ཆར་དུ་འགྱུར་བའི་སྐྱོན་ཡོད་ལ། འོན་ཀྱང་དུས་གསུམ་གྱི་ཁྱད་པར་འདི་ཉིད་རིགས་སོ་ཞེས་ཁ་ཅིག་གསུང་ངོ་། །གསུམ་པ་ནི། བྱེ་སྨྲ་ན་རེ། འདོད་ཚུལ་གསུམ་པ་ཅུང་ཟད་བཟང་སྟེ་བྱ་བ་མི་བྱེད་པ་མ་འོངས་པ་དང་། བྱེད་པ་ད་ལྟར་བ་དང་བྱས་ནས་འགག་པ་འདས་པ་སྟེ་བྱ་བ་ཡིས་དུས་རྣམས་རྣམ་པར་གཞག་པས་དུས་གསུམ་གྱི་ཁྱད་པར་གྲུབ་ལ། གཞན་གྱིས་མི་གྲུབ་པའི་ཕྱིར་ཞེས་སོ། །གཉིས་པ་དེ་དག་དགག་པ་ལ་གསུམ་ལས། དུས་ཀྱི་ཁྱད་པར་ལ་གནོད་པ་བརྗོད་པ་ལ་བཞི་སྟེ། དུས་གསུམ་བྱ་བ་ཡོད་མེད་མཚུངས་པ། བྱ་བ་རེས་འགའ་བ་དང་། གཞན་ལ་ལྟོས་པ་དང་། མི་ལྟོས་པ་མི་རུང་བའོ། །དང་པོ་ནི། ད་ལྟར་བའི་མིག་དེ་མཚུངས་ལྟ་བའི་བྱ་བ་མི་བྱེད་པས་ད་ལྟར་དུ་མི་རུང་ལ། དེ་ནི་འབྲས་བུ་འཛིན་འབྱིན་གྱི་བྱ་བ་ཡོད་དོ་ཞེ་ན། འོ་ན་གཅིག་ནི་འདས་པས་ཞེས་འདས་པའང་འབྲས་བུ་འབྱིན་པས་བྱ་བ་ཡོད་པའམ་འབྱིན་པ་ལ་འཛིན་པ་ཡོད་པས་ཕྱེད་ད་ལྟར་དུ་འགྱུར་རོ། །གཉིས་པ་ནི། ཆོས་ཀྱི་དངོས་པོ་འདས་མ་འོངས་ན་ཡང་ཡོད་ན་བྱ་བ་བྱེད་པ་ལ་གེགས་སུ་བྱེད་དེ་དུས་གཉིས་བྱ་བ་མི་བྱེད་ལ་ད་ལྟར་བ་བྱེད་པའི་རེས་འགའ་བ་མི་རུང་སྟེ་དུས་གསུམ་ཆར་བྱ་བ་ཡོད་མེད་མཚུངས་རིགས་པས་སོ། །ཡང་ན་དུས་གཉིས་ཀྱང་བྱ་བ་བྱེད་པར་འགྱུར་ཏེ། དུས་རྟག་ཏུ་རྫས་སུ་ཡོད་པས་རྟག་ཏུ་བྱ་བ་བྱེད་པ་ལ་གེགས་བྱེད་སུ་ཡང་མེད་པས་སོ། །གསུམ་པ་ནི། བྱ་བ་ཉིད་དེ་ཡང་ཇི་ལྟར་ཡིན། བྱ་བ་ཅན་ལས་གཞན་ཡིན་ན་བྱ་བའང་བྱ་བ་གཞན་དང་བཅས་དགོས་པས་ཐུག་མེད་དུ་འགྱུར་བའམ། བྱ་བ་ལ་བྱ་བ་མེད་ན་བྱ་བ་འདུས་མ་བྱས་ཡིན་པས་རྟག་པར་ཐལ་ལོ། །བཞི་པ་ནི། བྱ་བ་ཆོས་ལས་གཞན་ཡིན་ན་སྐྱོན་དེར་འགྱུར་བ་ལས་གཞན་མིན་ནོ་ཞེ་ན། འོ་ན་ཆོས་རྟག་ཏུ་ཡོད་ལ་དེ་དང་གཅིག་པའི་བྱ་བའང་རྟག་ཏུ་ཡོད་པས་ད་དུང་ཡང་དུས་གསུམ་གྱི་ཁྱད་པར་མི་རུང་བའི་སྐྱོན་སོ་ན་གནས་སོ། །བྱ་བ་ཡོད་པ་ན་ཆོས་དང་ཐ་མི་དད་པ་ཡིན་ཡང་དུས་གཉིས་སུ་བྱ་བ་མ་སྐྱེས་པ་དང་ཞིག་ནས་མེད་དོ་ཞེ་ན། ད་ལྟ་བ་དངོས་པོ་ཡོད་པ་དེ་བཞིན་དུ་དུས་གཉིས་ཀྱང་དངོས་པོ་ཡོད་པར་ཁྱོད་ཉིད་ཀྱང་འདོད་ན་ཅིའི་ཕྱིར་བྱ་བ་མ་སྐྱེས་པ་དང་ཞིག་ནས་མེད་ཅེས་བྱ་སྟེ། བྱ་བ་དང་ཐ་མི་དད་པའི་དངོས་པོ་ཡོད་པའི་ཕྱིར་བྱས་མི་རྟག་བཞིན་ནོ། །གཉིས་པ་སྒྲུབ་བྱེད་དགག་པ་ལ་གསུམ་ལས། ལུང་དང་པོའི་དོན་ནི། གཞི་ད་ལྟར་བྱུང་ཟིན་དང་འབྱུང་འགྱུར་ལ་དགོངས་ནས་དགོངས་པ་སྔོན་བྱུང་བ་ལ་བག་ཆགས་བཞག་པའི་རྒྱུ་དང་། ཕྱིས་མྱོང་ངེས་ཀྱི་འབྲས་བུ་ལ་སྐུར་པ་འདེབས་པ་དགག་པའི་ཆེད་དུ་ཡོད་ཅེས་ཚིག་གི་ཕྲད་ཙམ་གསུངས་པ་སྟེ་མར་མེ་ཤི་བ་ནི་ཡོད་དོ་ཞེས་པ་ལྟ་བུའོ། །ལུང་གཉིས་པ་དང་རིགས་པ་དང་པོ་འདྲ་བས་དུས་གཉིས་རྣམ་ཤེས་ཀྱི་དམིགས་རྐྱེན་ཡིན་ན་འབྲས་བུ་བས་ཆེས་ཕྱི་བའི་དུས་གཉིས་དང་ཐར་པ་རྣམ་ཤེས་ཀྱི་རྒྱུར་མི་རུང་བས་མ་གྲུབ་ལ། དམིགས་པ་ཙམ་ཡིན་ན་མ་ངེས་ཏེ། མེད་པའི་སྐྱེ་མཆེད་བཅུ་གསུམ་པའི་མིང་ཡང་དམིགས་པ་ཡིན་པས་སོ། །རིགས་པ་གཉིས་པ་ནི། ལས་འདས་པའི་སྐད་ཅིག་གཉིས་པར་བག་ཆགས་བསྒོས་ལ་དེ་རྒྱུད་འགྱུར་བའི་ཁྱད་པར་གྱིས་ས་བོན་འགགས་པ་དང་འབྲས་བུ་འབྱུང་བ་དུས་མཉམ་པ་ཡིན་ནོ། །གསུམ་པ་དགག་པའི་མཇུག་བསྡུ་བས་རང་ལུགས་གཞག་པ་ནི། སྔོན་བྱུང་བ་དང་སྐྱེས་ལ་མ་ཞིག་པ་དང་རྐྱེན་ཡོད་ན་འབྱུང་དུ་རུང་བ་ནི་དུས་གསུམ་སྟེ་མདོ་ལས་འབྱུང་ངོ་། །གསུམ་པ་ནི། རེ་ཞིག་རིགས་པས་གནོད་ཀྱང་ཆོས་རྣམས་ཀྱི་ཆོས་ཉིད་དག་ནི་ཟབ་པ་དང་ཕྲ་བ་དང་རྟོགས་པར་དཀའ་བས་རྟོགས་པར་དཀའི་རྟོག་གེའི་ཡུལ་ལས་འདས་པ་ཡིན་ཏེ། རྒྱན་ལས། རྟོག་གེ་བརྟེན་ཅིང་མ་ངེས་ལ། །མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། །ཞེས་གསུངས་སོ། །གཉིས་པ་སྤངས་པ་ལྡན་པར་བཞག་ཚུལ་ནི། གང་ཞིག་སྤངས་ན་དེ་དང་བྲལ་བ་ཡིན་ནམ་ཞེ་ན། སྤངས་ལ་མ་བྲལ་བ་ཡོད་དེ། དུཿཁ་ཤེས་པ་སྐྱེས་ལ་ཀུན་འབྱུང་ཤེས་པ་མ་སྐྱེས་པའི་ཚེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་རྣམས་སྤངས་ཀྱང་ཀུན་འགྲོ་ལྷག་མ་ཀུན་འབྱུང་མཐོང་སྤང་རྣམས་ཀྱིས་དེ་ལ་དམིགས་ལ་ཡུལ་ཅན་མ་སྤངས་པའི་ཡུལ་ལྡན་པར་བཤད་པས་མ་སྤངས་ཀྱི་བར་དུ་ལྡན་ཞིང་། སྒོམ་སྤང་དང་པོའི་རྣམ་པ་བརྒྱད་ཀྱི་བར་དུ་སྤངས་ཀྱང་དེ་རྣམས་ཀྱི་ཡུལ་ཅན་དྲི་མ་ལྷག་མ་མ་སྤངས་པ་རྣམས་ཀྱིས་དམིགས་ནས་ལྡན་ནོ། །གསུམ་པ་ཆོས་གང་ལ་སེམས་གང་གིས་དམིགས་པ་ལ། ཁམས་གསུམ་གྱི་ཆོས་ལྔ་ལ་དང་། ཟག་མེད་ལ་སེམས་གང་གིས་དམིགས་པའོ། །དང་པོ་ལ། ཆོས་གསུམ་ལ་དང་། ཆོས་གཉིས་ལ་སེམས་གང་གིས་དམིགས་པའོ། །དང་པོ་ནི། འདིར་དངོས་པོ་གང་ལ་ཕྲ་རྒྱས་དུ་ཞིག་དམིགས་ནས་རྒྱས་ཤེ་ན། རྒྱས་ཚུལ་ཚིག་ཉུང་ངུས་སྟོན་པ་སྟེ། དེ་ལ་ཡུལ་ཆོས་ཐམས་ཅད་བསྡུ་ན་ཁམས་གསུམ་ན་སྤང་བྱ་རིས་ལྔ་ལྔ་དང་ཟག་མེད་དེ་བཅུ་དྲུག་ཡོད་ལ། དེའི་ནང་ནས་ཡུལ་ཅན་སེམས་ཀྱང་བཅུ་དྲུག་གོ །དེ་དག་ལས་སྡུག་བསྔལ་དང་དེའི་རྒྱུ་མཐོང་བ་དང་སྒོམ་པ་ཡིས་སྤང་བྱ་གསུམ་པོ་འདོད་ཁམས་ལས་སྐྱེས་པ་ནི་གྲངས་འདྲ་བར་རང་གི་ས་པའི་སེམས་དེ་གསུམ་གྱི་ཡུལ་ཅན་ཡིན་ཏེ། དང་པོ་གཉིས་ཀྱིས་ཀུན་འགྲོ་ནི་རང་སའི་རིས་ལྔ་ཆར་ལ་དམིགས་པས་གསུམ་ཚང་བ་དང་། ཀུན་འགྲོ་མིན་པ་ནི་རང་གི་དངོས་སུ་ལོག་ཞུགས་ཀྱིས་ཆོས་ལ་དམིགས་ལ། སྒོམ་སྤང་ཉོན་མོངས་ཅན་ནི་སྒོམ་སྤང་གི་ཆོས་གཅིག་པུ་དང་། ཉོན་མོངས་ཅན་མ་ཡིན་པ་ནི་ཐོས་བསམ་གྱི་དགེ་བ་གསུམ་ཆར་ལ་དམིགས་སོ། །གཟུགས་ཀྱི་སྒོམ་སྤང་དུ་གཏོགས་པ་ནི་དང་པོའི་ཉེར་བསྡོགས་ཀྱི་དགེ་བ་གཅིག་པུ་དང་། དྲི་མེད་དེ་སྡུག་ཀུན་ཤེས་བཟོད་སྒོམ་ལམ་བར་ཆད་མེད་ལམ་སྟེ་རྣམ་ཤེས་ལྔའི་སྤྱོད་ཡུལ་ལོ། །གཟུགས་ཁམས་ལས་སྐྱེས་པའི་སྤང་བྱ་དེ་གསུམ་ནི་རང་གི་སེམས་དེ་གསུམ་དང་འོག་མ་འདོད་པའི་སྐལ་བ་མི་མཉམ་པའི་ཀུན་འགྲོ་གཉིས་དང་སྒོམ་སྤང་དགེ་བ་ཐོས་བསམ་ལས་བྱུང་བའི་ཤེས་རབ་སྟེ་གསུམ་དང་། བསམ་གཏན་བཞི་པའི་དེ་གསུམ་གོང་མ་ནམ་མཁའི་ཉེར་བསྡོགས་ཀྱི་སྒོམ་སྤང་གཅིག་པུ་དང་དྲི་མེད་སྡུག་ཀུན་ལ་རྗེས་སུ་ཤེས་བཟོད་ཀྱིའང་ཡུལ་ལོ། །གཟུགས་མེད་ལས་སྐྱེས་པའི་ཆོས་དེ་གསུམ་ནི་ཁམས་གསུམ་དུ་གཏོགས་པའི་སེམས་གསུམ་པོ་དེ་དག་དང་ཟག་མེད་རྗེས་ཤེས་ཕྱོགས་མཐུན་གྱི་སེམས་ཏེ་བཅུའི་སྤྱོད་ཡུལ་ལོ། །གཉིས་པ་ནི། འགོག་པ་དང་ལམ་མཐོང་སྤང་གི་ཆོས་ཁམས་གསུམ་པ་ཀུན་ཁམས་གསུམ་གྱི་ཆོས་ཡུལ་དུ་བྱེད་པ་པའི་རྣམ་ཤེས་ཀྱི་སྟེང་དུ། རང་རང་དང་དངོས་སུ་ལོག་ཞུགས་ཀྱི་ཆོས་ལོག་ཞུགས་གཉིས་པའི་ཡུལ་ཡིན་པས་དེས་གླགས་པ་སྟེ་ལྷག་པའི་སྤྱོད་ཡུལ་ལོ། །གཉིས་པ་ཟག་མེད་ལ་སེམས་གང་གིས་དམིགས་པ་ནི། ཟག་མེད་ཀྱི་ཆོས་ནི་ཡུལ་ཅན་ཁམས་གསུམ་གྱི་སེམས་ལྔ་ལྔའི་མཐའ་མ་འགོག་ལམ་མཐོང་སྤང་དངོས་ཀྱི་ཡུལ་དེ་གཉིས་དང་། སྒོམ་སྤང་དགེ་བའི་ཡུལ་ཟག་མེད་ཐམས་ཅད་ཡིན་པས་དེ་བསྣན་ན་གསུམ་གསུམ་དང་ཟག་མེད་འགོག་ལམ་ལ་ཤེས་བཟོད་ཀྱི་སྤྱོད་ཡུལ་ལོ། །གཉིས་པ་སེམས་ཕྲ་རྒྱས་དང་བཅས་པའི་དབྱེ་བ་ནི། ཉོན་མོངས་པར་བྱེད་པ་ནི་ཉོན་མོངས་ཅན་ཡིན་ལ་དེ་ཕྲ་རྒྱས་དང་བཅས་པ་ནི་རྣམ་པ་གཉིས་གཉིས་ཀྱིས་ཏེ། མཚུངས་ལྡན་དང་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་བ་དང་། དེ་དང་མཚུངས་ལྡན་གང་གིས་སྤངས་པ་དེ་རྒྱས་པར་མི་འགྱུར་ཡང་ལྷན་ཅིག་པ་ཙམ་གྱིས་བཅས་པར་འཇོག་གོ །སེམས་ཉོན་མོངས་ཅན་མིན་པ་ནི་དེ་ལ་དམིགས་པའི་སྤངས་པའི་རྒྱས་གྱུར་ཁོ་ནས་ཕྲ་རྒྱས་དང་བཅས་པར་བཞག་གི འོག་སའི་ཉོན་མོངས་དམིགས་པ་ལ་མི་རྒྱས་པས་ཟག་བཅས་སུ་མི་འཇོག་གོ །གཉིས་པ་ཕྲ་རྒྱས་སྐྱེ་ཚུལ་ལ། སྐྱེ་བའི་རིམ་པ། སྐྱེ་བའི་རྒྱུའོ། །དང་པོ་ནི། བདེན་པའི་དོན་ལ་རྨོངས་པ་ནི་ཕྱོགས་གཉིས་ཐོས་པ་ལས་ཐེ་ཚོམ་སྐྱེ་ལ། དེ་ནས་ནི་ལོག་པའི་ཐོས་བསམ་ལས་ལོག་ལྟ་སྐྱེ་ཞིང་། ཆོས་འདི་པས་དུཿཁའི་རྣམ་པ་བཞག་པ་ལ་སྐུར་པ་བཏབ་པ་དེ་ནས་འཇིག་ཚོགས་ལ་ལྟ་བ་དང་། དེ་ནས་རྟག་པའི་མཐར་འཛིན་པ་དང་། དེ་ནས་གང་མཐར་བཟུང་བ་དེས་འདག་པར་འཛིན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྐྱེ་ལ། དེ་ནས་གང་གིས་འདག་པར་ཡིད་ཆེས་པ་དེ་ལ་མཆོག་གོ་ཞེས་ལྟ་བ་མཆོག་འཛིན་འཇུག་ཅིང་། དེ་ནས་རང་གི་ལྟ་བ་དེ་དག་ལ་དོན་དུ་གཉེར་བའི་ཆགས་པ་དང་། དེས་ཁེངས་པའི་ང་རྒྱལ་འཇུག་སྟེ་ཚིག་སྡེབ་པའི་ངོར་ང་རྒྱལ་སྔར་སྨོས་ཤིང་། རང་གི་ལྟ་བ་ལ་ཞེན་ནས་དེའི་དགྲ་འགྱུར་པ་གཞན་འདི་པའི་ལྟ་བ་ལ་ཞེ་སྡང་ངོ་། །ཕྲ་རྒྱས་བཅུ་སྐྱེ་བའི་རིམ་པ་དེ་ལྟར་རོ། །གཉིས་པ་ནི། ཕྲ་རྒྱས་ཐོབ་པ་ཆད་པའི་ཚུལ་གྱིས་སྤངས་པ་མིན་པ་དང་། རང་རང་དང་མཐུན་པའམ་དྲན་པའི་ཡུལ་ནི་ཉེ་བར་གནས་པ་དང་། ཡུལ་དེ་ལ་ཚུལ་བཞིན་མིན་པའི་ཡིད་ལ་བྱེད་པ་ལས་ཉོན་མོངས་པ་སྐྱེ་སྟེ་ཉོན་མོངས་ཀྱི་རྒྱུ་ཚང་བས་སོ། །དེ་དག་ནི་རིམ་བཞིན། ཡུལ་དུ་སྦྱོར་བའམ་རྒྱུ། དམིགས་པ། དེ་མ་ཐག་རྐྱེན་ནོ། །གསུམ་པ་རྣམ་གྲངས་སོགས་ཀྱི་བཤད་པ་ལ། རྣམ་གྲངས་དངོས། དེ་རྣམས་གང་དང་མཚུངས་པར་ལྡན་པ། སྒྲིབ་པ་ལྔ་འདོད་ཁམས་པར་བསྟན་པའོ། །དང་པོ་ལ་ཟག་པ་སོགས་གསུམ་དུ་བསྟན། ཀུན་སྦྱོར་སོགས་ལྔར་བསྟན་པའོ། །དང་པོ་ལ། དབྱེ་བ་དངོས། ངེས་ཚིག་གོ །དང་པོ་ལ། ཟག་པ། ཆུ་སྦྱོར། ཉེར་ལེན་ནོ། །དང་པོ་ལ། འདོད་པའི་ཟག་པ། སྲིད་པའི་ཟག་པ། མ་རིག་པའི་ཟག་པའོ། །དང་པོ་ནི། འདོད་པ་ན་སྤྱོད་པའི་གཏི་མུག་ལྔ་མ་གཏོགས་པའི་ཉོན་མོངས་པ་སུམ་ཅུ་རྩ་གཅིག་དང་འོག་ནས་འབྱུང་བའི་ཀུན་ནས་དཀྲིས་པ་བཅུ་དང་བཅས་པའི་རྫས་བཞི་བཅུ་རྩ་གཅིག་ཕལ་ཆེར་འདོད་པའི་ཡོན་ཏན་ལ་དམིགས་པས་འདོད་པའི་ཟག་པ་ཞེས་བྱའོ། །གཉིས་པ་ནི། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཕྲ་རྒྱས་མ་རིག་པ་བཅུ་བོར་བའི་ལྔ་བཅུ་རྩ་གཉིས་ཁོ་ན་སྲིད་པའི་ཟག་པ་སྟེ། གང་སྤེལ་ལས། ཀུན་ནས་དཀྲིས་པ་དེ་དག་རང་དབང་ཅན་མིན་པས་མ་སྨོས་སོ། །དེ་རྣམས་གཅིག་ཏུ་སྟོན་པའི་རྒྱུ་གསུམ་སྟེ། གོང་མ་དེ་གཉིས་ཀའི་ཕྲ་རྒྱས་རྣམས་ལུང་མ་བསྟན་དང་ཁ་ནང་དུ་བལྟས་ཏེ་འཇུག་པ་དང་། མཉམ་གཞག་གི་ས་པ་ཡིན་པའི་ཕྱིར་ཟག་པ་གཅིག་ཏུ་བྱས་ཏེ་སྲིད་པའི་འདོད་ཆགས་བཞིན་ནོ། །གསུམ་པ་ནི། ཁམས་གསུམ་གྱི་མ་རིག་པ་ལྔ་གསུམ་བཅོ་ལྔ་ནི་མ་རིག་པའི་ཟག་པར་གྲུབ་ལ། དེ་ལོགས་སུ་བཤད་པའི་དགོས་པ་ནི་དེ་ཐམས་ཅད་ཀྱི་རྩ་བ་མ་རིག་པ་ཡིན་པས་དེ་སྤངས་ན་ཐམས་ཅད་སྤང་བར་འགྱུར་རོ་ཞེས་ཤེས་པར་བྱ་བའི་ཕྱིར། ལོགས་ཤིག་ཏུ་ནི་ཟག་པར་བསྟན་ནོ། །གཉིས་པ་ལ་དངོས་དང་། རྩོད་སྤོང་གཉིས་སོ། །དང་པོ་ནི། ཆུ་བོ་སྦྱོར་བའམ་ཟག་པ་བཤད་པ་དེ་བཞིན་དུ་རིག་པར་བྱ་སྟེ། མདོ་ལས་བཞི་འབྱུང་ངོ་ཞེ་ན། ལྟ་བ་རྣམས་ཕྱུང་ནས་འདོད་པའི་ཆུ་བོ་ཉེར་དགུ་སྲིད་པའི་ཆུ་བོ་ཉེར་བརྒྱད། ལྟ་བའི་ཆུ་བོ་སོ་དྲུག་སྟེ་དེ་ནི་ཤེས་རབ་ཀྱི་རང་བཞིན་ཡིན་པར་གསལ་བའི་ཕྱིར་ཆུ་སྦྱོར་ལས་ལོགས་ཤིག་ཏུ་སྟོན་ཞེས་བྱེ་སྨྲ་འདོད་དོ། །སློབ་དཔོན་ནི་གདུལ་བྱའི་དབང་གིས་སོ། །གཉིས་པ་ནི། ཟག་པ་བསྟན་པའི་སྐབས་སུ་ལྟ་བ་ལོགས་སུ་མ་བསྟན་པ་ཅི་ཞེ་ན། ཟག་པའི་སྐབས་སུ་ལོགས་སུ་མིན་ཏེ། དེའི་དོན་ནི་འཁོར་བར་འཇོག་པ་ཡིན་ན་གྲོགས་མེད་པའི་ལྟ་བ་འབའ་ཞིག་པ་རྣམས་ནི་གསལ་བས་འཇོག་པའི་རྗེས་སུ་མི་མཐུན་པ་ཡིན་ལ་གྲོགས་དང་བཅས་ནས་འཇོག་པའི་ཕྱིར་རོ། །དེས་ན་ཉེར་དགུ་ལ་འདོད་པའི་ཆུ་སྦྱོར་ཞེས་སོགས་སྦྱར་རོ། །ལོ་ཞེས་པ་མ་རངས་པ་སྟེ་ཡང་དག་པའི་དོན་ལ་གསལ་བའི་རྟགས་མེད་ཅིང་ཕྱིན་ཅི་ལོག་ལ་གསལ་ན་སླར་འཇོག་པའི་རྗེས་མཐུན་ནོ་ཞེས་སློབ་དཔོན་གསུང་ངོ་། །མ་རིག་པ་བཅོ་ལྔ་ནི་རྩ་བ་ཡིན་པས་མ་རིག་པའི་ཆུ་བོ་ཏེ་སྦྱོར་བའང་དེ་བཞིན་དུ་སྦྱར་རོ། །གསུམ་པ་ལ་དངོས་དང་། རྩོད་སྤོང་གཉིས་སོ། །དང་པོ་ནི། མདོ་གཞན་ལས་ཉེར་ལེན་བཞི་འབྱུང་བ་ནི་ཆུ་སྦྱོར་དུ་ཇི་སྐད་བཤད་པའི་འདོད་པའི་ཆུ་སྦྱོར་ཉིད་མ་རིག་པ་དང་བཅས་པ་སོ་བཞི་ནི་འདོད་པ་ཉེར་ལེན་དང་སྲིད་པའི་ཆུ་སྦྱོར་མ་རིག་པ་དང་བཅས་པ་སོ་བརྒྱད་ནི་སྲིད་པ་ཉེ་བར་ལེན་པ་རྣམས་དང་། ལྟ་བ་ལ་རྣམ་པ་གཉིས་སུ་ཕྱེ་བའི་ཕྱིར་ཁམས་གསུམ་གྱི་ལྟ་བ་དང་པོ་གཉིས་དྲིལ་ནས་སུམ་ཅུ་ནི་ལྟ་བ་ཉེ་བར་ལེན་པ་དང་། ཁམས་གསུམ་གྱི་མཆོག་འཛིན་གཉིས་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་སྟེ། ལྟ་བ་ཐ་མ་གཉིས་ལོགས་སུ་བྱས་པ་ནི་ལམ་མ་ཡིན་ལམ་དུ་འཛིན་པས་ལམ་གྱི་དགྲར་གྱུར་པ་དང་ཕྱོགས་གཉིས་ཀ་བསླུ་བའི་ཕྱིར་ཏེ། ཟས་མི་ཟ་བ་སོགས་ལམ་དུ་འཛིན་པས་ཁྱིམ་པ་བསླུ་ཞིང་ཁ་ཟས་རོ་བརྒྱ་པ་ལ་སོགས་པ་ཐར་པ་དང་མི་འགལ་བའི་ཡུལ་ཡིད་དུ་འོང་བ་སྤངས་པས་འདག་པར་འཛིན་པས་ཕྱི་རོལ་པའི་རབ་བྱུང་རྣམས་བསླུ་བའི་ཕྱིར་རོ། །གཉིས་པ་ནི། འོ་ན། མ་རིག་པ་ཉེར་ལེན་དུ་བསྲེས་ཏེ་བཤད་པ་ཅི་ཞེ་ན། སྲིད་པར་འཛིན་པ་ནི་ཉེར་ལེན་ཡིན་ལ། མ་རིག་པ་རྐྱང་པ་ནི་མི་གསལ་བས་འཛིན་པར་བྱེད་པ་མིན་ལ། ཉོན་མོངས་གཞན་དང་འདྲེས་པ་ན་འཛིན་པའི་ཕྱིར་བསྲེས་སོ། །སྐུ་མཆེད་གཉིས་ནི་འདོད་པ་སོགས་བཞི་ལ་འདུན་ཞིང་ཆགས་པ་ཉེར་ལེན་བཞིར་བཞེད་དོ། །གཉིས་པ་ངེས་ཚིག་ལ། ཕྲ་རྒྱས་སྤྱིའི་དང་། བྱེ་བྲག་ཟག་བཅས་ཀྱི་ངེས་ཚིག་གོ །དང་པོ་ནི། གང་གི་ཕྱིར་ཕྲ་རྒྱས་ཞེས་བྱ་ཞེ་ན། ཉོན་མོངས་དེ་དག་རྒྱུད་ལ་རྒྱུ་བ་རྟོགས་དཀའ་བས་འཇུག་པ་ཕྲ་བ་དང་། ཐོབ་པ་དང་རྗེས་སུ་འབྲེལ་བ་དང་། དམིགས་པ་དང་མཚུངས་ལྡན་རྣམ་པ་གཉིས་ཀྱིས་རྒྱས་པར་འགྱུར་བ་དང་། ངོ་བོ་མ་སྤངས་པ་ན་སྦྱོར་བ་མེད་པར་བཟློག་པ་བཞིན་ཡང་དང་ཡང་དུ་རྗེས་སུ་འབྲང་བས་དེའི་ཕྱིར་ཕྲ་རྒྱས་དག་ཏུ་བཤད་པ་ཡིན་ནོ། །དེ་ཡང་དང་པོ་དང་གསུམ་པས་ངེས་ཚིག་དང་གཞན་གཉིས་ཀྱིས་དོན་བཤད་དོ། །གཉིས་པ་ནི། དེ་དག་གིས་འཁོར་བར་འཇོག་པར་བྱེད་པའམ། སྐྱེ་མཆེད་དྲུག་གི་རྨའི་སྒོ་ནས། ཟག་ཅིང་འབོ་བར་བྱེད་པ་དང་། འགྲོ་བའམ་ཡུལ་གཞན་དུ་འཁྱེར་ཞིང་འཁྲིད་པར་བྱེད་པ་དང་དེ་དག་ཏུ་སྦྱོར་ཞིང་འབྱར་བར་བྱེད་པ་དང་། ཡང་སྲིད་དམ་འདོད་པ་སོགས་བཞི་པོར་རྣམ་ཤེས་ཉེ་བར་འཛིན་ཞིང་ལེན་པར་བྱེད་པའི་ཕྱིར་ཟག་པ་དང་། སོགས་པ་ཆུ་སྦྱོར་དང་ཉེར་ལེན་དུ་བཞག་པའི་ཕྲ་རྒྱས་དེ་དག་གི་ནི་ངེས་ཚིག་ཡིན་ཏེ། དཔེར་ན་རྣག་དང་ཆུ་བོ་དང་སྦྱིན་དང་ལྕགས་ཀྱུ་ལྟ་བུའོ། །མདོ་སྡེ་པ་ནི་ཕྲ་རྒྱས་བག་ལ་ཉལ་ལ་འདོད་པས་དེའི་ཕྱིར། ཕྲ་བ་དང་རྐྱེན་དང་རྗེས་སུ་འབྲེལ་བ་དང་བག་ལ་ཉལ་ཏེ་རྐྱེན་དང་འཕྲད་ན་རྣམ་པ་གཉིས་ཀྱིས་རྒྱས་པར་འགྱུར་བ་དང་གཉེན་པོ་མ་སྐྱེད་ཀྱི་བར་དུ་རྗེས་སུ་འབྲང་བར་འདོད་པའོ་ཞེས་གསུངས་སོ། །སློབ་དཔོན་ནི་ངེས་ཚིག་གཞན་དུ་འཆད་དོ། །གཉིས་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། ཕྲ་རྒྱས་དེ་དག་ཉིད་ཀུན་ཏུ་སྦྱོར་བ་དང་། སོགས་པ་འཆིང་བ་དང་ཕྲ་རྒྱས་དང་ཉེ་ཉོན་དང་ཀུན་དཀྲིས་ཀྱི་དབྱེ་བས་ཀྱང་རྣམ་པ་ལྔར་བཤད་དོ། །ཅི་ཉེ་ཉོན་ཕྲ་རྒྱས་ཀྱི་རྣམ་གྲངས་སུ་ཇི་ལྟར་འཐད་ཅེ་ན། ལས་བསྟན་གྱི་ཊཱི་ཀར་རྩ་ཉོན་ཡང་ཉེ་ཉོན་དུ་འབྱུང་བ་དང་འདོད་ཟག་དང་ཀུན་སྦྱོར་དུ་ཉེ་ཉོན་སྨོས་པ་ཡང་མིང་མཐུན་པའི་ཚེ་རྣམ་གྲངས་སུ་བཏགས་པའོ་ཞེས་འཆད་དོ། །གཉིས་པ་ལ་བཞི་སྟེ། ཀུན་སྦྱོར། འཆིང་བ། ཉེ་ཉོན། ཀུན་དཀྲིས་སོ། །དང་པོ་ལ། ཀུན་སྦྱོར་དགུར་བསྟན། ཆ་མཐུན་ལྔར་བཤད་པའོ། །དང་པོ་ལ་ལྟ་བ་གསུམ་གཉིས། ཕྲག་དོག་སེར་སྣ་ཀུན་སྦྱོར་དུ་བཞག་པའི་རྒྱུ་མཚན་ནོ། །དང་པོ་ནི། ལྟ་བ་དང་པོ་གསུམ་དང་ཕྱི་མ་གཉིས་ནི་ཁམས་གསུམ་ན་རྫས་བཅོ་བརྒྱད་བཅོ་བརྒྱད་དུ་འདྲ་བ་དང་། གསུམ་ནི་མཆོག་ཏུ་གཟུང་བྱར་འདྲ་ཞིང་། གཉིས་ནི་མཆོག་ཏུ་འཛིན་བྱེད་དུ་འདྲ་བའི་ཕྱིར་ལྟ་བ་ཕྱི་མ་གཉིས་དང་སྔ་མ་ཀུན་ཏུ་སྦྱོར་བ་གཞན་ཡིན་ནོ། །དབུས་མཐར་རིམ་བཞིན་འགོག་ལམ་གཉིས་ཤེས་པ་ལ་སྒྲིབ་པས་ཐ་དད་དུ་བཤད་པའོ། །གཉིས་པ་ནི། ཀུན་དཀྲིས་རྣམས་ལས་ཕྲག་དོག་དང་སེར་སྣ་ཁོ་ན་ཀུན་སྦྱོར་དུ་བཤད་པ་ཅི་ཞེ་ན། རྒྱུ་གང་གི་ཕྱིར་ན་གཉིས་ཀ་མཐའ་གཅིག་ཏུ་མི་དགེ་བ་དང་རང་དབང་ཅན་ཡིན་པ་དེ་ཡི་ཕྱིར་ཕྲག་དོག་དང་སེར་སྣ་གཉིས་ཀུན་དཀྲིས་དེ་དག་ལས་ལོགས་ཤིག་ཏུ་ཀུན་སྦྱོར་གཉིས་སུ་བཤད་དོ། །ངོ་ཚ་མེད་པ་སོགས་ནི་ཆགས་སོགས་དང་ལྡན་པས་རང་དབང་ཅན་མིན་ཞིང་། འགྱོད་པ་ནི་མ་རིག་པ་ཙམ་དང་ལྡན་པས་རང་དབང་ཅན་ཡིན་ཡང་གཅིག་ཏུ་མི་དགེ་བ་མིན་ནོ། །གཞན་དག་ན་རེ། ཀུན་དཀྲིས་བརྒྱད་དུ་འདོད་པ་ལ་ལན་དེ་རུང་གི་བཅུར་འདོད་པ་ལ་མི་རུང་ངོ་ཞེས་ཟེར། འདུས་བཟང་ནི་དེ་གཉིས་ཡང་ཡང་འབྱུང་བས་བདེ་འགྲོ་ན་ལྷག་པར་འཆིང་བས་སོ་ཞེས་བཤད་དོ། །གཉིས་པ་ལ་ཐ་མའི་ཆ་མཐུན། གོང་མའི་ཆ་མཐུན་ལྔའོ། །དང་པོ་ལ། ངོ་བོ་བྱེད་ལས་དང་བཅས་པ། ཀུན་སྦྱོར་གསུམ་གྱི་རྒྱུ་མཚན་ནོ། །དང་པོ་ནི། མདོ་ལས་ཐ་མའི་ཆ་འདོད་ཁམས་དང་མཐུན་པའི་ཀུན་ཏུ་སྦྱོར་བ་རྣམ་པ་ལྔ་གསུངས་ཏེ། འཇིག་ལྟ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་དང་ཐེ་ཚོམ་ཁམས་གསུམ་པ་ཅན་ཡིན་ལ། འདོད་པ་ལ་འདུན་པ་དང་གནོད་སེམས་ནི་འདོད་ཁམས་སོ། །ཇི་ལྟར་མཐུན་ཞེ་ན། ཐ་མ་གཉིས་ཀྱིས་ནི་འདོད་པ་ལས་མི་འདའ་བར་བྱེད་པ་སྟེ་དེ་ཁོ་ནའི་ཉོན་མོངས་ཡིན་པས་སོ། །དང་པོ་གསུམ་པོ་ཡིས་འདོད་པ་ལས་ལན་གཅིག་འདས་ཏེ་གོང་མར་སྐྱེས་ཀྱང་ཕྱིར་ལྡོག་པར་བྱེད་དེ། སོ་སྐྱེ་གཏན་དུ་དེར་མི་སྡོད་ཅིང་ཡང་སྲིད་ལ་ཐ་མ་མེད་པའི་ཕྱིར་རོ། །དཔེར་ན་སྒོ་པས་བཙོན་ར་ནས་འབྱུང་དུ་མི་སྟེར་བ་དང་། བཙོན་ར་ནས་ཤོར་ཡང་རྗེས་བསྲུངས་པས་ཕྱིར་ཟློག་པ་བཞིན་ནོ། །སེམས་ཙམ་པ་ནི་སྔ་མ་གསུམ་གྱིས་སེམས་ཅན་གྱི་ཐ་མ་སོ་སྐྱེ་དང་ཕྱི་མ་གཉིས་ཀྱིས་ཁམས་ཐ་མ་འདོད་ཁམས་ལས་མི་འདའ་བས་སོ་ཞེས་སོ། །གཉིས་པ་ནི། རྒྱུན་ཞུགས་ཀྱི་མཐར་ལྟ་སོགས་ཀྱང་སྤངས་ན་ཀུན་སྦྱོར་སྔ་མ་ཁོ་ན་སྤངས་པས་རྒྱུན་ཞུགས་སུ་མིང་ཆེན་གྱི་མདོ་ལས་གསུངས་པ་ཇི་ལྟར་ཞེ་ན། མཐར་འཛིན་གྱི་སྒོ་ནི་འཇིག་ལྟ་དང་། ལྟ་བ་མཆོག་འཛིན་གྱི་སྒོ་མཆོག་འཛིན་ཕྱི་མ་དང་། ལོག་ལྟའི་སྒོ་ཐེ་ཚོམ་ཡིན་པས་ལྟ་བ་དང་པོ་སྤངས་པར་བསྟན་པས་གཉིས་པ་སྤངས་པར་གོ་ལ། བཞི་པའི་སྒོ་ལྔ་པ་སྤངས་པར་བསྟན་པས་བཞི་པ་སྤངས་པར་གོ་ལ། ལོག་ལྟའི་སྒོ་ཐེ་ཚོམ་སྟེ་རྩ་བ་གསུམ་སྤངས་པར་བསྡུས་ཏེ་བསྟན་པའི་ཕྱིར་རྩ་བ་ཅན་དེ་གསུམ་སྤངས་པར་གྲུབ་པས་གསུམ་ཁོ་ན་མདོར་སྨོས་སོ། །སློབ་དཔོན་ནི་རྒྱུན་ཞུགས་ཀྱིས་ཐར་པའི་གྲོང་དུ་འཇུག་པའི་གེགས་ཐམས་ཅད་བཅོམ་པ་ཡིན་ལ། དེ་ནི་གསུམ་སྟེ་འཇིག་ལྟས་ཐར་པ་ལ་སྐྲག་སྟེ་འགྲོ་མི་འདོད་པ་དང་། ལྟ་བ་ལྔ་པས་ལམ་མིན་པར་འཛིན་པས་ལམ་ནོར་བ་དང་། ལམ་ལ་ཐེ་ཚོམ་ཟ་ན་ཡང་དག་པའི་ལམ་འདོར་བས་གསུམ་པོ་དེ་སྙེད་ཅིག་ཐར་པ་བགྲོད་པ་ལ་གཙོ་བོར་གེགས་བྱེད་པ་དེ་ཡི་ཕྱིར་ན་རྒྱུན་ཞུགས་ཀྱིས་གསུམ་སྤངས་པར་བསྟན་ནོ་ཞེས་སོ། །གཉིས་པ་གོང་མའི་ཆ་མཐུན་ནི། ཡང་མདོ་ལས་གོང་མའི་ཆ་དང་མཐུན་པའི་ཀུན་སྦྱོར་ལྔ་ཉིད་གསུངས་ཏེ། ཇི་ལྟར་ཞེ་ན། གཟུགས་དང་གཟུགས་མེད་པ་ལས་སྐྱེས་པའི་འདོད་ཆགས་གཉིས་སོ་སོར་བཤད་པ་ནི་སྤང་བྱའི་གཙོ་བོའམ་ཉེར་ལེན་གྱི་རྒྱུ་ཡིན་པས་སོ། །རྒོད་པ་དང་ང་རྒྱལ་དང་རྨོངས་པའོ། །གསུམ་པོ་རེ་རེ་བཤད་པ་ནི། གོང་མ་ཡོངས་སུ་མི་བཏོང་བར་མཚུངས་པས་ཞེས་སྔ་རབས་པ་དག་འཆད་དོ། །གཉིས་པ་ནི། རྟེན་ཚོར་བ་གསུམ་དུ་ངེས་པའི་དབང་གིས་དུས་གསུམ་གྱི་འཆིང་བ་གསུམ་མོ། །གསུམ་པ་ནི། རྩ་བའི་ཉོན་མོངས་པ་ལས་གཞན་པའི་ཉོན་མོངས་པ་ཅན་སེམས་ལས་བྱུང་བ་འདུ་བྱེད་ཀྱི་ཕུང་པོ་ཞེས་པས་བསྡུས་པ་གང་ཡིན་པ་དེའང་ཉེ་བའི་ཉོན་མོངས་པ་སྟེ། ཉོན་མོངས་དང་ཉེ་བའི་ངོ་བོ་ཡིན་པས་སམ་ཉེ་བར་འདུག་པས་སོ། །དེ་དག་ཉེ་ཉོན་ཁོ་ན་ཡིན་གྱི་ཉོན་མོངས་ཞེས་ནི་མི་བྱའོ། །སར་ནི་སེམས་ཉེ་བར་ཉོན་མོངས་པར་བྱེད་པས་སོ་ཞེས་བཤད་དོ། །དབྱེ་ན་འདི་ནས་སྟོན་པ་བཅུ་དྲུག་དང་། མ་དད་བག་མེད་ལེ་ལོ་དང་། གཞི་ཕྲན་ཚེགས་ནས་འབྱུང་བའི་མི་དགའ་བ་ནས་འཁྲུག་པའི་བར་ཉེར་བཞི་དང་། རིན་ཆེན་ཕྲེང་བར། དེས་ནས་ཉེས་པ་ཕྲན་ཚེགས་ཞེས། །ལྔ་བཅུ་རྩ་བདུན་བསྒྲགས་པ་རྣམས། །ཞེས་པའོ། །བཞི་པ་ལ། དངོས་ཀྱི་དོན། ཞར་ལ་དྲི་མ་བཤད་པ། དེའི་ཁྱད་པར་རོ། །དང་པོ་ལ་ཀུན་དཀྲིས་ཀྱི་དབྱེ་བ། དེ་ཉེ་ཉོན་དུ་བཞག་པའོ། །དང་པོ་ནི། མདོ་ལས་བྱུང་བའི་རྩ་ཉོན་ཡང་ཀུན་དཀྲིས་སུ་འདོད་ལ། བསྟན་བཅོས་རབ་ཏུ་བྱེད་པར་ནི་ཉེ་ཉོན་གྱི་དབང་དུ་བྱས་པའི་བརྒྱད་འབྱུང་སྟེ། གྲངས་ངེས་པ་ནི་བསླབ་པ་གསུམ་ཕན་འདོགས་དང་བཅས་པའི་མི་མཐུན་པའི་སྒོ་ནས་ཚུལ་ཁྲིམས་ཀྱི་ངོ་ཚ་དང་ཁྲེལ་མེད་དང་། གཞན་ལ་ཕན་འདོགས་པའི་ཕྲག་དོག་སེར་སྣ་དང་། ཤེས་རབ་ཀྱི་རྒོད་པ་དང་འགྱོད་པ་དང་། སེམས་ཀྱི་རྨུགས་པ་དང་གཉིད་པ་དེ་དག་ནི། སར་སྲིན་བུ་ཁ་ཆུས་དཀྲིས་པ་ལྟར་ཡང་ཡང་འབྱུང་བས་སེམས་འཁྲི་ཞིང་གཡོག་པར་བྱེད་པ་ཕྱིར་ཀུན་ནས་དཀྲིས་པ་རྣམ་པ་བརྒྱད་དོ། །བྱེ་སྨྲ་ནི་སྒྲ་དོན་གནས་པར་བསམས་ནས་ཁྲོ་དང་འཆབ་པ་བསྣན་པས་བཅུར་འདོད་དོ། །གཉིས་པ་ནི། རྒྱུ་མཐུན་སྒྲུབ་པར་བྱེད་དོ་ཞེས་པའི་དོན་དཔེར་བརྗོད་པའམ། རྩ་བའི་ཉོན་མོངས་དང་ཇི་ལྟར་ཉེ་བ་བསྟན་པས་སམ་རྙེད་བཀུར་སོགས་འདོད་ཆགས་སྔོན་དུ་སོང་བ་ཡིས་ངོ་ཚ་མེད་པ་དང་། རྒོད་པ་དང་སེར་སྣ་བསླང་ལ། འཆབ་པ་ལ་རྩོད་པ་ཡོད་དེ། ཁ་ཅིག་རྙེད་བཀུར་མེད་ན་མི་རུང་ངོ་སྙམ་པ་དང་། ཁ་ཅིག་ལས་བདག་གིར་བྱ་བ་མི་རིག་པའི་མ་རིག་པ་དང་། ཁ་ཅིག་ཤེས་པ་དང་མི་ཤེས་པས་གཉིས་ཀ་ཡིན་ནོ་ཞེས་སོ། །ཁ་ན་མ་ཐོ་བའི་འབྲས་བུ་མ་རིག་པ་ལས་རྨུགས་དང་གཉིད་དང་ཁྲེལ་མེད་དོ། །ལས་འབྲས་ལ་ཐེ་ཚོམ་ཟ་བ་ལས་འགྱོད་པ་མི་དགེ་བ་དང་ཁྲོ་བའོ། །ཕྲག་དོག་ནི་ཡུལ་ལ་མནར་སེམས་སྔོན་དུ་འགྲོ་བས་ཁོང་ཁྲོའི་རྒྱུ་ལས་བྱུང་ངོ་། །གཉིས་པ་ལ། དྲི་མའི་དབྱེ་བ། དེ་ཉེ་ཉོན་དུ་གཞག་པའོ། །དང་པོ་ནི། ཉོན་མོངས་བཅུ་ལས་ཉེ་བའི་ཉོན་མོངས་པ་ལུས་ལས་དྲི་མ་ལྟར་ཉོན་མོངས་ལས་བྱུང་བས་དྲི་མ་སྟེ་སྒྱུ་ལ་སོགས་པ་དྲུག་གོ །གཉིས་པ་ནི། སྒྱུ་དང་རྒྱགས་པ་ནི་རང་གི་ཆོས་ལ་འདོད་ཅིང་ཆགས་པ་སྔོན་དུ་སོང་བ་ལས་སྐྱེས་ལ། འཁོན་འཛིན་དང་རྣམ་འཚེ་ནི་ཡུལ་ལ་མནར་སེམས་པའི་ཁོང་ཁྲོ་ལས་སྐྱེས་སོ། །འཚིག་པ་ནི་སྡིག་པ་ལ་མཆོག་ཏུ་འཛིན་པ་སྔོན་དུ་འགྲོ་བས་ལྟ་བ་མཆོག་འཛིན་ལས་སྐྱེས་སོ། །གཡོ་ནི་ལས་འབྲས་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བས་ཀུན་ནས་བསླངས་ནས་སྡིག་པ་མི་འཆགས་པར་གྱ་གྱུ་བྱེད་པའོ། །རྣམ་འཚེ་དང་གནོད་སེམས་ཀྱི་ཁྱད་པར་ནི། ཊཱི་ཀ་ལས། བསད་དམ་བཅིང་ངམ་བརླག་གམ་ཕོངས་པར་གྱུར་ཅིག་སྙམ་པའི་གནོད་པ་ཆེན་པོ་སྒྲུབ་པ་དང་། བརྡེག་པ་དང་སྐྲག་པ་དང་སྡིགས་པ་སོགས་ཆུང་ངུ་སྒྲུབ་པ་རྣམ་འཚེའོ་ཞེས་བཤད་དོ། །གསུམ་པ་ལ། མཐོང་སྤང་དང་སྒོམ་སྤང་གི་ཁྱད་པར། མི་དགེ་བ་དང་ལུང་མ་བསྟན་གྱི་ཁྱད་པར། ཁམས་དང་སའི་ཁྱད་པར་རོ། །དང་པོ་ནི། ཀུན་དཀྲིས་བཅུ་པོ་དེ་ལས་ངོ་ཚ་མེད་པ་དང་ཁྲེལ་མེད་དང་རྨུགས་གཉིད་རྒོད་པ་ནི་སྤང་བྱ་རྣམ་པ་གཉིས་ཡིན་ལ། དེ་ལས་གཞན་ལྔ་པོ་ནི། ཤེས་བྱ་རང་མཚན་ལ་ལོག་པར་ཞུགས་པའི་ཕྱིར་སྒོམ་པས་སྤང་བར་བྱ་བ་ཁོ་ན་ཡིན་ཞིང་། མ་རིག་པ་ཙམ་དང་ལྡན་གྱི་ཆགས་སོགས་ཀྱི་དབང་དུ་མ་གྱུར་པས་རང་དབང་ཅན་ཡིན་ནོ། །དེ་བཞིན་དུ་དྲི་མ་རྣམས་ཀྱང་སྒོམ་སྤང་དང་རང་དབང་ཅན་ཡིན་ནོ། །གཉིས་པ་ནི། ཉེ་ཉོན་རྣམས་འདོད་པ་ན་ཡོད་པ་དག་ནི་སྟོབས་ཆེ་བས་མི་དགེ་བ་ཡིན་ལ། འོན་ཀྱང་རྨུགས་རྒོད་གཉིད་གསུམ་མི་དགེ་བ་དང་བསྒྲིབས་པ་རྣམ་པ་གཉིས་ཡིན་ཏེ། ཉོན་མོངས་མིན་པའི་གཉིད་ནི་ཀུན་དཀྲིས་མིན་ཞིང་འདོད་པ་དེ་ཡན་ཆད་ནི་བསྒྲིབས་ལ་ལུང་མ་བསྟན་ཁོ་ནའོ། །གསུམ་པ་ནི། འདོད་པ་དང་བསམ་གཏན་དང་པོ་ན་གཙོ་འཁོར་དང་འབྲེལ་བས་གཡོ་སྒྱུ་ཡོད་དོ། །དང་པོ་ན་ཡོད་པར་ཅིས་ཤེས་ན་རྟ་ཐུལ་གྱིས་ཚངས་པ་ཆེན་པོ་ལ་འབྱུང་བ་བཞི་གང་དུ་འགག་དྲིས་པས། མི་ཤེས་བཞིན་དུ་ཁོ་བོ་ནི་ཚངས་པའོ་ཚངས་པ་ཆེན་པོའོ་ཞེས་པ་ལ་སོགས་པས་གཏམ་རླུང་ལ་བསྐུར་ཏེ་འཁོར་རྣམས་འདྲིད་ཅིང་ཁྲིད་ནས་སངས་རྒྱས་ལ་དྲིས་ཤིག་ཅེས་ཏེ་ཞུས་པས། རེ་ཞིག་གཟུགས་མེད་དང་མཐར་མྱང་འདས་ཀྱི་སར་འགག་གོ་ཞེས་ཤེས་རབ་ཡོད་པར་སྟོན་པའི་སྒྱུ་བཤད་པའི་ཕྱིར་གཡོ་ཡང་ཡོད་པར་གྲུབ་བོ། །རྨུགས་རྒོད་ཉོན་མོངས་པའི་ས་པ་ཡིན་ལ། རྒྱགས་པ་ནི་རྣམ་པ་གང་དང་ཡང་མི་འགལ་བས་ཁམས་གསུམ་ཆར་ན་ཡོད་ལ། ཉེ་ཉོན་གཞན་བཅུ་གཅིག་པོ་དག་ནི་རྣམ་པའི་སྒོ་ནས་མི་དགེ་བ་ཁོ་ནར་འགྱུར་བས་འདོད་ཁམས་ཁོ་ན་ལས་སྐྱེས་པའོ། །གཉིས་པ་དེ་རྣམས་གང་དང་མཚུངས་པར་ལྡན་པ་ལ། ས་པ་གཉིས་སུ་དབྱེ་བ། ཚོར་བ་གང་དང་མཚུངས་པར་ལྡན་པའོ། །དང་པོ་ནི། དེ་དག་ལས་ཡིད་ཀྱི་ས་པ་དང་རྣམ་ཤེས་དྲུག་གི་ས་པ་དུ་ཞེ་ན། རྩ་བ་དང་ཉེ་བའི་ཉོན་མོངས་ཅན་མཐོང་བས་སྤང་བར་བྱ་བ་རྣམས་ཁ་ནང་དུ་བལྟས་པ་དང་། གཉིད་དང་ང་རྒྱལ་སྒོམ་སྤང་ཡང་མི་གསལ་བ་དང་རྟོག་བཅས་ཡིན་པས་ཡིད་ཀྱི་རྣམ་ཤེས་ཀྱི་ས་པ་ཡིན་ཞིང་། ཉེ་བའི་ཉོན་མོངས་རང་དབང་ཡང་རྟོག་བཅས་སུ་ངེས་པས་ཡིད་ཀྱི་ས་པ་ཡིན་ལ། དེ་རྣམས་ལས་གཞན་དུག་གསུམ་དང་ཀུན་དཀྲིས་བཞི་པོ་སྒོམ་སྤང་ནི་སྤྱི་རིགས་ལ་རྣམ་ཤེས་དྲུག་གི་རྟེན་ཅན་ནོ། །གཉིས་པ་ལ་རྩ་ཉོན་གང་དང་ཉེ་ཉོན་གང་དང་མཚུངས་པར་ལྡན་པའོ། །དང་པོ་ལ་འདོད་པའི་དང་། གོང་མའི་མཚུངས་ལྡན་ནོ། །དང་པོ་ལ། སོ་སོ་གང་དང་ལྡན་པ། ཀུན་གང་དང་མཚུངས་པར་ལྡན་པའོ། །དང་པོ་ནི། ལུས་སེམས་ཀྱི་བདེ་བ་གཉིས་པོ་དེ་དག་དང་ཚོགས་དྲུག་གི་ས་པ་དང་དགའ་བའི་རྣམ་པ་ཅན་འདོད་ཆགས་སུ་མཚུངས་པར་ལྡན་ཞིང་། ཞེ་སྡང་ནི་དེ་ལས་བཟློག་སྟེ་སྐྱོ་བའི་རྣམ་པ་ཅན་ཡིན་པས་ལུས་སེམས་ཀྱི་དུཿཁ་དག་དང་ལྡན་ནོ། །མ་རིག་པ་ནི་དགའ་གདུང་གི་རྣམ་པར་མ་ཆད་ཅིང་ཉོན་མོངས་པའི་ས་མང་ཡིན་པས་ལྔ་པོ་ཐམས་ཅད་དང་ལྡན་ནོ། །མེད་པར་ལྟ་བ་ནི་སྡིག་པའི་ལས་ཅན་དེ་འབྲས་བུ་མེད་པར་མཐོང་བས་ཡིད་བདེ་བ་དང་། དགེ་བའི་ལས་ཅན་རང་གིས་འབད་པ་དོན་མེད་པར་མཐོང་ནས་ཡིད་དུཿཁ་དང་། ངེས་པ་དོན་དུ་གཉེར་བ་ན་ཐེ་ཚོམ་ཟ་བ་ནི་ཡིད་མི་བདེ་བ་དང་། གཞན་ལྟ་བ་བཞི་དང་ང་རྒྱལ་ནི་ཡིད་བདེ་བ་དང་ལྡན་ཏེ་དགའ་བའི་རྣམ་པ་ཅན་དང་ཡིད་ཀྱི་ས་པ་ཡིན་པས་སོ། །དེ་དག་ནི་འདོད་པ་ལས་སྐྱེས་པ་འགག་པར་མི་ཕྱོགས་པའི་སྐབས་ཀྱི་ཕྲ་རྒྱས་ཀྱི་དབང་དུ་བྱས་ཀྱི་འགག་པར་ཕྱོགས་པ་ནི་མི་གསལ་ལོ། །གཉིས་པ་ནི། བཏང་སྙོམས་ནི་ཕྲ་རྒྱས་ཀུན་དང་ལྡན་པར་ངེས་ཏེ། ཀུན་བཏུས་ལས་ཐ་མལ་པར་གནས་པ་ལ་བརྟེན་ནས་འགག་པར་འགྱུར་བའི་ཕྱིར་ཞེས་སོ། །གཉིས་པ་ནི། ས་གོང་མའི་ཕྲ་རྒྱས་རྣམས་ནི་ས་གང་ན་ཚོར་བ་གང་ཡོད་པ་ཇི་ལྟ་བ་བཞིན་དུ་རང་རང་གི་མཐུན་པ་དང་ལྡན་ཏེ། བསམ་གཏན་དང་པོ་ན་བདེ་བ་ཡིད་བདེ་བཏང་སྙོམས་གསུམ་དང་། གཉིས་པ་ན་ཡིད་བདེ་བཏང་སྙོམས་དང་། གསུམ་པ་ན་སེམས་བདེ་བཏང་སྙོམས་དང་། བཞི་པ་ན་བཏང་སྙོམས་དང་ཞེས་འདོན་པ་བསྒྱུར་རོ། །དེར་སྡིག་པ་བྱེད་པ་མེད་པས་ལོག་ལྟ་ཡིད་བདེ་དང་ཇི་ལྟར་ལྡན་ཞེ་ན། སྔོན་འདོད་པའི་རྟེན་ལ་བྱས་པའི་འབྲས་བུ་མི་འབྱུང་བར་ཤེས་པའམ་ཉོན་མོངས་ཅན་ཐམས་ཅད་ཉེས་པ་ཅན་དུ་མ་མཐོང་བས་ཞེས་འཆད་ལ། དེའང་གོང་མ་ནི་ཞི་གནས་ཀྱིས་རྒྱུད་རླན་པས་ཉོན་མོངས་པ་དགའ་གདུང་དུ་བཞག་པ་མེད་ཀྱི་ཇི་ལྟར་འོས་འོས་ཀྱི་ཚོར་བ་དང་ལྡན་ནོ། །གཉིས་པ་ལ་སོ་སོའི་དང་། ཀུན་གྱི་དང་། ས་མང་བཞིའི་ལྡན་ཚུལ་ལོ། །དང་པོ་ནི། ཡང་འགྱོད་པ་ནས། འཚིག་པའི་བར་ནི་སྐྱོ་བའི་རྣམ་པར་འཇུག་ཅིང་ཡིད་ཀྱི་ས་པ་ཡིན་པས་ཡིད་མི་བདེ་བ་དང་ལྡན་ཞིང་། སེར་སྣ་དག་ནི་ཆགས་པའི་རྒྱུ་ལས་བྱུང་བ་དགའ་བའི་རྣམ་པར་འཇུག་པས་ལྡོག་པ་ཡིད་བདེ་དང་ལྡན་ལ། གཡོ་དང་སྒྱུ་དང་འཆབ་པ་ནི་རང་གི་དོན་གྲུབ་པ་དང་མ་གྲུབ་པར་གོ་བ་དང་། གཉིད་ནི་ཀུན་ལ་མི་འགལ་བས་གཉིས་ཀ་དང་ལྡན་ཞིང་། བསམ་གཏན་གཉིས་པའི་བར་ས་གསུམ་གྱི་ཡིད་བདེ་བ་དང་གསུམ་པའི་བདེ་བ་གཉིས་པོ་དག་དང་རྒྱགས་པ་དང་ལྡན་ནོ། །གཉིས་པ་ནི། བཏང་སྙོམས་ནི་དེ་ཀུན་དང་རྣམ་པ་མི་འགལ་བས་གྲོགས་སུ་འགྲོ་སྟེ་འགག་པར་ཕྱོགས་པ་དང་མི་ཕྱོགས་པ་ཅི་རིགས་པའོ། །གསུམ་པ་ནི། གཞན་ངོ་ཚ་ཁྲེལ་མེད་དང་རྨུགས་རྒོད་བཞི་པོ་ནི་མི་དགེ་བ་དང་ཉོན་མོངས་པའི་ས་མང་ཡིན་པས་ཚོར་བ་ལྔ་ཆར་དག་དང་ལྡན་པ་སྲིད་དོ། །གསུམ་པ་སྒྲིབ་པ་ལྔ་པོ་འདོད་ཁམས་པར་བསྟན་པ་ལ། དངོས་དང་། གྲངས་ངེས་སོ། །དང་པོ་ནི། མདོ་ལས་སྒྲིབ་པ་ལྔ་ཞེས་འབྱུང་བའི་དོན་ཅི། ཉོན་མོངས་པ་དེ་དག་ཁམས་གོང་མ་ན་ཡོད་པ་ཡང་གཟུང་ངམ་ཞེ་ན། གཅིག་ཏུ་མི་དགེ་བར་གསུངས་པའི་ཕྱིར་འདོད་པ་ན་ཡོད་པ་འདི་དག་ཁོ་ན་སྒྲིབ་པ་རྣམས་ཏེ་ཁམས་གོང་ན་ཡོད་པ་ནི་མིན་ནོ། སྒྲ་དོན་ནི་སར་དེ་ཁོ་ནའི་དོན་ནམ། ཊཱི་ཀར་བསམ་གཏན་དང་སྙོམས་འཇུག་ལ་སྒྲིབ་པའོ་ཞེས་སོ། །གཉིས་པ་ནི། སྒྲིབ་པ་བདུན་ཡོད་པ་མིན་ནམ་ཅིའི་ཕྱིར་ལྔར་བཤད་ཅེ་ན། མི་མཐུན་པའི་ཕྱོགས་གཉེན་པོ་དང་རྒྱུ་ཟས་དང་བྱ་བའི་ལས་གཅིག་ཅིང་འདྲ་བའི་ཕྱིར་རྨུགས་གཉིད་གཉིས་གཅིག་ཏུ་བྱས་པའོ། །རྨུགས་གཉིད་ཟས་ནི་ཆོས་ལྔ་སྟེ། །རྨྱ་དང་མི་དགའ་བྱ་རྨྱང་དང་། །ཟས་དྲོད་མི་ཟིན་སེམས་ཞུམ་པའོ། །གཉེན་པོ་ཟླ་བའི་འོད་ལ་སོགས། །སྣང་བའི་འདུ་ཤེས་སྒོམ་པ་སྟེ། །མི་མཐུན་ཞེས་པ་ཚིག་བསྡེབས་པའོ། །ནག་པོའི་མི་མཐུན་དཀར་པོའི་ཕྱོགས། །གཉེན་པོ་ཞེས་ནི་མངོན་པར་གྲགས། །བྱ་བ་གཉིས་ཀ་སེམས་ཞུམ་བྱེད། །རྒོད་འགྱོད་ཟས་ནི་ཆོས་བཞི་སྟེ། །ཉེ་དུ་ཡུལ་དང་མི་འཆིའི་རྟོག །སྔོན་རྒོད་རྩེ་སོགས་དྲན་པའོ། །གཉེན་པོ་ཞི་གནས་སུ་སྒོམ་སྟེ། །དལ་བ་ཐོབ་དཀའ་བསྟན་པ་ནི། །རིང་མི་གནས་སོགས་སྐྱོ་འདུ་ཡིས། །བྱ་བ་གཉིས་ཀས་གཡེང་བར་བྱེད། །ཅེས་སོ། །ཉོན་མོངས་ཐམས་ཅད་སྒྲིབ་པ་ཡིན་ཡང་ལྔ་ཁོ་ནར་འཆད་པ་ནི། བསྒྲིབ་བྱ་ཕུང་པོ་གསུམ་གྱི་གནོད་བྱེད་དང་། ཤེས་རབ་མེད་ན་བདེན་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་ན་ལྔ་ཉིད་དུ་བཤད་དེ། ཚུལ་ཁྲིམས་མ་ཐོབ་པ་ཐོབ་པ་དང་ཐོབ་པ་གནས་ཤིང་དག་པའི་གནོད་བྱེད་འདོད་པ་ལ་འདུན་པ་དང་གནོད་སེམས་དང་། ཏིང་ངེ་འཛིན་གྱི་གནོད་བྱེད་རྒོད་འགྱོད་དང་། ཤེས་རབ་ཀྱི་གནོད་བྱེད་རྨུགས་གཉིད་དོ། །སེམས་ཙམ་པ་ནི་སྙོམས་འཇུག་གི་སྦྱོར་དངོས་མཇུག་ལ་སྒྲིབ་པའོ་ཞེས་སོ། །གཉིས་པ་སྤོང་བྱེད་གཉེན་པོའི་རྣམ་གཞག་ལ། ཚུལ་ཇི་ལྟར་སྤོང་བ། སྤོང་བྱེད་གཉེན་པོའི་དབྱེ་བ། གང་ལས་ཕྱེ་ནས་སྤོང་ཚུལ། སྤངས་པ་ཐག་བསྲིང་ཚུལ། སྤངས་པའི་ཐོབ་པ་ཡང་ཡང་དུ་ལྡན་པའོ། །དང་པོ་ལ། མཐོང་སྤང་དང་། སྒོམ་སྤང་སྤོང་ཚུལ་ལོ། །དང་པོ་ནི། རིས་དང་པོ་གཉིས་རང་ས་ལ་དམིགས་པ་དང་འགོག་ལམ་མཐོང་སྤང་ཟག་མེད་ལ་དམིགས་པ་རྣམས་བདེན་བཞིའི་རང་བཞིན་ཡོངས་སུ་ཤེས་པ་ཉིད་ཀྱིས་སྤོང་སྟེ་མཐོ་ཡོར་ཤེས་པས་མིར་འཛིན་བཟློག་པ་བཞིན་ནོ། །འདོད་པའི་ཀུན་འགྲོ་གོང་དུ་དམིགས་པ། དགུ་ནི་གོང་མའི་བདེན་པ་མ་ཤེས་ཀྱང་དེ་རྣམས་ལ་དམིགས་པའི་རང་སའི་སྐལ་བ་མཉམ་པའི་ཀུན་འགྲོ་རྣམས་ཡང་དག་པར་ཟད་པས་སྤོང་བ་དང་། འགོག་ལམ་མཐོང་སྤང་ཟག་བཅས་ལ་དམིགས་པ་རྣམས་རང་གི་དམིགས་པ་ཟག་མེད་ཀྱི་ཡུལ་ཅན་གྱི་ཕྲ་རྒྱས་རྣམས་སྤངས་པས་སྤོང་སྟེ། ཡུལ་མེད་པའི་ཡུལ་ཅན་མི་རུང་བས་སོ། །སྤོང་ཚུལ་དེ་གསུམ་ཡང་སྔ་ཕྱིའི་རིམ་པས་མིན་གྱི་དུས་གཅིག་ལ་ལྡོག་པ་ཐ་དད་པའོ། །གཉིས་པ་ནི། སྒོམ་སྤང་ནི་དམིགས་པ་ཤེས་པས་སྤོང་བ་མིན་ལ། དམིགས་བྱེད་ཟད་པས་སྤོང་བ་ཡང་མིན་ཞིང་། ཡུལ་སྤངས་པས་སྤོང་བ་ཡང་མིན་པའི་ཕྱིར་སྔ་མ་གསུམ་ཡང་གཉེན་པོ་ཡིན་མོད་ཀྱི། སྤྱི་མིང་བྱེ་བྲག་ལ་བཏགས་ནས་རྣམ་པ་འགལ་བའི་གཉེན་པོ་ཆེ་འབྲིང་དགུ་སྐྱེས་པས་རིམ་བཞིན་ཟད་པར་འགྱུར་ཏེ། རང་གི་སྒོམ་སྤང་ཉོན་མོངས་ཅན་གཟུགས་ཅན་དང་། ཉོན་མོངས་ཅན་མ་ཡིན་པ་དང་གཞན་རྒྱུད་ཀྱི་ཐམས་ཅད་ཡུལ་ཅན་ཟད་པས་སྤོང་བས་སྒོམ་སྤང་ནི་སྤོང་ཚུལ་གཉིས་སོ། །གཉིས་པ་ནི། གཉེན་པོ་སྐྱེས་པས་ཞེས་པ་དེ་དུ་ཞེ་ན། སྤང་བྱ་དང་འགལ་བ་ཙམ་གྱི་གཉེན་པོ་ལ་རྣམ་པ་བཞི་སྟེ། དམིགས་པ་ལ་སྐྱོན་དུ་རྟོག་པ་རྣམ་པར་སུན་འབྱིན་པ་དང་། བར་ཆད་མེད་ལམ་ནི་སྤོང་བའི་ཆེད་དམ་འདིས་སྤོང་བས་ན་སྤོང་བ་དང་། དེ་ཡན་ཆད་རྣམ་གྲོལ་དང་བར་ཆད་མེད་ལམ་ས་གཞན་དང་ཁྱད་པར་གྱི་ལམ་ཡང་རུང་བྲལ་བའི་ཐོབ་པའི་རྟེན་བྱེད་པ་ཐམས་ཅད་ནི་གཞི་དང་། རང་གི་རྣལ་གྲོལ་ལམ་ལས་གཞན་དེ་ཡན་ཆད་ཀྱི་ལམ་ཐམས་ཅད་ཉོན་མོངས་པའི་ཐོབ་པ་ཐག་བསྲིང་བ་ཉིད་དམ་ཁ་ཅིག་རྣམ་གྲོལ་ཡང་ཐག་སྲིང་གཉེན་པོ་ཞེས་ཏེ་བཞིའོ། །གསུམ་པ་ནི། ཉོན་མོངས་པ་ནི་གཉིད་ཀྱི་ཚུལ་དུ་ཡོད་པ་ལས་མཚུངས་པར་ལྡན་པ་ལས་འབྲལ་བར་མི་ནུས་ཀྱི། དམིགས་པ་གང་ཡིན་པ་ལས་དབྲལ་བར་མི་ནུས་ཤིང་ཕྱེ་ནས་ཉོན་མོངས་པ་ནི་སྤང་བར་བྱ་བར་འདོད་ལ། སློབ་དཔོན་འཕགས་པ་མ་འོངས་པ་སྤང་བྱ་ཡིན་པའི་ཕྱིར་གཉིས་ཀ་ལས་སྤོང་བར་བཞེད་དོ། །སྤོང་ཚུལ་གཞན་གསུམ་ཡང་ཉོན་མོངས་ཀྱི་དམིགས་པ་ཤེས་ནས་སྤོང་བ་མིན་ཡང་དེའི་རྩ་བ་ཅན་ཡིན་ལ། ལམ་གྱི་དུས་ན་རང་རྒྱུད་ཀྱི་ཕྲ་རྒྱས་ད་ལྟར་བ་མེད་པས་དེ་མ་སྨོས་ཏེ། དེ་ནི་ཀུན་བཏུས་ཀྱིའང་ལུགས་སོ། །སྤངས་པའི་མཚན་ཉིད་ནི་རང་རྒྱུད་ཀྱི་ཕྲ་རྒྱས་འཁོར་བཅས་ཐོབ་པ་ཆད་པ་དང་། དེ་ལས་གཞན་པ་ཐམས་ཅད་ནི་འདུན་པའི་འདོད་ཆགས་དང་བྲལ་བ་སྟེ་དམིགས་བྱེད་ཀྱི་ཉོན་མོངས་པ་སྤངས་པའོ། །ཇི་ལྟར་སྤོང་བ་ནི་རང་རྒྱུད་ཀྱི་སྒོམ་སྤང་ཕྲ་རྒྱས་འཁོར་བཅས་རིམ་གྱིས་དང་ལྷག་མ་ཅིག་ཆར་སྤོང་ལ། མཐོང་སྤང་བྱིས་པས་སྤོང་ན་རིམ་གྱིས་པའོ། །བཞི་པ་ནི། རིང་བའི་དབྱེ་བ་ནི་ཕན་ཚུན་འགལ་བའམ་ཆོད་པའི་རིང་བ་ནི་བཞི་སྟེ། ཡུལ་དུས་ལྷན་ཅིག་པ་ཡིན་ཡང་མཚན་ཉིད་མི་མཐུན་པའི་རིང་བ་འབྱུང་བཞི་དང་། མི་མཐུན་ཕྱོགས་དེ་སྤང་གཉེན་དུ་གྱུར་པས་འགལ་བའི་གཉེན་པོས་རིང་བ་འཆལ་ཚུལ་དང་ཚུལ་ཁྲིམས་དང་། ཡུལ་རྣམ་པར་ཆད་པས་རིང་བ་ཤར་དང་ནུབ་ཕྱོགས་དང་། དུས་ཀྱིས་རིང་བ་འདས་མ་འོངས་ཀྱི་དུས་གཉིས་རིང་བ་ཉིད་ལྟ་བུའོ། །ལྔ་པ་ནི། གཉེན་པོ་ལ་བྱེ་བྲག་མེད་པས་བྲལ་བ་ལ་བྱེ་བྲག་མེད་ཀྱང་། ཇི་ལྟར་ལམ་གོང་ནས་གོང་དུ་ཁྱད་པར་དུ་འགྱུར་བ་ལྟར་སྤངས་པ་ཡང་ཁྱད་པར་དུ་འགྱུར་རམ་ཞེ་ན། མིན་ཏེ། སྤངས་པའི་དགག་བྱ་ཉོན་མོངས་ནི་གཉེན་པོ་གཅིག་ཁོ་ནས་ལན་གཅིག་ཏུ་ཟད་ཅིང་སྤང་བར་བྱེད་ལ་འོན་ཀྱང་དེ་དག་གི་བྲལ་བའི་ཐོབ་པ་ནི་ཡང་ཡང་དུ་འབྱུང་སྟེ། བར་ཆད་མེད་པའི་ཚེ་ཐོབ་པ་ཉིད་མེད་པས་རང་རང་གི་གཉེན་པོ་རྣམ་གྲོལ་ལམ་སྐྱེས་པ་དང་། འབྲས་བུ་བཞི་ཐོབ་པ་དང་། དབང་པོ་རྟུལ་པོ་དག་རྣོན་པོར་རྣམ་པར་འཕེལ་བའི་དུས་རྣམས་སུ་ཁྱད་པར་དུ་འགྱུར་རོ། །དེ་ཡང་དབང་པོ་རྟུལ་པོའི་མཐོང་སྤང་རིས་བདུན་གྱི་བྲལ་ཐོབ་ནི་རང་རང་གི་གཉེན་པོ་སྐྱེས་པ་དང་། འབྲས་བུ་བཞི་རིམ་གྱིས་ཐོབ་པ་གནས་པའི་བྲལ་ཐོབ་ཏུ་འགྱུར་བ་བཞི་དང་། དབང་པོ་འཕོ་ན་རྟུལ་པོའི་བཏང་ནས་རྣོན་པོར་འགྱུར་བ་ཏེ་དྲུག་ཆར་སྲིད་ལ། མཐོང་སྤང་བརྒྱད་པ་སྤངས་པའི་བྲལ་ཐོབ་ལ་གཉེན་པོ་སྐྱེས་པ་དང་འབྲས་བུ་དང་པོ་ཐོབ་པའི་རྫས་སོ་སོར་བརྩིར་མེད་པས་ལྡོག་པ་དྲུག་གོ །དེ་བཞིན་དུ་འདོད་པའི་སྒོམ་སྤང་དྲུག་གི་བྲལ་ཐོབ་ནི་འབྲས་བུ་དང་པོ་ཐོབ་པ་ལས་གཞན་ལྔ་དང་། གསུམ་གྱི་ནི་འབྲས་བུ་དང་པོ་གཉིས་ཐོབ་པ་ལས་གཞན་བཞི་དང་། གོང་མའི་སྒོམ་སྤང་དོན་གཉིས་ཀྱི་ནི་འབྲས་བུ་དང་པོ་གསུམ་ཐོབ་པ་ལས་གཞན་གསུམ་ཡིན་ལ། དབང་རྣོན་ལ་ནི་དབང་པོ་རྣོན་པོར་འཕེལ་བ་གཉིས་དབྲི་བར་བྱ་སྟེ། ཐམས་ཅད་དུ་གཉེན་པོའི་ཚེ་བྲལ་ཐོབ་སྐྱེ་བ་དང་ལྷག་མ་ནི་ཁྱད་པར་དུ་འགྲོ་བའི་དུས་སོ། །གསུམ་པ་སྤངས་པའི་འབྲས་བུ་ཡོངས་ཤེས་ལ་ལྔ་སྟེ། ཡོངས་ཤེས་ཀྱི་དབྱེ་བ། གང་གི་འབྲས་བུ་གང་ཡིན་པ། གྲངས་ངེས། ལྡན་ཚུལ། ཐོབ་གཏང་ངོ་། །དང་པོ་ལ། མཐོང་ལམ་གྱི་དྲུག་དང་། སྒོམ་ལམ་གྱི་གསུམ་དུ་དབྱེ་བའོ། །དང་པོ་ནི། དེ་ལྟར་བྲལ་བའམ་སྤངས་པ་ནི་མདོ་ལས་ཡོངས་སུ་ཤེས་པ་ཞེས་གསུངས་པས་དེའི་མིང་འཐོབ་ལ། དེ་ནི་གཉིས་ཏེ་བཟོད་པ་ལས་གཞན་པའི་ཟག་མེད་ཀྱི་ཤེས་རབ་ནི་ཐེ་ཚོམ་དང་བྲལ་བས་ཡེ་ཤེས་ཀྱི་ཡོངས་ཤེས་དང་། འགོག་པ་ནི་རྒྱུ་ཡེ་ཤེས་ཀྱི་མིང་བཏགས་ནས་སྤངས་པའི་ཡོངས་ཤེས་ཏེ་འགོག་པའི་རྫས་ཐམས་ཅད་དེ་ཡིན་ལ། ལྡོག་པ་ནི་བྱིས་པས་ཐོབ་པ་དང་སྐད་ཅིག་ལྔ་མན་ཆད་ལ་གནས་པའི་འཕགས་པས་ཐོབ་པ་ཡང་ཡོངས་ཤེས་མིན་ནོ། །འདིར་ནི་སྤངས་པའི་ཡོངས་ཤེས་སྟོན་ལ། དེ་ནི་སྤང་བྱའི་བྱེ་བྲག་གིས་དགུ་སྟེ། འདོད་པའི་ཁམས་ན་མཐོང་སྤང་དང་པོ་རྣམ་པ་གཉིས་ཟད་པ་ལ་ཡོངས་ཤེས། འགོག་ལམ་མཐོང་སྤང་གཉིས་ཟད་པ་ནི་སོ་སོར་ཡོངས་ཤེས་དེ་གཉིས་ཡིན་ལ། དེ་བཞིན་དུ་ཁམས་གོང་མ་གཉིས་ཀ་སྡོམ་པའི་མཐོང་སྤང་སྤངས་པའི་ཡོངས་ཤེས་ཀྱང་དེ་གསུམ་ཉིད་ཡིན་ནོ། །གཉིས་པ་ནི། མཐོང་སྤང་སྤངས་པའི་ཡོངས་སུ་ཤེས་པ་ལས་གཞན་སྒོམ་སྤང་སྤངས་པའི་ཡོངས་ཤེས་གསུམ་སྟེ། ཐ་མའི་ཆ་དང་མཐུན་པ་སྤངས་པ་འདོད་པའི་སྒོམ་སྤང་ཟད་པ་དང་། ཊཱི་ཀ་ལས་སྤངས་བྱའི་གཙོ་བོ་མཚོན་པས་གཟུགས་ཀྱི་འདོད་ཆགས་ཟད་པ་དང་ཟག་པ་ཀུན་ཟད་པ་སྟེ་གཟུགས་མེད་ཀྱི་སྒོམ་སྤང་སྤངས་པའི་ཡོངས་ཤེས་གསུམ་མོ། །འདིར་གོང་མ་གཉིས་ཀྱི་སྒོམ་སྤང་སྤངས་པའི་ཡོངས་ཤེས་ཐ་དད་དུ་བྱས་པ་ནི་དེའི་གཉེན་པོ་མི་འདྲ་བ་ཡིན་ལ། གོང་མ་གཉིས་ཀྱི་མཐོང་སྤང་སྤངས་པའི་ཡོངས་ཤེས་སྡོམ་པ་ནི་གཉེན་པོ་རྗེས་བཟོད་དུ་འདྲ་བས་སོ། །གཉིས་པ་ལ་བཞི་སྟེ། མཐོང་སྒོམ་དང་། ས་དང་། ལམ་དང་། ཤེས་པ་གང་གི་འབྲས་བུ་གང་ཡིན་པའོ། །དང་པོ་ནི། དེ་དག་ལས་དང་པོ་དྲུག་ནི་མཐོང་ལམ་གྱི་བཟོད་པས་ཐོབ་པའམ་འབྲས་བུའོ། །འོ་ན་གོང་དུ་ཡེ་ཤེས་ཀྱི་འབྲས་བུར་བཤད་པ་དང་འགལ་ལོ་ཞེ་ན། འགྲེལ་པར་བཟོད་པ་རྣམས་ནི་ཤེས་པའི་འཁོར་ཅན་ཡིན་པའི་ཕྱིར་འཁོར་ལ་རྒྱལ་པོར་བཏགས་པ་བཞིན་ནོ་ཞེས་བཤད་ལ། ཊཱི་ཀ་སྒྲ་དྲང་ཐད་དུ་གཟུང་སྟེ་འཁོར་ཤེས་པས་ཐོབ་པ་ལ་བཟོད་འབྲས་སུ་བཏགས་པའོ། །འཆད་པ་པོ་ནི་ལམ་དང་གང་ཟག་གི་མཐོང་ལམ་གྱི་སྐབས་ནས་འབྱུང་བ་འཁོར་བཟོད་པས་ཐོབ་པ་ལ་གོང་དུ་གཙོ་བོར་ཤེས་པའི་འབྲས་བུ་བཏགས་པ་བཞིའོ་ཞེས་གསུངས་སོ། །གང་སྤེལ་ལས། བཟོད་པ་ནི་འཁོར་ཏེ་ཕལ་པ་ལ་འཁོར་གྱི་སྒྲ་བརྗོད་པ་དང་སྤངས་པ་ཡང་བཟོད་པའི་འབྲས་བུ་ཡིན་པའི་ཕྱིར་རོ་ཞེས་སོ། །ཡང་ན་བཟོད་ཤེས་འབྲས་བུ་གཅིག་སྟེ་ཐོབ་པ་འདྲེན་པ་དང་རྟེན་བྱེད་པ་ཡིན་པས་གང་གི་འབྲས་བུ་བརྗོད་ཀྱང་རུང་ངོ་། །ལྷག་མ་གསུམ་པོ་རྣམས་ནི་ཤེས་པའི་འབྲས་བུ་ཡིན་ཏེ། སྒོམ་ལམ་ལ་བཟོད་པ་མེད་པས་སོ། །གཉིས་པ་ནི། མི་ལྕོགས་པ་མེད་པའི་འབྲས་བུ་ཡེ་ཤེས་ཐམས་ཅད་དེ། དེ་ལས་ཐམས་ཅད་ཀྱི་གཉེན་པོར་གྱུར་པའི་མཐོང་སྒོམ་གྱི་ལམ་སྐྱེ་བས་སོ། །བྱེ་བྲག་སྨྲ་བ་སྤྱི་པ་ན་རེ། བསམ་གཏན་གྱི་དངོས་གཞི་ལྔའི་འབྲས་བུ་ནི་ལྔ་སྟེ། སྔར་མ་ཐོབ་པ་ཐོབ་པ་ལ་བསམས་ནས་ཕྱིར་མི་འོང་ཆགས་བྲལ་སྔོན་འགྲོས་བསམ་གཏན་ལ་བརྟེན་ནས་མཐོང་ལམ་བསྐྱེད་ན་གོང་མའི་མཐོང་སྤང་སྤངས་པའི་གསུམ་དང་། རང་གོང་ས་ལས་རྒྱལ་བས་དེའི་སྒོམ་སྤང་སྤངས་པ་གཉིས་སྔར་མེད་པ་འཐོབ་ཀྱི། འདོད་པའི་ཡོངས་ཤེས་བཞི་པའི་དངོས་པོ་སྔར་མི་ལྕོགས་མེད་པས་ཐོབ་ཟིན་པའོ་ཞེས་སོ། །བཙུན་པ་དབྱངས་སྒྲོག་ནི་དངོས་གཞིའི་འབྲས་བུ་བརྒྱད་དུ་འདོད་དེ། ཕྱི་མི་འོང་ཆགས་བྲལ་སྔོན་འགྲོས་འདོད་པའི་མཐོང་སྤང་སྤངས་པའི་ཡོངས་ཤེས་གསུམ་པོའི་དངོས་པོ་དང་པོར་ཐོབ་ཀྱང་བྲལ་ཐོབ་ཟག་མེད་དང་སྲིད་རྩེ་ཉམས་པ་མེད་པས་ཡོངས་ཤེས་ཀྱི་ལྡོག་པ་མིན་ལ། བསམ་གཏན་ལ་མཐོང་ལམ་བསྐྱེད་པའི་ཚེ་ཆོས་གཉིས་པོ་འབྱུང་བས་གསུམ་པོ་ཡོངས་ཤེས་ཀྱི་ལྡོག་པ་གྲུབ་པའི་ཕྱིར་དེའི་འབྲས་བུའོ་ཞེས་སོ། །འོ་ན་ཐ་མའི་ཆ་མཐུན་སྤངས་པ་ཡང་བསམ་གཏན་གྱི་ཡོངས་ཤེས་ཀྱི་ལྡོག་པ་གྲུབ་པས་འབྲས་བུར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། དེ་ནི་དངོས་སུ་མི་ལྕོགས་མེད་ཀྱི་འབྲས་བུ་སྟེ། དེའི་ཚེ་བྲལ་ཐོབ་རྙེད་ཀྱང་གོང་མའི་མཐོང་སྤང་སྤངས་པ་དང་སྡོམ་ནས་ཡོངས་ཤེས་གཅིག་དུ་བཞག་ལ། མཐོང་སྤང་ལྔ་པ་སྤངས་པ་ནི་སོ་སོར་ཐོབ་པས་འདིའི་འབྲས་བུའོ། །གཟུགས་མེད་ནམ་མཁའི་ཉེ་བར་བསྡོགས་པའི་འབྲས་བུ་ནི་གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་ཤེས་གཅིག་པུ་ཡིན་ཞིང་། གཟུགས་མེད་པའི་དངོས་གཞི་དང་པོ་གསུམ་གྱི་འབྲས་བུ་ཡང་ཟག་པ་ཀུན་ཟད་གཅིག་པུ་སྟེ། དེ་གསུམ་སྲིད་རྩེའི་གཉེན་པོར་རུང་བས་སོ། །གསུམ་པ་ནི། ཡེ་ཤེས་དགུ་པོ་ཐམས་ཅད་འཕགས་པའི་ལམ་ཟག་མེད་ཀྱི་འབྲས་བུ་ཡིན་ལ། འཇིག་རྟེན་པའི་ལམ་གྱི་འབྲས་བུ་ནི་གཉིས་ཏེ། ཐ་མའི་ཆ་མཐུན་ཟད་པ་དང་གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་ཤེས་སོ། །བཞི་པ་ནི། སྒོམ་ལམ་རྗེས་ཤེས་ཀྱི་འབྲས་བུ་ཡང་ཐ་མ་གཉིས་ཡིན་ཡང་རུང་ལ། ཆོས་ཤེས་པའི་འབྲས་བུ་ནི་ཐ་མ་གསུམ་ཡིན་ཏེ། སྒོམ་ལམ་གྱི་འགོག་ལམ་ཆོས་ཤེས་ཁམས་གསུམ་ཆར་གྱི་གཉེན་པོ་ཡིན་པས་སོ། །དེའི་ཕྱོགས་མཐུན་ཆོས་ཤེས་བཟོད་པ་དང་བཅས་པའི་འབྲས་བུ་ནི་ཤེས་པའི་དེ་ལྟར་གསུམ་དང་བཟོད་པའི་འདོད་པའི་མཐོང་སྤང་སྤངས་པ་གསུམ་སྟེ་དྲུག་དང་། རྗེས་ཤེས་བཟོད་པ་དང་བཅས་པའི་འབྲས་བུ་ནི་ཤེས་པའི་གཉིས་དང་བཟོད་པའི་གསུམ་སྟེ་ལྔའོ། །གསུམ་པ་གྲངས་ངེས་ནི། མཐོང་སྤང་དང་པོ་གཉིས་སྤང་པ་རེ་རེར་བྱས་ནས་མཐོང་སྤང་སྤངས་པའི་བརྒྱད་ཅི་སྟེ་མིན་ཞེ་ན། ཡོངས་ཤེས་སུ་འཇོག་པའི་རྒྱུ་གསུམ་སྟེ། སྤངས་པ་བྲལ་པའི་ཐོབ་པ་ཟག་མེད་ཀྱིས་བཟུང་བ་དང་། རྒྱུ་དེས་སྲིད་རྩེའི་ཕྱོགས་ཙམ་ཉམས་པར་བྱས་པ་སྟེ་སྤངས་པ་དང་། མཐོང་སྤང་དང་པོ་གཉིས་པོ་ཀུན་འགྲོའི་རྒྱུ་གཉིས་ཀ་ཀུན་ཏུ་བཅོམ་པ་སྟེ་སྤངས་པའི་ཕྱིར་ཡོངས་ཤེས་སུ་འཇོག་པ་ལས། དུཿཁ་ཆོས་ཤེས་ཀྱི་ཚེ་རྒྱུ་གཉིས་པ་དང་གསུམ་པ་མེད་ཅིང་རྗེས་ཤེས་ཀྱི་ཚེ་གསུམ་པ་མེད་ལ། ཀུན་འབྱུང་ཆོས་ཤེས་ཀྱི་ཚེ་རྒྱུ་གསུམ་ཆར་ཚང་བས་ཡོངས་ཤེས་གཅིག་ཏུ་བྱས་ཤིང་རིས་ཕྱི་མ་གཉིས་སྤངས་པ་ལ་ནི་རྒྱུ་སོ་སོར་ཚང་བས་ཡོངས་ཤེས་ཀྱང་སོ་སོར་བྱས་སོ། །སྒོམ་སྤང་སྤངས་པའི་ཡོངས་ཤེས་ཀྱང་སའི་སྒོ་ནས་དགུའམ་ས་རེ་རེ་ནའང་སྤང་བྱ་དགུ་དགུ་ཡོད་པའི་ཕྱིར་བརྒྱད་ཅུ་རྩ་གཅིག་ཏུ་རིགས་སོ་ཞེ་ན། འདི་ལ་སྔར་གྱི་རྒྱུ་གསུམ་དང་བཞི་པ་ཤིན་ཏུ་སྤངས་པར་བྱེད་པའི་ཁམས་ལས་འདས་པ་ལས་ཡོངས་ཤེས་སུ་བཞག་ལ། ཆེ་འབྲིང་དང་ས་སྔ་མ་ཙམ་སྤངས་པ་ལས་རྒྱུ་ཅི་རིགས་པ་མ་ཚང་ཞིང་། ཆེ་འབྲིང་ཐམས་ཅད་རིལ་གྱིས་སྤངས་པ་ན་ཚང་བས་གསུམ་ཁོ་ནའོ། །འདིར་མང་བ་དང་ཉུང་བ་དགག་པ་ཙམ་དང་བསྡུ་བར་ཇི་ཙམ་གྱིས་དབང་དུ་བྱས་པའི་གྲངས་ངེས་བསྟན་ཏོ། །བཞི་པ་ལ། །མི་ལྡན་པའི་དང་། ལྡན་པའི་གང་ཟག་གོ །དང་པོ་ནི། གང་ཟག་གང་ལ་ཡོངས་ཤེས་དུ་ལྡན་ཞེ་ན། མཐའ་གཅིག་ཏུ་བྱིས་པ་ནི་ཡོངས་ཤེས་དང་ལྡན་པ་མིན་ཏེ་རྒྱུ་མ་ཚང་བས་སོ། །དེའི་ཤུགས་ལ་མཐོང་ལམ་སྐད་ཅིག་མ་ལྔའི་བར་ལ་གནས་པའི་འཕགས་པ་ལ་ཡང་མི་ལྡན་པར་གོའོ། །གཉིས་པ་ལ། དངོས་དང་རྩོད་སྤོང་གཉིས། དང་པོ་ལ། མཐོང་ལམ་པ་དང་སྒོམ་ལམ་པ་ལ་དུ་ལྡན་ནོ། །དང་པོ་ནི། སྐད་ཅིག་མ་དྲུག་པ་ལ་གནས་པ་ལ་ནི་དང་པོ་གཅིག་པུ་དང་། བརྒྱད་པའི་ཚེ་དང་པོ་གཉིས་དང་། བཅུ་པའི་ཚེ་དང་པོ་གསུམ་དང་། བཅུ་གཉིས་པའི་ཚེ་དང་པོ་བཞི་དང་། བཅུ་བཞི་པ་དང་བཅོ་ལྔ་པའི་ཚེ་དང་པོ་ལྔ་དང་ལྡན་པས་གཅིག་ནས་ལྔའི་བར་དག་དང་ཡང་དག་པར་ལྡན་ནོ། །གཉིས་པ་ནི། སྒོམ་ལམ་ལ་གནས་པ་ཆགས་བཅས་ཡིན་ན། བཅུ་དྲུག་པ་ནས་བརྒྱད་པ་སྤངས་པའི་བར་དང་པོ་དྲུག་དང་ལྡན་ལ། ཕྱིར་མི་འོང་གཟུགས་ཀྱི་ཆགས་བཅས་ནི་བདུན་པ་གཅིག་པུ་དང་། ཡང་ན་དེ་གཟུགས་ཀྱི་ཆགས་བྲལ་ནི་དེ་དང་བརྒྱད་པ་གཉིས་དང་ལྡན་ནོ། །དགྲ་བཅོམ་ནི་ཐ་མ་གཅིག་པུ་དང་ལྡན་ནོ། །དེ་མི་སློབ་པ་ཡིན་པས་སྒོམ་ལམ་ལ་གནས་པར་མི་རིགས་སོ་ཞེ་ན། མཐོང་བ་གོམས་པ་ཙམ་ཡོད་པས་སོ། །གཉིས་པ་ནི། གལ་ཏེ་ཕྱིར་འོང་ཆགས་བཅས་དང་། དགྲ་བཅོམ་པའི་ཡོངས་ཤེས་རེ་རེ་བཞག་པ་ཅི་ཡིན་ཞེ་ན། དེའི་རྒྱུ་མཚན་ནི། ཁམས་ལས་འདོད་ཆགས་དང་བྲལ་བ་དང་། དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་པ་འདོམས་པ་ན་སྤངས་པ་ཐམས་ཅད་ལ་བྲལ་ཐོབ་སོ་སོ་བ་བཏང་ནས་གཅིག་རྙེད་པའི་ཕྱིར་ཡོངས་ཤེས་དེ་དག་ཀྱང་བསྡོམས་པའོ། །ལྔ་པ་ནི། གང་ཟག་གང་གིས་ཡོངས་ཤེས་དུ་འཐོབ་ཅིང་གཏོང་ཞེ་ན། ཕྱིར་མི་འོང་གཟུགས་ཀྱི་ཆགས་བཅས་དང་། དགྲ་བཅོམ་པ་ཉམས་པ་ལ་ལ་ནི་བདུན་པ་དང་དགུ་པ་གཅིག་གཏོང་ལ། གཟུགས་ལས་འདས་པའི་ཕྱིར་མི་འོང་ཉམས་པར་གྱུར་ན་བདུན་པ་དང་བརྒྱད་པ་གཉིས་གཏོང་སྟེ། གཟུགས་ཀྱི་ཆགས་བྲལ་ལས་ཉམས་ན་བརྒྱད་པ་དང་འདོད་པའི་དེ་ལས་ཉམས་ན་བདུན་པ་གཏོང་ངོ་། །ཕྱིར་མི་འོང་ཆགས་བྲལ་སྔོན་འགྲོའི་སྐད་ཅིག་བཅུ་དྲུག་པའི་ཚེ་དང་པོ་ལྔ་གཏོང་ལ། མཐར་གྱིས་པའི་ཕྱིར་མི་འོང་ཐོབ་པའི་ཚེ་དང་པོ་དྲུག་གཏོང་ངོ་། །འཐོབ་པ་ནི་ལྔ་མིན་ནོ་ཞེས་བཀག་པས་ལྷག་མ་ཡོད་པར་གྲུབ་སྟེ། ཕྱིར་མི་འོང་ལྔ་དང་དྲུག་བཏང་ནས་བདུན་པ་དང་། དགྲ་བཅོམ་པས་གཉིས་བཏང་ནས་དགུ་པ་གཅིག་པུ་སྔོན་མེད་འཐོབ་ལ། དགྲ་བཅོམ་གཟུགས་མེད་པས་ཉམས་ན་བདུན་པ་དང་བརྒྱད་པ་གཉིས་འཐོབ་ཅིང་། སུ་ཡང་རུང་བ་འདོད་པས་ཉམས་ན་དང་པོ་དྲུག་འཐོབ་བོ། །ཆགས་བྲལ་སྔོན་འགྲོའི་ཕྱིར་འོང་བཅུ་དྲུག་པ་གཏོང་བ་དང་ལམ་གཉིས་ཀྱིས་བརྟན་པར་བྱས་པས་ལྔ་མི་འཐོབ་ལ། ཉམས་ཀྱང་མཐོང་སྤང་སྤངས་པ་མི་ཉམས་པས་དྲུག་འཐོབ་པ་ཁོ་ནའོ། །ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་གཞུང་དོན་རབ་ཏུ་གསལ་བའི་ཉི་མ་ལས་གནས་ལྔ་པ་བསྟན་པའོ།།  ༈  །།དྲུག་པ་ལམ་དང་གང་ཟག་བསྟན་པ་ལ་གསུམ་སྟེ། བདེན་པ་མངོན་པར་རྟོགས་པའི་ལམ་བཤད་པ། བདེན་པ་མངོན་པར་རྟོགས་པའི་གང་ཟག་བཤད་པ། ལམ་ཉིད་ཀྱི་ཁྱད་ཆོས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། མཚམས་སྦྱར་བ་དང་། ལམ་དངོས་སོ། །དང་པོ་ནི། གནས་ལྔ་པར་སྤངས་པ་ནི་ཡོངས་སུ་ཤེས་པའོ་ཞེས་གསུངས་པ་དེ་ལ། སྤང་བྱ་གང་གཉེན་པོ་གང་གིས་སྤོང་བའི་དོན་ནི་བདེན་པ་མཐོང་བ་དང་དེའི་དོན་སྒོམ་པ་ལས་ཉོན་མོངས་པ་སྤངས་པའོ་ཞེས་ཕྲ་རྒྱས་ཀྱི་དབྱེ་བར་བཤད་པ། དེའང་བདེན་པ་མཐོང་བ་ནི་མཐོང་སྒོམ་གཉིས་ཡིན་ལ། དེ་ཇི་ལྟ་བུ་ཞེ་ན། གཉིས་པ་ལ། ལམ་གཉིས་ཀྱི་ངོ་བོ། དམིགས་པ། སྐྱེ་ཚུལ་ལོ། །དང་པོ་ནི། སྒོམ་པའི་ལམ་ནི་ཟག་བཅས་འཇིག་རྟེན་པ་དང་ཟག་མེད་འཇིག་རྟེན་ལས་འདས་པ་རྣམ་པ་གཉིས་ཏེ། མཐོང་བའི་ལམ་ཞེས་བྱ་བ་དེ་ནི་ཁམས་གསུམ་པའི་གཉེན་པོ་ཡིན་པ་དང་སྤང་བྱ་ཆེ་འབྲིང་དགུ་གཅིག་ཆར་སྤོང་བའི་ཕྱིར་ཟག་པ་མེད་པ་ཁོ་ན་སྟེ། འཇིག་རྟེན་པ་ལ་དེ་འདྲའི་མཐུ་མེད་པའི་ཕྱིར་རོ། །དེས་ན་མཐོང་སྒོམ་ལམ་ལ་ཁྱད་པར་དུ་མ་སྟེ། ངོ་བོ་ལས་ནི་ཟག་མེད་ཁོ་ན་དང་གཉིས་ཀ་ཡིན་པ་དང་། དམིགས་པ་ལས་ནི་བདེན་པ་བཞི་ཁོ་ན་དང་ས་གོང་འོག་ལའང་དམིགས་པ་དང་། རྣམ་པ་ལས་བདེན་པ་དང་ཞི་རགས་ཀྱང་ཡིན་པ་དང་། ལམ་གྱི་དབྱེ་བ་ལས་བར་ཆད་མེད་པ་དང་རྣམ་གྲོལ་གཉིས་དང་། སྦྱོར་བའི་ལམ་སོགས་བཞི་ཡིན་པ་དང་། ངོ་བོའི་དབྱེ་བ་ལས་ཤེས་བཟོད་གཉིས་དང་ཤེས་པ་ཁོ་ན་ཡིན་པ་དང་། སྤང་བྱ་སྤོང་ཚུལ་ལས་དམིགས་པ་ཤེས་པས་ཅིག་ཆར་སྤོང་བ་དང་། གཉེན་པོ་གོམས་པས་རིམ་གྱིས་སྤོང་བའོ་ཞེས་པའམ། ཊཱི་ཀར་སྒོམ་སྤང་གཞི་བཅས་ཡིན་པས་བརྟན་ཏེ་ཅིག་ཆར་མི་སྤོང་ཞེས་བཤད་པས་སྒོམ་སྤང་ལ་ལྟོས་པའི་ཅིག་ཆར་བ་མེད་པ་དང་ཡོད་པ་ནི་གོང་འོག་གི་ལུགས་སོ། །མ་ཧཱས་ལུགས་འདི་ལའང་ཅིག་ཆར་བ་བཞེད་དོ། །རྟེན་ལས་འདོད་པ་དང་ཁམས་གསུམ་པ་དང་། རྒྱུད་ལས་འཕགས་པ་ཁོ་ན་དང་གཞན་ལའང་སྐྱེ་བ་དང་། སྐྱེ་ཚུལ་ལས་སྟན་གཅིག་ལས་སྐྱེ་བ་དང་གཞན་ལའང་སྐྱེ་བའོ། །གཉིས་པ་ལ། བདེན་པ་བཞི་དང་། དེ་གཉིས་སོ། །དང་པོ་ལ་དབྱེ་བ། རྟོགས་པའི་གོ་རིམ། ཟག་བཅས་དུཿཁ་བསྟན་པའོ། །དང་པོ་ནི། ལམ་གྱི་དམིགས་པ་ནི་བདེན་པ་ཞེས་བཤད་ན་བདེན་པ་དུ་ཞེ་ན། བདེན་པ་དག་ནི་བཞིར་བཤད་དེ། སྡུག་བསྔལ་དང་ཀུན་འབྱུང་དང་། འགོག་པ་དང་ལམ་མོ། །སོ་སོའི་ངོ་བོ་ནི་སྔར་བཤད་པ་དེ་བཞིན་ཏེ། ཉེར་ལེན་གྱི་ཕུང་པོ་ལྔའི་འབྲས་ལྡོག་དུཿཁ་དང་། རྒྱུ་ལྡོག་ཀུན་འབྱུང་སྟེ་དངོས་པོ་ཁྱབ་པར་མཉམ་པར་བྱེ་སྨྲ་འདོད་ལ། མདོ་སྡེ་པ་སོགས་དགྲ་བཅོམ་ཕ་མའི་ཕུང་པོ་དུཿཁ་ཡིན་ཡང་ཀུན་འབྱུང་མིན་པར་བཤད་ལ། བསྡུ་བར་སྲེད་བྲལ་གྱི་ཕུང་པོ་ཀུན་འབྱུང་མིན་པར་བཤད་དོ། །འགོག་པ་ནི་རྟག་རྫས་དང་། མདོ་སྡེ་པ་ཟག་བཅས་ཞི་བ་ཙམ་གྱི་མེད་དགག་དང་། སེམས་ཙམ་པ་དེ་བཞིན་ཉིད་དྲི་མ་དང་བྲལ་བའི་མེད་དགག་དང་། ངོ་བོ་ཉིད་མེད་པར་སྨྲ་བ་མ་ཡིན་དགག་དོན་དམ་པར་འདོད་དོ། །ལམ་ནི་ཟག་མེད་འདུས་བྱས་སོ་ཞེས་མཐུན་ནོ། །གྲངས་ངེས་པའི་རྒྱུ་ནི་སློབ་དཔོན་འཕགས་པས་ཀུན་བྱང་ཕྱོགས་ཀྱི་འབྲས་བུ་དང་རྒྱུའི་དེ་ཁོ་ན་བདེན་པ་བཞིའོ། །ཞེས་བཤད་པ་ལྟར་མདོ་སྡེ་པས་ཀྱང་འདོད་དོ། །གཉིས་པ་ནི། དོར་བྱ་དང་བླང་བྱའི་རིམ་པ་དེ་ལྟར་ཡིན་ཡང་། སོ་སོའི་རྒྱུ་འབྲས་གོ་ལོག་གོ་ཞེ་ན། བདེན་པ་དེ་དག་མཐོང་ལམ་གྱིས་ཇི་ལྟར་མངོན་པར་རྟོགས་པའི་རིམ་པ་བཞིན་ཏེ། མངོན་རྟོགས་སྐད་ཅིག་བཅུ་དྲུག་ལས་དང་པོར་དུཿཁ་མཐོང་བའི་ཤེས་བཟོད་ནས། མཐར་ལམ་གྱི་བཞི་སྐྱེ་བས་ཡུལ་ཅན་གང་སྔར་སྐྱེས་པའི་ཡུལ་སྔར་བསྟན་པའམ། གང་སྔར་རྟོགས་པ་སྔར་བསྟན་པའོ། །རིམ་པ་དེ་ལྟར་རྟོགས་པ་ཡང་དཀྱུས་བསྟན་པའི་རྟ་ལྟར་སྦྱོར་ལམ་དུ་དེ་ལྟར་གོམས་པའི་དབང་གིས་ཡིན་ཏེ། དཔེར་ན་ནད་མཐོང་ནས་དེའི་རྒྱུ་ལ་རྟོག་ལ། དེ་ནས་ནད་ཟད་པ་དོན་དུ་གཉེར་ཞིང་དེའི་ཐབས་སུ་སྨན་ཚོལ་བ་བཞིན་དུ། སྦྱོར་ལམ་དུ་དུཿཁ་མཐོང་ནས་དེའི་རྒྱུ་ཀུན་འབྱུང་ལ་རྟོག་ལ། དེ་ནས་དུཿཁ་འགོག་པ་དོན་དུ་གཉེར་ཞིང་དེའི་ཐབས་ཚོལ་བའི་རིམ་པས་སོ། །ངེས་ཚིག་ནི་མི་བསླུ་བས་བདེན་པ་ཡིན་ལ། བྱིས་པ་ལའང་མི་བསླུ་མོད་ཀྱི་བདེན་པར་རྟོགས་ལ་འཕགས་པས་རྟོགས་པས་འཕགས་པའི་བདེན་པ་ཞེས་སོ། །གསུམ་པ་ནི། ཚོར་བའི་ཕྱོགས་གཅིག་ཁོ་ན་དུཿཁ་མིན་ནམ། ཅིའི་ཕྱིར་ཟག་བཅས་ཐམས་ཅད་དུཿཁར་བརྗོད་ཅེ་ན། ལན་ལ་དགག་བཞག་སྤང་གསུམ་ལས། དང་པོ་ནི། མདོ་སྡེ་པའི་བཙུན་པ་གཞོན་ནུ་དཔལ་ལེན་ན་རེ། བདེ་བ་ཡོད་ཀྱང་ཉུང་བས་དུཿཁར་བརྗོད་དོ་ཞེ་ན། མི་རིགས་ཏེ། ཕུང་པོ་ལྔའི་ཚོར་བའི་ཕྱོགས་གཅིག་དང་ཁམས་གསུམ་གྱི་འདོད་པའི་གསུམ་ཆ་ཡིན་པ་དང་། ཟག་བཅས་དུཿཁའི་རྒྱུ་ཡིན་ཞེས་པ་ཡང་ཀུན་འབྱུང་གི་རྣམ་པ་ཡིན་པའི་ཕྱིར་རོ། །དཔལ་ལེན་ན་རེ། བདེ་བའི་ཚོར་བ་ནི་མེད་པ་ཉིད་དེ། བདེ་བ་ལ་རྒྱུ་མི་གནས་པའི་ཕྱིར་དང་། མདོ་ལས་གང་ཅི་ཚོར་ཡང་རུང་དེ་ནི་དུཿཁའོ་ཞེས་གསུངས་པའི་ཕྱིར་རོ་ཞེ་ན། མི་འཐད་དེ། སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པའི་ཕྱིར་ཏེ། རྟེན་གྱི་ཁྱད་པར་ལ་ལྟོས་པའི་ཡུལ་བདེ་བའི་རྒྱུར་འདོད་པས་དེ་མི་གནས་པའང་མིན་ལ། ལུང་ཡང་དགོངས་པ་ཅན་ཏེ། དགོངས་གཞི་ནི་འདུ་བྱེད་མི་རྟག་པ་དང་། རྣམ་པར་འགྱུར་བ་ལ་དགོངས་སོ། །གནོད་བྱེད་ནི་དུཿཁའི་དོན་ཅི་ཡིན་གནོད་པའམ་མི་འདོད་པ་ཡིན་ནོ་ཞེ་ན། འོ་ན་ཕན་པའམ་འདོད་པ་བདེ་བར་གྲུབ་ཅིང་། དུཿཁ་ཆུང་ངུ་ལའང་བདེ་བའི་བློ་སྐྱེ་བར་འགལ་ལ་གོང་མ་གཉིས་ན་དུཿཁ་མེད་པས་བདེ་བའི་བློ་མི་སྐྱེ་བར་འགྱུར་རོ། །གཉིས་པ་རང་ལན་ནི། འདུ་བྱེད་ཟག་བཅས་མ་ལུས་པ་ནི་ཆོས་ཅན། དུཿཁ་ཡིན་ཏེ། ཟག་བཅས་ཀྱི་ཚོར་བ་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ་དང་། དེ་གཉིས་ལས་གཞན་པ་གསུམ་པོ་རྟེན་ཡུལ་གྲོགས་དང་བཅས་པའི་ཟག་བཅས་རྣམས་ཉིད་ཀྱི་སྒོ་ནས་ཅི་རིགས་པར་སྡུག་བསྔལ་ཉིད་དང་ལྡན་པའི་ཕྱིར། གསུམ་པ་རྩོད་སྤོང་ནི། ཟག་བཅས་ཀྱི་བདེ་བའང་དུཿཁར་འགྱུར་བས་འཇིག་རྟེན་ན་བདེ་བ་མེད་པར་འགྱུར་རོ་ཞེ་ན། སོ་སོ་སྐྱེ་བོའི་བློ་ལ་ལྟོས་ནས་བདེ་བའི་ཐ་སྙད་བྱས་ལ། འཕགས་པ་རྣམས་ཀྱི་གཟིགས་པ་ལ་ལྟོས་ནས་དུཿཁའོ། །ཡང་ལམ་བདེན་ཡང་མི་རྟག་པས་དུཿཁར་ཐལ་ལོ་ཞེ་ན། མི་འགྱུར་ཏེ། དུཿཁ་ཐམས་ཅད་ཟད་པ་འདྲེན་པས་འཕགས་པ་དང་མཐུན་པའི་ཕྱིར་དང་། དུཿཁ་དང་པོ་ལས་འདས་པའི་ཕྱིར་རོ། །གཉིས་པ་ཟག་བཅས་ཐམས་ཅད་ཀུན་འབྱུང་མིན་ཏེ། མདོ་ལས་སྲེད་པ་ཁོ་ན་ཀུན་འབྱུང་དུ་གསུངས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། གཙོ་བོ་ལ་དགོངས་པའི་ཕྱིར་རོ། །གཉིས་པ་བདེན་པ་གཉིས་བཤད་པ་ནི། ཐུབ་པས་བདེན་པ་གཉིས་གསུངས་ན་དེ་གཉིས་ཀྱི་མཚན་ཉིད་དང་མཚན་གཞི་ཇི་ལྟ་བུ་ཞེ་ན། ཆོས་གང་ལ་བཅོམ་པའི་འཇིག་པས་བཤིག་ན་དེའི་བློ་མི་འཇུག་ཅིང་ཐ་སྙད་མི་འཐོབ་པ་བུམ་པ་ལྟ་བུ་དང་། ཆོས་གང་ལ་བཅོམ་པའི་འཇིག་པས་མི་གནོད་ཀྱང་བློ་ཡིས་ཆོས་གཞན་དང་གཞན་དུ་བསལ་ན་དེའི་བློ་མི་འཇུག་པ་དཔེར་ན་བུམ་པའི་ཆུ་བཞིན་དུ་ཡོད་པ་ནི་ཀུན་རྫོབ་ཏུ་ཡོད་པ་སྟེ། དོན་དམ་པར་ཡོད་པ་ནི་སྔ་མ་གཉིས་ལས་གཞན་འཇིག་པ་གཉིས་ཀྱིས་མི་གནོད་པར་རང་དབང་དུ་ཡོད་པ་སྟེ། མཚན་གཞི་ནི་རྫས་ཀྱིས་བསྡུས་པའི་སྐད་ཅིག་དང་རྡུལ་ཕྲ་རབ་འཇིག་པ་གཉིས་མེད་པ་རྣམས་དང་འདུས་མ་བྱས་སོ། །གསུམ་པ་སྐྱེ་ཚུལ་ལ། འཇུག་ཚུལ་མདོར་བསྟན། སྒོམ་ཚུལ་རྒྱས་པར་བཤད་པའོ། །དང་པོ་ལ། བྱ་བའི་རིམ་པ་དང་། བློའི་ངོ་བོའོ། །དང་པོ་ནི། ཚུལ་ཇི་ལྟར་བསླབ་པས་བདེན་པ་མཐོང་ཞེ་ན། དང་པོར་གཞི་ཚུལ་ཁྲིམས་རིས་བདུན་གང་རུང་ལ་གནས་ཏེ་བདེན་པ་མཐོང་བ་དང་མཐུན་པའི་ཐོས་པ་དང་། ཐོས་པའི་དོན་བགྲང་གཞལ་གྱིས་བསམ་པར་བྱས་ནས། ལོྃ་ཀྃ་དང་ལོ་ཀ་ལས་འདས་པའི་སྒོམ་པ་ལ་ནི་རབ་ཏུ་སྦྱོར་ཏེ་དེ་ནི་བདེན་པ་མཐོང་བའོ། །གཉིས་པ་ནི། ཐོས་པ་ལས་བྱུང་བའི་བློ་ནི་མིང་ལ་བརྟེན་ནས་དོན་ལ་འཇུག་པ་དང་། བསམ་བྱུང་ནི་རེས་འགའ་མིང་ལས་དང་། རེས་འགའ་དོན་གྱིས་མིང་འདྲེན་པས་གཉིས་ཀའི་ཡུལ་ཅན་དང་། སྒོམ་བྱུང་ནི་མིང་ལ་མི་ལྟོས་པར་དོན་ཁོ་ནའི་ཡུལ་ཅན་ནོ་ཞེས་བྱེ་སྨྲ་འདོད་དོ། །སློབ་དཔོན་ནི་བསམ་བྱུང་དེ་མིང་ལ་དམིགས་པའི་ཆ་ནས་ཐོས་བྱུང་དང་། དོན་ལ་དམིགས་པའི་ཆ་ནས་སྒོམ་བྱུང་དུ་ཐལ་བས་བསམ་བྱུང་མི་རྙེད་པར་འགྱུར་རོ་ཞེས་སུན་ཕྱུང་ནས། རང་ལུགས་ནི་ཡིད་ཆེས་པའི་ལུང་དང་། རིགས་པས་བརྟགས་པ་དང་། ཏིང་ངེ་འཛིན་ལས་སྐྱེས་པ་ལ་བཞེད་དོ། །གཉིས་པ་ལ། རྟེན་སྣོད་དུ་རུང་བ་བསྒོམ་པ་པོའི་ཁྱད་པར། དེས་བསྒོམ་བྱའི་ལམ་གྱི་རིམ་པའོ། །དང་པོ་ལ། མདོར་བསྟན། རྒྱས་པར་བཤད་པ་གཉིས། དང་པོ་ནི་སྒོམ་པ་པོ་གང་ཞིག སྒོམ་པ་ཇི་ལྟར་རྫོགས་པར་འགྱུར་ཞེ་ན། ལུས་འདུ་འཛིན་དང་སེམས་མི་དགེ་བའི་རྣམ་རྟོག་ལས་བསྲིང་བ་གཉིས་དང་ལྡན་ན་རྫོགས་པར་འགྱུར་རོ། །གཉིས་པ་ལ་གཉིས་ལྡན་དཀའ་བ། ལྡོག་པས་སླ་བའོ། །དང་པོ་ནི། ངན་ཉུང་རྙེད་པས་ཡིད་མི་བདེ་བ་ཆོག་མི་ཤེས་པ་དང་། བཟང་མང་རྙེད་པར་འདོད་པ་འདོད་ཆེན་ཅན་ལ་ལམ་སྐྱེ་སླ་བ་མིན་ཞིང་ལྡོག་པ་ལ་སླའོ། །དེ་གཉིས་ཀྱི་ཁྱད་པར་ཅི་ཞེ་ན། བྱེ་སྨྲ་ནི་ཆོས་གོས་སོགས་རྙེད་པ་ལ་ཡང་ཡང་སྲེད་ཅིང་འདོད་པ་ནི་ཆོག་མི་ཤེས་པ་དང་། དེ་མ་རྙེད་པ་ལ་རྙེད་པར་འདོད་པ་ནི་འདོད་ཆེན་ཅན་ནོ། །སློབ་དཔོན་ནི་སྔ་མ་ལྟར་བཞེད་དོ། །གཉིས་པ་ལ་ལྡོག་པ་གཉེན་པོར་བསྟན། དེ་འཕགས་རིགས་སུ་བསྟན་པའོ། །དང་པོ་ནི། ཆོག་མི་ཤེས་དང་འདོད་ཆེན་ཅན་གཉིས་ལས་བཟློག་པ་ནི་གཉིས་པོ་དེ་ཡི་གཉེན་པོ་དག་ཡིན་ལ། གཉེན་པོ་དེ་གཉིས་ནི་ཁམས་གསུམ་དུ་གཏོགས་པ་གསུམ་དང་དྲི་མེད་དང་བཞིའོ། །ངོ་བོ་ནི་མ་ཆགས་པའི་རང་བཞིན་ནོ། །གཉིས་པ་ལ། དངོས་དང་། དེའི་ཁྱད་པར་དཔྱད་པའོ། །དང་པོ་ནི། མ་ཆགས་པ་དེ་ཉིད་ལ་འཕགས་པའི་རིགས་སམ་རྒྱུ་ཞེས་བྱ་སྟེ། དེ་ལས་འཕགས་ཆོས་སྐྱེ་བས་སོ། །དེ་ལ་བཞི་ཡོད་པ་དག་ལས། དང་པོ་ཆོས་གོས་དང་བསོད་སྙོམས་དང་མལ་སྟན་ལ་མ་ཆགས་པ་གསུམ་ནི་ཆོག་ཤེས་ཀྱི་བདག་ཉིད་ཡིན་ལ། བཞི་པ་ནི་སྤོང་བ་འགོག་པ་དང་སྒོམ་པ་ལམ་ལ་དགའ་བ་སྟེ་དེ་བཞི་ལ་མ་ཆགས་པ་ཞེས་བྱ་སྟེ། སྲིད་པ་དང་འདོད་པའི་འདོད་ཆགས་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །གཉིས་པ་ལ། ངེས་དོན་གང་བསྟན་པ། དེ་ལྟར་བསྟན་པའི་དགོས་པའོ། །དང་པོ་ནི། རིགས་བཞི་པོ་དེས་དོན་གང་བསྟན་ཞེ་ན། དང་པོ་གསུམ་གྱིས་ཚུལ་བསྟན་ལ། ཐ་མས་ལས་བསྟན་ཏེ། ཚུལ་འདིས་གནས་ཤིང་ལས་འདི་བྱེད་ན་ཐར་པ་ཐོབ་པར་འགྱུར་རོ་ཞེས་པའི་དོན་ཏོ། །གཉིས་པ་ནི། ཅིའི་ཕྱིར་དུ་ཚུལ་དང་ལས་འདི་ལྟ་བུ་བྱ་ཞེ་ན། རྟེན་གྱི་གང་ཟག་གི་རྒྱུད་ལ་སྐྱེ་བའི་གོས་སོགས་ལ་སྲེད་པ་བཞིའི་གཉེན་པོའི་ཕྱིར་དུ་སྟེ་བདག་གིར་འཛིན་པའི་དངོས་པོ་ཆོས་གོས་སོགས་གསུམ་འདོད་པ་དང་། ལུས་ཀྱི་དངོས་པོ་ལ་བདག་ཏུ་འཛིན་པའི་འདོད་པ་སྟེ་ཕྱི་ནང་གི་དངོས་པོ་ལ་སྲེད་པ་གཉིས་ཡོད་པ་ལས། ཚུལ་གྱིས་ནི་དང་པོ་དེའི་དུས་ཏེ་རེ་ཞིག་ཞི་བར་བྱེད་པ་དང་། ལས་ཀྱིས་ནི་གཉིས་ཀའང་གཏན་དུ་ཞི་བར་བྱེད་པའི་ཕྱིར་རོ། །གཉིས་པ་དེས་བསྒོམ་བྱའི་ལམ་གྱི་རིམ་པ་ལ། ཞི་གནས་སྒོམ་ཚུལ་དང་། ལྷག་མཐོང་སྒོམ་ཚུལ་ལོ། །དང་པོ་ལ་བསྟན་བཤད་དོ། །དང་པོ་ནི། སྣོད་དུ་གྱུར་ནས་སྒོམ་པ་དེ་ལ་ཇི་ལྟར་འཇུག་ཅེ་ན། འཇུག་པའི་ཚུལ་ནི་མི་སྡུག་པ་སྒོམ་པས་འཇུག་པ་དང་། ཡང་ན་དབུགས་རྔུབ་པ་དང་འབྱུང་བ་རྗེས་སུ་དྲན་པ་ཡིས་འཇུག་གོ །གང་ཟག་གང་གིས་འཇུག་ཅེ་ན། འདོད་ཆགས་ཤས་ཆེ་བས་མི་སྡུག་པ་སྒོམ་པ་དང་། རྣམ་རྟོག་ལྷག་པ་དབུགས་འབྱུང་རྔུབ་དྲན་པ་རྣམས་སོ། །འདིས་རྣམ་རྟོག་གཅོད་པ་ནི་ཁ་ཅིག་ཡུལ་སྣ་ཚོགས་ལ་མེ་དམིགས་པའི་ཕྱིར་ཞེས་དང་། གཞན་དག་ཁ་ཕྱིར་མ་བལྟས་པའི་ཕྱིར་ཞེས་བཤད་ལ། འདི་ལའང་ཞེ་སྡང་ཤས་ཆེ་བས་བྱམས་པ། གཏི་མུག་ཤས་ཆེ་བས་རྟེན་འབྲེལ་དང་། ང་རྒྱལ་ཤས་ཆེ་བས་ཁམས་ཀྱི་རབ་དབྱེ་བསྒོམ་སྟེ་ཉོན་མོངས་ཆ་མཉམ་ན་ཞི་གནས་སྐྱེ་ལ། ཆ་མཉམ་པའམ་ཆུང་བས་ནི་དང་པོ་ཉིད་ནས་ཞི་གནས་སྐྱེད་པས་ཆོག་པར་བཤད་ཅིང་། ཤས་ཆེ་བའང་དེ་ལྟར་ངེས་པར་མངོན་ཏེ། ཀུན་བཏུས་སུ་ཤས་ཆེ་བའི་དབྱེ་བ་སྟོན་པ་ན་དེ་ལྔ་ལས་མ་བགྲང་བས་སོ། །གཉིས་པ་ལ། མི་སྡུག་པ་སྒོམ་པ། དབུགས་འབྱུང་རྔུབ་དྲན་པའོ། །དང་པོ་ལ་བསྟན་བཤད་གཉིས། དང་པོ་ནི། འདོད་ཆགས་བཞི་ལས་ཁ་དོག་ལ་ཆགས་པའི་གཉེན་པོར་རྣམ་པར་བསྔོས་པ་རྣག་པ་བམ་པ་དམར་བ་འཚིག་པ་སྟེ་ལྔ། དབྱིབས་ལ་ཆགས་པ་ལ་ཟོས་པ་དང་འཐོར་བ་དག་དང་། རེག་བྱ་ལ་ཆགས་པ་ལ་འབུས་གཞིགས་པ་དང་རུས་པས་སྦྲེལ་བའི་ཀེང་རུས་དང་། བསྙེན་བཀུར་ལ་ཆགས་པ་ལ་ཤི་རོ་གཡོ་བ་མེད་པ་ལ་དམིགས་ནས་བསྒོམ་ལ། ཀེང་རུས་སྒོམ་པ་ནི་ཆགས་ཅན་ཐམས་ཅད་ལ་ཤིས་ཏེ་དེའི་གཉེན་པོར་འགྱུར་བས་སོ། །གཉིས་པ་ལ། རྣལ་འབྱོར་སྒོམ་ཚུལ། དེ་ཉིད་ངེས་པར་བྱ་བའོ། །དང་པོ་ནི། སྒོམ་ཚུལ་གསུམ་སྟེ། དང་པོར་རང་གི་དཔྲལ་བའི་དབྱེས་ལ་སོགས་པ་གང་དགའ་བར་རྨ་དོད་ནས་ཤ་རུལ་ཞིང་རྨྱགས་ཏེ་རུས་པར་མོས་པ་ནས། རིམ་གྱིས་རང་ལུས་ཀུན་དང་རྒྱ་མཚོའི་མཐའ་ཀླས་པའི་བར་དུ་ནི་ས་གཞི་ཀུན་རུས་པར་སྤྲོ་ཞིང་། སླར་རྒྱ་མཚོའི་མཐའ་ནས་སྔ་མ་ཁོ་ན་བཞིན་བསམ་ཏེ་རང་ཉིད་གཅིག་པུ་རུས་པར་སེམས་སྡུད་པ་ནི་ལས་དང་པོ་པ་དང་། སྤྲོ་བ་སྔར་བཞིན་ལས་སྡུད་པ་ནི་རང་གི་རྐང་པའི་རུས་པ་ནས་ནི་ཐོད་པ་སྟེ་མགོ་བོའི་ཡན་མན་ནམ། ཕན་ཚུན་གྱི་ཕྱེད་ཀྱི་བར་སྔ་མ་ཁོ་ན་བཞིན་གཏོང་བས་དེ་ལྟར་གསལ་བ་ནི་ཡིད་ལ་བྱེད་པ་སྦྱང་བ་བྱས་པའི་རྣལ་འབྱོར་པར་བཤད་ལ། སྔར་བཞིན་ལས་ཐོད་པའི་ཕྱེད་ཀྱང་བོར་ནས་རང་གི་སྨིན་མ་གཉིས་ཀྱི་བར་དུ་རུས་པ་མཐེ་བོ་གང་ཙམ་པ་ལ་སེམས་འཛིན་པ་ནི་མི་སྡུག་པ་ཡིད་ལ་བྱེད་པ་རྫོགས་པའི་རྣལ་འབྱོར་པ་ཡིན་ནོ། །གཉིས་པ་ནི། མི་སྡུག་པའི་ངོ་བོ་ནི་མ་ཆགས་པའི་དགེ་བའོ། །འཁོར་དང་བཅས་ན་ཕུང་པོ་བཞིའམ་ལྔའོ། །ས་ནི་བསམ་གཏན་ལྔ་ཉེར་བསྡོགས་བཞི་འདོད་པའི་རྩེ་གཅིག་པ་སྟེ་བཅུ་དང་དམིགས་པ་ནི་འདོད་པའི་སྣང་བ་སྟེ་ཁ་དོག་དང་དབྱིབས་ཀྱི་གཟུགས་དང་། རྣམ་པ་ནི་མི་སྡུག་པ་དང་། དུས་གང་ལ་ཡུལ་ཡིན་པ་ནི་སྐྱེ་བའི་དེའི་དུས་པ་དང་། མི་སྐྱེ་བའི་དུས་གསུམ་པ་དང་། རྟེན་ནི་གླིང་གསུམ་གྱི་སྐྱེས་བུད་མེད་ཀྱི་མིས་སྐྱེད་དེ་གཞན་རྣམས་ལ་མེད་དོ། །འཐོབ་པ་ནི་ཚེ་འདིར་སྔར་འདྲིས་ན་ཆགས་བྲལ་དང་མ་འདྲིས་ན་སྦྱོར་བས་སོ། །གཉིས་པ་ལ། ཐུན་མོང་དུ་བསྟན། ཁྱད་པར་དུ་བཤད་པའོ། །དང་པོ་ནི། དབུགས་ནང་དུ་རྔུབ་པ་དང་དབུགས་ཕྱིར་འབྱུང་བ་རྗེས་སུ་དྲན་པ་ནི་ངོ་བོ་དེ་ལྟར་འབྱེད་པའི་ཤེས་རབ་ཡིན་ལ། དྲན་པའི་སྟོབས་བསྐྱེད་པ་ལས་བྱུང་བས་དྲན་པ་ཞེས་སྨོས་སོ། །ས་ནི་བཞི་པ་ཡན་ཆད་ན་རླུང་མེད་ཅིང་དངོས་གཞི་གསུམ་གྱི་བདེ་བ་གསལ་བས་རྣམ་རྟོག་འདྲེན་པའི་ཕྱིར་ཉེར་བསྡོགས་གསུམ་ཁྱད་པར་ཅན་དང་འདོད་པ་སྟེ་བཏང་སྙོམས་ཅན་ལྔ་ན་ཡོད་ལ། སྤྱོད་ཡུལ་ནི་རླུང་ངོ་། །རྟེན་ནི་འདོད་པའི་ལྷ་མིའི་རྟེན་ཅན་ཏེ་འོན་ཀྱང་ལུང་མེད་པ་དང་བདག་ཉིད་ཀྱིས་ཟབ་མོ་མི་རྟོག་པས་ཕྱི་པའི་རྟེན་ཅན་མིན་ནོ། །གཉིས་པ་ལ། སྒོམ་ཚུལ་གྱི་དབྱེ་བ། ཡུལ་གྱི་ངོ་བོ། ཡུལ་ཅན་གྱི་ཁྱད་པར་རོ། །དང་པོ་ནི། བགྲང་བ་ལ་སོགས་པ་རྣམ་པ་དྲུག་གོ །ཇི་སྐད་དུ། བགྲང་དང་རྗེས་འགྲོ་འཇོག་པ་དང་། །རྟོག་པ་དང་ནི་བསྒྱུར་བ་དང་། །ཡོངས་དག་རྣམ་པ་དྲུག་ཏུ་འདོད། །ཅེས་པ་ལྟར་རོ། །དང་པོ་ནི། ལུས་སེམས་མངོན་པར་འདུ་བྱ་བ་མེད་པར་བཞག་ནས། ཉུང་ན་སེམས་ཞུམ་པ་དང་། མང་ན་གཡེང་བར་དོགས་པས་གཅིག་ནས་བཅུའི་བར་དུ་སྐྱོན་གསུམ་དང་བྲལ་བས་བགྲང་བ་སྟེ། གཉིས་པ་གཅིག་ཏུ་འཛིན་ན་མ་ཚང་བ་དང་། གཅིག་ལ་གཉིས་སུ་འཛིན་ན་ལྷག་པ་དང་། རྔུབ་པ་ལ་འབྱུང་བའམ་འབྱུང་བ་ལ་རྔུབ་པར་འཛིན་ན་འཆོལ་བར་བགྲངས་པའི་སྐྱོན་ནོ། །རྗེས་སུ་འགྲོ་བ་ནི་རླུང་གི་རྗེས་སུ་ཤེས་པ་འགྲོ་བ་སྟེ། བརྔུབས་ན་ལྐོག་མ་དང་སྙིང་ག་དང་ལྟེ་བ་དང་བརླ་དང་རྐང་པའི་བར་འགྲོ་ལ། འབྱུང་བ་ན་མཐོ་གང་འདོམ་གང་གི་བར་འགྲོ་བ་སྟེ། དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་དེ་ལས་ལྷག་པར་འདོད་པ་མི་རུང་ངོ་། །འཇོག་པ་ནི་ནོར་བུའི་ཐག་པ་ལྟར་སྣ་རྩེ་ནས་རྐང་པའི་བར་དུ་གནས་པར་ལྟ་ཞིང་། ཕན་གནོད་ལས་ཕན་པ་དང་། གྲང་དྲོ་ལས་དྲོ་བའོ་ཞེས་རྟོག་པའོ། །ཉེ་བར་རྟོག་པ་ནི་ཡུལ་རླུང་ནི་རྫས་བརྒྱད། ཡུལ་ཅན་ཤེས་རབ་ནི་མིང་གི་ཕུང་པོ་བཞི་དང་བཅས་ཏེ་ཕུང་པོ་ལྔ་པར་རྟོག་གོ །དེ་བཞིའི་འབྲས་བུ་བསྒྱུར་བ་ནི་ཁ་ཅིག་རླུང་ལ་དམིགས་པའི་བློ་བསྒྱུར་ཏེ་ཆོས་མཆོག་གི་བར་དང་། ཡོངས་སུ་དག་པ་ནི་མཐོང་ལམ་ལ་སོགས་པའམ། ཁ་ཅིག་རྡོ་རྗེ་ལྟ་བུའི་བར་དང་ཟད་ཤེས་སོ། །ཞེས་འཆད་དོ། །གཉིས་པ་ནི། དབུགས་རྔུབ་དབུགས་འབྱུང་ལུས་གང་ལས། །ཞེས་བཅོས་ཏེ། འདིའི་ཡུལ་གྱི་ཁྱད་པར་ནི་དབུགས་རྔུབ་པ་དབུགས་འབྱུང་བ་ཡིན་ལ། དེ་ཡང་ལུས་ཀྱི་ཕྱོགས་གཅིག་ཡིན་པས་ལུས་ས་གང་ལས་བྱུང་བ་དེའི་རླུང་ཡང་ས་དེ་པའོ། །འགྲོ་བའི་རྒྱུད་ཀྱིས་བསྡུས་པས་སེམས་ཅན་དུ་སྟོན་པ་དང་། དབང་པོ་དང་ཚོགས་པ་ཐ་དད་པས་སེམས་ཀྱིས་མ་ཟིན་པ་དང་། ལུས་རྒྱས་པ་ན་སྒྲིབ་པ་དང་། ཆད་ནས་མཚམས་སྦྱོར་ཞིང་འདོད་དགུར་འབྱུང་བར་རྒྱུན་ལས་བྱུང་བ་ཁོ་ནའོ། །གསུམ་པ་ནི། རང་ས་དང་གོང་སའི་སེམས་ཀྱིས་རྟོགས་ཀྱི། དམན་པའི་ཡུལ་མཆོག་མིན་པས་འོག་མ་འོག་མ་ཡིས་སྤྱོད་ལམ་པ་དང་སྤྲུལ་པའི་ཡིད་ཀྱིས་གོང་མའི་དབུགས་འབྱུང་རྔུབ་དེ་གཉིས་མི་རྟོགས་སོ། །དེ་ལྟར་འཇུག་པའི་སྒོ་གཉིས་ཀྱི་ཞི་གནས་བཤད་ནས། གཉིས་པ་ལྷག་མཐོང་སྒོམ་ཚུལ་ལ། ཚོགས་ཀྱི་ལམ་དང་། སྦྱོར་བའི་ལམ་དང་། བདེན་པ་མངོན་པར་རྟོགས་པའི་ལམ་གྱི་སྐྱེ་ཚུལ་ལོ། །དང་པོ་ལ་བསྟན་བཤད་གཉིས། དང་པོ་ལའང་གང་ཟག་དང་། སྒོམ་ཚུལ་ལོ། །དང་པོ་ནི། ཇི་སྐད་བཤད་པའི་འཇུག་སྒོ་གཉིས་ལ་བརྟེན་ནས་ཞི་གནས་གྲུབ་པར་གྱུར་པ་ཡིས་ལྷག་མཐོང་གི་ལམ་དྲན་པ་ཉེར་གཞག་བསྒོམ་པར་བྱའོ། །གཉིས་པ་ནི། ཇི་ལྟར་བསྒོམ་པར་བྱ་ཞེ་ན། ལུས་འབྱུང་བ་དང་འབྱུང་བ་ལས་གྱུར་པ་དང་། ཚོར་བ་མྱོང་བ་དང་། སེམས་དོན་ཙམ་རིག་པ་དང་། ཆོས་དེ་གསུམ་ལས་གཞན་པ་རྣམས་མཚན་མར་འཛིན་པ་ལ་སོགས་པ་རང་མཚན་དང་། སྤྱིའི་མཚན་ཉིད་མི་རྟག་པ་ལ་སོགས་པ་སྟེ་གཉིས་སུ་ཡོངས་སུ་བརྟགས་པས་འཇུག་པ་ཡིན་ནོ། །གཉིས་པ་བཤད་པ་ལ། ཐུན་མོང་གི་སྒོམ་ཚུལ། ཆོས་དྲན་པ་ཉེར་གཞག་གི་སྒོམ་ཚུལ་ལོ། །དང་པོ་ལ། ངོ་བོ། གོ་རིམ། གྲངས་ངེས་སོ། །དང་པོ་ནི། ངོ་བོ་ནི་ཤེས་རབ་ཡིན་ལ་དེའང་སྐྱེས་ཐོབ་མིན་གྱི་ཐོས་པ་དང་། ལ་སོགས་པ་བསམ་པ་དང་སྒོམ་པ་ལས་བྱུང་བའི་ཤེས་རབ་ཡིན་ཡང་དྲན་པའི་སྟོབས་བསྐྱེད་པས་འཇུག་པས་ན་དྲན་པ་ཞེས་སམ། སློབ་དཔོན་ནི། འདིས་ཇི་ལྟར་མཐོང་བ་ལྟར་ལྷན་ཅིག་པའི་དྲན་པ་ཉེ་བར་འཇོག་པས་སོ་ཞེས་གསུངས་སོ། །དེ་དང་མཚུངས་ལྡན་གྱི་གྲོགས་གཞན་ནི་འབྲེལ་བ་དང་། དེ་གཉིས་ཀྱི་ཡུལ་ལུས་སོགས་བཞི་ནི་དམིགས་པ་ལས་དྲན་པ་ཉེར་གཞག་གི་ཐ་སྙད་བྱས་སོ། །གཉིས་པ་ནི། བཞི་པོའི་རིམ་པ་ནི་ཇི་ལྟར་སྐྱེ་བའི་རིམ་པ་བཞིན་ཏེ། སྔ་མ་སྔ་མ་རགས་ཤིང་རྟོགས་སླ་བས་དེ་ལྟར་མཐོང་བའམ། སློབ་དཔོན་ནི་ལུས་ལ་ཆགས་པས་ཚོར་བ་འདོད་དེ་སེམས་ཕྱིན་ཅི་ལོག་ཏུ་གྱུར་པས་ཉོན་མོངས་འཕེལ་བའི་ཕྱིར་ཞེས་སོ། །གསུམ་པ་ནི། ལུས་སོགས་བཞི་ལ་གཙང་བདེ་བདག་རྟག་ཏུ་ཕྱིན་ཅི་ལོག་པ་སྟེ་བཞི་ཡི་གཉེན་པོ་བཞི་ཁོ་ནའོ་ཞེས་སམ། དབུས་མཐའ་ལས། གནས་ངན་ལེན་ཕྱིར་སྲིད་རྒྱུའི་ཕྱིར། །གཞི་ཡི་ཕྱིར་དང་མ་རྨོངས་ཕྱིར། །བདེན་པ་བཞི་ལ་འཇུག་བྱ་བས། །དྲན་པ་ཉེ་བར་གཞག་པ་བསྒོམ། །ཞེས་སོ། །གཉིས་པ་ནི། དྲན་པ་ཉེར་གཞག་སྔ་མ་གསུམ་གོམས་པར་བྱས་ནས་དེ་རྗེས་སུ་རྣལ་འབྱོར་པ་དེ་ནི་ཆོས་དྲན་པ་ཉེ་བར་གཞག་པའི་ཡུལ་ཆོས་སྤྱི་ལ་དམིགས་པ་ཐོས་བསམ་ལས་བྱུང་བ་ལ་གནས་པར་བྱེད་ལ། དམིགས་པ་ལུས་སོགས་དེ་དག་ལ་ནི་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པ་བཞིར་བལྟའོ། །གཉིས་པ་སྦྱོར་ལམ་ལ། སྐྱེ་ཚུལ་ངོ་བོ། ཁྱད་པར། སྔོན་འགྲོའོ། །དང་པོ་ལ་སྐྱེ་བའི་རིམ་པ། དེ་ཕུང་པོ་ལྔར་བསྡུས་པ། དོན་བསྡུ་བའོ། །དང་པོ་ནི། སྤྱི་ལ་དམིགས་པའི་ཆོས་དྲན་པ་ཉེར་གཞག་དེ་གོམས་པ་ལས་དྲོ་བར་གྱུར་པ་འབྱུང་སྟེ། ཉོན་མོངས་ཅན་པའི་བུད་ཤིང་སྲེག་པའི་འཕགས་པའི་ལམ་གྱི་མེ་ཡི་སྔ་ལྟས་ཏེ་དམིགས་རྣམ་འདྲ་བས་སོ། །དྲོད་དེ་ནི་ཁམས་གོང་འོག་གི་བདེན་པ་བཞིའི་སྤྱོད་ཡུལ་ཅན་ཡིན་པས་མི་རྟག་པ་ལ་སོགས་པའི་རྣམ་པ་བཅུ་དྲུག་ཚར་བའོ། །དེ་ལྟར་དྲོད་ཆུང་འབྲིང་ཆེན་པོ་གསུམ་སྒོམ་པ་ལས་རྩེ་མོ་སྐྱེ་སྟེ་དགེ་བའི་རྩ་བ་གཡོ་བའམ་ཉམས་སྲིད་པའི་རྩེ་མོ་ཡིན་པས་དེ་སྐད་བརྗོད་དོ། །དེ་ཡང་དམིགས་རྣམ་དྲོད་དེ་དང་འདྲ་སྟེ། ཁྱད་པར་ནི་གསལ་སྣང་ཆེར་མཆེད་པའོ། །དེ་ལ་ལམ་གྱི་དམིགས་པ་བཞི་པོ་ཡིན་པས། ལམ་ཐམས་ཅད་དྲན་པ་ཉེར་གཞག་བཞི་པོ་དྲོད་རྩེ་གང་གི་ངོ་བོར་སྐྱེ་ཞེ་ན། དེ་གཉིས་ཀ་ཐོག་མར་བདེན་པ་བཞི་ལ་རྣམ་པ་གཏོད་ཅིང་འགོད་པ་ནི་དཀའ་བས་ཆོས་སྤྱི་ལ་དམིགས་པའི་དྲན་པ་ཉེར་གཞག་གི་ངོ་བོར་སྐྱེ་ལ་ཆུང་ངུའི་ཚེ་གཏད་ནས་འཕེལ་བ་ན་སོ་སོར་དམིགས་པ་བསྒོམ་པ་བོགས་ཆེ་བས་གཞན་དག་གིས་ངོ་བོས་ཀྱང་འཕེལ་ཏེ་བདེན་པའི་རྣམ་པ་བྱང་བར་བྱེད་དོ། །ཀྱང་ཞེས་པས་བཞི་པས་འཕེལ་བའོ་ཞེས་གསུངས་སོ། །རྩེ་མོ་ཆེན་པོ་དེ་ལས་བཟོད་པ་སྐྱེ་སྟེ། ཡོངས་སུ་མི་ཉམས་པའི་སྒོ་ནས་བདེན་པ་ལ་ཆེར་བཟོད་པས་དེ་སྐད་བརྗོད་དོ། །དེའང་གསུམ་ལས་ཆུང་འབྲིང་གཉིས་པོ་ནི་དམིགས་རྣམ་དང་གཏོད་ཚུལ་འདྲ་བ་མི་ཉམས་པས་ཁྱད་པར་དུ་གྱུར་པའོ། །མི་འདྲ་བ་ནི་བཟོད་པ་གསུམ་པོ་ཐམས་ཅད་ཆོས་དྲན་པ་ཉེར་གཞག་གིས་འཕེལ་བར་བྱེད་ཀྱི་གཞན་གྱིས་མིན་ཏེ། ཆོས་མཆོག་དང་ཉེ་བའི་ཕྱིར་ཞེས་ཊཱི་ཀར་ཆད་དེ། མཐོང་ལམ་དང་ཉེ་བས་ཆོས་དྲན་པ་ཉེར་གཞག་ཁོ་ནའོ། །བཟོད་པ་ཆེན་པ་ནི་འདོད་པར་གཏོགས་པའི་སྡུག་བསྔལ་གྱི་ཡུལ་ཅན་ཡིན་ལ། དྲོད་སོགས་ནི་ཁམས་གསུམ་པའི་དུཿཁ་སོགས་ལ་དམིགས་པས་སོ། །དེ་ནི་སྐད་ཅིག་མ་གཅིག་ཁོ་ནའོ། །བཟོད་ཆེན་དེ་བཞིན་དུ་ཆོས་མཆོག་ཀྱང་འདོད་པའི་དུཿཁ་ལ་དམིགས་པ་དང་། སྐད་ཅིག་མ་གཅིག་ཁོ་ན་ཡིན་ལ། འཇིག་རྟེན་པའི་ཆོས་ཀུན་གྱི་མཆོག་ཡིན་པས་འཇིག་རྟེན་ཆོས་མཆོག་སྟེ། སྐལ་མཉམ་གྱི་རྒྱུ་མེད་པར་ནུས་པའི་རྩལ་གྱིས་འཕགས་ལམ་འདྲེན་པས་སོ། །གཉིས་པ་ནི། སྦྱོར་ལམ་བཞི་པོ་གཏོད་འཕེལ་དྲན་པ་ཉེར་གཞག་གི་རང་བཞིན་ཡིན་པས་གཙོ་བོ་ཤེས་རབ་ཡིན་ལ། ཐམས་ཅད་མཉམ་གཞག་ཡིན་པས་རིག་བྱེད་མིན་པའི་གཟུགས་ཀྱང་ཡོད་དེ་འཁོར་དང་བཅས་ན་ཕུང་པོ་ལྔ་པ་ཅན་ནོ། །འོན་ཀྱང་དེ་དག་གི་ཐོབ་པ་ནི་དྲོད་སོགས་སུ་མ་གཏོགས་ཏེ། དེ་ནི་འཕགས་པ་ལ་ཡང་ས་མ་ཐོབ་ཀྱི་བར་དུ་ཡོད་པས་སྦྱོར་ལམ་ཡང་ཡོད་པར་ཐལ་བའི་ཕྱིར་རོ། །གསུམ་པ་ནི། དེ་ལྟར་ན་ཐེ་ཚོམ་སྤོང་བར་ངེས་ཤིང་བདེན་པའི་དོན་སོ་སོར་རྣམ་པར་འབྱེད་པ་འཕགས་ལམ་གྱི་ཆ་ཟག་མེད་སྐད་ཅིག་དང་པོ་དང་དངོས་སམ་བརྒྱུད་པས་མཐུན་ཞིང་རྒྱུར་གྱུར་པའམ་ལམ་ལ་སྦྱོར་བ་ཡིན་པས་ན། སྦྱོར་ལམ་ནི་རྣམ་པ་བཞི་ལས། དང་པོ་གཉིས་ཉམས་པ་ཡོད་པས་ཆུང་ངུ་། བཟོད་པ་མི་ཉམས་པས་འབྲིང་། ཆོས་མཆོག་ནི་སྦྱོར་ལམ་དེ་མཐར་ཕྱིན་པས་ཆེན་པོའོ། །གཉིས་པ་ནི། བཞི་ཆར་གྱི་མཉམ་གཞག་གི་ངོ་བོ་སྒོམ་བྱུང་ཁོ་ན་ཡིན་ཞིང་། དེ་ཡང་བདེན་པའི་ཡུལ་ཅན་གྱི་མཉམ་གཞག་གི་དབང་དུ་བྱས་ཀྱི། སྤྱིར་སྦྱོར་ལམ་ན་ཐོས་བསམ་སོགས་སྒོམ་བྱུང་མིན་པའི་དགེ་བ་དུ་མ་ཡོད་པའང་སྦྱོར་ལམ་ལས་མི་འདའ་སྟེ་ཐར་ལམ་ཡིན་ལ་ལམ་གཞན་མིན་པས་སོ། །གསུམ་པ་ལ་སའི་དང་། རྟེན་གྱི་དང་། འཐོབ་གཏོང་གི་དང་། ཡོན་ཏན་གྱི་དང་། རིགས་ཀྱི་ཁྱད་པར་རོ། །དང་པོ་ནི། མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་དང་བསམ་གཏན་གྱི་དངོས་གཞི་བཞི་སྟེ་ས་དྲུག་པ་ཁོ་ན་སྟེ། འདོད་པ་ནི་མཉམ་པར་མ་གཞག་པ་དང་ཉེར་བསྡོགས་གོང་མ་གསུམ་བདེན་པའི་རྣམ་པ་ཅན་མིན་པ་དང་། གཟུགས་མེད་འདོད་པ་ལ་མི་དམིགས་པས་སོ། །དྲོད་རྩེ་གཉིས་ནི་འོག་འདོད་པ་ནའང་ཡོད་པས་ས་བདུན་པའོ། །འམ་ཞེས་པ་ནི་ལུགས་ཐ་དད་པ་དབྱངས་སྒྲོག་གི་འདོད་པར་སྟོན་པའོ། །གཉིས་པ་ནི། བཞི་ཆར་ཡང་འདོད་པའི་རྟེན་ཅན་ཉིད་དེ་མཐོང་ལམ་གྱི་སྦྱོར་བ་ཡིན་པས་སོ། །དང་པོ་གསུམ་ནི་སྔོན་མ་བསྐྱེད་ན་བློ་བསལ་བས་གླིང་གསུམ་པའི་མི་ཁོ་ན་དང་། སྔོན་བསྐྱེད་ན་ལྷ་ལའང་བསྐྱེད་ལ། བཞི་པ་ནི་ལན་གཉིས་མི་སྐྱེད་པས་གཉིས་ཀར་རོ། །ཅི་སྦྱོར་ལམ་དག་གི་ཐོབ་པའམ་མངོན་གྱུར་སྔར་སྐྱེས་པའམ་བུད་མེད་ལ་འབྱུང་བ་དེ་ཕྱིས་ཀྱང་དེ་གཉིས་ཀ་ལ་ཕན་ཚུན་འབྱུང་ངམ་ཞེ་ན། དེ་ལ་ཆོས་མཆོག་སྔོན་བུད་མེད་ཀྱིས་བསྐྱེད་ན་གཉིས་ཀའི་རྟེན་ཅན་གྱི་ཐོབ་པ་ནི་འབྱུང་སྟེ་སྐྱེ་བ་འཕོས་པའམ་མཚན་གྱུར་པ་སྐྱེས་པར་འགྱུར་སྲིད་པའི་ཕྱིར། མངོན་གྱུར་ནི་སྐད་ཅིག་གཅིག་ཡིན་པས་སྐྱེས་པར་འཕོ་ལོང་མེད་ཅིང་སྐྱེས་པ་ནི་སྐད་ཅིག་གཉིས་པ་ལ་མཐོང་ལམ་སྐྱེ་ལ་འཕགས་པ་བུད་མེད་དུ་མི་འགྱུར་བའི་ཆོས་ཉིད་ཐོབ་པས་གཉིས་ཀའི་རྟེན་ཅན་མི་ཐོབ་ལ། སྔོན་སྐྱེས་པས་བསྐྱེད་ན་སྐྱེས་པ་ཁོ་ནའི་རྟེན་གྱི་ཐོབ་པ་འབྱུང་སྟེ། མཐོང་ལམ་ཐོབ་ནས་སྐྱེས་པ་བུད་མེད་དུ་མི་འགྱུར་བའི་ཕྱིར་རོ། །གཞན་གསུམ་ནི་ངེས་པར་མ་སྨོས་པ་ཉིད་ཀྱིས་སྐྱེ་བ་འཕོས་པའམ་མཚན་གྱུར་པ་དང་འཐོབ་པས་མངོན་གྱུར་དེ་གཉིས་ཀའི་རྟེན་ཅན་སྲིད་ཅིང་། བཟོད་ཆེན་ནི་ཚེ་དེ་ལ་མཐོང་ལམ་སྐྱེ་བས་མཚན་གྱུར་པ་ཁོ་ནས་གཉིས་ཀའི་རྟེན་ཅན་ཐོབ་ལ། སྐད་ཅིག་གཅིག་ལ་མཚན་འཕོ་ལོང་མེད་པས་མངོན་གྱུར་མ་ཡིན་ནོ། །གསུམ་པ་ནི། འོ་ན་དེ་ཇི་ལྟར་གཏོང་ཞེ་ན། འཕགས་པས་སྦྱོར་ལམ་དེ་དག་ཟག་མེད་ཀྱི་ལམ་སྐྱེས་པ་ཙམ་གྱིས་མི་གཏོང་གི་གང་ལ་བརྟེན་པའི་ས་དེ་བོར་ནས་གོང་དུ་སྐྱེས་པས་གཏོང་ལ། འཕགས་པ་སྦྱོར་ལམ་ལས་ཉམས་པ་མེད་ཅིང་མཐོང་ལམ་གྱིས་བརྟན་པར་བྱས་པས་ཤི་བས་ཀྱང་མི་གཏོང་ངོ་། །འཕགས་མིན་ནི་ས་འཕོ་རུང་མི་འཕོ་རུང་འཆི་བས་ཏེ་རིས་མཐུན་བཏང་བ་ཉིད་ཀྱིས་སོ། །དེས་ན་དང་པོ་དང་པོ་མི་ལྕོགས་མེད་ལ་བརྟེན་པ་ནི་གཉིས་པ་ཡན་ཆད་དུ་སྐྱེ་ན་ས་འཕོ་ཞིང་འཆི་བས་གཏོང་ལ། འདོད་པ་དང་དང་པོར་སྐྱེས་ན་འཆི་བ་ཁོ་ནས་གཏོང་བ་ལྟ་བུའོ། །སོ་སྐྱེ་ནི་དེར་མ་ཟད་སྦྱོར་ལམ་དང་པོ་གཉིས་མི་མཐུན་ཕྱོགས་ཀྱིས་ཡོངས་སུ་ཉམས་པས་ཀྱང་གཏོང་སྟེ། རང་གི་རྟོགས་པ་དང་ས་གང་ལས་ཉམས་བསམ་མོ་ཞེས་འཆད་དོ། །འཆི་བས་གཏོང་བ་ནི་མི་ལྕོགས་མེད་ལ་བསམ་གྱི། དངོས་གཞིའི་སྦྱོར་ལམ་བསྐྱེད་པ་ནི་དེ་ཉིད་ལ་བདེན་པ་མཐོང་བར་ངེས་ཏེ་ཡིད་འབྱུང་ཤས་ཆེ་བས་ཕྱིར་རོ། །བཟོད་འབྲིང་མན་ཆད་ལས་རྣམ་པར་ཉམས་པས་ཕྱིས་བསྐྱེད་པ་ན། སོ་ཐར་བཞིན་སྔོན་མེད་པ་ད་ལྟར་བའི་ཐོབ་པ་འབྱུང་གི་སྔོན་བསྐྱེད་པའི་ཐོབ་པ་མི་འབྱུང་སྟེ། མ་འདྲིས་པ་དང་འབད་པས་བསྒྲུབ་པར་བྱ་བ་ཡིན་པར་རོ། །མཚམས་སྟོན་པའི་སློབ་དཔོན་མངོན་ཤེས་ཐོབ་པ་གཅིག་ཡོད་ན་འཕྲོ་ནས་སྐྱེ་ཞིང་མེད་ན་གཞི་ནས་སོ། །ཐོབ་པ་བཏང་ཙམ་གྱི་རྣམ་པར་ཉམས་པ་དང་། མི་མཐུན་པས་བཏང་བས་ཡོངས་སུ་ཉམས་པ་གཉིས་ཀྱི་ངོ་བོ་ནི་མི་ལྡན་པ་སྟེ་ཐོབ་པ་བཏང་ནས་མ་ཐོབ་པ་སྐྱེས་པའོ། །བཞི་པ་ནི། རྩེ་མོ་ཐོབ་པ་མཚམས་མེད་ལ་འཇུག་སྲིད་ཀྱང་དགེ་བའི་རྩ་བ་མི་འཆད་དེ། དཀོན་མཆོག་ལ་ཤེས་ནས་དད་པ་ཐོབ་པས་དགེ་བའི་རྟེན་ལྷག་པའི་ཕྱིར་ཞེས་གང་སྤེལ་ལས་སོ། །བཟོད་པ་ཐོབ་པ་ནི་ངན་སོང་དུ་མི་འགྲོ་སྟེ། དེའི་རྒྱུ་ལས་ཉོན་གཉིས་ཐག་བསྲིང་བས་སོ། །གཞན་ཡང་ཉེས་པ་དུ་མ་ལས་གྲོལ་བར་བཤད་དོ། །ཆོས་མཆོག་གི་ཡོན་ཏན་ནི་དེ་ཉིད་ལ་བདེན་པ་མཐོང་བའོ། །དྲོད་ཀྱི་ཡོན་ཏན་ནི་ངེས་པར་མྱ་ངན་ལས་འདའ་བ་ཡིན་ལ། ཐར་ཆ་དང་ཁྱད་པར་ནི་གེགས་མེད་ན་ཚེ་འདི་ལ་བདེན་པ་མཐོང་བ་སྲིད་པའོ། །ལྔ་པ་ནི། སློབ་མ་ཉན་ཐོས་ཀྱི་དྲོད་རྩེ་གཉིས་ནི་ཉན་ཐོས་ཀྱི་རིགས་ལས་བཟློག་ནས་སངས་རྒྱས་སུ་འགྱུར་སྲིད་ལ་བཟོད་པ་ཐོབ་ནས་མིན་ཏེ། དེ་ངན་སོང་དུ་མི་འགྲོ་ལ་བྱང་སེམས་ནི་བསམ་བཞིན་དུ་འགྲོ་བས་སོ། །སངས་རྒྱས་ལས་གཞན་རང་རྒྱལ་གྱི་རྒྱུར་ནི་བཟོད་པ་དང་གསུམ་ཀ་ཐོབ་པ་ཡང་འཇུག་གོ །ཆོས་མཆོག་ཐོབ་ནས་མིན་ཏེ། རྟེན་དེ་ཉིད་ལ་མཐོང་ལམ་སྐྱེ་བས་སོ། །སྟོན་པ་སངས་རྒྱས་དང་བསེ་རུ་ལྟ་བུའི་རང་རྒྱལ་གྱི་རིགས་ཅན་སྦྱོར་ལམ་པ་ནི་རིགས་མི་བསྒྱུར་ཏེ། སྦྱོར་ལམ་ནས་བྱང་ཆུབ་ཟད་པ་དང་མི་སྐྱེ་བར་ཤེས་པའི་བར་གྱི་ལམ་བཞི་ཆར་ཏིང་ངེ་འཛིན་གསལ་ཞིང་མི་གཡོ་བའི་བསམ་གཏན་གྱི་མཐའ་བཞི་པ་ལ་བརྟེན་ནས་སྟན་གཅིག་ལ་ཀུན་བསྐྱེད་པས་དེར་ཤེས་པ་མི་མཐུན་པ་མི་འབྱུང་ཞིང་རང་འབྲས་དེ་མ་ཐག་ཏུ་བསྐྱེད་པས་སྒྱིད་ལུགས་པ་མེད་པའི་ཕྱིར་རོ། །འདིས་ནི་ལུགས་འདི་ལ་ཐེག་པ་གསུམ་གྱི་སྦྱོར་ལམ་བཞི་པོ་གང་ནས་རིགས་ངེས་པའི་ས་མཚམས་བཟུང་བ་ཡིན་ལ། སེམས་ཙམ་པ་ནི་མ་ངེས་པའི་རིག་ཅན་གྱི་ཉན་རང་གཉིས་ཀ་ལྷག་མེད་དུ་མ་ཞུགས་བར་དུ་སངས་རྒྱས་སུ་འགྱུར་ངེས་པའི་རིགས་ཅན་ནི་དང་པོ་ཉིད་ནས་རང་རང་གི་བྱང་ཆུབ་ཏུ་ངེས་པས་མི་འགྱུར་བར་བཞེད། དབུ་མ་པ་ནི་ལྷག་མེད་ནས་ཀྱང་སངས་རྒྱས་སུ་འགྱུར་བས་ཐེག་དམན་ལ་གནས་སྐབས་ཙམ་མ་གཏོགས་མཐར་ཐུག་རིགས་ངེས་པ་མི་བཞེད་དོ། །གྲུབ་མཐའ་བཞི་ཆར་གྱིས་ཀྱང་ཐེག་པ་དེ་དང་དེའི་ལམ་ནས་གཞན་གྱི་ལམ་དུ་ཞུགས་ཏེ་གཞན་གྱི་བྱང་ཆུབ་ཐོབ་པར་ངེས་པར་མེད་པར་བཞེད་དོ། །རང་རྒྱལ་ཚོགས་སྤྱོད་འདོད་ན་དེའི་དྲོད་རྩེ་སོགས་ཐོབ་ནས་བཟློག་པ་ཡོད་པ་ཡང་གྲུབ་མཐའ་གོང་འོག་ལ་སྦྱར་ནས་ཤེས་པར་བྱའོ། །བཞི་པ་ནི། ཅི་དང་པོ་ཁོ་ནར་སྦྱོར་ལམ་བསྐྱེད་དམ་ཞེ་ན་མིན་ཏེ། སྦྱོར་ལམ་དེ་ཡི་སྔོན་དུའང་ཐར་པ་ཆ་མཐུན་ངེས་པར་འགྲོ་ལ། དེ་སྐྱེས་ནས་ཆེས་མྱུར་བ་ཡིན་ན་ཐར་ཆ་དང་སྦྱོར་ལམ་དང་མཐོང་ལམ་སྐྱེ་བའི་སྲིད་པ་དང་གསུམ་གྱིས་ཐར་ཏེ། ས་བོན་འདེབས་པ་དང་མྱུ་གུ་སྐྱེ་བ་དང་འབྲས་བུ་སྨིན་པ་ལྟར་རོ། །ཐར་ཆ་དེའང་ཤེས་རབ་གསུམ་གྱི་ནང་ནས་ཐོས་བསམ་ལས་བྱུང་བ་ཁོ་ནའོ། །འོན་ཀྱང་ཞི་གནས་གྲུབ་ནས་ལྷག་མཐོང་དྲན་པ་ཉེར་གཞག་སྒོམ་པར་བཤད་པས་སྒོམ་བྱུང་ཡང་ཡོད་ལ་ཐོས་བསམ་དུ་བཤད་པ་ནི་ཤས་ཆེ་བ་ལ་དགོངས་སམ་སྙམ་མོ། །ལས་ནི་སྒོ་གསུམ་གྱི་ལས་གསུམ་མོ། །སྦྱོར་ལམ་སོགས་ཀྱང་ཐར་ཆ་ཡིན་ཡང་ཐར་པའི་རྒྱུར་མ་གྱུར་པའི་བསོད་ནམས་ཆ་མཐུན་གྱི་སྦྱིན་སོགས་ལས་ཁྱད་པར་དུ་བྱ་བའི་ཕྱིར་སྤྱི་མིང་བྱེ་བྲག་ལ་བཏགས་པའོ། །དེ་ཡང་ཤེས་རབ་གསལ་བ་དང་འཁོར་བ་ལ་སྐྱོ་ཤས་ཆེ་བ་གཉིས་ཀ་ཡོད་པས་གླིང་གསུམ་གྱི་མི་ཡི་ནང་ནས་འཕེན་གྱི་གཞན་ནས་མིན་ཏེ། དེ་གཉིས་ཅི་རིགས་སུ་མེད་པས་སོ། །གསུམ་པ་བདེན་པ་མངོན་པར་རྟོགས་པའི་ལམ་གྱི་སྐྱེ་ཚུལ་ལ། སེམས་བཅུ་དྲུག་གི་སྐྱེ་ཚུལ། མངོན་རྟོགས་གསུམ་དུ་བསྟན་པ། ས་གང་ལ་བརྟེན་པ། སེམས་བཅུ་དྲུག་གི་གྲངས་ངེས། ལམ་གང་གིས་བསྡུས་པའོ། །དང་པོ་ནི། འཇིག་རྟེན་པ་ཡི་ཆོས་མཆོག་ལས་ཆོས་ཀྱི་བཟོད་པ་ཟག་པ་མེད་པ་སྐྱེ་ལ། དེས་འདོད་པའི་སྡུག་བསྔལ་ལ་དམིགས་ཤིང་དེ་སྐྱེས་ནས་འཕགས་པ་ཞེས་གསུངས་སོ། །དེ་ནས་ནི་དམིགས་པ་དེ་ཉིད་ལ་ཐེ་ཚོམ་དང་བྲལ་བའི་ཆོས་ཤེས་སྐྱེ་ལ། འདོད་པའི་དུཿཁ་ལ་བཟོད་ཤེས་གཉིས་སྐྱེ་བ་དེ་བཞིན་དུ་སྡུག་བསྔལ་ལྷག་མ་གོང་མ་གཉིས་ཀྱི་སྡོམ་པ་ལ་རྗེས་སུ་ཤེས་པའི་ཕྱིར་བཟོད་པའི་བཟོད་པ་དང་། ཐོག་མར་འདོད་པའི་ཆོས་ཤེས་ནས་རྗེས་ལ་གོང་མའི་ཆོས་ཤེས་པས་རྗེས་སུ་ཤེས་པ་སྐྱེ་ཞིང་བདེན་པ་གཞན་གསུམ་ལ་དམིགས་པའང་དེ་བཞིན་དུ་ཤེས་བཟོད་བཞི་བཞི་རིམ་བཞིན་སྐྱེ་བས་དེ་ལྟར་ན་བདེན་པ་མངོན་པར་རྟོགས་པ་འདི་ནི་སེམས་ཀྱི་སྐད་ཅིག་བཅུ་དྲུག་གོ །གཉིས་པ་ནི། དེ་ལས་སྤྱིར་དབྱེ་ན་རྣམ་པ་གསུམ་སྟེ། མཐོང་ལམ་ཕུང་པོ་ལྔ་ལས་ཤེས་རབ་ནི་མཐོང་བ། སེམས་སེམས་བྱུང་ཐམས་ཅད་ནི་དམིགས་པ་དང་ཕུང་པོ་ལྔར་བྱ་བའི་མངོན་རྟོགས་ཞེས་བྱ་སྟེ། བདེན་བཞིའི་རིམ་པ་ལྟར་ཤེས་པ་དང་སྤོང་བ་དང་མངོན་དུ་བྱེད་པ་དང་སྒོམ་པའི་བྱ་བ་དང་ལྡན་པས་སོ། །དེ་ཡང་དུཿཁ་མཐོང་བའི་ཚེ་བྱ་བ་བཞི་ཀ་ཡོད་ཅིང་། གཞན་ལ་ཐ་མ་གསུམ་ཁོ་ན་ཡོད་དེ། དུཿཁ་ལན་གཉིས་སྤང་དུ་མེད་པས་སོ། །ཤེས་རབ་ནི་མངོན་རྟོགས་གསུམ་ཀ་གཞན་ཐ་མ་གཉིས་དང་མཚུངས་ལྡན་མིན་པ་ཐ་མ་གཅིག་པུའོ། །རྟོགས་ཚུལ་ནི་མདོ་ལས་དཔེའི་སྒོ་ནས་བཞི་རིམ་གྱིས་རྟོགས་པར་གསུངས་ཏེ། མགོན་མེད་ཟས་སྦྱིན་གྱིས་ཞུས་པར། ཁང་པ་བརྩེགས་པའི་རྨང་དང་རྩིག་པ་དང་ཕྱམ་ལ་སོགས་པའི་དཔེ་དང་། དགེ་སློང་གིས་ཞུས་པར་བང་རིམ་བཞི་པའི་ཐེམ་སྐས་དང་། ཀུན་དགའ་བོས་ཞུས་པར་སྐས་གདང་བཞི་ལ་རིམ་གྱིས་འཛེག་དགོས་པའི་དཔེས་བསྟན་ཏོ། །གསུམ་པ་ནི། བདེན་པ་མངོན་རྟོགས་དེ་ནི་སྤྱིའི་ས་སྦྱོར་ལམ་ཙམ་དང་ཆོས་མཆོག་དང་བྱེ་བྲག་གི་ས་ཡང་གཅིག་སྟེ་བསམ་གཏན་ས་དྲུག་ལ་བརྟེན་པར་བཤད་པས་སོ། །དེ་ཡང་རྒྱུན་ཞུགས་ཕྱིར་འོང་གི་ནི་མི་ལྕོགས་མེད་དང་། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གི་ནི་ཉེར་བསྡོགས་མིན་པ་ལྔ་དང་། བསེ་རུ་ལྟ་བུའི་ནི་བཞི་པ་ལ་བརྟེན་པར་བཤད་ཟིན་ཏོ། །བཞི་པ་ནི། ཅིའི་ཕྱིར་བདེན་པ་རེ་རེའི་ཡུལ་ཅན་ལ་བཟོད་ཤེས་གཉིས་གཉིས་བཞག་ཅེ་ན། བཟོད་པ་བརྒྱད་དང་ཤེས་པ་བརྒྱད་ནི་གོ་རིམ་དུ་འདོད་པ་དང་གོང་མའི་མཐོང་སྤང་གི་ཐོབ་པ་གཅོད་པ་ལ་གང་གིས་ཀྱང་བར་ཆད་བྱ་བར་མི་ནུས་པས་བར་ཆད་མེད་པའི་ལམ་དང་། ཉོན་མོངས་ལས་གྲོལ་བའི་ལམ་ཡིན་པས་རྣམ་གྲོལ་ལམ་སྟེ་རྐུན་པོ་ཕྱིར་དབྱུང་བ་དང་སྒོ་འཕར་བཅད་པ་བཞིན་ནོ། །དེ་ལྟར་ན་བཅུ་དྲུག་གོ །ལྔ་པ་ནི། བཅུ་དྲུག་པོ་དེ་ལ་སྐད་ཅིག་དང་པོ་བཅོ་ལྔ་ནི་མཐོང་བའི་ལམ་ཡིན་ཏེ། བདེན་པའི་དོན་སྔར་མོས་པ་ཙམ་ལས་མངོན་སུམ་དུ་མ་མཐོང་ལ་དེའི་མངོན་པར་རྟོགས་པའི་སྒོ་ནས་མངོན་སུམ་དུ་མཐོང་བའི་ཕྱིར། བཅུ་དྲུག་པ་ནི་མཐོང་བ་གོམས་པར་བྱེད་པས་སྒོམ་ལམ་ཡིན་ནོ། །རྗེས་བཟོད་ཉིད་གསར་དུ་མཐོང་ཡང་བདེན་པ་རིལ་གྱིས་མཐོང་བ་མིན་པས་མཐོང་ལམ་དུ་མི་བརྗོད་དེ། ཞིང་གི་ཉག་མ་གཅིག་མ་བརྔས་པས་མ་བརྔས་པར་མི་འཇོག་པ་བཞིན་ནོ། །འོ་ན་ཤེས་པ་བདུན་ཡང་མཐོང་ལམ་མ་ཡིན་པར་འགྱུར་རོ་ཞེ་ན། བཟོད་པས་རྟོགས་ཟིན་པས་གསར་མཐོང་མེད་ཀྱང་འགྲོན་པོ་ལམ་ཞུགས་ལྟར་འཕེན་པ་མ་དོར་བའམ། བཟོད་པ་ཕྱི་མའི་སྐལ་མཉམ་གྱི་རྒྱུ་བྱེད་པས་སམ་ལམ་ལ་རྗེས་བཟོད་མ་སྐྱེས་པ་དེ་སྲིད་དུ་བདེན་པ་ཀུན་མཐོང་བ་མ་རྫོགས་པས་མཐོང་ལམ་དུ་བཞག་ལ། བཅུ་དྲུག་པ་མཐོང་ལམ་མ་ཡིན་ཏེ། སྐད་ཅིག་ནི་མྱུར་བ་ཡིན་པ་ལ་འདི་རྒྱུན་ཡིན་པ་དང་། ཞུགས་ལམ་བཏང་ནས་གནས་པའི་ལམ་ཐོབ་པ་དང་ཤེས་པ་བརྒྱད་དང་རྣམ་པ་བཅུ་དྲུག་ཚང་བར་ཐོབ་པའི་ཕྱིར། དེ་སྒོམ་ལམ་ཡིན་ཀྱང་ཉམས་པ་ནི་མེད་དེ། མཐོང་ལམ་གྱི་ས་སྤངས་པའི་བྲལ་ཐོབ་འཛིན་པས་སོ། །སྐད་ཅིག་གི་དོན་ནི་བྱ་རྫོགས་ཡིན་གྱི་དུས་མཐའི་སྐད་ཅིག་མ་བྱ་བྱེད་བྲལ་བའི་ཕྱིར་རོ་གསུང་ཡང་བཟོད་པ་བར་ཆད་མེད་ལམ་མིན་པར་འགྱུར་བས་མི་འཐད་དོ། །འདིར་མཐོང་ལམ་བཅོ་ལྔའི་ནང་ནས་བཟོད་པ་བརྒྱད་བར་ཆད་མེད་ལམ་དང་། བདུན་རྣམ་གྲོལ་ལམ་དང་། གོང་མར་བར་ཆད་མེད་ལམ་བཞིར་བཤད་པ་དང་། རྒྱན་ལས་བར་ཆད་མེད་ལམ་ནི་དང་པོ་ཁོ་ནར་བཤད་པ་གྲུབ་མཐའ་གོང་འོག་གི་ཁྱད་པར་མ་ཕྱེད་པར་གནས་སྐབས་ཐམས་ཅད་དུ་དཀར་ནག་ཟང་ཐལ་དུ་སྨྲ་བ་རྣམས་ནི་སྨྲ་བ་ལ་དགའ་བ་ཙམ་དུ་ཟད་དོ། །གཉིས་པ་ལ། བདེན་པ་མངོན་པར་རྟོགས་པའི་གང་ཟག་ལ་གསུམ་སྟེ། གང་ཟག་ཟུང་བཞི་བཤད། རྣམ་གྲངས་བདུན་དུ་དབྱེ་བ། རྫས་དྲུག་དུ་བསྡུ་བའོ། །དང་པོ་ལ། མཐོང་ལམ་ལ་དང་། སྒོམ་ལམ་ལ་དང་། མི་སློབ་ལམ་ལ་གནས་པའི་གང་ཟག་གོ །དང་པོ་ལ་དབང་པོའི་སྒོ་ནས་དབྱེ་བ། འབྲས་བུའི་སྒོ་ནས་དབྱེ་བའོ། །དང་པོ་ནི། ལམ་དེ་དག་ལ་གནས་པ་གང་ཟག་ཡིན་ནོ་ཞེས་པའམ། ཡང་ན་གང་ཇི་ལྟར་དུ་ཞིག་གིས་བྱེད་པ་གང་གིས་རྟོགས་པ་ནི་བདེན་པ་དང་ལམ་རིམ་དང་གང་ཟག་དང་ལམ་ཡིན་ནོ། །ཞེས་དོན་གྱིས་འབྲེལ་ཏེ། དེ་ལ་སྤྱི་དོན་ནི་གཞན་དུ་འཆད་དོ། །གཞུང་དོན་ནི་དབང་པོ་རྟུལ་པོ་དང་རྣོན་པོ་གཉིས་མཐོང་ལམ་སྐད་ཅིག་བཅོ་ལྔ་པོ་དག་ཏུ་རིམ་བཞིན་དད་པའི་རྗེས་འབྲང་དང་ཆོས་ཀྱི་རྗེས་འབྲང་ཞེས་གསུངས་ཏེ། སྔོན་གཞན་གྱི་དྲིན་གྱིས་དོན་གྱི་རྗེས་སུ་འབྲང་བ་དང་། སྔོན་བདག་ཉིད་ཁོ་ནས་མདོ་སོགས་དོན་གྱི་རྗེས་སུ་འབྲང་བས་སོ། །ཟག་མེད་ཀྱི་ལམ་ལ་ཁྱད་པར་མེད་ཀྱང་གནས་སྐབས་གཞན་ན་རྣོ་རྟུལ་གྱིས་དེའི་ཚེ་ཡང་རྣོ་རྟུལ་དུ་བཞག་པའམ། དེའི་ཚེ་ཡང་མྱུར་བུལ་ལ་སོགས་པ་མི་འགལ་ཞེས་སོ། །གཉིས་པ་ལ། རྒྱུན་ཞུགས་ཞུགས་པ། ཕྱིར་འོང་ཞུགས་པ། ཕྱིར་མི་འོང་ཞུགས་པའོ། །དང་པོ་ནི། དེ་གཉིས་སྔོན་འཇིག་རྟེན་པའི་སྒོམ་པའི་ལམ་གྱིས་དེའི་སྤང་བྱ་ཅུང་ཟད་མ་སྤངས་ན་འབྲས་བུ་བཞིའི་དང་པོ་ལ་ཞུགས་པ་ཡིན་པར་མ་ཟད་མཐོང་ལམ་གྱི་སྔོན་རོལ་དུ་འདོད་ཉོན་དང་པོ་ནས། རྣམ་པ་ལྔའི་བར་ཅི་རིགས་སུ་བཅོམ་པ་ཡིན་ན་ཡང་དེ་ཡིན་ནོ། །གཉིས་པ་ནི། གང་ཟག་གཉིས་པོ་དེས་སྔོན་འདོད་པའི་སྒོམ་སྤངས་དྲུག་པ་ནས། དགུ་པ་ཚུན་ཆད་དེ་བརྒྱད་པའི་བར་ཟད་པ་ཡིན་ན་ནི་འབྲས་བུ་གཉིས་པ་ཕྱིར་འོང་ལ་ཞུགས་པ་ཡིན་ནོ། །གསུམ་པ་ནི། དེ་གཉིས་སྔོན་འདོད་ཉོན་དགུ་པ་སྤངས་པའམ་ཡང་ན་གོང་མ་ཅི་ཡང་མེད་པའི་བར་ལས་ཆགས་བྲལ་ཞིག་ཡིན་ན་འབྲས་བུ་གསུམ་པ་ཕྱིར་མི་འོང་ལ་ཞུགས་པ་ཡིན་ནོ། །གོང་མར་ཞུགས་པ་གསུམ་པོ་དེ་རྟོགས་པའི་དབང་དུ་བྱས་ནས་སྦྱོར་ལམ་ནས་འཇོག་པར་མཛད་དེ་རིམ་གྱིས་པས་རྒྱུན་ཞུགས་ཞུགས་པ་དེ་ནས་བཟུང་བའི་རིགས་པས་སོ། །སྤངས་པའི་དབང་དུ་བྱས་ན་འབྲས་བུ་དེ་དང་དེ་ཐོབ་པའི་གེགས་ཀྱི་གཙོ་བོ་སྤོང་བ་ལ་ཞུགས་དགོས་པས་ཞུགས་པ་གོང་མ་གསུམ་ལ་འདོད་ཉོན་ལྔ་པ་དང་བརྒྱད་པ་དང་སྲིད་ཉོན་བརྒྱད་པ་སྤོང་དགོས་པར་ཀུན་བཏུས་འགྲེལ་ཆེན་ཉི་སྣང་གསུམ་ལས་བཤད་པ་དེ་ཁོ་བོ་འབའ་ཞིག་གི་སྤྱོད་ཡུལ་ལོ། །གཉིས་པ་ལ་མཐོང་སྤང་སྤངས་པའི་སྒོ་ནས་བཞག སྒོམ་སྤང་སྤོང་ཚུལ་གྱི་སྒོ་ནས་བཞག་གོ །དང་པོ་ལ། འབྲས་བུའི་སྒོ་ནས་དང་། དབང་པོའི་སྒོ་ནས་དང་། ཙམ་ཁྱད་ཀྱི་སྒོ་ནས་བཞག་པའོ། །དང་པོ་ནི། གང་ཟག་གང་ཞིག་སྐད་ཅིག་བཅོ་ལྔའི་ཚེ་འབྲས་བུ་གསུམ་པོ་གང་རུང་ཞིག་ལ་ཞུགས་པ་ཡིན་པ་དེ་ནི་བཅུ་དྲུག་པ་ལ་དེ་དང་དེའི་འབྲས་བུ་ལ་གནས་པ་ཡིན་ནོ། །གཉིས་པ་ནི། གསུམ་པོས་འབྲས་བུ་ཐོབ་པ་དེའི་ཚེ་དབང་པོ་རྣོ་རྟུལ་དག་དད་པས་མོས་པ་དང་མཐོང་བས་ཐོབ་པར་གསུངས་ཏེ། དད་པ་ལྷག་པ་དང་ཤེས་རབ་ལྷག་པས་བདེན་པ་མངོན་པར་རྟོགས་པར་བྱས་པས་སོ། །གསུམ་པ་ནི། གལ་ཏེ་རྣམ་པ་ལྔ་སྤངས་ཀྱང་བཅུ་དྲུག་པ་ལ་ཕྱིར་འོང་ཞུགས་པར་མི་འགྱུར་བ་ཅི་ཞེ་ན། དེས་དེའི་ཚེ་རྒྱུན་ཞུགས་ཀྱི་འབྲས་བུ་ཙམ་ཐོབ་ཀྱི་འབྲས་བུའི་ཁྱད་པར་གྱི་ལམ་ཐོབ་པ་མེད་པས་དེའི་ཕྱིར་འབྲས་གནས་ཁྱད་པར་ཅན་དུ་བྱ་བའི་ཕྱིར། འབྲས་བུ་གཞན་ཐོབ་པར་བྱ་བ་ལ་མི་བརྩོན་པ་དེ་ནི་དེ་ལ་ཞུགས་པ་མིན་ལ་ཤུགས་ཀྱིས་ན་འབྲས་བུ་ཕྱི་མ་ཐོབ་དོན་དུ་སྤང་བྱ་སྤོང་བ་ལ་བརྩོན་པ་དེ་ནི་འབྲས་བུ་དེ་ལ་ཞུགས་པའོ། །གཉིས་པ་ལ། རྒྱུ་མཚན་སྤང་གཉེན་གྱི་རྣམ་གཞག རྒྱུ་མཚན་ཅན་གང་ཟག་གི་རྣམ་གཞག་གོ །དང་པོ་ནི། ས་དང་ས་འདོད་པ་ནས་སྲིད་རྩེའི་བར་ལ་ཉེས་པ་སྟེ་སྤང་བྱ་རྣམ་པ་དགུ་དགུ་རེ་ཡོད་ཅིང་། དེ་བཞིན་དུ་ཡོན་ཏན་ཏེ་གཉེན་པོ་རྣམས་ཀྱང་། དགུ་དགུ་རེ་ཡོད་དོ། །ཇི་ལྟར་ཞེ་ན། རྩ་བའི་དབྱེ་བ་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་ཀྱི་རེ་རེ་ལའང་ཆུང་ངུའི་ཆུང་ངུ་ལ་སོགས་པ་ཐ་དད་པར་ཡོད་པའི་ཕྱིར་རོ། །དེའང་གཉེན་པོ་ཆུང་རིམ་དང་སྤང་བྱ་ཆེ་རིམ་ནས་སྤོང་ངོ་། །གཉིས་པ་ལ། རྒྱུན་ཞུགས་ཀྱི། ཕྱིར་འོང་གི ཕྱིར་མི་འོང་གི་སྐོར་རོ། །དང་པོ་ལ་ཙམ་པོ་དང་ཁྱད་པར་ཅན་ནོ། །དང་པོ་ནི། རྒྱུན་ཞུགས་ལ་དབྱེ་ན་སྲིད་པ་ལན་བདུན་པ་དང་རིགས་ནས་རིགས་སྐྱེ་གཉིས་ལས། དང་པོ་ལ་མ་ངེས་པ་དང་ངེས་པ་གཉིས། དང་པོ་ནི་སྔོན་སྲིད་པ་ལན་བདུན་མྱོང་བའི་ལས་བསགས་པ་འབྲས་བུ་ལ་གནས་པ་སྒོམ་པས་སྤང་བར་བྱ་བ་ཅུང་ཟད་ཀྱང་མ་ཟད་པ་སྲིད་པ་བཅུ་གསུམ་པ་ཚུན་ཆད་དུ་མྱང་འདས་ཐོབ་པའོ། །ངེས་པ་ནི་རེ་ལྟར་ཏེ་མཆོག་ཏུ་ཐོགས་ནས་སྲིད་པ་ལན་བདུན་ལེན་ངེས་པའོ། །དེ་ཕན་ཆད་མི་ལེན་པས་རེ་ལྟར་ཐོགས་ན་ཞེས་རྒྱལ་སྲས་སོ། །འདིའི་སྐྱེ་བ་ལེན་ཚུལ་ལ་གྲུབ་མཐའ་སྨྲ་བ་སོ་སོའི་བཞེད་པ་དགག་སྒྲུབ་དང་བཅས་པ་གཞན་དུ་བཤད་དོ། །གཉིས་པ་ནི་རྒྱུན་ཞུགས་དེ་ནི་འདོད་པའི་སྒོམ་སྤང་རྣམ་པ་གསུམ་མམ་རྣམ་པ་བཞི་ལས་གྲོལ་ཅིང་དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་ལ་ལྔ་པ་སྔར་མ་སྤངས་པའི་ཕྱིར་འདི་ལ་ཡང་མི་སྤོང་བ་དང་། འདོད་པར་རིགས་མཐུན་གྱི་ཚེ་གཉིས་སམ་གསུམ་དུ་ལེན་པར་བྱེད་ཅིང་བཞི་པ་མི་ལེན་པ་ནི་རིགས་ནས་རིགས་སྐྱེ་ཡིན་ནོ། །འདི་ལ་ལྷ་མི་གཉིས་ལས་གཉིས་ཆར་ཡང་རྟེན་དེ་དང་དེ་ལ་སྐྱེ་བ་གཉིས་སམ་གསུམ་བླངས་ནས་རྟེན་དེ་ལ་མྱ་ངན་ལས་འདའོ། །གཉིས་པ་ལ་ཞུགས་པ་དང་འབྲས་གནས་སོ། །དང་པོ་ནི། རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་འདོད་པའི་སྒོམ་སྤང་གཅིག་ནས་རྣམ་པ་ལྔ་ཡི་བར་དུ་བཅོམ་པ་དང་དྲུག་པ་སྤོང་བའི་སྦྱོར་བ་ཐོབ་པ་ནི་འབྲས་བུ་གཉིས་པ་ཕྱིར་འོང་ལ་ནི་ཞུགས་པའང་ཡིན་ནོ། །གཉིས་པ་ལ། ཙམ་པོ་དང་ཁྱད་པར་ཅན་གཉིས་ལས། དང་པོ་ནི། འདོད་པའི་ཉོན་མོངས་པའི་རྣམ་པ་དྲུག་པ་ཟད་པར་གྱུར་ཅིང་བདུན་པ་སྤོང་བ་ལ་མི་བརྩོན་པ་དེ་ནི་ལན་ཅིག་ཕྱིར་འོང་བ་ཙམ་པོ་ཞེས་བྱའོ། །འདོད་པར་ལན་ཅིག་ཕྱིར་འོང་བ་ལ་དེ་ཞེས་བྱ་ལ་སྐྱེ་བ་གཉིས་ལེན་ཡང་རིགས་མཐུན་གཉིས་མི་ལེན་པས་རིགས་ནས་རིགས་སྐྱེར་མི་འགྱུར་རོ། །གཉིས་པ་ནི། འབྲས་གནས་དེ་ཉིད་ཉེས་པའི་ཆ་བདུན་ནམ་བརྒྱད་པ་ཟད་ཅིང་དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པ་ནི་དགྲ་བཅོམ་ཐོབ་པ་ལ་ཚེ་གཅིག་དང་ཕྱིར་མི་འོང་ཐོབ་པ་ལ་སྐྱོན་གཅིག་གིས་བར་དུ་ཆོད་པས་ཚེ་གཅིག་བར་ཆད་གཅིག་པ་སྟེ་བདུན་ཟད་པ་ན་བར་ཆད་གཉིས་ལུས་ཀྱང་བར་ཆད་གཅིག་པ་ཞེས་བྱ་སྟེ། འདོད་པ་ལ་ཆགས་པ་དང་བྲལ་མ་བྲལ་གྱི་ཁྱད་པར་ནི་འདོད་ཉོན་དགུ་པ་སྤངས་མ་སྤངས་ཀྱིས་རབ་ཏུ་ཕྱེ་བས་སོ། །འདི་ཉིད་གོང་མར་ལྷའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པར་བཤད་པ་ནི་འདོད་ལྷའི་རྟེན་ལ་མཐོང་ལམ་ཐོབ་པའི་དབང་དུ་བྱས་ལ་དེས་མིའི་རྟེན་ཅན་ལ་མཚོན་པར་དགོངས་སམ་སྙམ་སྟེ་དཔྱད་དོ། །གསུམ་པ་ལ་ཞུགས་པ་དང་འབྲས་གནས་གཉིས། དང་པོ་ནི། ཕྱིར་འོང་ཁྱད་པར་ཅན་དེ་ཉིད་འབྲས་བུ་གསུམ་པ་ལ་ནི་ཞུགས་པའང་ཡིན། གཉིས་པ་ལ་ཙམ་པོ་དང་ཁྱད་པར་ཅན་གཉིས། དང་པོ་ནི། གང་ཟག་དེ་ཉིད་འདོད་པའི་ཉོན་མོངས་ཅན་དགུ་པ་ཟད་པའི་རྣམ་གྲོལ་ལམ་ཐོབ་ཅིང་། གོང་མའི་ཉོན་མོངས་ཅན་སྤོང་བ་ལ་མི་བརྩོན་པ་དེ་ཕྱིར་མི་འོང་འབྲས་གནས་ཙམ་པོ་ཡིན་ནོ། །གཉིས་པ་ལ། ཁྱད་པར་ཅན་གྱི་དབྱེ་བ། དེ་ཉིད་ཕྱི་མའི་ཞུགས་པར་བཞག་པའོ། །དང་པོ་ལ། སྐྱེ་བ་ལེན་ཚུལ་གྱི་སྒོ་ནས་དབྱེ་བ། ཡོན་ཏན་ཐོབ་ཚུལ་གྱི་སྒོ་ནས་བཞག་པའོ། །དང་པོ་ལ། ཁམས་གོང་དུ་འགྲོ་བ། ཚེ་འདིར་མྱ་ངན་ལས་འདའ་བ། དེ་དག་གི་ཁྱད་པར་བཤད་པའོ། །དང་པོ་ལ། གཟུགས་སུ་ཉེར་འགྲོ་གཟུགས་མེད་ཉེར་འགྲོའོ། །དང་པོ་ལ་བར་འདའ་སྐྱེས་འདའ། གོང་འཕོའོ། །གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་དེ་ནི་གསུམ་ལས། དང་པོ་བར་འདའ་བ་ནི་གཟུགས་སུ་སྐྱེ་བའི་ཀུན་སྦྱོར་སྤངས་ཤིང་མངོན་པར་འགྲུབ་པའི་ཀུན་སྦྱོར་མ་སྤངས་པས་གཟུགས་