མཛོད་འགྲེལ་གཞུང་དོན་གསལ་བའི་ཉི་མ། ཅ༽

སྤྱིར་དྲན་པ་ཉམས་པ་ནི་ངེས་པར་མི་རྟོག་ན་དྲན་པ་ཉམས་ཏེ་ཉོན་མོངས་ཅན་སྐྱེ་བ་ལས་མི་རྟོག་པའི་ཚེ་མཐོང་སྤང་རྟོག་བཅས་མི་སྐྱེ་རྟོག་ན་དྲན་པ་མི་ཉམས་པས་སོ། །ཆགས་བྲལ་སྔོན་འགྲོའི་འབྲས་བུ་གཉིས་ཀྱང་མི་ཉམས་ཏེ་རྒྱུ་མཚན་དེ་ཉིད་དམ་ལམ་གཉིས་ཀྱིས་བརྟན་པར་བྱས་པས་སོ། །གཉིས་པ་ནི། སློབ་པ་དང་འཕགས་མིན་བྱིས་པ་གཉིས་ཀ་དགྲ་བཅོམ་པའི་རིགས་དྲུག་དང་ལྡན་ལ། མཐོང་བའི་ལམ་ལ་ནི་དབང་པོ་འཕོ་བ་མེད་དེ་བར་ཆད་མེད་པར་སྐྱེ་བས་སྦྱོར་བ་མི་སྲིད་པའི་ཕྱིར་རོ། །དེའི་ཤུགས་ལ་བྱིས་པ་དང་འཕགས་ལམ་གཞན་ན་འཕོ་བ་ཡོད་པར་གྲུབ་བོ། །གསུམ་པ་ནི། ཡོན་ཏན་ཡོད་པ་ཤོར་བའི་ཐོབ་པ་ལས་ཉམས་པ་དང་ཐོབ་པར་བྱ་བ་མ་ཐོབ་པའི་མ་ཐོབ་པ་ལས་ཉམས་པ་དང་། ཐོབ་པ་མངོན་དུ་མི་བྱེད་པའི་ཉེར་སྤྱད་ལས་ཡོངས་སུ་ཉམས་པ་སྟེ་ཡོངས་སུ་ཉམས་པ་རྣམ་པ་གསུམ་ཞེས་བྱ་ལ། དང་པོ་གཉིས་རྙེད་པ་དང་ཕྱི་མ་བརྟན་པས་ཐོབ་པ་ལས་ཉམས་པའོ། །དེ་ལ་སྟོན་པ་ལ་ཐ་མ་ཁོ་ན་ཡོད་དེ་རྣོ་ཞིང་ཡོན་ཏན་གྱི་དབང་ཕྱུག་ཡིན་པས་དང་པོ་གཉིས་མེད་པའི་ཕྱིར་རོ། །མི་གཡོ་བ་ལ་བར་མའང་ཡོད་དེ་རང་བྱུང་གི་ཆོས་ལ་སོགས་པ་མ་ཐོབ་པ་ལས་ཉམས་པ་ཡོད་པའི་ཕྱིར། དགྲ་བཅོམ་གཞན་དང་བྱིས་པ་དང་སློབ་པ་ཐམས་ཅད་གོང་དུ་སྐྱེས་པ་ལ་སོགས་པས་གཏོང་བས་རྣམ་པ་གསུམ་ཀ་ཡོད་དོ། །བཞི་པ་ནི། དགྲ་བཅོམ་ལས་ཉམས་པ་ཡོད་ན་ཡང་སྐྱེ་བས་ཚངས་སྤྱོད་ལ་ཡིད་བརྟན་མི་རུང་བར་འགྱུར་རོ་ཞེ་ན། སྤྱིར་འབྲས་བུ་ཙམ་ལས་ཉམས་པ་ནི་དེའི་ངང་ལ་འཆི་བ་མེད་དེ་འབྲས་བུ་གཅེས་སྤྲས་སུ་འཛིན་པས་སོར་མ་ཆུད་པར་འབྲས་བུ་དང་འགལ་བའི་བྱ་བ་མིན་པ་དེ་མི་བྱེད་པའི་ཕྱིར་རོ། །ལྔ་པ་ནི། རྟོགས་པའི་སྐལ་བ་ཅན་མི་གཡོ་བར་དབང་པོ་འཕོ་བ་ལ་སྦྱོར་ལམ་ནི་གཅིག་ཡིན་ལ་རྣམ་གྲོལ་དང་བར་ཆད་མེད་ལམ་ནི་དགུ་དགུ་སྟེ་རིགས་དེ་སྔོན་ལམ་གཉིས་ཀྱིས་ཤིན་ཏུ་བསྟེན་ཅིང་བརྟན་པར་བྱས་པའི་ཕྱིར། ཁ་ཏོན་མ་དག་པ་རིང་པོར་བྱང་བ་བཟློག་དཀའ་བ་བཞིན་ནོ། །དད་མོས་ཤིག་མཐོང་བས་ཐོབ་པར་འཕོ་བ་ལ་ལམ་གསུམ་པོ་རེ་རེ་སྟེ། སློབ་ལམ་གཅིག་པུས་འདྲིས་པའི་ཕྱིར་རོ། །དབང་པོ་འཕོ་བའི་ལམ་དེ་ཡང་ཟག་མེད་དེ། འཕོ་བྱ་ཟག་མེད་གང་ཞིག་དམན་པས་མཆོག་ལས་ངེས་པར་མི་འབྱུང་བས་སོ། །དེ་ཡང་མི་ཡི་ནང་དུ་འཕེལ་གྱི་ལྷར་མིན་ཏེ། གོང་མའི་ལྷ་མི་ཉམས་པར་བཤད་ལ་བདེན་པ་མཐོང་བའི་འདོད་ལྷ་ཡང་རྣོ་བས་མི་ཉམས་པའི་ཕྱིར་རོ། །བྱིས་ལམ་ནི་ཟག་བཅས་ཡིན་ལ་རྟེན་ནི་ཉམས་པ་ཡོད་པས་ལྷར་ཡང་རུང་ངོ་། །འདི་སྔོན་འབྲས་བུ་ཐོབ་ཚུལ་དང་འདྲ་བས་མི་སློབ་པ་ནི་ཟག་མེད་ས་དགུ་ལ་བརྟེན་ལ། སློབ་པ་ཆགས་བཅས་མི་ལྕོགས་མེད་དང་ཆགས་བྲལ་ནི་གང་ཐོབ་པའི་བསམ་གཏན་ས་དྲུག་ཅི་རིགས་ལ་རྟེན་ནོ་གཟུགས་མེད་གསུམ་ཐོབ་ན་ཅིའི་ཕྱིར་མི་རྟེན་ཞེ་ན། མིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན་དབང་པོ་འཕེལ་བའི་ཚེ་རྟུལ་པོ་འབྲས་བུ་ཙམ་པོ་དང་། ཅི་སྟེ་ཁྱད་པར་ཅན་ཐོབ་ན་ཡང་བཏང་སྟེ་རྣོན་པོའི་འབྲས་བུ་ཙམ་པོ་ཐོབ་པར་འགྱུར་ལ། དེ་ནི་འདོད་པའི་སྒོམ་སྤང་སྤངས་པས་ཕྱེ་ལ་གཟུགས་མེད་འདོད་པའི་གཉེན་པོར་མི་རུང་བའི་ཕྱིར་རོ། །གཉིས་པ་དགུར་དབྱེ་བ་ལ་གཉིས་ལས། དང་པོ་ནི། སངས་རྒྱས་ལ་ཆེ་འབྲིང་གཉིས་དང་། མི་གཡོ་བ་ལ་རང་བཞིན་དུ་གནས་པ་དང་སྦྱངས་པ་ལས་གྱུར་པ་གཉིས་སུ་ཕྱེ་ནས་ཉན་ཐོས་བདུན་ཏེ་དེ་དགུར་ངེས་པ་ནི་དབང་པོ་རྣམ་པ་དགུ་པོ་ཅན་ནོ། །གཉིས་པ་རྣམ་གྲངས་བདུན་དུ་དབྱེ་བ་ནི། གང་ཟག་བདུན་ཏེ་སྦྱོར་བ་ལས་དད་པ་དང་ཆོས་ཀྱི་རྗེས་འབྲང་དང་། དབང་པོ་ལས་དད་མོས་མཐོང་ཐོབ་དང་། འགོག་པའི་སྙོམས་འཇུག་ཐོབ་པ་ལས་ལུས་ཀྱིས་མངོན་སུམ་དུ་བྱེད་པ་དང་ཉོན་མོངས་ཅན་ལས་རྣམ་པར་གྲོལ་བ་ལས་ཤེས་རབ་ཀྱིས་རྣམ་གྲོལ་དང་དེ་གཉིས་ཀས་བྱས་པ་གཉིས་ཀའི་ཆ་ལས་རྣམ་གྲོལ་ལོ། །གསུམ་པ་རྫས་དྲུག་ཏུ་བསྡུ་བ་ལ་གསུམ་སྟེ། དྲུག་ཏུ་བསྡུ་བ་དངོས། རྣམ་གྲོལ་གཉིས་ཀྱི་ཁྱད་པར། སློབ་མི་སློབ་གང་གིས་རྫོགས་པའོ། །དང་པོ་ནི། དེ་དག་ཀྱང་མིང་གིས་ཕྱེ་ལ་རྫས་སུ་དྲུག་སྟེ། འདི་ལྟར་ལམ་གསུམ་ལ་རྣོ་རྟུལ་གཉིས་གཉིས་ཡིན་གྱི། ལྔ་པ་གསུམ་པ་དང་བཞིར་འདུས་པའི་ཕྱིར་རོ། །གཉིས་པ་ནི། བདུན་ལས་དང་པོ་ལྔ་བཤད་ཟིན་ལ་མི་སློབ་པ་གཉིས་ལས་འགོག་པ་ཐོབ་པ་ནི་སྙོམས་འཇུག་བརྒྱད་ཀྱིས་སྙོམས་འཇུག་གི་སྒྲིབ་པའི་ཆ་དང་རྡོ་རྗེ་ལྟ་བུ་ལ་སོགས་པའི་ཤེས་རབ་ཀྱིས་ཉོན་སྒྲིབ་ཀྱི་ཆ་སྟེ་གཉིས་ཀ་ལས་རྣམ་པར་གྲོལ་ལ། ཅིག་ཤོས་འགོག་པ་མ་ཐོབ་པ་ནི་མི་ལྕོགས་མེད་རྐྱང་པ་ལ་བརྟེན་ནས་ཤེས་རབ་ཀྱིས་ཉོན་མོངས་ལས་གྲོལ་བ་སྟེ་སྔ་མ་མངོན་ཤེས་སོགས་ཀྱི་ཡོན་ཏན་དང་ལྡན་པས་རྒྱན་ཅན་ཕྱི་མ་རྒྱན་མེད་ཅེས་སོ། །གསུམ་པ་ནི། འགོག་ཐོབ་སྙོམས་འཇུག་དང་མཐོང་ཐོབ་དང་ཆོས་རྗེས་འབྲང་དབང་པོ་དང་ཕྱིར་མི་འོང་འབྲས་བུ་སྟེ་གསུམ་པོ་རྣམས་ཀྱི་སློབ་པ་ཡོངས་སུ་རྫོགས་པ་ཞེས་བྱའོ། །དེ་ཡང་སྔ་ཕྱི་གཉིས་དང་བར་པ་ལ་མུ་བཞི་ཚན་གཉིས་དང་སྙོམས་འཇུག་རྫོགས་པ་ལ་འབྲས་བུ་མ་རྫོགས་པ་མེད་པས་དེ་གཉིས་ལ་མུ་གསུམ་མོ། །མི་སློབ་པ་ནི་འབྲས་བུ་དགྲ་བཅོམ་པར་ངེས་པས་གཞན་དབང་པོས་དུས་དང་མི་སྦྱོར་བ་དང་སྙོམས་འཇུག་གིས་གཉིས་ཀའི་ཆ་ལས་རྣམ་གྲོལ་ཏེ་གཉིས་ཀྱིས་ཡོངས་སུ་རྫོགས་པས་མུ་བཞི་སྟེ། དབང་པོ་རྫོགས་ལ་སྙོམས་འཇུག་གིས་མིན་པ་དུས་མི་སྦྱོར་ཤེས་རབ་ཀྱི་རྣམ་གྲོལ་དང་། མུ་གཉིས་པ་དུས་སྦྱོར་གཉིས་ཀ་ལས་རྣམ་གྲོལ་དང་། གསུམ་པ་དུས་མི་སྦྱོར་གཉིས་ཀ་ལས་རྣམ་གྲོལ་དང་། བཞི་པ་དུས་སྦྱོར་ཤེས་རབ་ཀྱིས་རྣམ་གྲོལ་ལོ། །གསུམ་པ་ལམ་ཉིད་ཀྱི་ཁྱད་ཆོས་བྱེ་བྲག་ཏུ་བཤད་པ་ལ། ལམ་བཞིར་དབྱེ་བ། གནས་དང་དབང་པོས་ཐ་དད་པའི་ལམ་དུ་བསྟན་པ། བྱང་ཆུབ་ཕྱོགས་མཐུན་དུ་བསྟན་པ། མདོའི་དོན་ལ་རྩོད་པ་སྤོང་བ། ལམ་གྱིས་ཐོབ་པའི་རྣམ་གྲོལ་ལོ། །དང་པོ་ནི། ཐར་ལམ་ཐམས་ཅད་མདོར་བསྡུ་ན་ལམ་ནི་རྣམ་པ་བཞི་སྟེ། གང་གི་མཇུག་ཏུ་བར་ཆད་མེད་ལམ་སྐྱེ་བ་སྦྱོར་བའི་ལམ་དང་གང་གིས་སྒྲིབ་པ་སྤོང་བ་བར་ཆད་མེད་པའི་ལམ་དང་དེས་སྒྲིབ་པ་ལས་གྲོལ་བའི་དང་པོར་སྐྱེས་པ་རྣམ་གྲོལ་ལམ་དང་། དེ་དག་ལས་གཞན་པ་ལམ་ལ་རྗེས་ཤེས་ཀྱི་རྒྱུན་དང་ཟད་ཤེས་ཀྱི་སྐད་ཅིག་གཉིས་པ་དང་། མཐོང་བའི་ཆོས་ལ་བདེ་བར་གནས་པ་ལ་སོགས་པ་ཁྱད་པར་ཅན་དང་བཞིའོ། །ཅིའི་ཕྱིར་ལམ་ཞེས་བྱ་ཞེ་ན། མཱརྒའི་སྒྲ་འབྲས་བུའི་སར་བགྲོད་པར་བྱེད་པས་ལམ་སྟེ། དེ་ལ་བརྟེན་ནས་ཐར་པར་འགྲོ་བས་སམ་འདིས་ཐར་པ་ཚོལ་བའོ། །འོ་ན་ཐ་མ་གཉིས་ཀྱི་ཚེ་ཐར་པ་ཐོབ་ཟིན་པས་ལམ་དུ་ཇི་ལྟར་རུང་ཞེ་ན། དམིགས་རྣམ་དང་ངོ་བོ་འདྲ་བས་ལམ་དུ་བཏགས་པའམ། མཧཱ་ལྟར་ན་གོང་ནས་གོང་དང་ལྷག་མེད་བགྲོད་པས་ལམ་མོ་ཞེས་སོ། །གཉིས་པ་ནི། བསམ་གཏན་གྱི་དངོས་གཞི་བཞི་པོ་དེ་དག་གི་ལམ་ནི་ཤིང་རྟའི་འཁོར་ལོ་ཚང་ཞིང་ཁལ་སྙོམས་པ་ལྟར་ཡན་ལག་གིས་ཟིན་ཞིང་ཞི་ལྷག་ཆ་སྙོམས་པས་འབད་མི་དགོས་པར་ངང་གིས་འབྱུང་བའི་ཕྱིར་སླ་ལ་ས་གཞན་མི་ལྕོགས་མེད་དང་། ཁྱད་པར་ཅན་དང་གཟུགས་མེད་དག་གི་དེ་ལས་བཟློག་པའི་ཕྱིར་དཀའ་བ་ཡིན་ཏེ་གཉིས་ཞི་གནས་ཆུང་ལ་གཟུགས་མེད་ལྷག་མཐོང་ཆུང་བའི་ཕྱིར་རོ། །བློ་རྟུལ་པོའི་ལམ་ནི་ཤེས་བྱ་མངོན་པར་ཤེས་ཤིང་རྟོགས་པ་བུལ་ལ། ཅིག་ཤོས་བློ་རྣོན་པོའི་ལམ་ནི་མངོན་ཤེས་མྱུར་བའོ། །དེས་ན་མུ་བཞི་སྟེ། ལམ་སླ་མངོན་ཤེས་བུལ་བ་བསམ་གཏན་ལ་བརྟེན་པའི་བློ་རྟུལ་པོ་དང་། གཉིས་པ་ས་གཞན་གྱི་རྣོན་པོ་དང་། གསུམ་པ་བསམ་གཏན་གྱི་རྣོན་པོ་དང་། །བཞི་པ་གཞན་གྱི་རྟུལ་བའོ། །གསུམ་པ་ལ། བྱང་ཆུབ་ཕྱོགས་མཐུན་གྱི་དབྱེ་བསྡུ། ཆོས་གང་གནས་སྐབས་གང་དུ་སྒོམ་པ། ཆོས་དུ་ཟག་བཅས་ཟག་མེད་ཡིན་པ། ས་གང་ན་ཆོས་དུ་ཡོད་པ། གནས་སྐབས་གང་དུ་ཤེས་ནས་དད་པ་ཐོབ་དཔྱད་པའོ། །དང་པོ་ནི། ཐེག་པ་གསུམ་གྱི་ཟད་པ་དང་མི་སྐྱེ་བ་ཤེས་པ་ནི་མཐུན་ཡུལ་བྱང་ཆུབ་ཡིན་ཏེ། བོ་དྷིའི་སྒྲ་ལས་ཉོན་མོངས་ཅན་དང་དེ་མིན་པའི་མུན་པ་མ་ལུས་པར་སྤངས་པས་བྱང་བ་དང་རང་དོན་བྱས་པ་དང་སྤང་བྱ་མེད་པར་རྟོགས་པས་ཆུབ་པ་སྟེ། བུདྡྷའི་སྒྲ་ཉིད་སངས་པ་དང་རྒྱས་པར་འགྲོ་བ་བཞིན་ནོ། །བྱང་ཆུབ་དེའི་ཕྱོགས་དང་མཐུན་པ་ནི་སུམ་ཅུ་རྩ་བདུན་ཏེ། བྱང་ཆུབ་དེ་དང་དངོས་སམ་བརྒྱུད་ནས་མཐུན་ཞིང་རྒྱུར་གྱུར་པ་ཉིད་ཀྱི་ཕྱིར་རོ། །དེ་ཡང་གནས་སྐབས་ཁྱད་པར་ཅན་གཙོ་བོར་བྱས་ན་ཡན་ལག་བདུན་དངོས་དང་གཞན་བརྒྱུད་ནས་མཐུན་ལ། མ་བྱས་ན་རྡོ་རྗེ་ལྟ་བུ་ན་ཡོད་པ་ཞེས་དངོས་དང་གཞན་བརྒྱུད་ནས་མཐུན་པས་སོ། །གནས་སྐབས་ཁྱད་པར་ཅན་རྒྱུས་བསྡུས་པ་ནི་འོག་ནས་འཆད་པའི་རང་གི་གནས་སྐབས་ན་ཡོད་པ་ཡིན་ལ་དེ་མ་ཡིན་པ་ནི་ལམ་གོང་འོག་ཏུ་སྔ་ཕྱིའི་མིང་ཐོབ་པ་དག་སྟེ། དང་པོ་ལྔ་ནི་གོང་འོག་ཐམས་ཅད་དུ་མིང་ཐོབ་ལ་ཕྱི་མ་གཉིས་ནི་འཕགས་ལམ་ལའོ། །འབྲས་བུས་བསྡུས་པ་ནི་སྒོམ་པ་མི་སློབ་པའི་ལམ་ན་ཡོད་པ་སྟེ་རྒྱུན་ཕྱི་མ་དང་མཐུན་པའོ་ཞེས་སོ། །ཕར་ཕྱིན་དྲུག་ལ་སོགས་པ་ནི་བྱང་ཆུབ་གསུམ་ཆར་དང་མཐུན་པ་མེད་པས་ཕྱོགས་མཐུན་དུ་མ་བསྟན་ཏོ་ཞེས་འཐད་དོ། །དེ་དག་ཀྱང་མིང་གི་སྒོ་ནས་ཕྱེའི་རྫས་སུ་བཅུ་སྟེ། བཅུ་གང་ཞེ་ན། དད་པ་ནས་ཤིན་སྦྱངས་ཀྱི་བར་རོ། །ཇི་ལྟར་བྱས་པས་ཤེ་ན་དྲན་པ་ཉེར་གཞག་དང་ཡང་དག་པར་རབ་ཏུ་འཇོག་པ་ཞེས་བྱ་བ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་རིམ་པ་བཞིན་ཤེས་རབ་དང་བརྩོན་འགྲུས་དང་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེ་ཕྱིར་གཉིས་ནི་དད་པ་དང་བརྒྱད་ནི་བརྩོན་འགྲུས་དང་བཞི་ནི་དྲན་པ་དང་བརྒྱད་ནི་ཏིང་ངེ་འཛིན་ཏེ། སུམ་ཅུ་རྫས་ལྔས་བསྡུས་ལ། བྱང་ཆུབ་ཡན་ལག་གི་བཏང་སྙོམས་དང་དགའ་བ་དང་། ལམ་གྱི་ཡན་ལག་གི་རྟོགས་པ་དང་། ཚུལ་ཁྲིམས་ཀྱི་ཡན་ལག་གསུམ་དང་བྱང་ཆུབ་ཡན་ལག་གི་ཤིན་ཏུ་སྦྱངས་པ་སྟེ་སློབ་དཔོན་གྱིས་བཞེད་པའོ། །བྱེ་སྨྲ་ནི། ལུས་ངག་གི་ཚུལ་ཁྲིམས་རྫས་ཐ་དད་པས་རྫས་བཅུ་གཅིག་གོ་ཞེས་སོ། །བསྡུ་བར་ཚུལ་ཁྲིམས་དགའ་བ་ཤིན་སྦྱངས་བཏང་སྙོམས་ཏེ་དྲུག་ལས་གཞན་དབང་པོ་ལྔར་བསྡུས་སོ། །ཅི་ཤེས་རབ་དང་བརྩོན་འགྲུས་དང་ཏིང་ངེ་འཛིན་དང་རྣམ་པ་བཞི་བཞི་གསལ་ན་བརྒྱད་བརྒྱད་ཇི་ལྟར་ཡོད་ཅེ་ན། གཉིས་པ་ནི། དེ་དག་གནས་སྐབས་གང་དུ་བསྒོམ་ཞེ་ན། སྡེ་ཚན་བདུན་ནི་གོ་རིམ་བཞིན་དུ་ལམ་ལ་འཇུག་པའི་ལས་ནི་དང་པོ་པ་ཚོགས་ལམ་དུ་ཕྱིན་ཅི་ལོག་བཞི་སྤངས་པའི་ཕྱིར་དྲན་པ་ཉེར་གཞག་དང་། ངེས་འབྱེད་ཆ་མཐུན་རྣམས་ལས་དྲོ་བར་བདེན་པའི་དམིགས་རྣམ་གྱི་ཁྱད་པར་ཐོབ་པའི་རྒྱུས་བརྩོན་པ་སྤེལ་བའི་ཕྱིར་ཡང་དག་སྤོང་བ་དང་། རྩེ་མོར་མི་ཉམས་པའི་དགེ་བ་བཟོད་པ་ལ་འཇུག་པའི་ཕྱིར་རྫུ་འཕྲུལ་རྐང་པ་དང་། བཟོད་པར་མི་ཉམས་པས་དད་སོགས་ལ་དབང་ཐོབ་པའི་ཕྱིར་དབང་པོ་དང་། ཆོས་མཆོག་ཏུ་མི་མཐུན་པས་མི་རྫི་བའི་ཕྱིར་སྟོབས་དང་། སྒོམ་ལམ་དུ་བྱང་ཆུབ་ཟད་མི་སྐྱེ་ཤེས་དང་ཉེ་བའི་ཕྱིར་བྱང་ཆུབ་ཡན་ལག་དང་། མཐོང་ལམ་དུ་མྱུར་བར་འགྲོ་བའི་ལམ་གྱི་ཡན་ལག་སྒོམ་པས་རབ་ཏུ་ཕྱེ་སྟེ། གྲངས་ཀྱི་རིམ་པ་ནི་མི་ཉམས་པར་སྔར་སྨོས་སོ། །སེམས་ཙམ་པས་ཚོགས་ལམ་གསུམ་དང་དྲོད་རྩེ་དང་བཟོད་མཆོག་དང་མཐོང་ལམ་དང་སྒོམ་ལམ་ཞེས་སོ། །གསུམ་པ་ནི། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། ལམ་གྱི་ཡན་ལག་བརྒྱད་ནི་ཟག་པ་མེད་པ་དང་གཞན་ལྔ་ལ་རྣམ་པ་གཉིས་གཉིས་ཏེ་བྱིས་པ་དང་འཕགས་པའི་བྱེ་བྲག་གིས་སོ། །བཞི་པ་ནི། བསམ་གཏན་དང་པོ་ན་སྡེ་ཚན་བདུན་པོ་ཐམས་ཅད་ཡོད་ལ་མི་ལྕོགས་མེད་ན་བྱང་ཆུབ་ཡན་ལག་གི་དགའ་བ་མ་གཏོགས་པ་ཡོད། གཉིས་པ་ན་ནི་ལམ་གྱི་ཡན་ལག་གི་རྟོག་པ་མ་རྟོགས་པ་གཞན་རྣམས་ཡོད་ལ། བསམ་གཏན་གོང་མ་གཉིས་ན་དེ་གཉིས་མ་གཏོགས་པ་ཡོད་ཅིང་། བསམ་གཏན་ཁྱད་པར་ཅན་ནའང་དེ་མ་གཏོགས་སོ། །གཟུགས་མེད་པ་དང་པོ་གསུམ་ནའང་ཁྱད་པར་ཅན་དེ་དང་ཚུལ་ཁྲིམས་ཀྱི་ཡན་ལག་གསུམ་མ་གཏོགས་སོ་གཉིས་ཡོད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་དང་ནི་ལམ་གྱི་ཡན་ལག་བརྒྱད་མ་གཏོགས་པ་རྣམས་འདོད་ཁམས་དང་སྲིད་རྩེ་ན་ཡོད་ལ། དེ་ཡང་འདོད་པ་ན་ཚོགས་ལམ་དང་འཕགས་ལམ་གྱི་སྦྱོར་རྗེས་ཀྱི་ཚེ་མིང་ཐོབ་པ་དག་ཡོད་ལ། དབྱངས་སྒྲོགས་ནི་དྲོད་རྩེས་བསྡུས་པ་ཡང་ཡོད་པར་འདོད། སྲིད་རྩེ་ན་སྦྱོར་རྗེས་ཀྱིས་བསྡུས་པ་ཁོ་ན་ཡོད་ཀྱི་བསོད་ནམས་ཆ་མཐུན་གྱི་དད་སོགས་ཀྱིས་མིང་མི་ཐོབ་བོ། །འོ་ན་གཟུགས་མེད་གཟུགས་ལ་མི་དམིགས་པས་ལུས་དྲན་པ་ཉེར་གཞག་ཇི་ལྟར་ཡོད་ཅེ་ན། ཊཱི་ཀ་ལས། སྤྱོད་ཡུལ་ཟག་བཅས་འོག་མ་མིན། །ཞེས་པས་ཟག་མེད་ཡིན་པར་བསྟན་ཏེ། ས་གསུམ་ན་ལམ་ལ་རྗེས་ཤེས་དང་། བཞི་ཆར་ན་དེའི་སྦྱོར་བས་བསམ་གཏན་ས་དྲུག་གིས་ཟག་མེད་ཀྱི་སྡོམ་པ་ལ་དམིགས་པའོ་ཞེས་སོ། །ལྔ་པ་ནི། མདོ་ལས་ཤེས་ནས་དད་པ་བཞི་ཞེས་འབྱུང་བའི་དོན་ནི། མཐོང་ལམ་གྱི་ཚེ་བདེན་པ་དང་པོ་གསུམ་མཐོང་བ་ན་འཕགས་པ་དགྱེས་པའི་ཚུལ་ཁྲིམས་དང་། ཆོས་རང་རང་གི་བདེན་པ་ལ་མངོན་སུམ་དུ་ཤེས་ནས་དེ་ལ་ཡིད་ཆེས་པའི་དད་པ་ཐོབ་ལ་ལམ་བདེན་མངོན་པར་རྟོགས་ནས་སངས་རྒྱས་མི་སློབ་པའི་ལམ་དང་། དེ་ཡིས་ཆོས་མཐོང་བ་ལས་བྱུང་བའི་དགེ་འདུན་དག་ལ་ཡང་དད་པ་ཐོབ་ཅིང་། ཡང་ཞེས་པས་ཆོས་ལ་དད་པ་དང་ཚུལ་ཁྲིམས་ཀྱང་ཐོབ་པ་བསྟན་ཏོ། །ཆོས་ནི་མང་ན་གང་ཡིན་གཞན་གཉིས་དཀོན་མཆོག་བཟུང་བ་ལྟར་ཆོས་ཀྱང་དེ་བཟུང་ངམ་ཞེ་ན། མིན་ཏེ། ཆོས་ནི་བདེན་པ་དང་པོ་གསུམ་དང་རང་སངས་རྒྱས་སློབ་མི་སློབ་དང་བྱང་ཆུབ་སེམས་དཔའ་སློབ་པའི་ལམ་མངོན་རྟོགས་བཅུ་དྲུག་དང་སྲིད་རྩེའི་གཉེན་པོ་བཅུ་བདུན་པོ་དག་ཡིན་ཏེ། དེ་གཉིས་ནི་བཞི་འདུས་པ་མེད་པས་དགེ་བདུན་མིན་ཞིང་འདིར་ཆོས་ནི་ཤེས་བྱའམ་རང་གི་མཚན་ཉིད་འཛིན་པའི་ཕྱིར་རོ། །དེ་དག་ཀྱང་རྫས་སུ་རྣམ་པ་གཉིས་ཏེ། ཕྱི་མ་རྣམས་ནི་དད་པ་དང་དང་པོ་དྲི་མ་མེད་པའི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། །བཞི་པ་ལ་ཡང་དག་པའི་རྣམ་གྲོལ་དང་། ཡང་དག་པའི་ཤེས་པའོ། །དང་པོ་ནི། མདོ་ལས་སློབ་པ་ནི་ཡན་ལག་བརྒྱད་དང་ལྡན་པའོ། །མི་སློབ་པ་ནི་ཡན་ལག་བཅུ་དང་ལྡན་ཞེས་སློབ་པ་ལ་རྣམ་གྲོལ་དང་ཡང་དག་པའི་ཤེས་པ་ཅི་སྟེ་མ་བཤད་ཅེ་ན། ཉོན་མོངས་པ་ཅི་རིགས་པས་བཅིངས་ཤིང་ཕྱོགས་གཅིག་ལས་གྲོལ་བས་རྣམ་གྲོལ་གྱི་མིང་མི་ཐོབ་པའི་ཕྱིར་སློབ་པའི་ལམ་གྱི་ཡན་ལག་ཏུ་རྣམ་གྲོལ་མདོ་ལས་མ་བཤད་ལ་དེས་ན་ཤེས་པ་ཡང་མི་གཞག་སྟེ་མ་གྲོལ་བར་དོན་བྱས་པ་དང་ཡང་བྱར་མེད་པར་ཤེས་པ་ག་ལ་ཡོད། རྣམ་གྲོལ་དེ་ལ་ཉོན་མོངས་བཅོམ་པ་འདུས་མ་བྱས་དང་མོས་པ་འདུས་བྱས་རྣམ་པ་གཉིས་ལས་མི་སློབ་པའི་ཡན་ལག་ནི་ལྟ་བ་ལ་སོགས་པ་འདུས་བྱས་ཡིན་པ་ལྟར་ལམ་གྱི་ཚོགས་པ་ན་ཡོད་པའི་ཕྱིར་འདུས་བྱས་དེ་ཡིན་ལ། དེ་ཉིད་མདོ་ལས་རྣམ་གྲོལ་གཉིས་སུ་གསུངས་ཏེ་འཆིང་བ་དང་སྤང་བྱའི་གཙོ་བོ་ལས་གྲོལ་བས་སེམས་འདོད་ཆགས་ལས་གྲོལ་བ་དང་ཤེས་རབ་མ་རིག་པ་ལས་གྲོལ་བའོ། །སློབ་དཔོན་ནི་མོས་པ་ཁོ་ན་རྣམ་གྲོལ་མིན་གྱི་སེམས་དྲི་མ་མེད་པ་ཉིད་རྣམ་གྲོལ་ལོ་ཞེས་སོ། །གཉིས་པ་ནི། ཡང་དག་པའི་ལྟ་བ་ལས་གཞན་པའི་ཤེས་པ་གང་ཞེ་ན། བྱང་ཆུབ་རྟོགས་པའི་དོན་དུ་ཇི་སྐད་བཤད་པ་དེ་ཉིད་ཡང་དག་པའི་ཤེས་པ་སྟེ་འདི་གཉིས་རྣམ་གྲོལ་གྱི་ཕུང་པོ་ཐ་མ་གཉིས་སོ། །ལྔ་པ་ལ། སེམས་གང་སྒྲིབ་པ་ལས་གྲོལ་བ། ལམ་གང་གིས་སྒྲིབ་པ་སྤོང་། རྣམ་གྲོལ་ལ་སོགས་པའི་ཁྱད་པ། ཡིད་འབྱུང་ལས་བྱུང་བའི་མུ་བཞིའོ། །དང་པོ་ནི། མི་སློབ་པའི་སེམས་གང་རྣམ་གྲོལ་ཞེ་ན། དེ་ནི་སྐྱེ་འགྱུར་མ་འོངས་པ་སྒྲིབ་པ་ཉོན་མོངས་ཅན་པའི་ཐོབ་པ་ལས་ནི་རྡོ་རྗེ་ལྟ་བུའི་ཚེ་རྣམ་པར་གྲོལ་བར་འགྱུར་ལ། མི་སློབ་པའི་མི་སྐྱེ་བའི་སེམས་དང་ལོྃ་ཀྃ་དག་ཀྱང་གྲོལ་མོད་ཀྱི་རྟོགས་སླ་བས་བསྟན་བཅོས་ལས་མ་བཤད་དོ། །གཉིས་པ་ནི། དེའི་སྒྲིབ་པ་དུས་གང་གི་ལམ་གྱིས་སྤོང་ཞེ་ན། འགག་པར་འགྱུར་བ་ད་ལྟར་བའི་ལམ་གྱིས་ནི་ད་ལྟར་བ་དེ་ཡི་དུས་ཀྱི་སྒྲིབ་པ་རབ་ཏུ་སྤང་ངོ་། །གསུམ་པ་ནི། རྣམ་གྲོལ་འདུས་མ་བྱས་དང་སྤངས་པའི་ཁམས་དང་འདོད་ཆགས་དང་བྲལ་བའི་ཁམས་དང་འགོག་པའི་ཁམས་ཞེས་གསུངས་པ་རྣམས་ལ་ཁྱད་པར་ཅི་ཡོད་ཅེ་ན། རྣམ་གྲོལ་འདུས་བྱས་ལ་གཉིས་སུ་ཕྱེ་བ་ལྟར་མདོ་དང་བསྟན་བཅོས་ལས་རྣམ་གྲོལ་འདུས་མ་བྱས་ཉིད་ཁམས་གསུམ་ཞེས་བྱ་ལ། དེ་གསུམ་གྱི་ཁྱད་པར་ནི་འདོད་ཆགས་ཀུན་ཟད་པ་ནི་འདོད་ཆགས་དང་བྲལ་བའི་ཁམས་དང་། སྤངས་པའི་ཁམས་ནི་འདོད་ཆགས་ལས་གཞན་པའི་ཉོན་མོངས་དག་ཟད་པ་དང་། འགོག་པའི་ཁམས་ཞེས་བྱ་བ་ནི་ཉོན་མོངས་ཀྱི་གཞི་ཉོན་མོངས་མིན་པའི་གཟུགས་སོགས་ཟད་པའོ། །དེ་གསུམ་ངོ་བོའམ་ལྡོག་པ་ཐ་དད་པའི་དབྱེ་བ་གང་ཡིན་བསམ་དགོས་སོ་ཞེས་སོ། །བཞི་པ་ནི། འོ་ན་འདོད་ཆགས་དང་བྲལ་བ་ཐམས་ཅད་སུན་འབྱིན་ཅིང་ཡིད་འབྱུང་ངམ་ཞེ་ན། མ་ངེས་ཏེ་སྡུག་བསྔལ་དང་དེའི་རྒྱུ་ཀུན་འབྱུང་ལ་དམིགས་པའི་བཟོད་པ་དང་ཤེས་པ་རྣམས་ཀྱིས་ཡུལ་དམན་པ་ལ་སྐྱོན་དུ་རྟོགས་པས་ཡིད་འབྱུང་ལ། ཡིད་འབྱུང་ངམ་མི་འབྱུང་ཡང་རུང་སྟེ་ལམ་བར་ཆད་མེད་པ་གང་གིས་སྤང་བྱ་སྤོང་བར་འགྱུར་བ་དེ་བདེན་པ་གང་ལ་དམིགས་ཀྱང་ཀུན་གྱིས་འདོད་ཆགས་དང་བྲལ་བར་འགྱུར་རོ། །རྒྱུ་མཚན་དེ་ལྟར་ན་ནི་མུ་བཞི་སྲིད་དེ། ཡིད་འབྱུང་ལ་འདོད་ཆགས་དང་མི་འབྲལ་བ་ནི་བདེན་པ་དང་པོ་གཉིས་ལ་དམིགས་པའི་སྦྱོར་བ་དང་རྣམ་གྲོལ་དང་ཁྱད་པར་གྱི་ལམ་དང་། ཆགས་བྲལ་སྔོན་འགྲོའི་ཆོས་བཟོད་གཉིས་ཏེ་ལ་ལས་འབྲལ་མི་ནུས་ཤིང་ལ་ལས་འབྲལ་ཟིན་པས་སོ། །མུ་གཉིས་པ་འགོག་ལམ་གྱི་ཡུལ་ཅན་མཐོང་སྒོམ་བར་ཆད་མེད་ལམ་དང་ཆགས་བྲལ་སྔོན་འགྲོའི་ཆོས་བཟོད་གཉིས་ལས་གཞན་པ་སྟེ། མཆོག་ཏུ་དགའ་བའི་ཡུལ་ལ་ཡོན་ཏན་དུ་ལྟ་བས་སོ། །གསུམ་པ་ནི་དང་པོ་གཉིས་ཀྱི་ཡུལ་ཅན་མཐོང་ལམ་བར་ཆད་མེད་ལམ་ཆགས་བྲལ་སྔོན་འགྲོའི་ཆོས་བཟོད་གཉིས་ལས་གཞན་པའོ། །བཞི་པ་ནི་འགོག་ལམ་གྱི་ཡུལ་ཅན་ཉོན་མོངས་སྤོང་བའི་བར་ཆད་མེད་ལམ་ལས་གཞན་ཐམས་ཅད་དོ། །དམ་པའི་ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་གཞུང་དོན་རབ་ཏུ་གསལ་བའི་ཉི་མ་ལས་གནས་དྲུག་པའི་བཤད་པའོ།།  །།བདུན་པ་ཡེ་ཤེས་བསྟན་པ་ལ་གཉིས་ཏེ། ཁྱད་པར་གྱི་གཞི་བཤད་པ། དེའི་ཁྱད་པར་གྱི་ཆོས་བཤད་པའོ། །དང་པོ་ལ་གསུམ་སྟེ། བཟོད་ཤེས་ལྟ་བའི་ཁྱད་པར། ཤེས་པ་བཅུ་ངོས་གཟུང་བ། དེའི་ཁྱད་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། ཟག་མེད་ཤེས་པ་ལྟ་བའི་ཁྱད་པར་དང་། ཟག་བཅས་ཤེས་པ་ལྟ་བའི་ཁྱད་པར་རོ། །དང་པོ་ནི། གོང་དུ་དེ་ལས་བཟོད་པ་ཞེས་པ་དང་། ཆོས་ཀྱི་བཟོད་པ་ཞེས་དང་། དེ་ཉིད་ལས་ཆོས་ཤེས་དང་། མི་སློབ་པ་ལྟ་ཞེས་དང་། ལྟ་བ་ཡིན་ཏེ་ཞེས་དང་། དུཿཁ་དུ་བཟོད་ཤེས་ཏེ་ཞེས་འབྱུང་བའི་བཟོད་པ་ལ་སོགས་པ་དེ་དག་གཅིག་གམ་ཐ་དད་ཅེ་ན། དྲི་མེད་མཐོང་ལམ་གྱི་བཟོད་པ་བརྒྱད་པོ་རྣམས་ནི་ཤེས་པ་མིན་ཏེ། རང་ཡུལ་ལ་འཇུག་པའི་གེགས་ཐེ་ཚོམ་དང་མ་བྲལ་བའི་ཕྱིར་རོ། །གཞན་གྱིས་དང་མ་བྲལ་ཡང་ཡུལ་ཐ་དད་པས་ཤེས་པར་རུང་ལ་ཆགས་བྲལ་སྔོན་འགྲོའི་ཆོས་བཟོད་བཞི་སྔར་འཇིག་རྟེན་པའི་ལམ་གྱི་ཐེ་ཚོམ་དང་བྲལ་ཡང་རང་གིས་བྲལ་བ་མེད་པས་སོ། །ཇི་སྲིད་བྱ་བ་མ་བྱས་པ་དེ་སྲིད་དུ་བདེན་པ་ལ་རྟོག་ལ་དེའི་འོག་ཏུ་བྱ་བ་བྱས་པར་འཛིན་པས་དུཿཁ་ཤེས་སོ་ལ་སོགས་པ་ངེས་པའི་རྣམ་པ་འཇུག་གི་ཡང་དག་པར་རྟོགས་པ་མེད་པ་དང་། ཡོངས་སུ་ཚོལ་བའི་བསམ་པ་ཅན་མིན་པའི་ཕྱིར་ཟད་པ་དང་མི་སྐྱེ་བའི་བློ་ནི་ལྟ་བ་མིན་ཞིང་མི་སློབ་པའི་ལྟ་བ་ནི་བྱ་བ་བྱས་པར་འཛིན་པ་མིན་ནོ། །འོ་ན་བསྟན་བཅོས་ལས་སློབ་ལམ་དེའི་རྒྱུ་ལས་བྱུང་བའི་ཤེས་མཐོང་སོགས་ནི་ཟད་པར་ཤེས་པར་བཤད་ལ་མཐོང་ལྟ་དོན་གཅིག་གོ་ཞེ་ན། བཤད་ཟིན་འཕངས་པ་སྟེ། ལམ་ལྔ་ལ་མཐོང་ལམ་སྒོམ་ལམ་གཉིས་ལྟ་བ་ཡིན་པའི་ཤུགས་སུ་སོང་བའམ་མིག་ཤེས་ལྟར་མངོན་སུམ་དུ་འཇུག་པའི་ཕྱིར་རོ། །བཟོད་པ་བརྒྱད་དང་ཤེས་པ་དེ་གཉིས་ལས་གཞན་པའི་འཕགས་པའི་བློ་ཐམས་ཅད་ནི་ཐེ་ཚོམ་དང་བྲལ་ཞིང་རྟོག་པས་ཤེས་པ་དང་ལྟ་བ་གཉིས་ཀ་ཡིན་ནོ། །གཉིས་པ་ནི། གཞན་ཟག་བཅས་ཀྱི་ཤེས་རབ་ཐམས་ཅད་ཀུན་རྫོབ་ཤེས་པ་སྟེ། དེ་ལ་སྤང་ལམ་ཡོད་ཀྱང་དེ་ལ་བདེན་པ་ཤེས་ཆ་ནས་མི་སྤོང་བས་ཐེ་ཚོམ་གྱིས་ཤེས་པ་དེའི་བཟློག་པ་ལ་གེགས་མི་བྱེད་པའི་ཕྱིར་རོ། །ལྟ་བ་དེ་ལས་ཉོན་མོངས་ཅན་ལྔ་དང་ལོ་ཀའི་ཡང་དག་པ་སྟེ་དྲུག་ནི་ལྟ་བའང་ཡིན་པར་གནས་དང་པོར་བཤད་ཟིན་ལ་གཞན་ནི་ལྟ་བ་མིན་ནོ། །བཟོད་པར་གྱུར་པ་ནི་སྦྱོར་ལམ་བཟོད་པའམ་བདེན་པ་མཐོང་བ་ལ་བཟོད་པ་ཆོས་མཆོག་དང་འཕགས་པའི་ཤེས་རབ་ཟག་བཅས་ཀུན་ཡིན་ནོ། །དེས་ན་བཟོད་ཤེས་མུ་བཞི་སྟེ། མུ་དང་པོ་ནི་དྲི་མེད་ཀྱི་བཟོད་པ་བརྒྱད་དང་། གཉིས་པ་དེ་ལས་གཞན་པའི་ཟག་མེད་ཀྱི་ཤེས་རབ་དང་། གསུམ་པ་བཟོད་པ་ཟག་བཅས་དང་། བཞི་པ་གཟུགས་ལ་སོགས་པའོ། །ཤེས་པའང་ལྟ་བ་དེ་དང་འདྲ་ཞིང་བཟོད་པ་ཡིན་ལ་ལྟ་བ་མིན་པ་མི་སྲིད་དོ། །གཉིས་པ་ལ་གསུམ་སྟེ། བཅུར་དབྱེ་བ། ཟད་མི་སྐྱེ་ཤེས་པའི་ཁྱད་པར། ཤེས་པ་བཅུའི་གྲངས་ངེས་སོ། །དང་པོ་ལ་བཞི་སྟེ། གསུམ་དུ་དབྱེ། དེ་ལས་ཕྱུངས་ཏེ་བཞིར་བཞག