ཀྱི་བར་དོར་མྱ་ངན་ལས་འདའ་བའོ། །འདིའི་དབྱེ་བ་གསུམ་འོག་ཏུ་འཆད་དོ། །གཉིས་པ་སྐྱེས་འདའ་བ་ནི་གཟུགས་ཀྱི་ཀུན་སྦྱོར་གཉིས་ཀ་མ་སྤངས་པས་གཟུགས་སུ་སྐྱེས་ཏེ་མྱ་ངན་ལས་འདའ་བའོ། །དེ་ལ་ལམ་རང་གི་ངང་གིས་འབྱུང་བ་སྐྱེས་ཙམ་ནས་འདའ་བ་དང་། ལམ་ལ་བརྩོན་ཡང་ལམ་ངང་གིས་མི་འབྱུང་བ་མངོན་པར་འདུ་བྱེད་དང་བཅས་ཏེ་ཡོངས་སུ་མྱ་ངན་ལས་འདའ་བ་དང་། ལམ་ལ་ཆེས་ཆེར་མི་བརྩོན་ཡང་ལམ་ངང་གི་འབྱུང་བ་མངོན་པར་འདུ་བྱེད་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའོ། །གསུམ་པ་ལ་ངོ་བོ་དང་དབྱེ་བ་གཉིས། དང་པོ་ནི། གོང་དུ་འཕོ་བ་ནི་ཕྱི་མ་གང་དུ་སྐྱེས་པ་དེ་ཉིད་དུ་མྱ་ངན་ལས་མི་འདའ་བར་དེའི་གོང་དུ་འཕོས་ནས་མྱང་འདས་ཐོབ་པ་གསུམ་རྣམས་སོ། །གཉིས་པ་ལ་འོག་མིན་འགྲོ་དང་སྲིད་རྩེ་འགྲོ་གཉིས། དང་པོ་ནི། གཟུགས་སུ་ཉེར་འགྲོའི་གོང་འཕོ་དེ་ནི་ལྷག་མཐོང་ཤས་ཆེར་སྤྱད་པ་འོག་མིན་འགྲོ་དང་། ཞི་གནས་ཤས་ཆེར་སྤྱད་པ་སྲིད་རྩེ་འགྲོ་གཉིས་ལས། དང་པོ་ནི། རྒྱུའི་ཁྱད་པར་བསམ་གཏན་སྤེལ་མར་བསྒོམ་ན་འབྲས་བུའི་ཁྱད་པར་འོག་མིན་གྱི་མཐར་འགྲོ་སྟེ། དེ་ལ་དབྱེ་ན་གསུམ་སྟེ་མིའི་རྟེན་ལ་བསམ་གཏན་སྤེལ་མར་བསྒོམ་པ་ལས་གོང་མ་གསུམ་ལས་ཉམས་ནས། ཕྱི་མ་ཚངས་རིས་སུ་སྐྱེས་ཏེ་རྟེན་དེ་ལ་སྔོན་གོམས་པའི་དབང་གིས་བཅོ་ལྔ་སྤེལ་བསྒོམས་ཏེ་བར་གྱི་གནས་རྣམས་བོར་ནས་འོག་མིན་དུ་སྐྱེས་ཏེ་འདའ་བ་འཕར་བ་དང་། ཚངས་རིས་ནས་གནས་གཙང་དང་པོ་གསུམ་གང་རུང་དུ་སྐྱེས་ཏེ་དེ་ནས་མཐར་འོག་མིན་དུ་སྐྱེས་ནས་འདའ་བ་ཕྱེད་འཕར་དང་། ཚངས་ཆེན་མ་གཏོགས་པ་གནས་རིས་བཅུ་དྲུག་པོ་ཐམས་ཅད་དུ་ལན་རེ་སྐྱེས་ཏེ་མཐར་འོག་མིན་དུ་མྱང་འདས་ཐོབ་པ་གནས་ཐམས་ཅད་དུ་འཆི་འཕོ་བ་དང་གསུམ་མོ། །ཚངས་ཆེན་དུ་མི་སྐྱེ་སྟེ་ལྟ་བ་ངན་པའི་གནས་ཡིན་པའི་ཕྱིར་དང་གཙོ་བོ་གཅིག་ཏུ་ཟད་པའི་ཕྱིར་ཞེས་གསུངས་ཀྱང་། སོ་སོ་སྐྱེ་བོའི་རྒྱལ་པོའི་འཁོར་དུ་དགྲ་བཅོམ་འབྱུང་བར་བཤད་པས་སྒྲུབ་བྱེད་ལ་སྙིང་པོ་མེད་ཅིང་། རྒྱལ་སྲས་མར། ཚངས་རིས་ནས་བཟུང་སྟེ། གནས་གཞན་ཐམས་ཅད་དུ་རྒྱུན་མི་ཆད་པར་ལན་རེ་སྐྱེས་ནས་ཞེས་གསུངས་པས་དེར་ཡང་སྐྱེ་བར་མངོན་ནོ། །དེང་སང་འདོད་པར་བསམ་གཏན་སྤེལ་བའི་ཕྱིར་མི་འོང་ཡིན་ན་སྤེལ་བསྒོམ་ལས་ཉམས་པས་ཁྱབ་པར་སྨྲ་བ་ནི། བར་འདའ་བ་དང་སྐྱེས་འདའ་བ་གཉིས་པོ་རེ་རེ་ལའང་སྐྱེ་སའི་གནས་ཀྱི་སྒོ་ནས་བཅུ་བདུན་ཡོད་པའི་དོན་མ་རྟོགས་པར་ཟད་དོ། །གཉིས་པ་ནི། སྤེལ་བསྒོམ་མ་བྱས་པའི་གོང་འཕོ་གཞན་ནི་གནས་གཙང་མར་མི་འགྲོ་བར་སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བའོ། །འདི་ཕྱིས་གཟུགས་མེད་དུ་འགྲོ་ཡང་སྔོན་ལ་གཟུགས་སུ་འགྲོ་བས་དེ་སྐད་བརྗོད་དོ། །འདིར་འགྲེལ་པར་དེ་གཉིས་ཀྱི་ཕ་མཐར་བཟུང་བ་ཡིན་གྱི་དེར་མ་ཕྱིན་པར་གྲོལ་བའི་གོང་འཕོ་ཡོད་པར་བཤད་པ་ནི་སྤྱིར་དེའི་རིགས་ཅན་སྔར་བཤད་ལྟར་མ་ངེས་པའི་དབང་དུ་མཛད་དོ། །གཟུགས་སུ་ཉེར་འགྲོ་ལས་གཞན་གཉིས་པ་ནི་འདོད་པ་ནས་གཟུགས་མེད་ཁོ་ནར་འགྲོ་བ་ཡིན་ལ། འདི་ནི་གཟུགས་མེད་ཀྱི་སེམས་ཐོབ་པ་ལས་མ་ཉམས་པར་གྲངས་ངེས་གཟུགས་མེད་བཞི་པོ་ཅི་རིགས་པར་སྐྱེ་ཞིང་། དེ་ལ་དབྱེ་ན་སྐྱེས་ཙམ་ནས་དང་། མངོན་པར་འདུ་བྱེད་དང་བཅས་ཏེ་དང་། མངོན་པར་འདུ་བྱེད་མེད་པར་འདའ་བ་དང་། གོང་འཕོ་དང་བཞིའོ། །གཉིས་པ་ནི། ཕྱིར་མི་འོང་དེ་ལ་གཉིས་ལས་གཞན་ནི་ཚེ་འདི་ཁོ་ན་ལ་མྱ་ངན་ལས་འདའ་བ་སྟེ་མཐོང་ཆོས་ཞིའོ། །གསུམ་པ་ལ། གཟུགས་སུ་ཉེར་འགྲོ་དགུར་དབྱེ། དམ་པའི་འགྲོ་བ་བདུན་དུ་བསྡུ། དབྱེ་བ་དེ་དག་གང་གི་དབང་དུ་བྱས་པ། བསམ་གཏན་སྤེལ་སྒོམ་གྱི་ཚུལ་ལོ། །དང་པོ་ནི། བར་འདའ་བ་སྐྱེས་འདའ་བ་གོང་འཕོ་གསུམ་པོ་རེ་རེ་ལའང་རྣམ་པ་གསུམ་གསུམ་དུ་ཕྱེ་ནས་གཟུགས་སུ་ཉེར་འགྲོ་དགུར་བཤད་དོ། །བར་འདའ་བ་ལ་དབྱེ་ན་མྱུར་བར་འདའ་བ། མྱུར་བ་མིན་པར་འདའ་བ། རིང་མོ་ཞིག་ནས་འདའ་བ་དང་གསུམ་ཡོད་ལ། དཔེ་རིམ་བཞིན་ཞོགས་མའི་མེ་སྟག་གྲུབ་མ་ཐག་ཡལ་བ་དང་། ལྕགས་ཀྱི་ཚྭ་ཚྭ་གནམ་དུ་ཡར་བཞིན་དུ་ཡལ་བ་དང་། ས་ལ་མ་ལྷུང་ཙམ་དུ་ཡལ་བ་དཔེར་གསུངས་སོ། །དགུ་པོ་དེ་དག་གི་ཁྱད་པར་རྣམས་མངོན་པར་འགྲུབ་པ་དང་སྐྱེས་ནས་དང་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཅན་དང་དབང་པོ་རྣོ་འབྲིང་རྟུལ་པོའི་རིམ་པ་དགུ་དང་། ཉོན་མོངས་པ་སྤང་དཀའ་སླའི་རིམ་པ་དགུའི་བྱེ་བྲག་ལས་སོ། །གཉིས་པ་ནི། དགུ་པོ་དེའི་གོང་དུ་འཕོ་བ་ནི་མ་ཕྱེ་བར་གཅིག་ཏུ་བྱས་ནས་སྐྱེས་བུ་དམ་པའི་འགྲོ་བ་བདུན་དུ་ལུང་བར་མར་བཤད་དོ། །མི་འབྱེད་པར་ནི་ཊཱི་ཀ་ལས་གདུལ་བྱའི་བསམ་པ་ལ་ལྟོས་པའོ་ཞེས་བཤད། ཁ་ཅིག་གཟུགས་མེད་དུ་འགྲོ་བ་མ་བསྡུས་ཀྱི་དོགས་པའོ་ཞེས་བཤད་དེ་ལེགས་པར་བཤད་དོ། །ཅིའི་ཕྱིར་སློབ་པ་གཞན་རྣམས་སྐྱེས་བུ་དམ་པའི་འགྲོ་བ་མིན་ནམ་ཞེ་ན། དམ་པའི་དོན་ནི་ལས་དམ་པ་དགེ་བ་ལ་འཇུག་ཅིང་དམ་མིན་མི་དགེ་བ་ལ་མི་འཇུག་པ་ཡིན་ལ། འགྲོ་བའི་དོན་གོང་དུ་སོན་པ་དེ་ཉིད་དང་འོག་ཏུ་ཕྱིར་ལོག་ནས་མི་འོང་བའི་ཕྱིར་རོ། །སློབ་པ་གཞན་ནི་མི་ཚངས་སྤྱོད་སོགས་མི་དགེ་བ་ཕྲ་མོ་ལ་འཇུག་སྲིད་པས་དམ་པ་ཡང་མིན་ཞིང་གོང་དུ་མ་སོན་པས་འགྲོ་བའང་མིན་ལ། ཚེ་འདི་ལ་ཐར་པའི་ཕྱིར་མི་འོང་དང་དགྲ་བཅོམ་ལ་སོང་བ་མེད་ཅིང་ཁམས་གོང་གི་སྐྱེ་བོ་ལ་ཕྱིར་མི་འོང་བ་མེད་དོ། །འོ་ན་མདོ་ལས་སྐྱེས་བུ་དམ་པ་གང་ཞེ་ན། སློབ་པ་ཡན་ལག་བརྒྱད་དང་ལྡན་པའོ། །དམ་པ་ལས་དམ་པ་གང་ཞེ་ན། མི་སློབ་པའི་ཆོས་བཅུ་དང་ལྡན་པའོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེར་ནི་བསླབ་གཞི་ལྔའི་སྡིག་པ་དང་ཉོན་མོངས་པ་མི་དགེ་བ་ཕལ་ཆེར་སྤངས་པས་རྣམ་གྲངས་པའི་དམ་པར་བསྟན་ལ། འདིར་རྣམ་གྲངས་པ་མེད་པར་བསྟན་པའོ། །གསུམ་པ་ནི། གཟུགས་སུ་ཉེར་འགྲོ་ལ་སོགས་པ་དེ་དག་ཇི་ལྟ་བུ་ལ་ཡོད་ཅེ་ན། འདོད་པར་བདེན་པ་མཐོང་ནས་ཚེ་ཡོངས་སུ་གྱུར་ཏེ་འདོད་པར་སྐྱེས་པའི་འཕགས་པ་ནི་དུཿཁ་མང་བས་ཆེས་སྐྱོ་བའི་ཕྱིར་ཁམས་གཞན་གོང་མར་འགྲོ་བ་མེད་ཀྱི་འདི་ཉིད་དུ་ཚེ་དེའམ་གཞན་ལ་ཕྱིར་མི་འོང་ཐོབ་ནས་ཐར་བར་འགྱུར་ལ། འདོད་པར་རྟེན་པ་ནི་གསར་རྙིང་གིས་ཡིད་འབྱུང་མི་འབྱུང་སྟེ་རྒན་པོའི་ཁྱིམ་ཐབ་བཞིན་ནོ། །དོན་གྱིས་གཟུགས་སུ་ཚེ་གྱུར་པ་གཟུགས་མེད་དུ་ཡང་འཇུག་སྟེ་གོང་འཕོ་སྲིད་རྩེར་འགྲོ་བ་བཞིན་ནོ། །འདོད་པར་ཚེ་ཡོངས་སུ་གྱུར་པ་དེ་དང་གོང་མར་སྐྱེས་པའི་འཕགས་པ་ནི། ཚེ་གཞན་དུ་ལམ་འདྲིས་པའི་ཕྱིར་དབང་པོ་སྨིན་ཞིང་བརྟན་པ་ཐོབ་པས་ཡོངས་སུ་མི་ཉམས་ཤིང་དེ་ཉིད་ཀྱིས་དབང་པོ་འཕོ་བ་ཡང་མི་རྟེན་ནོ། །བཞི་པ་ལ་དང་པོར་གང་སྤེལ་བ། གྲུབ་པའི་ཚད། སྤེལ་བའི་དགོས་པ། གྲངས་ངེས་ཀྱི་ཚད་དོ། །དང་པོ་ནི། སྔར་མ་སྤེལ་བའི་དང་པོར་ནི་བཞི་པའི་དངོས་གཞི་དེ་ཉིད་སྤེལ་བར་བྱེད་ཀྱི་གཞན་ནི་མིན་ཏེ། ཏིང་ངེ་འཛིན་དེ་ལས་སུ་རུང་ཞིང་ལམ་སླ་བའི་མཆོག་ཡིན་པ་དང་གཞན་ནི་མི་ནུས་པའི་ཕྱིར་རོ། །ཕྱིས་གོམས་པ་ན་འོག་མ་གསུམ་ཡང་སྤེལ་ལོ། །རྟེན་ནི་དང་པོར་གླིང་གསུམ་གྱི་མིས་སྤེལ་ལ། ཕྱིས་ཉམས་པ་གཟུགས་སུ་སྤེལ་ལོ། །སྦྱོར་བ་ནི་དང་པོར་ཟག་མེད་དང་ཟག་བཅས་དང་ཟག་མེད་རྒྱུན་ལྡན་གསུམ་སྤེལ་བ་ནས་རིམ་གྱིས་རྒྱུན་ཕྲི་སྟེ་སྐད་ཅིག་རེ་རེ་སྤེལ་བའི་བར་རོ། །ཟག་མེད་སྔ་ཕྱིའི་མཚམས་སྔ་མ་ལས་ལྡང་སེམས་དང་ཕྱི་མ་ལ་འཇུག་སེམས་ཀྱི་རྗེས་ཐོབ་གཉིས་ཀྱིས་སོ། །གཉིས་པ་ནི། སྐད་ཅིག་མ་རེ་རེ་བ་གསུམ་བསྲེས་ནས་སྒོམ་པ་ནི་དེ་གྲུབ་པའི་དངོས་གཞི་སྟེ་སྐད་ཅིག་སྔ་མ་གཉིས་བར་ཆད་མེད་ལམ་དང་ཕྱི་མ་རྣམ་གྲོལ་ལམ་མོ། །སློབ་དཔོན་ནི་དུས་མཐའི་སྐད་ཅིག་མ་སངས་རྒྱས་ལས་གཞན་གྱིས་སྤེལ་མི་ནུས་རྒྱུན་ལྡན་གསུམ་ལ་འདོད་དགུར་འཇོག་པ་ནི་གྲུབ་པའོ་ཞེས་སོ། །གསུམ་པ་ནི། གནས་གཙང་མར་སྐྱེ་བ་དང་། མཐོང་ཆོས་ལ་བདེ་བར་གནས་པར་བྱ་བ་དང་། ཉོན་མོངས་པས་འཇིགས་ཏེ་རོ་མྱོང་མཚུངས་ལྡན་ཐག་བསྲིངས་ཏེ་མི་ཉམས་པར་བྱ་བའི་ཕྱིར་ཡང་སྤེལ་ལོ། །དེ་ཡང་ཕྱིར་མི་འོང་དབང་རྟུལ་ལ་གསུམ་ཆར་ཚང་ལ་རྣོན་པོ་ལ་སྔ་མ་གཉིས་དང་། དགྲ་བཅོམ་རྟུལ་པོ་ལ་ཕྱི་མ་གཉིས་དང་རྣོན་པོ་ལ་བར་པ་ཁོ་ན་ཡོད་ལ། སྐྱེ་བ་ཡང་ཟག་བཅས་ཀྱིས་ཏེ་རྫོགས་བྱེད་དམ་འགྲུབ་བྱེད་དོ། །བཞི་པ་ནི། ཅིའི་ཕྱིར་གནས་གཙང་མ་ལྔར་ངེས་ཤེ་ན། སྤེལ་མ་དེ་ནི་ཆུང་ངུ་ཐུན་གཅིག་ལ་སེམས་གསུམ་སྤེལ་དང་། འབྲིང་དྲུག་དང་། ཆེན་པོ་དགུ་དང་། ཤིན་ཏུ་ཆེ་བ་བཅུ་གཉིས་དང་། ཤིན་ཏུ་ཆེས་ཆེ་བ་ཟག་མེད་བཅུ་དང་ཟག་བཅས་ལྔ་སྟེ་བཅོ་ལྔར་སྤེལ་བ་རྣམ་པ་ལྔའི་ཕྱིར་རིམ་བཞིན་འབྲས་བུ་གནས་གཙང་གི་སྐྱེ་བ་ཡང་ལྔ་ཁོ་ནའོ། །གཉིས་པ་ནི། འགོག་པའི་སྙོམས་འཇུག་ཐོབ་པའི་ཕྱིར་མི་འོང་ནི་ཐར་པ་ལྟར་ཞི་བའི་ཆོས་དེ་ལུས་ཀྱིས་མངོན་སུམ་བྱེད་པའོ་ཞེས་མིང་ཚན་ལ་བརྩམས་ཏེ་བཤད་པའི་མདོ་འདིར་འདོད། སེམས་ཙམ་པ་ནི་ལུས་ལ་བརྟེན་ཏེ་སྐྱེ་བའི་ཕྱིར་དང་། སློབ་དཔོན་ནི་མཉམ་བཞག་གི་ཚེ་ལུས་ཀྱི་སྤྱོད་པ་ཞི་བ་ཐོབ་པ་དང་དེ་ལས་ལངས་པ་ན་འགོག་པ་ནི་ཐར་པ་ལྟར་ཞི་བའོ་སྙམ་དུ་ཤེས་པས་མངོན་སུམ་དུ་བྱེད་པའོ་ཞེས་གསུངས་ལ། འབུམ་པ་ནི་ཤེས་རབ་ཀྱི་ལུས་ཀྱིས་ཞེས་སོ། །གཉིས་པ་དེ་ཉིད་ཕྱི་མའི་ཞུགས་པར་གཞག་པ་ནི། ཕྱིར་མི་འོང་བསམ་གཏན་དང་པོའི་ཉོན་མོངས་ཅན་དང་པོ་སྤངས་པ་ནས། སྲིད་རྩེའི་ཆ་བརྒྱད་པའི་བར་དུ་ཟད་པ་ནི་དགྲ་བཅོམ་པ་ཉིད་ལ་བརྒྱུད་ནས་ཞུགས་པ་ཡིན་ལ། དེར་མ་ཟད་ཆ་དགུ་པ་སྤོང་བའི་བར་ཆད་མེད་ལམ་ལ་གནས་པ་ཡང་དེ་ལ་དངོས་སུ་ཞུགས་པ་སྟེ་དགྲ་བཅོམ་མིན་པས་སོ། །འགྲེལ་ཆེན་གཉིས་དང་ཀུན་བཏུས་གསུམ་ལས་ཕྱི་མ་ཁོ་ན་གསུངས་པ་ནི་སྔ་མ་ལས་མཆོག་ཏུ་གྱུར་པའི་ལུགས་སོ། །དེ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་ཏེ། ལམ་ཐམས་ཅད་ཀྱི་སྐལ་མཉམ་གྱི་རྒྱུ་རྒྱས་ཤིང་བར་ཆད་མེད་པའི་ནང་ན་ཆེ་བ་ཡིན་པས་ཕར་ཉོན་མོངས་ཐམས་ཅད་འཇོམས་ནུས་ལ་ཚུར་ཉོན་མོངས་ཅན་གང་གིས་ཀྱང་མི་བཤིག་པས་སོ། །དཔེར་ན་རྡོ་རྗེ་ཕ་ལམ་གྱིས་ཕར་དངོས་པོ་ཐམས་ཅད་གཅོད་ཚུར་སུས་ཀྱང་གཞིག་མི་ནུས་པ་བཞིན་ནོ། །དབྱེ་ན་ཟག་མེད་ས་དགུའི་ཡོད་དོ། །དམིགས་པ་ནི་སྲིད་རྩེའི་བདེན་བཞི་དང་འོག་ས་བརྒྱད་ཀྱི་འགོག་ལམ་ལ་དམིགས་ཤིང་རྣམ་པ་བཞིར་བསྒྱུར་བས་དུ་མ་སྟེ། ལམ་སྤྱིའི་ངོ་བོ་ལ་དམིགས་པ་མི་བཤིག་པ་ལྟར་ན་མི་ལྕོགས་མེད་པས་བསྡུས་པ་ནི། སྒོམ་པའི་ལམ་ལ་འགོག་པའམ། །ལམ་ལ་ཆོས་ཤེས་གང་ཡིན་ཏེ། །ཁམས་གསུམ་གྱི་ནི་གཉེན་པོ་ཡིན། །ཞེས་པས་འདོད་པའི་འགོག་ལམ་ལ་དམིགས་པའི་རྣམ་པ་བརྒྱད་དང་གོང་ས་བརྒྱད་ཀྱི་འགོག་པ་ལ་དམིགས་པ་བཞི་བཞི་དང་། སྤྱིའི་གཉེན་པོ་རྗེས་ཤེས་ཀྱི་ལམ་ལ་དམིགས་པ་བཞི་དང་། འོག་སའི་སྤངས་པས་སྲིད་རྩེའི་སྡུག་ཀུན་ལ་དམིགས་པ་བརྒྱད་དེ་ལྔ་བཅུ་རྩ་གཉིས་དང་། བསམ་གཏན་ཀུན་ཏུ་ལྟ་བ་པོ་ཡིན་པས་གཞན་ལྔ་ཡང་འདྲ་ཞིང་། གཟུགས་མེད་དམིགས་པ་ལས་ངེས་འབྱུང་ཡིན་པས་འོག་སའི་གཉེན་པོ་ལ་དམིགས་པ་བོར་བས་ཉི་ཤུ་རྩ་བརྒྱད་དང་རྩ་བཞི་དང་ཉི་ཤུ་ཡིན་ཏེ་སུམ་བརྒྱ་བརྒྱད་ཅུ་རྩ་བཞིའོ། །ལམ་སྤྱི་ལ་དམིགས་པ་བཤིག་སྟེ་སོ་སོར་དམིགས་པ་ལྟར་ན་བསམ་གཏན་ས་དྲུག་གིས་བསྡུས་པ་ས་དགུའི་འགོག་ལམ་གྱིས་བརྒྱད་བརྒྱད་སྲིད་རྩེའི་སྡུག་ཀུན་གྱིས་བརྒྱད་དེ་བརྒྱད་བཅུ་བརྒྱད་བཅུ་དང་། གཟུགས་མེད་འོག་སའི་དགག་བྱ་ལ་མི་དམིགས་པས་བཀག་པ་འགོག་ལམ་ཡང་མི་དམིགས་པས་བཞི་བཅུ་དང་སོ་གཉིས་དང་ཉེར་བཞི་སྟེ་ལྔ་བརྒྱ་བདུན་ཅུ་རྩ་དྲུག་གོ །གསུམ་པ་མི་སློབ་ལམ་ལ་གནས་པའི་གང་ཟག་ལ། འབྲས་གནས་དངོས། དེའི་ཞར་བྱུང་། འབྲས་གནས་ཀྱི་དབྱེ་བའོ། །དང་པོ་ནི། རྣམ་གྲོལ་ལམ་འདུས་བྱས་དང་པོ་ངོས་གཟུང་བ་ནི། སྲིད་རྩེའི་དགུ་པ་དེ་ཟད་པའི་བྲལ་ཐོབ་དང་ལྷན་ཅིག་སྐྱེས་པའི་ཟད་པ་ཤེས་པ་སྟེ་ཟག་པ་ཀུན་ཟད་པའི་བྲལ་ཐོབ་དང་དང་པོར་ལྷན་ཅིག་སྐྱེས་པའི་ཕྱིར་རོ། །ཟད་པ་ཤེས་པ་དེའི་ཚེ་གང་ཟག་དེ་མི་སློབ་པ་དང་དགྲ་བཅོམ་པ་ཞེས་བྱ་སྟེ། སྤྱིར་བསླབ་གསུམ་མངོན་དུ་བྱེད་ཀྱང་འབྲས་བུ་གཞན་མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་བསླབ་པར་བྱར་མེད་པའི་ཕྱིར་དང་། ཆགས་བཅས་སྐྱེ་བོ་དང་སློབ་པ་ཐམས་ཅད་ཀྱིས་མཆོད་པར་འོས་པའི་ཕྱིར་རོ། །དེ་མི་སློབ་པ་ཡིན་པས་སྔར་བཤད་པའི་ཞུགས་གནས་བདུན་ནི་སློབ་པར་གྲུབ་སྟེ། ཟག་པ་ཟད་པར་བྱ་བའི་ཕྱིར་བསླབ་གསུམ་ལ་རྟག་ཏུ་སློབ་པས་སོ། །བྱིས་པ་རྣམས་ནི་སློབ་པ་མིན་ཏེ་བདེན་པ་ཇི་ལྟ་བར་ཤེས་པའི་ཤེས་རབ་མེད་པའི་ཕྱིར་རོ། །སློབ་དཔོན་འཕགས་པ་ནི་སྦྱོར་ལམ་པ་སློབ་པར་བཤད་པ་ཡོད་ཅེས་གསུངས་སོ། །ཡང་མཐོང་སྒོམ་གྱི་ལམ་སློབ་པ། མཐར་ཕྱིན་གྱི་ལམ་མི་སློབ་པ། ཟག་བཅས་དང་འདུས་མ་བྱས་ནི་གཉིས་ཀ་མིན་པའོ། །གཉིས་པ་ལ་འདོད་ཆགས་དང་བྲལ་བའི་ཚུལ་དཔྱད། ཟད་པ་ཤེས་པའི་རྗེས་ལ་གང་འབྱུང་དཔྱད། དགེ་སྦྱོང་གི་ཚུལ་དང་འབྲས་བུ་ངོས་གཟུང་བའོ། །དང་པོ་ལ་ཆགས་བྲལ་སྤྱིར་བསྟན། བྲལ་ཐོབ་ཀྱི་སྐྱེ་ཚུལ་བཤད། ས་གང་གིས་གང་ལས་འདོད་ཆགས་དང་བྲལ་བའི་ཚུལ། འཇིག་རྟེན་པའི་ལམ་གྱི་དམིགས་རྣམ་མོ། །དང་པོ་ནི། གོང་ས་འཇིག་རྟེན་པ་མེད་ཅིང་རང་ས་ལ་སྲེད་པ་རྒྱས་པ་དང་འོག་ས་དམན་པའི་ཕྱིར་འཇིག་རྟེན་ལས་འདས་པའི་ལམ་ཁོ་ནས་སྲིད་རྩེའི་ལས་ཆགས་པ་དང་བྲལ་ལ། གཞན་བརྒྱད་པོ་ལས་རྣམ་པ་གཉིས་ཀ་ལས་འབྲལ་ཏེ། འཇིག་རྟེན་པའི་གོང་སའི་ཉེར་བསྡོགས་ཡོད་པའི་ཕྱིར་རོ། །གཉིས་པ་ནི། འཇིག་རྟེན་པ་ཡིས་ཆགས་པ་དང་བྲལ་བའི་འཕགས་པ་བྱིས་པ་ལྟར་རེ་ཞིག་པར་འགྱུར་རོ་ཞེ་ན། མིན་ཏེ། བྱིས་པའི་སྤངས་པ་ནི་བྲལ་ཐོབ་ཟག་བཅས་ཙམ་གྱིས་འཛིན་པས་མི་བརྟན་ལ། དེ་ལ་དེའི་ཚེ་བྲལ་བའི་ཐོབ་པ་ཟག་བཅས་ཟག་མེད་རྣམ་པ་གཉིས་ཀས་འཛིན་པས་བརྟན་ཞིང་རྒྱས་ལ་ཉམས་ཀྱང་མ་ཤི་བར་སོར་ཆུད་པར་འགྱུར་རོ་ཞེས་བཤད་དོ། །བསྡུ་བར། འཇིག་རྟེན་པས་ས་བོན་སྤོང་མི་ནུས་པའི་ཕྱིར་སླར་ཉམས་པར་འགྱུར་ལ། འཕགས་པའང་རེ་ཞིག་པའི་གཉེན་པོ་སྟེ་ཕྱིས་ཟག་མེད་ངེས་པར་མངོན་དུ་བྱེད་ཅེས་སོ། །སྡེ་པ་ཁ་ཅིག་འཇིག་རྟེན་ལས་འདས་པའི་ལམ་གྱིས་སྤངས་ཀྱང་བྲལ་ཐོབ་གཉིས་ཀྱི་སྟེ། ཅིའི་ཕྱིར་ཞེ་ན། དེའི་ཚེ་བྲལ་ཐོབ་ཟག་བཅས་མི་སྐྱེ་ན་དབང་རྟུལ་སྔོན་ཟག་མེད་ཁོ་ནས་ཅི་ཡང་མེད་ཀྱི་བར་ལས་གྲོལ་ཏེ་འབྲས་བུ་ཁྱད་པར་ཅན་དུ་གྱུར་པ་ཞིག་དབང་པོ་འཕོ་བ་ན་རྟུལ་པོའི་ལམ་ཁྱད་པར་ཅན་དང་བཅས་པ་བཏང་ནས་རྣོན་པོའི་འབྲས་བུ་ཙམ་པོ་ཐོབ་པའི་ཕྱིར་གོང་མའི་བྲལ་ཐོབ་མི་ལྡན་པས་དེ་ལ་སླར་ཉོན་མོངས་ཅན་ལྡན་པར་འགལ་བ་ལས་མི་ལྡན་པའི་ཕྱིར་བྲལ་ཐོབ་ཟག་བཅས་སྐྱེའོ་ཞེས་ཟེར་རོ། །དེ་ནི་མ་ངེས་ཏེ། སྲིད་རྩེའི་ཕྱེད་ཟེར་ཡང་བརྒྱད་པ་མན་ཆད་གང་རུང་ལས་རྣམ་པར་གྲོལ་བ་ཞིག་དབང་པོ་འཕོས་ན་བྲལ་ཐོབ་ཟག་མེད་བཏང་ལ་ཟག་བཅས་མི་སྲིད་ཀྱང་ཕྱེད་པོའི་ཉོན་མོངས་མི་ལྡན་པ་བཞིན་དང་། བྱིས་པ་འདོད་པ་ལས་གྲོལ་བའི་བྲལ་ཐོབ་བསམ་གཏན་དང་པོའི་ས་པ་ཡོད་པ་ཞིག་གོང་མ་གཉིས་པ་སོགས་སུ་སྐྱེས་པ་ལ་བྲལ་ཐོབ་ས་འཕོས་པས་བཏང་ཡང་འདོད་པའི་ཉོན་མོངས་ཅན་མི་ལྡན་པ་བཞིན་ཏེ། འོག་ས་བཏང་ཡང་སྤང་བྱའི་མ་ཐོབ་པ་ཡོད་པས་མི་ལྡན་པའོ། །འོག་ཏུ་ཟག་མེད་ཀྱི་ཤེས་པས་ཀུན་རྫོབ་ཤེས་པ་འཐོབ་པར་བཤད་པ་ནི་ཤེས་པའི་ཐོབ་པའོ་ཞེས་གསུངས་སོ། །གསུམ་པ་ནི། ཟག་མེད་སྲིད་རྩེའི་གཉེན་པོ་ཡིན་པས་རང་དང་གོང་སའི་སྤོང་ལ། མི་ལྕོགས་མེད་པ་ཉེ་བསྡོགས་ཀྱི་ལམ་ཡིན་པས་འོག་ས་སྤོང་བའི་ཕྱིར་དེ་ཡིས་ས་དགུ་པོ་ཐམས་ཅད་ལས་འདོད་ཆགས་དང་བྲལ་ཞིང་། ཉེར་བསྡོགས་གཞན་ནི་ཟག་བཅས་ཁོ་ན་ཡིན་པས་རང་གི་འོག་ས་ལས་འབྲལ་ལོ། །འོ་ན་ཉེར་བསྡོགས་ཀྱིས་འོག་ས་ལས་རྒྱལ་བའི་རྣམ་གྲོལ་ལམ་ཐ་མ་དེ་དང་དངོས་གཞི་གང་གི་ངོ་བོར་སྐྱེ་ཞེ་ན། ས་དང་པོ་གསུམ་ལ་རྒྱལ་བ་ལ་ནི་དབང་པོ་རྣོ་ན་ཚོར་བ་སྤོ་ནུས་ཤིང་ཉེར་བསྡོགས་ལ་དགའ་བ་ཆུང་བས་དངོས་གཞི་བསམ་གཏན་གྱི་ངོ་བོར་སྐྱེ་ཞིང་། རྟུལ་ན་ཚོར་བ་སྤོ་མི་ནུས་པས་ཉེར་བསྡོགས་ཀྱི་ངོ་བོ་ལས་མཐའི་རྣམ་གྲོལ་ལམ་སྐྱེ་ལ། དེའི་གོང་མ་བཞི་པ་མན་ཆད་ཀྱི་ཉེར་བསྡོགས་དངོས་གཞི་དང་ཚོར་བ་མཐུན་ཞིང་ཆགས་བྲལ་གྱི་ས་ལ་གུས་པས་དེའི་ངོ་བོ་ལས་རྣམ་གྲོལ་ལམ་ཐ་མ་སྐྱེ་བ་མིན་ནོ། །འཕགས་པ་སྟེ་ཟག་མེད་ཀྱི་ལྷག་མ་བརྒྱད་ཀྱིས་ནི་རང་ས་དང་གོང་ས་ལས་རྒྱལ་གྱི་འོག་ས་ལས་མིན་ཏེ། འོག་ས་ལས་མ་རྒྱལ་བར་དངོས་གཞི་མི་ཐོབ་ལ་དེ་ཐོབ་པའི་ཚེ་དེའི་སྔོན་དུ་འགྲོ་བའི་ཉེར་བསྡོགས་ཀྱིས་རྒྱལ་ཟིན་པའི་ཕྱིར་མགོ་གཉིས་གཅད་དུ་མེད་པ་བཞིན་ནོ། །བཞི་པ་ནི། འཇིག་རྟེན་པ་ཡི་རྣམ་གྲོལ་དང་བར་ཆད་མེད་པའི་ལམ་གྱི་དམིགས་རྣམ་ཇི་ལྟ་བུ་ཞེ་ན། རྣམ་པ་ནི་དེ་གཉིས་གོ་རིམ་བཞིན་བར་ཆད་མེད་པ་ནི་འོག་ས་ལ་དམིགས་ནས་རགས་པ་དང་། སོགས་པ་ཐ་བ་ངན་པ་དང་རྩིག་པ་སྟུག་པོ་ལྟ་བུར་བལྟ་ལ། རྣམ་གྲོལ་ལམ་ནི་གོང་ས་ལ་དེ་ལས་ལྡོག་པ་ཞི་བ་དང་། སོགས་པ་གྱ་ནོམ་པ་དང་ངེས་འབྱུང་གི་རྣམ་པ་ཅན་ཡིན་ནོ། །དམིགས་པ་ནི་རྣམ་གྲོལ་ལམ་ནི་གོང་སའི་སྤྱོད་ཡུལ་ཅན་དང་། བར་ཆད་མེད་པ་ནི་འོག་མའི་སྤྱོད་ཡུལ་ཅན་ནོ། །གཉིས་པ་ནི། ཟད་ཤེས་ལས་ཤེས་པ་གང་འབྱུང་ཞེ་ན། གལ་ཏེ་མི་གཡོ་བའི་ཟད་ཤེས་ཡིན་ན་མི་ཉམས་པས་དེ་ལས་དུཿཁ་ཤེས་པར་བྱར་མེད་པ་ལ་སོགས་པར་ལྟ་བའི་མི་སྐྱེའི་བློ་གྲོས་འབྱུང་ལ། གལ་ཏེ་མི་གཡོ་བ་མིན་ན་ཟད་པ་ཤེས་པའི་རྒྱུན་ཙམ་བྱུང་ནས་ལྡང་བའམ། ཡང་ན་མི་སློབ་པའི་ལྟ་བ་འབྱུང་གི ཉམས་སྲིད་པས་མི་སྐྱེ་བ་ཤེས་པ་མི་འབྱུང་ཞིང་མི་སློབ་པའི་ལྟ་བ་དེ་ནི་རེས་འགའ་མི་གཡོ་བ་ལ་འབྱུང་བས་དགྲ་བཅོམ་པ་ཐམས་ཅད་ལ་སྐྱེའོ། །གསུམ་པ་ལ། དངོས་ཀྱི་དོན། དེ་ཉིད་ཚངས་པའི་འཁོར་ལོ་བསྟན། ཁམས་གང་དུ་འབྲས་བུ་གང་ཐོབ་པའོ། །དང་པོ་ལ་ངོ་བོ་དང་རྩོད་སྤོང་ངོ་། །དང་པོ་ནི། དགེ་སྦྱོང་གི་ཚུལ་དང་ལྡན་པ་ནི་འཕགས་པ་ཡིན་ལ་དེའི་ཚུལ་ནི་དྲི་མ་མེད་པའི་བར་ཆད་མེད་པའི་ལམ་སྟེ། སྡིག་པ་གཏན་དུ་ཞི་བར་བྱེད་པའི་ཕྱིར་ཏེ། ལུང་བར་མ་ལས། འདིས་སྡིག་པ་མི་དགེ་བའི་ཆོས་ཡང་སྲིད་པར་སྐྱེ་བ་ནས། འཆི་བའི་བར་རྣམ་པར་ཞི་བར་བྱས་པས་དགེ་སྦྱོང་དུ་འགྱུར་རོ་ཞེས་སོ། །ཚུལ་དེའི་འབྲས་བུ་ནི་རྒྱུ་མཐུན་དང་སྐྱེས་བུ་བྱེད་འབྲས་འདུས་བྱས་རྣམ་གྲོལ་ལམ་དང་། བྲལ་བ་དང་ཐོབ་པའི་སྐྱེས་བུ་བྱེད་འབྲས་འདུས་མ་བྱས་སྤངས་པའོ། །གཉིས་པོ་དེ་དག་སོ་སོར་བརྒྱད་ཅུ་རྩ་དགུ་སྟེ། ས་དགུའི་སྒོམ་སྤང་བརྒྱད་ཅུ་རྩ་གཅིག་དང་། གོང་འོག་གི་མཐོང་སྤང་བརྒྱད་སྤངས་པའི་རྣམ་གྲོལ་ལམ་བརྒྱད་ཅུ་རྩ་དགུ་དང་། ཟད་པ་སྤངས་པ་བརྒྱད་ཅུ་རྩ་དགུ་རྣམས་ཡིན་པས་དེ་དང་བཅས་པ་ཚུལ་ཡང་བརྒྱད་ཅུ་རྩ་དགུར་འགྱུར་རོ། །གཉིས་པ་ལ། དབྱེ་བ་ལ་དང་། དགེ་སྦྱོང་ཚུལ་གྱི་ལ་རྩོད་སྤོང་གཉིས་ལས། དང་པོ་ནི། འོ་ན་སངས་རྒྱས་ཀྱིས་རྒྱུན་ཞུགས་ནས་དགྲ་བཅོམ་པའི་བར་བཞི་ལས་མ་གསུངས་ལ་འདིར་ཁ་བསྐང་དགོས་པས་དེ་ཐམས་ཅད་མཁྱེན་པ་མིན་པའམ་འདིར་སྒྲོ་བཏགས་པར་འགྱུར་རོ་ཞེ་ན། དབྱེ་བ་དེ་ལྟར་མང་མོད་ཀྱི་མདོ་ལས་འབྲས་བུ་བཞིར་བསྡུས་ཏེ་རྣམ་པར་གཞག་པ་ནི་ལམ་གྱི་གནས་སྐབས་གང་ལ་རྣམ་འཇོག་གི་རྒྱུ་ལྔ་དག་ནི་སྲིད་པ་དེའི་དུས་སུ་འབྲས་བུ་གཅིག་ཏུ་གསུངས་པའི་ཕྱིར་བཞི་སྟེ། རྒྱུ་ལྔ་ནི་འབྲས་བུ་ལས་སྔོན་ཐོབ་པ་ཞུགས་ལམ་བཏང་བ་དང་། དེ་ལས་གཞན་གནས་པའི་ལམ་ཐོབ་པ་དང་། སྤངས་པ་ཐམས་ཅད་ཀྱིས་ཐོབ་པ་འབྲས་བུ་ལ་གནས་པས་བསྡུས་པ་གཅིག་རྙེད་དེ་ཟད་པ་སྡོམ་པ་དང་། རྒྱུ་རྒྱས་པའི་སྒོ་ནས་མ་འོངས་པའི་ཆོས་དང་རྗེས་སུ་ཤེས་པ་བརྒྱད་ཚན་ཐོབ་པ་དང་། མི་རྟག་པ་ལ་སོགས་པ་རྣམ་པ་བཅུ་དྲུག་ཚང་བར་ཐོབ་པའོ། །བཞི་པོ་ཐམས་ཅད་ལ་རྒྱུ་ལྔ་ཚང་ཡང་ཕྲ་རྒྱས་སུ་ཁམས་ལས་གྲོལ་བ་དང་། འབྲས་བུ་ཐོབ་ན་སྡོམ་པར་བཤད་པ་ནི་ཡོངས་ཤེས་ཀྱི་སྡོམ་པའི་རྒྱུ་ཡིན་གྱི་སྤངས་པ་ཙམ་གྱིས་མིན་པར་འཆད་དོ། །གཉིས་པ་ནི། ཅི་ཟག་མེད་ཀྱི་ལམ་ཁོ་ན་དགེ་སྦྱོང་གི་ཚུལ་ཡིན་ན་འཇིག་རྟེན་པས་ཐོབ་པའི་ཆགས་བྲལ་སྔོན་འགྲོའི་འབྲས་བུ་གཉིས་དགེ་སྦྱོང་ཚུལ་གྱི་འབྲས་བུར་མི་རུང་ངོ་ཞེ་ན། འཇིག་རྟེན་པ་ཡི་ས་ཐོབ་པའི་འབྲས་བུ་དེ་གཉིས་ནི་མཐོང་ལམ་གྱིས་ཐོབ་པ་དང་བསྲེས་ཏེ་སྔ་ཕྱིའི་སྤངས་པ་ཐམས་ཅད་དེ་གཉིས་ཀྱིས་འབྲས་བུ་བསྡུས་པའི་ཐོབ་པ་གཅིག་གིས་བཅིངས་པའི་ཕྱིར་དང་། ཟག་མེད་ཐོབ་འཛིན་ཕྱིར་ཞེས་པ། ཁ་ཅིག་སྔར་གྱི་སྣོན་པར་སྦྱོར་བའི་མི་འཐད་དེ་བསྲེས་པ་ཉིད་ཀྱིས་ཟག་མེད་ཀྱི་ཐོབ་པ་འཛིན་པ་གྲུབ་པའི་ཕྱིར། དེས་ན་ཕྱི་མའི་དོན་ནི་འཇིག་རྟེན་པས་ཐོབ་པའི་རིམ་གྱིས་པའི་འབྲས་བུ་ཡང་དགེ་སྦྱོང་ཚུལ་འབྲས་བུ་མི་རུང་ངོ་ཞེ་ན། རུང་སྟེ། དེས་དགེ་སྦྱོང་གི་ཚུལ་དུ་གྱུར་པའི་ཟག་མེད་ཀྱི་ཐོབ་པ་འཛིན་པའི་ཕྱིར། དཔེར་ན་ཕོ་བྲང་འཁོར་བའི་མིས་བསགས་པའི་ནོར་ཡང་རྒྱལ་པོའི་ཕྱག་རྒྱས་བཏབ་པས་དེའི་ནོར་དུ་བརྗོད་པ་བཞིན་ནོ། །ཞེས་པའོ། །གཉིས་པ་ནི། དགེ་སྦྱོང་གི་ཚུལ་དང་། དེའི་འབྲས་བུ་དེ་ཉིད་ཚངས་པ་ཉོན་མོངས་སྤངས་པའམ་མྱ་ངན་ལས་འདས་པའི་ཚུལ་ཏེ་ངོ་བོའམ་ཐབས་ཞེས་ཀྱང་བྱ་ལ། ཚངས་པའི་འཁོར་ལོ་ཞེས་ཀྱང་བྱ་སྟེ། སངས་རྒྱས་ནི་ཚངས་པའི་ཚུལ་བླ་ན་མེད་པ་དང་ལྡན་པས་ཚངས་པ་ཡིན་པར་བཤད་ལ་དེས་བསྐོར་བའི་ཕྱིར་རོ། །ཅི་མདོ་ལས་ཆོས་ཀྱི་འཁོར་ལོ་ལན་གསུམ་བཟླས་པ་རྣམ་པ་བཅུ་གཉིས་ཞེས་པ་དེ་ལམ་གང་ཡིན་ཞེ་ན། མཐོང་བའི་ལམ་སྟེ་འཁོར་ལོ་དང་ཆོས་མཐུན་པའི་ཕྱིར་རོ། །གང་གི་མཐུན་ན་འཁོར་ལོ་རིན་པོ་ཆེ་ནི་གླིང་བཞིར་མྱུར་བར་འགྲོ་བ་དང་། སོགས་པ་ཡུལ་གཞན་འདོར་ཞིང་གཞན་དུ་འཇུག་པ་དང་། ཁམས་ཀྱི་རྒྱལ་ཕྲན་ལ་སོགས་པ་ལས་མ་རྒྱལ་བ་ལས་རྒྱལ་བར་བྱེད་པ་དང་། རྒྱལ་བ་དགེ་བ་བཅུ་ལ་འཛུད་པས་རྣལ་དུ་འགོད་པ་དང་། ས་མཐོ་བར་འཕར་ཞིང་དམའ་བར་འབབ་པ་བཞིན་དུ་མཐོང་ལམ་སྐད་ཅིག་བཅོ་ལྔ་མྱུར་བས་མྱུར་བར་འགྲོ་བ་དང་ཤེས་བཟོད་ཐམས་ཅད་བདེན་པ་གཞན་འདོར་ཞིང་འཇུག་པ་དང་། བར་ཆད་མེད་པས་མཐོང་སྤང་ལས་མ་རྒྱལ་བ་རྒྱལ་བར་བྱེད་པ་དང་། རྣལ་གྲོལ་ལམ་གྱིས་བྲལ་ཐོབ་འཛིན་པས་རྒྱལ་བ་རྣལ་དུ་འགོད་པ་དང་། གོང་མའི་བདེན་པ་ལ་འཕར་ཞིང་འདོད་པའི་ལ་འབབ་པས་སོ། །བཙུན་པ་དབྱངས་སྒྲོགས་ནི། མཐོང་ལམ་འཕགས་ལམ་ཡན་ལག་བརྒྱད་ལས། ཡང་དག་པའི་ལྟ་བ་དང་རྟོག་པ་དང་རྩོལ་བ་དང་དྲན་པ་བཞི་ནི། རྩིབས་བཞིན་དུ་ཕན་ཚུན་འཇུག་པའི་མཐོང་སྤང་གི་རྟོག་པ་གཅོད་པས་རྩིབས་དང་། སོགས་པ་ཚུལ་ཁྲིམས་ཀྱི་ངོ་བོ་གསུམ་ནི་དེ་ལས་སེམས་དང་ཤེས་རབ་སྐྱེ་བའི་ཕྱིར་རྟེན་ཡིན་པས་ལྟེ་བ་དང་། ཏིང་ངེ་འཛིན་ནི་དམིགས་པ་ལ་སེམས་སྡུས་པས་མུ་ཁྱུད་བཞིན་ཞེས་སོ། །དེ་སྐད་དུ་མདོ་ལས། ཀུན་ཤེས་ཀཽཎྜིནྱ་ལ་མཐོང་ལམ་སྐྱེས་པ་ན་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་སྨྲས་པས་སོ། །མདོ་ལས་དུཿཁ་ནས། ལམ་འཕགས་པའི་བདེན་པའོ་ཞེས་ངས་སྔོན་མ་ཐོས་པའི་ཆོས་རྣམས་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ་ཞེས་པ་ལ་སོགས་པའི་དོན། བཟླས་པ་གསུམ་ནི་འདི་དུཿཁ་འཕགས་པའི་བདེན་པའོ་ཞེས་ངོ་བོ་དང་། དེ་ཤེས་པར་བྱའོ་ཞེས་བྱ་བ་དང་། དེ་ཤེས་སོ་ཞེས་མཐར་ཐུག་པ་ལ་བཟླས་པ་ཡིན་ལ། རྣམ་པ་བཅུ་གཉིས་ནི་དེ་རེ་རེ་ཞིང་མངོན་སུམ་དུ་གྱུར་པས་མ་རིག་པ་དང་ཐེ་ཚོམ་མེད་པས་ཤེས་པ་དང་ཡང་དག་པའི་དོན་གྱིས་རིགས་པ་དང་རྣམ་པར་དག་པའི་ཕྱིར་བློ་སྐྱེས་པ་སྟེ། བདེན་པ་གཞན་གསུམ་ལ་བྱ་བ་དང་མཐར་ཐུག་པ་དང་མངོན་དུ་བྱ་བ་དང་བསྒོམ་པས་ཁྱད་པར་དུ་བྱས་པའི་ཕྱིར་སྔར་བཞིན་ནོ། །དེ་ལྟར་བཟླས་པ་བཅུ་གཉིས་དང་རྣམ་པ་ཞེ་བརྒྱད་ཡོད་ཀྱང་གསུམ་ཚན་དང་བཅུ་གཉིས་ཚན་དུ་འདྲ་བས་དེར་བརྗོད་དེ། གནས་བདུན་ལ་མཁས་པའི་དགེ་སློང་ཞེས་བརྗོད་པ་བཞིན་ནོ། །དེ་ཡང་མདོ་སྡེ་པ་དང་ཉི་འོག་པ་ནི་བཟླས་པ་གསུམ་མཉམ་གཞག་གི་རྣམ་པ་ཡིན་ལ། མིག་སྐྱེས་པ་སོགས་ནི་བློ་གཞན་གྱིས་དཔྱད་ན་དེ་ལྟ་བུ་ཡིན་པར་འདོད། ཁ་ཆེ་བ་ནི་མཉམ་གཞག་གི་རྣམ་པ་བཅུ་དྲུག་ཏུ་ངེས་ཏེ། མཐོང་ལམ་ལ་བྱ་བ་ཅུང་ཟད་ཡོད་ཀྱང་གཙོ་བོར་ངོ་བོ་དང་། སྒོམ་ལམ་ན་བདེན་པའི་ངོ་བོ་མཐོང་ཟིན་པས་བྱ་བ་དང་། མི་སློབ་པ་ན་ངོ་བོ་མཐོང་ཟིན་གྱི་བྱ་བ་མེད་པས་མཐར་ཐུག་པ་བཟླས་པ་ཞེས་འདོད་ཅིང་། སློབ་དཔོན་ནི་དེ་ལྟར་ན་བཟླས་པ་གསུམ་ལ་བསྟན་ནས་མཐོང་ལམ་ཁོ་ན་ཆོས་འཁོར་དུ་ཇི་ལྟར་བཞག དེས་ན་ལམ་སྤྱི་ཆོས་འཁོར་ཏེ་བཟླས་པ་གསུམ་ནི་ངོ་བོ་ལ་བཟླས་པ་ལ་སོགས་པ་གསུམ་ཡིན་ལ། རྣམ་པ་བཅུ་གཉིས་ནི་དེ་རེ་རེ་ཞིང་བདེན་པ་བཞིའི་བྱེ་བྲག་གིས་རྣམ་པ་བཞི་བཞི་ཡིན་ཞིང་། མདོ་ལས་བཤད་པ་ནི་ཐོག་མར་བསྐོར་བར་རྩོམ་པ་ལ་དགོངས་སོ་ཞེས་སོ། །གསུམ་པ་ནི། འདོད་པ་ཁོ་ནར་དང་པོ་གསུམ་འཐོབ་སྟེ། སྔ་མ་གཉིས་འདོད་པ་ལས་མ་གྲོལ་ཞིང་གསུམ་པ་ནི་ཕྱིར་འོང་སྔོན་དུ་འགྲོ་བའམ་དགུ་པ་མ་སྤངས་པར་གོང་དུ་མི་སྐྱེ་ཞིང་སྤངས་པ་དང་ཕྱིར་མི་འོང་དུ་འགྲོ་བས་སོ། །ཐ་མ་དགྲ་བཅོམ་ནི་སྲིད་རྩེའི་གཉེན་པོས་ཕྱེ་ལ་དེ་ཁམས་གསུམ་ཆར་དུ་སྐྱེ་སྲིད་པས་ཁམས་གསུམ་ཆར་དུ་ཐོབ་བོ། །འོ་ན་ཆགས་བྲལ་སྔོན་འགྲོའི་ཕྱིར་མི་འོང་འདོད་པ་ལས་གྲོལ་བས་འཐོབ་པས་གོང་མར་ཅི་སྟེ་མི་ཐོབ་ཅེ་ན། གོང་ན་ནི་མེད་དེ་དེ་ནི་ཟག་མེད་སྒོམ་ལམ་སྐྱེ་བ་དང་སྲིད་རྩེའི་མཐོང་སྤང་སྤོང་ཐབས་ལ་དགོངས་པས་མཐོང་ལམ་གྱིས་ཕྱེ་ལ་དེ་ན་མཐོང་ལམ་གསར་དུ་སྐྱེ་བ་མེད་པའི་ཕྱིར་རོ། །ཅི་སྟེ་ཞེ་ན། གོང་མའི་བྱས་པ་རྣམས་ནི་སྙོམས་འཇུག་གི་བདེ་བ་ལ་ཆགས་ཤིང་དུཿཁ་མེད་པས་མི་སྐྱོ་ལ་སྐྱོ་བ་མེད་པར་འཁོར་བ་ལས་ངེས་པར་འབྱུང་བའི་ལམ་མི་རྩོམ་པའི་ཕྱིར་དང་། བཅུ་ཚན་བཅུའི་ལུང་ལས་ཀྱང་རྒྱུན་ཞུགས་གཉིས་ཕྱིར་འོང་གཉིས་ཕྱིར་མི་འོང་ལྔ་དང་དགྲ་བཅོམ་པ་སྟེ་བཅུ་ལས་གཞན་ལྔ་ནི་འདིར་རྩོམ་ཞིང་འདིར་མཐར་ཕྱིན་ལ། ཕྱིར་མི་འོང་ལྔ་ནི་འདིར་རྩོམ་ཞིང་དེར་མཐར་ཕྱིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །གསུམ་པ་འབྲས་གནས་ཀྱི་དབྱེ་བ་ལ། དྲུག་ཏུ་དབྱེ་བ། དགུར་དབྱེ་བ། རྫས་དྲུག་ཏུ་བསྡུ་བའོ། །དང་པོ་ལ་དགྲ་བཅོམ་རིགས་དྲུག་དུ་དབྱེ། རིགས་དབྱེ་དེ་གཞན་ལ་སྦྱར། ཉམས་པའི་ཚུལ། དེ་ལ་རྩོད་སྤོང་། དབང་པོ་ཇི་ལྟར་འཕོ་བའི་ཚུལ་ལོ། །དང་པོ་ལ་དབྱེ་བ་སོ་སོའི་ངོ་བོ། གཉིས་སུ་བསྡུ་བ། ཆོས་གང་ལས་ཉམས་པའོ། །དང་པོ་ནི། དགྲ་བཅོམ་པ་ལ་དབྱེ་ན་དྲུག་ཏུ་འདོད་དེ། ཉམས་པའི་ཆོས་ཅན་དང་། འཆི་བར་སེམས་པ་དང་། རྗེས་སུ་སྲུང་བ་དང་། གནས་པ་ལས་མི་བསྐྱོད་པ་དང་། རྟོགས་པའི་སྐལ་བ་ཅན་དང་། མི་གཡོ་བའི་ཆོས་ཅན་ནོ། །དེ་ཡང་འདོད་པ་ན་དྲུག་ཆར་ཡོད་ཅིང་གོང་མ་ན་བཞི་པ་དང་དྲུག་པ་ཡོད་ཀྱི་མི་ཉམས་ཤིང་དབང་པོ་མི་འཕོ་བས་གཞན་མེད་པར་བྱེ་སྨྲ་འདོད་ལ། མདོ་སྡེ་པ་སྲིད་པར་འདོད་པས་ཁམས་གསུམ་ཆར་ན་དྲུག་ཡོད་དོ་ཞེས་སོ། །ཉམས་པའི་རྐྱེན་ནི་མདོ་ལས་ལྔ་འབྱུང་སྟེ། ལས་ཀྱི་མཐའ་དང་སྨྲ་བ་དང་རྩོད་པ་ལ་ཞུགས་པ་དང་ལམ་རིང་དུ་རྒྱུ་བའི་སྦྱོར་བ་དང་ལྡན་པ་དང་ནད་ཡུན་རིང་པོས་ཐེབས་པའོ་ཞེས་སོ། །རིགས་དྲུག་ཏུ་འགྱུར་བའི་རྒྱུ་ནི་རིམ་པ་ལྟར་སྔོན་སློབ་པའི་དུས་ན་རྒྱུན་དང་གུས་པར་སྦྱོར་བ་མེད་པ་དང་གཉིས་ཀ་མེད་པ་དང་ཁྱད་པར་དུ་གུས་སྦྱོར་མེད་པ་དང་། རྒྱུན་དུ་སྦྱོར་བ་དང་གུས་པར་སྦྱོར་བ་དང་གཉིས་ཀར་སྦྱོར་བའི་དབང་པོ་རྟུལ་པོ་དང་རྣོན་པོའོ། །ཁ་ཅིག་དབང་པོའི་ཁྱད་པར་རོ། །ཞེས་སོ། །དྲུག་པོ་དེ་དག་ལས་དང་པོ་ལྔ་ནི་སྒོམ་ལམ་གྱི་དད་པས་མོས་པ་ལས་དངོས་སུ་དང་། མཐོང་ལམ་གྱི་དད་པའི་རྗེས་འབྲང་ལས་བརྒྱུད་ནས་སྐྱེས་པས་ལྔ་པོ་དེ་དག་ནི་རྣམ་གྲོལ་ལམ་ཐོབ་པ་དང་གནས་པ་ནི་ཡོ་བྱད་ཀྱི་མཐུན་རྐྱེན་དང་འགལ་རྐྱེན་དང་དགྲའི་ཚེར་མ་མེད་པའི་དུས་དང་སྦྱོར་ལ། མི་གཡོ་བའི་ཆོས་ཅན་ནི་དབང་པོ་རྣོ་བས་རྣམ་གྲོལ་ལམ་མི་མཐུན་ཕྱོགས་ཀྱིས་མི་གཡོ་བ་ཡིན་པ་དེའི་ཕྱིར་གང་ཟག་དེ་དུས་དེ་ལྟ་བུ་དང་མི་སྦྱོར་བར་འདོད་དགུར་རྣམ་གྲོལ་མངོན་དུ་འགྱུར་ཞིང་དེ་ནི་དངོས་སུ་མཐོང་ཐོབ་དང་བརྒྱུད་ནས་ཆོས་ཀྱི་རྗེས་འབྲང་གི་རྒྱུ་ལས་བྱུང་ངོ་། །སྡེ་པ་གོང་མས་མཐོང་ཆོས་ལ་བདེ་བ་གནས་ཀྱི་ཏིང་ངེ་འཛིན་དུས་དང་སྦྱོར་མི་སྦྱོར་དུ་འདོད་དོ། །གཉིས་པ་གཉིས་སུ་བསྡུ་བ་ནི། དགྲ་བཅོམ་པའི་རིགས་དེ་དག་སྔོན་ནས་སམ་དེའི་ཚེ་ཡིན་ཞེ་ན། དེ་ལ་གཉིས་ལས་ཉམས་པའི་སྔོན་དུ་ན་དེ་བས་དམན་པ་ནས་སྦྱང་དུ་མེད་པས་སྔོན་ནས་ཡིན་ལ། ལྷག་མ་ལྔ་ནི་ཁ་ཅིག་དང་པོ་སློབ་པ་ནས་དེའི་རིགས་ཅན་དང་། ཁ་ཅིག་སློབ་པའི་ཚེ་རིགས་འོག་མ་ཡིན་པ་ལས་མི་སློབ་པ་ཉིད་ཀྱི་ཚེ་དབང་པོ་འཕོས་ཏེ་སྦྱངས་པ་ལས་གྱུར་པའི་རིགས་ཅན་ནོ། །གསུམ་པ་ནི། ལྔ་པོ་དེ་དག་ཅི་ལས་ཉམས་ཤེ་ན། དང་པོ་ནི་རིགས་ལས་མི་ཉམས་ཏེ་དེ་ལས་དམན་པ་མེད་པའི་ཕྱིར། ལྷག་མ་བཞི་ནི་རིགས་ལས་ཉམས་ཏེ་འོག་མར་ལྟུང་ལ། ལྔ་ཆར་ཡང་འབྲས་བུ་ལས་ཉམས་པར་འགྱུར་ཏེ་དབང་པོ་རྟུལ་བས་སླར་ཉོན་མོངས་ཅན་སྐྱེ་བའི་ཕྱིར་རོ། །འོན་ཀྱང་རིགས་དང་འབྲས་བུ་དང་པོ་ལས་ཉམས་པ་མིན་ཏེ། མི་སློབ་པའི་འཆི་བར་སེམས་པ་ལ་སོགས་པའི་རིགས་དང་པོ་སྔོན་སློབ་པ་ནས་ཡོད་པ་ནི་སློབ་མི་སློབ་ཀྱིས་བརྟན་པར་བྱས་པ་དང་། སློབ་པའི་རིགས་དང་པོ་བྱིས་པ་ནས་ཡོད་པའང་འཇིག་རྟེན་པ་དང་འདས་པ་གཉིས་ཀྱིས་བརྟན་པར་བྱས་པས་མི་ཉམས་སོ། །འབྲས་བུ་དང་པོ་ལས་མི་ཉམས་ཏེ། དེ་ནི་མཐོང་སྤང་སྤངས་བས་ཕྱེ་ལ། དེ་སླར་མི་སྐྱེ་བའི་ཕྱིར་ཏེ། ཡུལ་མེད་པའི་ཕྱིར་དང་། སྦྱོར་བ་མེད་པའི་ཕྱིར་རོ། །དང་པོ་གྲུབ་སྟེ་དེ་བདག་ལྟའི་གཞི་ཅན་ཡིན་ལ་བདག་དེ་མེད་པས་སོ། །གཉིས་པ་ཡང་གྲུབ་སྟེ།         རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*