དེ་ལས་ཕྱུངས་ཏེ་གཉིས་སུ་བཞག དེ་ལས་ཕྱུངས་ཏེ་གཅིག་ཏུ་བཞག་པའོ། །དང་པོ་ནི། ཤེས་པ་ཐམས་ཅད་བཅུ་པོ་འདིས་བསྡུས་ལ། ཤེས་པ་འདི་ཡང་བསྡུ་ན་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་གཉིས་ཡིན་ལ། དེ་ལས་དང་པོ་ནི་ཀུན་རྫོབ་ཀྱི་ཤེས་པ་ཞེས་བྱ་ལ། དེ་ཡང་ཡུལ་ཀུན་རྫོབ་ནི་བུམ་པ་ལ་སོགས་པ་དང་། ཡུལ་ཅན་ཀུན་རྫོབ་ནི་རྣམ་པ་བཅུ་དྲུག་འཛིན་པའི་ཟག་བཅས་ཏེ་གཉིས་ཡོད་ཀྱང་ཕལ་ཆེར་ཡུལ་ཀུན་རྫོབ་འཛིན་པས་མིང་བཏགས་སོ། །དེ་ལ་དབྱེ་ན་ལུས་སོགས་རང་གི་མཚན་ཉིད་དང་། མི་རྟག་ལ་སོགས་སྤྱིའི་མཚན་ཉིད་དང་། དེ་ལས་གཞན་འགྲོ་འཆག་ལ་སོགས་པའི་རྣམ་པ་གསུམ་མམ། རང་བཞིན་ལྡན་པ་གཉེན་པོ་སྦྱོར་བ་དང་། མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་དང་། ཡོན་ཏན་ཐམས་ཅད་འབྱོར་བའི་མཐའ་ལས་བྱུང་བའི་ཀུན་རྫོབ་ཤེས་པ་སྟེ་བཞིའོ། །ཟག་པ་མེད་པའི་ཤེས་པ་ལ་ཡང་རྣམ་པ་གཉིས་ཏེ། ཆོས་ཤེས་པ་དང་ནི་རྗེས་སུ་ཤེས་པ་གཉིས་ཁོ་ན་ཡིན་ནོ། །དེ་ལྟར་ན་ཤེས་པ་སྔ་མ་གཉིས་ནི་གསུམ་སྟེ་ཀུན་རྫོབ་ཤེས་པ་དང་ཆོས་ཤེས་རྗེས་ཤེས་སོ། །དེ་ལ་ཀུན་རྫོབ་ཤེས་པའི་དམིགས་པའི་ཡུལ་ནི་ཅི་རིགས་པར་འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཡིན་ལ། ཆོས་ཤེས་པ་ཞེས་བྱ་བའི་སྤྱོད་ཡུལ་ནི་འདོད་པ་ན་སྤྱོད་པའི་དུཿཁ་དང་། ལ་སོགས་པ་ཀུན་འབྱུང་དང་འགོག་པ་དང་ལམ་རྣམས་སོ། །རྗེས་སུ་ཤེས་པའི་སྤྱོད་ཡུལ་ནི་གོང་མའི་དུཿཁ་ལ་སོགས་པ་བཞིའོ། །གཉིས་པ་ནི་ཆོས་རྗེས་ཤེས་པ་གཉིས་པོ་དེ་དག་ཉིད་ལ་ཡུལ་བདེན་པའི་བྱེ་བྲག་གིས་བཞི་བཞིར་ཡོད་དེ། འདོད་པའི་བདེན་བཞི་ཤེས་པའི་ཆོས་ཤེས་བཞི་དང་། གོང་སའི་བདེན་བཞི་ཤེས་པའི་རྗེས་ཤེས་བཞིར་ཡོད་པའི་ཕྱིར་རོ། །གསུམ་པ་ནི། ཆོས་ཤེས་རྗེས་ཤེས་ལས་ལྟ་བའི་རང་བཞིན་མིན་པ་རྣམ་པ་བཞི་པོ་དེ་དག་ཁོ་ན་ལ་བྱ་བ་བྱས་པར་འཛིན་པའི་ཚེ་མི་སྐྱེ་བ་ཤེས་པ་དང་ཟད་པ་ཤེས་པ་གཉིས་སུ་ཡང་དབྱེའོ། །ཟད་མི་སྐྱེ་ཤེས་དེ་གཉིས་དང་པོར་སྐྱེས་པ་ནི་རྗེས་སུ་ཤེས་པ་ཡིན་ཏེ། སྦྱོར་བའི་ཚེ་སྲིད་རྩེའི་སྒོམ་སྤང་སྡུག་ཀུན་གཉིས་ལ་དམིགས་པ་ལྟར་རྒྱལ་ཟིན་མ་ཐག་ཏུ་ཡང་དེ་ལ་དམིགས་ལ་སླར་ཐམས་ཅད་ལ་རྒྱས་པར་འགྱུར་བའི་ཕྱིར་རོ། །དཔེར་ན་གླང་པོ་ཆེ་དུག་མདས་བསྣུན་ན་ལུས་ཐམས་ཅད་ལ་རྒྱས་ནས་ཤི་མ་ཐག་རྨ་སྒོང་འདུ་ཞིང་རེ་ཞིག་ནས་ཐམས་ཅད་དུ་རྒྱས་པ་བཞིན་ནོ། །དེས་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་དེ་གཉིས་སྡུག་ཀུན་ལ་དམིགས་པའི་ཚེ་དམིགས་པ་གཅིག་ལ་འགོག་ལམ་ལ་དམིགས་པའི་ཚེ་མི་གཅིག་གོ །བཞི་པ་ལ། དང་པོ་དང་། ཁྱད་པར་གཉིས། ངོ་བོ་ནི། ཕ་རོལ་གྱི་སེམས་རིག་པ་སྟེ་ཤེས་པ་ནི་ཤེས་པ་བཞིའི་ཆ་ལས་བཞག་སྟེ། ཀུན་རྫོབ་དང་ལམ་དང་ཆོས་དང་རྗེས་ཤེས་བཞི་ལས་སོ། །དེས་ན་ཀུན་རྫོབ་ཤེས་པའི་ལྡོག་པ་ནི་ཤེས་པ་གཅིག་ཡིན་ལ་རྫས་ནི་སེམས་ཤེས་དང་གཉིས་སོ། །ཆོས་ཤེས་བདུན་དང་བདེན་གསུམ་བཞི། །ལམ་ལྔ་ཟད་དང་མི་སྐྱེ་དྲུག །སེམས་ཤེས་གཅིག་དང་བཞིའི་ཆའོ། །གཉིས་པ་ལ། གང་གིས་གང་མི་ཤེས་པ་དང་། གང་གིས་གང་ཤེས་པའོ། །དང་པོ་ནི། སེམས་ཤེས་དེས་ནི་དམན་པའི་ཡུལ་མཆོག་མིན་པས་བསམ་གཏན་བཞིའི་རང་ས་ལས་འདས་པ་གོང་མའི་སེམས་མི་ཤེས་ཤིང་། དབང་པོ་འདས་པ་དད་མོས་ཀྱིས་མཐོང་ཐོབ་དང་། དུས་སྦྱོར་གྱིས་དུས་མི་སྦྱོར་མི་ཤེས། གང་ཟག་འོག་མའི་དབང་པོ་འདས་པ་འགྲེལ་ཊཱིཀ་ལས་མ་བཀག་པས་ཤེས་པར་མངོན་ནོ་ཞེས་དོན་དེ་གསུང་། སློབ་པ་ཆགས་བཅས་ལ་སེམས་ཤེས་མེད་པས་གང་ཟག་བཞི་པོ་ཕྱིར་མི་འོང་དགྲ་བཅོམ་རང་རྒྱལ་སངས་རྒྱས་རྣམས་ཀྱིས་འདས་པ་གོང་མ་གོང་མའི་མི་ཤེས་ལ། ཉན་ཐོས་ལ་སངས་རྒྱས་ལ་ཤེས་ནས་དད་པ་བཤད་པ་ནི་མཐོང་ལམ་ལ་བཀག་པས་སེམས་ཤེས་མིན་ལ། ཉན་ཐོས་ཀྱིས་སངས་རྒྱས་ཀྱི་ཤེས་པར་མདོ་ལས་བཤད་པ་ནི་རྒྱུ་གཞན་གྱིས་ཤེས་པའོ། །ཞིག་པ་སྟེ་འདས་པ་དང་མ་སྐྱེས་པ་མ་འོངས་པའི་སེམས་མི་ཤེས་ཏེ། ད་ལྟར་གྱི་ཕ་རོལ་གྱི་སེམས་ཡུལ་ཡིན་པའི་ཕྱིར་རོ། །ཆོས་ཤེས་པའི་བློ་དང་རྗེས་སུ་ཤེས་པའི་བློའི་ཕྱོགས་དང་མཐུན་པའི་སེམས་ཤེས་ཀྱིས་ནི་རང་གི་ཕྱོགས་མཐུན་ཤེས་ཀྱི་ཕན་ཚུན་ཤེས་པ་མིན་ཏེ། འདོད་པ་དང་གོང་མའི་གཉེན་པོ་བདེན་པ་ལ་དམིགས་པའི་ཕྱིར། མིག་ཤེས་ཀྱིས་སྒྲ་བཞིན་ནོ། །གཉིས་པ་ནི། ཉན་ཐོས་ཀྱི་སེམས་ཤེས་ཀྱིས་ཕ་རོལ་གྱི་མཐོང་བའི་ལམ་སྐད་ཅིག་མ་གཉིས་རིག་པ་སྟེ་ཤེས་ཀྱི། གསུམ་པ་ལ་སོགས་པ་དམིགས་རྣམ་མི་མཐུན་པ་ནི་མི་ཤེས་ཏེ། སྦྱོར་བ་གཞན་གྱིས་བསྒྲུབ་དགོས་ཤིང་། མཐོང་ལམ་ནི་ཆེས་མྱུར་བས་ལངས་ནས་སྦྱོར་བ་མི་རྫོགས་པའི་ཕྱིར་རོ། །དེ་ཡང་དུཿཁ་ཆོས་བཟོད་ཆོས་ཤེས་སམ་སྦྱོར་བའི་དབང་གིས་གཞན་ཤེས་པ་ཡང་སྲིད་དོ། །བསེ་རུ་ལྟ་བུའི་སེམས་ཤེས་ཀྱིས་ནི་དང་པོ་གཉིས་དང་བརྒྱད་པ་སྟེ་གསུམ་ཤེས་པ་སྲིད་དེ། དབང་པོ་རྣོན་པོས་ཏེ་སྦྱོར་བ་ཆུང་བས་བདུན་པའི་བར་ལ་སྦྱོར་བ་ཚར་བའི་ཕྱིར་དང་། ཆེས་དུབ་པས་བཅུ་བཞིའི་བར་ལ་སྦྱོར་བ་གསུམ་པ་མི་རྫོགས་པའི་ཕྱིར། དེ་བཞིན་དུ་གཞན་གསུམ་ཤེས་པའང་སྲིད་དོ། །ཁ་ཅིག་དང་པོ་གཉིས་དང་བཅོ་ལྔ་པ་ཤེས་སོ་ཞེས་ཟེར་རོ། །སངས་རྒྱས་ཀྱིས་ནི་སྦྱོར་བ་མེད་པར་སྐད་ཅིག་བཅོ་ལྔ་པོ་ཀུན་མཁྱེན་ཏེ། བཞེད་པ་ཙམ་ལ་རག་ལས་པའི་ཕྱིར་རོ། །ལམ་གཞན་གྱི་ཆོས་དང་རྗེས་སུ་ཤེས་པ་དུ་ཡོད་ཤེས་པར་མངོན་ནོ། །གཉིས་པ་ཟད་མི་སྐྱེ་ཤེས་པའི་ཁྱད་པར་ནི། ཁ་ཆེ་བ་ལྟར་ན་དེ་གཉིས་ཀྱི་མཉམ་གཞག་ལ་ཁྱད་པར་མེད་ཀྱང་རྗེས་ཐོབ་ལས་ཏེ། ཟད་པ་ཤེས་པ་ནི་བདེན་པ་བཞི་པོ་རྣམས་ལ་བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་སོ། །ལ་སོགས་པ་ཀུན་འབྱུང་སྤངས་སོ་འགོག་པ་མངོན་དུ་བྱས་སོ་ལམ་བསྒོམས་སོ་ཞེས་བྱ་བར་ངེས་པའི་རྒྱུ་ལས་བྱུང་བའི་ཤེས་པ་དང་། མཐོང་རིག་བློ་རྟོགས་ཤེས་རབ་སྣང་། །མངོན་རྟོགས་གང་ཡིན་འདིར་ཟད་ཤེས། །ཞེས་བྱའོ། །ཡང་དག་གིས་སྡུག་བསྔལ་ཡོངས་སུ་ཤེས་ཡང་ཤེས་པར་བྱར་མེད་ཅེས་པ་ལ་སོགས་པ་ཀུན་འབྱུང་སྤངས་ཟིན་ཡང་སྤང་བར་བྱར་མེད། འགོག་པ་མངོན་དུ་བྱས་ཟིན་ཡང་མངོན་དུ་བྱར་མེད་ལམ་བསྒོམས་ཟིན་ཡང་བསྒོམ་དུ་མེད་ཅེས་བྱ་བར་ངེས་པའི་རྒྱུ་ལས་བྱུང་བའི་ཤེས་པ་སོགས་བརྒྱད་ནི་མི་སྐྱེ་བ་ཤེས་པ་ཡི་བློ་ཡིན་པར་འདོད་དོ། །ཉི་འོག་པ་ན་རེ། དེ་ཉིད་མཉམ་གཞག་གི་རྣམ་པ་ཡིན་ཞིང་དེ་ཉིད་ཀྱི་ཕྱིར་རེ་ཞིག་ཤེས་པ་གང་ཡིན་པ་མཐོང་བ་ཡང་ཡིན་ཞེས་ཟེར་རོ། །གསུམ་པ་ཤེས་པ་བཅུའི་གྲངས་ངེས་ལ། གྲངས་ངེས་དངོས་དང་། གཉེན་པོ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། ཅིའི་ཕྱིར་ཤེས་པ་གསུམ་ཡོད་པ་ལ་བཅུར་བཞག་ཅེ་ན། ཡུལ་གྱི་རང་བཞིན་ཕལ་ཆེར་ཀུན་རྫོབ་དང་ཟག་བཅས་ཀྱི་རང་བཞིན་ལས་ནི་ཀུན་རྫོབ་ཤེས་པ་བཞག འདོད་དང་གོང་མའི་གཉེན་པོ་ལས་རིམ་པ་བཞིན་ཆོས་ཤེས་དང་རྗེས་ཤེས་གཉིས་ཀ བདེན་པ་བཞི་ཤེས་ནི་ཁམས་གཉིས་ཀའི་གཉེན་པོར་འདྲ་བས་དམིགས་པ་ཐ་དད་མིན་ཡང་རྣམ་པ་ཐ་དད་པ་ལས་སྡུག་བསྔལ་ཀུན་འབྱུང་ཤེས་པ་དག་བཞག རྣམ་པ་དང་སྤྱོད་ཡུལ་ཏེ་དམིགས་པ་གཉིས་ཀ་ཐ་དད་པ་ལས་འགོག་ལམ་ཤེས་པ་བཞག སེམས་ཤེས་ཀྱིས་སེམས་བྱུང་ཡང་ཤེས་མོད་ཀྱི་སྔོན་སྦྱོར་བའི་ཚེ་སེམས་ཤེས་པར་བྱའོ་ཞེས་གཏད་ནས་བསྒྲུབས་པ་ལས་སེམས་ཤེས་བཞག ཟད་ཤེས་དང་པོ་སྲིད་རྩེའི་གཉེན་པོ་ཡིན་ཡང་རྒྱུན་དེར་མ་ངེས་པས་བྱ་བ་བྱས་པའི་རྒྱུ་ཉིད་ལས་དང་པོར་སྐྱེས་པས་ཕྱེ་བ་དང་། སྔར་གྱི་ཟག་མེད་ཀྱི་ཤེས་པ་ཐམས་ཅད་སྐལ་མཉམ་གྱི་རྒྱུ་ལས་སྐྱེས་ལ་དེ་ཉིད་འཕེལ་ཞིང་རྒྱས་པ་ལས་མི་སྐྱེ་བ་ཤེས་པ་སྟེ་དེ་ལྟར་ན་བཅུ་པོ་འདིར་བཞག་གོ །གཉིས་པ་ནི། མཐོང་ལམ་དུ་ཆོས་ཤེས་ཀྱིས་གཉེན་པོ་མི་བྱེད་དེ། ལོག་ཞུགས་ཐ་དད་པའི་ཕྱིར། སྒོམ་པའི་ལམ་ལ་ཡང་སྡུག་ཀུན་ཤེས་པས་མི་སྤོང་སྟེ། འོག་ས་ལས་གྲོལ་ཟིན་ཡང་གོང་མ་ལས་མ་གྲོལ་བའི་ཕྱིར་ཏེ། སྤང་བྱ་སྤོང་བ་ལ་དེ་དངོས་སུ་དང་འགལ་བ་ལ་ཡོན་ཏན་དུ་བལྟ་བའི་ཤུགས་ལ་སུན་འབྱིན་པ་གཉིས་ལས་གང་ཡང་མེད་པས་ཞེས་གང་སྤེལ་ལས་བཤད་དོ། །དེ་ལ་འགོག་པའམ་ལམ་ལ་ཆོས་ཤེས་པ་ཡང་འདོད་པ་ལས་མ་གྲོལ་བར་མིན་ཏེ། ས་དགུ་རིམ་གྱིས་སྤོང་བས་སོ། །དེས་ན་འདོད་པའི་རྟེན་ཅན་ཞིག་སྔར་འདོད་པའི་སྒོམ་སྤང་སྤོང་བ་ན་འགོག་ལམ་ཤེས་པ་གང་ཡིན་པ་དེ་བསྐྱེད་ནས། དེའི་རྒྱུན་ལ་གོང་མའི་གཉེན་པོ་ཡང་ཡང་འདྲིས་པ་དེ་བསྐྱེད་དེ་ཁམས་གསུམ་ཆར་གྱི་ནི་གཉེན་པོར་འགྱུར་བ་ཡིན་ནོ། །འོ་ན་ཆོས་ཤེས་འདོད་པའི་གཉེན་པོར་བསྟན་པ་ཇི་ལྟ་བུ་ཞེ་ན། སྤང་བྱ་མཐའ་དག་གི་གཉེན་པོར་ཡེ་ཤེས་མཐའ་དག་འགྱུར་བ་ཡིན་ལ་ཁམས་གོང་མའི་ནི། དང་པོ་སྡུག་ཀུན་ལ་དམིགས་པ་གཉེན་པོར་མེད་པའི་ཕྱིར་དང་། དང་པོ་མཐོང་སྤང་རྣམས་ཀྱི་གཉེན་པོ་མིན་པའི་ཕྱིར་རོ། །འོ་ན་རྗེས་ཤེས་འདོད་པའི་ཁམས་ཀྱི་གཉེན་པོར་འགྱུར་རམ་ཞེ་ན། མ་ཡིན་ཏེ། ཆོས་ཤེས་ཁོ་ནས་རྒྱལ་ཟིན་པའི་ཕྱིར་ཞེས་ཊཱི་ཀར་བཤད། གང་སྤེལ་ལས། ཤེས་པ་རྣམས་ནི་རྣོ་བའི་ཕྱིར་རང་ཡུལ་ལ་བྱ་བ་བྱས་ཏེ་གཞན་གྱི་ཡུལ་ལ་བྱ་བ་བྱེད་པའི་ཕྱིར་ཆོས་ཤེས་ཀྱིས་གོང་མའི་སྒོམ་སྤང་རྣམས་ནི་འདོད་པའི་ཀུན་འགྲོའི་ཡུལ་ཡིན་པའི་ཕྱིར་འཇོམས་ཏེ། དཔེར་ན་དགྲ་ཕམ་པར་བྱས་ནས་ཡུལ་འཇིག་པ་བཞིན་ཞེས་དང་། རྗེས་ཤེས་ནི་འདོད་པ་ན་དེ་ལྟ་བུའི་བྱ་བ་མེད་ཅིང་སྔར་གོང་མའི་སྒོམ་སྤང་རྗེས་ཤེས་ཀྱིས་སྤངས་ནས་ཕྱིས་འདོད་པའི་སྒོམ་སྤང་ཉོན་མོངས་སྤོང་བ་མེད་པའི་ཕྱིར་དང་། སྐད་ཅིག་བཅུ་དྲུག་པའི་ཚེ་བདེན་པ་ལ་གུས་ཀྱི་དེའི་རྒྱུན་ལ་སྒོམ་སྤང་སྤོང་བ་མི་སྲིད་པའི་ཕྱིར་རོ། །དེ་བཞིན་དུ་ས་གཞན་ཡང་འོག་མའི་འགོག་ལམ་ལ་དམིགས་པས་གོང་མའི་གཉེན་པོ་བྱེད་པ་ཡོད་དོ་ཞེས་བཤད་དོ། །གསུམ་པ་དེའི་ཁྱད་པར་དཔྱད་པ་ལ་གཉིས་ཏེ། རྣམ་པའི་ཁྱད་པར། ཤེས་པའི་ཁྱད་པར་རོ། །དང་པོ་ལ་གཉིས་ཏེ། ཤེས་པ་སོ་སོའི་རྣམ་པ། རྣམ་པ་སོ་སོའི་ངོ་བོའོ། །དང་པོ་ནི། ཤེས་པ་གང་ཞིག་རྣམ་པ་ཇི་ལྟར་འཇུག་ཅེ་ན། ཆོས་ཤེས་པ་དང་རྗེས་སུ་ཤེས་པ་གཉིས་ནི་མི་རྟག་པ་ལ་སོགས་པའི་རྣམ་པ་བཅུ་དྲུག་ཅན་ཏེ་འོག་ཏུ་འཆད་དོ། །ཀུན་རྫོབ་ཤེས་པ་ནི་ཆོས་ཤེས་རྗེས་ཤེས་དེ་བཞིན་དུ་རྣམ་པ་བཅུ་དྲུག་ཅན་ཡང་ཡིན་ལ་དེར་མ་ཟད་གཞན་ཆོས་ཐམས་ཅད་རང་སྤྱིའི་རྣམ་པ་ཅན་ཡང་ཡིན་ཏེ་དེ་དག་འཛིན་པའི་ཕྱིར་རོ། །བདེན་པ་བཞི་ཤེས་ནི་རེ་རེ་ཞིང་རྣམ་པ་བཞི་བཞི་པ་ཅན་ཡིན་ཏེ། རང་རང་གི་བདེན་པའི་རྣམ་པ་དག་ཏུ་འཇུག་པས་སོ། །དེར་མ་ཟད་ཕ་རོལ་སེམས་ཤེས་དྲི་མེད་ཀྱང་བདེན་པ་བཞི་ཤེས་དེ་བཞིན་དུ་ལམ་སོགས་བཞིའི་རྣམ་པ་ཅན་ཏེ་ལམ་ཤེས་པ་ཡིན་པའི་ཕྱིར་རོ། །དེ་དྲི་མ་དང་བཅས་པ་ནི་ཤེས་བྱ་སེམས་སེམས་བྱུང་གང་ཡིན་པ་དེའི་རྣམ་པ་ཅན་ཏེ། དེ་ཤེས་པ་ཡིན་པའི་ཕྱིར། དེས་སེམས་བྱུང་གི་རྫས་རེ་རེ་ཞིག་ཁོ་ན་འཛིན་ཏེ། ཆེས་བསྐྱེད་དཀའ་བས་སོ། །དཔེར་ན་གོས་དང་དྲི་མ་ཅིག་ཅར་མི་འཛིན་པ་བཞིན་ཞེས་མཐུན་དཔེར་བཤད་ཀྱང་དཔེ་ཅིག་ཅར་འཛིན་པས་མི་མཐུན་ཏེ་ཡིན་ཞེས་དོན་དེ་བཞེད་དོ། །གལ་ཏེ་གནས་མང་པོ་པའི་མདོ་ལས། འདོད་ཆགས་དང་བཅས་པའི་སེམས་ནས། རྣམ་པར་གྲོལ་བའི་སེམས་ཀྱི་བར་དུ་འབྱུང་བས་སེམས་དང་འདོད་ཆགས་གཉིས་ཤེས་པར་མངོན་ནོ་ཞེ་ན། དེ་ནི་རྗེས་ཀྱིས་དེ་ལྟར་ཤེས་པ་ལ་མཉམ་གཞག་གི་ཤེས་པ་སྐད་གསུངས་པའོ། །ཁྱད་པར་ནི་སེམས་ཀྱིས་རྫས་ཀྱི་རང་གི་མཚན་ཉིད་ཙམ་འཛིན་གྱི་དམིགས་རྣམ་དང་སྤྱིའི་མཚན་ཉིད་མི་འཛིན་ཏེ། དམིགས་པ་འཛིན་ན་གཟུགས་ཤེས་དང་རང་རིག་ཏུའང་འགྱུར་ལ། རྣམ་པ་ཡུལ་གྱི་བྱེ་བྲག་མི་འཛིན་པ་ཡིན་གྱི་ཤེས་པའི་འཛིན་སྟངས་ཤེས་པ་ཡིན་ཏེ། འགྲེལ་པར་སེམས་འདི་ནི་ཆགས་པ་ཡིན་ནོ་ཞེས་བྱ་བར་ཤེས་སོ་ཞེས་གསུངས་པའི་ཕྱིར། མཐོང་ལམ་ནི་ཉི་ཚེ་བ་མི་འཛིན་པའམ་མྱུར་བར་སྐྱེད་པས་དེ་ལ་བཀག་ཅིང་ཚོལ་བའི་རྣམ་པར་འཇུག་པས་ཟད་མི་སྐྱེ་ཤེས་ལ་བཀག་པ་དང་། བར་ཆད་མེད་ལམ་ནི་སྤོང་ལམ་ཡིན་ལ་སེམས་ཤེས་ནི་རྣམ་གྲོལ་དང་ཁྱད་པར་གྱི་ལམ་ཡིན་པས་བཀག་ལ་ལམ་གྱི་རྣམ་པ་ཅན་ཡིན་པས་སྨོན་མེད་ཁོ་ནས་བསྡུས་སོ། །ཤེས་པ་ལྷག་མ་ཟད་མི་སྐྱེ་ཤེས་པ་ནི་སྟོང་པ་དང་བདག་མེད་མ་གཏོགས་པའི་རྣམ་པ་བཅུ་བཞི་ཅན་ཏེ། དེ་གཉིས་དོན་ལ་དམིགས་པའམ་དེའི་རྒྱུ་མཚན་ཅན་ཡིན་ཡང་རྗེས་ཀྱི་ཚེ་ཀུན་རྫོབ་ལ་བརྟེན་ནས་བདག་གི་སྐྱེ་བ་ཟད་ཅེས་སོགས་བདག་གི་ཐ་སྙད་འདོགས་པ་གང་ཞིག་མཉམ་རྗེས་མཐུན་པའི་ཕྱིར། གཉིས་པ་ལ། རྣམ་པ་བཅུ་དྲུག་གི་ངོ་བོ། གཟུང་འཛིན་དང་བཅས་པའོ། །དང་པོ་ནི། ཟག་མེད་ལ་རང་མཚན་གྱི་རྣམ་པ་ཡོད་དམ་མེད་ཅེ་ན་ཁ་ཆེ་བ་ན་རེ། དྲི་མེད་ལ་བཅུ་དྲུག་ལས་གཞན་པའི་རྣམ་པ་མེད་དེ་ཡུལ་བདེན་པ་ཁོ་ན་ལ་དམིགས་པས་སོ་ཞེས་ཟེར་རོ། །གཞན་ཉི་འོག་པ་ན་རེ། རང་གི་མཚན་ཉིད་ཀྱི་རྣམ་པ་ཡོད་ཅེས་ཟེར་ཏེ། འཐད་པ་ནི་བསྟན་བཅོས་རྣམ་ཤེས་ཀྱི་ཚོགས་ལས་ཁམས་གསུམ་དང་མི་ལྡན་པ་ཟག་པ་མེད་པའི་སེམས་ཀྱིས་འདོད་པ་དང་ལྡན་པའི་ཆོས་ཤེས་པར་འགྱུར་བ་ཡོད་དམ་ཞེ་ན། ཡོད་དེ་རིགས་པས་བསྐྱེད་པའི་སྒོ་ནས་མི་རྟག་པ་ནས། རྐྱེན་གྱི་བར་དང་། འདི་ནི་གནས་ཡོད་དོ་འདི་ནི་གཞི་ཡོད་དོ་ཞེས་པས་གནས་ངོ་བོ་དང་གཞི་རྒྱུ་ངེས་པའོ་ཞེས་སོ། །ཅི་རྣམ་པ་བཅུ་དྲུག་པོ་དེ་མིང་ངམ་རྫས་ཡིན་ཞེ་ན། ཁ་ཅིག་ན་རེ་སྡུག་བསྔལ་གྱི་རྣམ་པ་བཞི་རྫས་བཤད་ལ་གཞན་གསུམ་རྣམ་གྲངས་ཡིན་པས་རྫས་སུ་བདུན་ཡིན་ལ་མིང་གི་སྒོ་ནས་ནི་བཅུ་དྲུག་གོ་ཞེས་ཟེར་ལ། བྱེ་བྲག་སྨྲ་བ་ནི་རྫས་སུ་རང་རྣམ་པ་བཅུ་དྲུག་སྟེ། འདི་ལྟར་རྐྱེན་ལ་རག་ལས་པས་མི་རྟག་པ་དང་ཞེས་སོགས་ནས། གཞན་དུ་འབྱིན་པས་ངེས་འབྱིན་ནོ། །ཡང་ན་རྟག་སོགས་བཅུ་དྲུག་གི་གཉེན་པོར་རིམ་པ་བཞིན་ནོ། །གཉིས་པ་ནི། རྣམ་པའི་ངོ་བོ་ཤེས་རབ་བོ། །མདོ་སྡེ་པ་ན་རེ། དེ་ལྟར་ན་ཤེས་རབ་ཉིད་རྣམ་བཅས་སུ་མི་རུང་ཞིང་། ངོ་བོ་ཡིན་པས་འཇོག་ན་གཞན་དེར་མི་རུང་བས་ཤེས་པའི་འཛིན་སྟངས་སོ། །ཅི་ཤེས་རབ་ཁོ་ནས་འཛིན་ནམ་ཞེ་ན། མིན་ཏེ། དེ་ཉིད་དང་བཅས་པའི་དམིགས་པ་དང་བཅས་པ་ཐམས་ཅད་ཀྱིས་འཛིན་པར་བྱེད་ལ་གང་དུ་ཡོད་ཀྱང་རུང་བའི་ཤེས་བྱ་གཞི་ལྔ་པོ་ཐམས་ཅད་གཟུང་བྱ་ཡིན་པས་ཤེས་རབ་ནི་གཟུང་བྱ་འཛིན་བྱེད་རྣམ་པ་གསུམ་ཀ་དམིགས་བཅས་གཞན་རྣམས་གཉིས་དང་དམིགས་མེད་ནི་གཅིག་གོ །གཉིས་པ་ཤེས་པའི་ཁྱད་པར་ལ་ལྔ་སྟེ། ངོ་བོའི་དང་། སའི་དང་། རྟེན་གྱི་དང་། དྲན་པ་ཉེར་གཞག་གི་དང་། དམིགས་པའི་ཁྱད་པར་རོ། །དང་པོ་ནི། དང་པོ་ཀུན་རྫོབ་ཤེས་པ་ནི་དགེ་སོགས་རྣམ་པ་གསུམ་ཡིན་ལ། གཞན་དགུ་པོ་རྣམས་ནི་དགེ་བ་ཁོ་ན་སྟེ། སེམས་ཤེས་ཟག་བཅས་ཀྱང་བསྒོམ་བྱུང་ཡིན་ལ་གཞན་རྣམས་ནི་ལམ་བདེན་ཡིན་པའི་ཕྱིར་རོ། །གཉིས་པ་ནི། དང་པོ་ནི་ཟག་བཅས་ཡིན་པས་ས་དགུ་པོ་ཐམས་ཅད་ན་ཡོད་ཅིང་། བསམ་གཏན་ས་དྲུག་ན་ཆོས་ཤེས་པ་ཞེས་བྱ་བ་ཡོད་དེ་དེ་དྲུག་གི་འདོད་པ་ལ་དམིགས་པས་སོ། །ཟག་མེད་ས་དགུ་ན་རྗེས་ཤེས་ཞེས་བྱ་བ་ཡོད་དེ། རྗེས་ཤེས་དེ་ས་གོང་མ་ལ་དམིགས་པས་སོ། །དེའི་ཆར་གཏོགས་བདེན་པ་བཞི་ཤེས་དང་ཟད་མི་སྐྱེ་ཤེས་ཏེ་དྲུག་ནི་དེ་བཞིན་དུ་ས་དགུ་ན་ཡོད་ཅིང་། ཆོས་ཤེས་ཀྱི་ཆར་གཏོགས་རྣམས་ནི་ས་དྲུག་ནའོ། །གཞན་ཡིད་ཤེས་པ་ནི་བསམ་གཏན་བཞི་ཁོ་ན་ན་ཡོད་དེ། བསྐྱེད་དཀའ་བ་དང་དེའི་སྦྱོར་བ་གཟུགས་ལ་བཏགས་ཏེ་འཆའ་ཞིང་གཟུགས་ལ་དམིགས་པས་སོ། །གསུམ་པ་ནི། སེམས་ཤེས་དེ་ནི་འདོད་པ་དང་གཟུགས་ཀྱི་རྟེན་ཅན་ཡིན་ལ། ཆོས་ཤེས་པ་ཞེས་བྱ་བ་ནི་འདོད་པའི་རྟེན་ཅན་ཁོ་ན་སྟེ། དེ་ནི་འདོད་པ་སུན་འབྱིན་པ་ལྷུར་ལེན་པ་ཡིན་ལ། གཟུགས་མེད་འདོད་པ་ལ་མི་དམིགས་ཤིང་གཟུགས་ཀྱང་འདོད་པ་ལས་འདས་པས་སུན་མི་འབྱིན་པས་སོ། །རྟེན་འདོད་པ་བ་ནི་འདི་ལས་གྲོལ་ཡང་ཕུང་པོ་ལྷག་མ་མ་ལུས་པས་སུན་འབྱིན་ཏོ། །དེ་གཉིས་ལས་གཞན་བརྒྱད་ནི་ཁམས་གསུམ་པའི་རྟེན་ཅན་ཡིན་ནོ། །བཞི་པ་ནི། འོ་ན་ཤེས་པ་བཅུ་པོ་དྲན་པ་ཉེར་གཞག་བཞི་པོ་གང་ཡིན་ཞེ་ན། འགོག་པའི་བློ་ནི་ཆོས་དྲན་པ་ཉེ་བར་བཞག་པ་གཅིག་པུ་ཡིན་ཏེ། ཡུལ་ལུས་ལ་སོགས་པ་མེད་པས་སོ། །བློ་ཤེས་རབ་ཤེས་པ་གསུམ་རྣམ་གྲངས་ཡིན་པ་ནི་གྲུབ་པའི་མཐའོ། །ཕ་རོལ་སེམས་བློ་ནི་ཕྱི་མ་གསུམ་མིན་ཏེ། ཡུལ་ཚོར་བ་སོགས་འཛིན་པས་སོ། །གཉིས་ཀྱི་ལྷག་མ་བརྒྱད་ནི་བཞི་ཆར་ཡིན་ཏེ། ལུས་སོགས་བཞི་ཆར་གྱི་ཡུལ་ཅན་ཡིན་པས་སོ། །ལྔ་པ་ལ། ཤེས་པ་དུ་གང་གིས་དམིགས་པ་ཡིན་པ། ཆོས་དུ་གང་གིས་དམིགས་པ་ཡིན་པ། ཤེས་པ་གཅིག་གིས་ཇི་ཙམ་ཤེས་པའོ། །དང་པོ་ནི། ཤེས་པ་གང་གིས་དམིགས་པ་ཤེས་པ་དུ་ཡིན་ཞེ་ན། ཆོས་ཤེས་བློའི་སྤྱོད་ཡུལ་ནི་རྗེས་ཤེས་མ་གཏོགས་གཞན་དགུ་ཡིན་ལ་སེམས་ཤེས་ཟག་བཅས་ནི་དེའི་ཡུལ་མིན་ནོ། །ལམ་བློའི་ཡུལ་ནི་ཀུན་རྫོབ་ཤེས་པ་ལས་གཞན་དགུ་དང་། རྗེས་ཤེས་བློའི་ཡུལ་ནི་ཆོས་ཤེས་ལས་གཞན་དགུ་ཡིན་ལ་སྡུག་བསྔལ་གྱི་བློ་དང་དེའི་རྒྱུ་ཀུན་འབྱུང་གི་བློའི་ཡུལ་ནི་ཀུན་རྫོབ་དང་སེམས་ཟག་བཅས་གཉིས་ཁོ་ན་ཡིན་ཞིང་། ལྷག་མ་བཞི་ཡི་ཡུལ་ནི་བཅུ་ཆར་ཡིན་པ་སྲིད་དེ་ཀུན་རྫོབ་ཤེས་པས་ཆོས་ཐམས་ཅད་དང་སེམས་ཤེས་ཟག་བཅས་ཀྱི་དང་པོ་དང་ཟག་མེད་ཀྱི་གཞན་དང་ཕྱི་མ་གཉིས་ཆོས་རྗེས་ཤེས་པའི་ཆ་ཡིན་པས་བཅུ་ཆར་འཛིན་ལ། གཅིག་འགོག་ཤེས་ཀྱི་ཡུལ་ནི་ཤེས་པ་མིན་ཏེ། དེས་འགོག་པ་ཤེས་པ་ཡིན་པའི་ཕྱིར། གཉིས་པ་ནི། ཤེས་བྱ་གང་ཤེས་པ་གང་གི་ཡུལ་དུ་འགྱུར་ཞེ་ན། ཆོས་བཅུ་དག་ཏུ་ཕྱེ་ལ་བློས་ཤེས་པ་བཅུ་དང་སྦྱར་བར་བྱ་སྟེ། ཇི་ལྟར་ཕྱེ་ན་འདུས་བྱས་ལ་ཁམས་གསུམ་ན་སྤྱོད་པ་གསུམ་དྲི་མེད་ཀྱི་ཆོས་དང་བཞི་ལ་མཚུངས་ལྡན་ཡིན་མིན་གཉིས་གཉིས་དང་། འདུས་མ་བྱས་ལ་དགེ་བ་དང་ལུང་མ་བསྟན་རྣམ་པ་གཉིས་སུ་ཕྱེ་བའི་བྱེ་བྲག་གིས་བཅུའོ། །དེ་ལ་དང་པོའི་ཡུལ་ནི་ཐམས་ཅད་དང་། གཉིས་པའི་ཡུལ་ནི་འདོད་པ་དང་ལམ་གྱི་གཉིས་གཉིས་འདུས་མ་བྱས་དགེ་བ་སྟེ་ལྔ་དང་། གསུམ་པའི་ཡུལ་ནི་གོང་མ་གཉིས་དང་ལམ་གྱི་གཉིས་གཉིས་འགོག་པ་སྟེ་བདུན་དང་བཞི་པ་དང་ལྔ་པའི་ཡུལ་ནི་ཁམས་གསུམ་གྱི་གཉིས་གཉིས་ཏེ་དྲུག་དང་། དྲུག་པའི་ཡུལ་ནི་འགོག་པ་གཅིག་པུ་དང་། བདུན་པའི་ཡུལ་ནི་དྲི་མེད་ཀྱི་གཉིས་དང་། བརྒྱད་པའི་ཡུལ་ནི་འདོད་གཟུགས་དང་དྲི་མེད་མཚུངས་ལྡན་ཏེ་གསུམ་དང་། དགུ་པ་དང་བཅུ་པའི་ཡུལ་ནི་འདུས་མ་བྱས་ལུང་མ་བསྟན་མ་གཏོགས་པ་དགུའོ། །གསུམ་པ་ནི། ཤེས་པ་གཅིག་གིས་ཆོས་ཐམས་ཅད་ཤེས་པར་འགྱུར་བ་ཡོད་དམ་ཞེ་ན། མེད་དེ། ཀུན་རྫོབ་ཤེས་པ་ཁོ་ན་ཡུལ་རྒྱ་ཆེ་ཡང་དེའི་སྐད་ཅིག་གཅིག་པུས་རང་གི་ངོ་བོ་དང་རང་གི་ཚོགས་པ་སྟེ་ལྷན་ཅིག་འབྱུང་བ་མི་རིགས་ཏེ། ཡུལ་དང་ཡུལ་ཅན་ཐ་དད་པ་ཧ་ཅང་ཉེ་བས་སོ། །དེ་ལས་གཞན་ཐམས་ཅད་ནི་ཚོགས་ལམ་དུ་སྟོང་པའམ་བདག་མེད་པའི་རྣམ་པ་ཉིད་དུ་རིག་པར་འགྱུར་ཏེ། གོའུ་ཏ་མ་ཤེས་པ་གཅིག་གིས་ཆོས་ཐམས་ཅད་ཤེས་པ་མཆིས་སམ། དེ་ནི་མེད་དེ་སྐད་ཅིག་གཉིས་ཀྱིས་ཤེས་སོ་ཞེས་འབྱུང་བའི་ཕྱིར་རོ། །གཉིས་པ་དེའི་ཁྱད་པར་གྱི་ཆོས་བཤད་པ་ལ། ཤེས་པའི་ལྡན་པ། ཐུན་མོང་གི་ཐོབ་པ། ཤེས་པའི་ཡོན་ཏན་ནོ། །དང་པོ་ནི། གང་ཟག་གང་ཞིག་ཤེས་པ་དུ་དང་ལྡན་ཞེ་ན། བྱིས་པ་ཆགས་བཅས་ནི་དང་པོ་ཁོ་ན་དང་ལྡན་ལ། ཆགས་བྲལ་ལ་སེམས་ཤེས་ཟག་བཅས་དང་ལྡན་ནོ། །འཕགས་པ་ནི་ཟག་མེད་སྐད་ཅིག་དང་པོ་ལ་ཆགས་ཅན་གྱི་སློབ་པ་གཉིས་ཡིན་ན་ཀུན་རྫོབ་ཤེས་པ་དང་འདོད་པ་དང་ཉེར་བསྡོགས་ཀྱི་དགེ་བ་ཁམས་གསུམ་ཆར་གྱི་གཉེན་པོ་གཅིག་པུ་དང་ལྡན་ལ། སྐད་ཅིག་གཉིས་པ་ལ་ཆོས་ཤེས་དང་སྡུག་བསྔལ་ཤེས་པ་བསྣན་ཏེ་གསུམ་དང་ལྡན། དེ་ཡན་ཆད་སྐད་ཅིག་བཞི་པ་དང་དྲུག་པ་དང་བཅུ་པ་དང་བཅུ་བཞི་པ་སྟེ་བཞི་ལ་ནི་རྗེས་ཤེས་དང་ཀུན་འབྱུང་དང་འགོག་པ་དང་ལམ་ཤེས་ལས་རེ་རེ་འཕེལ་བ་དང་ལྡན་ལ། ཆགས་བྲལ་ལ་སེམས་ཤེས་ཟག་བཅས་བསྣན་ཞིང་། སྒོམ་ལམ་དུ་ཆགས་བཅས་བདུན་དང་ཆགས་བྲལ་བརྒྱད་དང་། མི་སློབ་པ་དགུའམ་བཅུ་དང་ལྡན་ནོ། །གཉིས་པ་ལ། མཐོང་ལམ་གྱི་གནས་སྐབས་སུ་ཐོབ་པ། གཞན་གྱི་གནས་སྐབས་སུ་ཐོབ་པ། ཐོབ་པའི་དབྱེ་བའོ། །དང་པོ་ནི། མཐོང་བའི་ལམ་ལ་བཟོད་པ་བརྒྱད་དང་ཤེས་པ་བདུན་ཇི་ལྟར་སྐྱེས་པ་རྣམ་རང་རང་གི་རིགས་འདྲ་ཁོ་ན་མ་འོངས་པ་འཐོབ་ལ། སྤྱིར་མཐོང་ལམ་སྐལ་མཉམ་གྱི་རྒྱུ་རྒྱས་པས་རིགས་འདྲ་ཁོ་ན་འཐོབ་ཀྱང་བྱེ་བྲག་ཏུ་མཐོང་ལམ་དེ་ཉིད་ལ་རིགས་མི་འདྲ་བ་ཅུང་ཟད་འཐོབ་པ་ནི་རྒྱུ་མ་རྒྱས་ཀྱང་རྒྱུ་གཞན་གྱིས་ཏེ། སྡུག་བསྔལ་ལ་རྗེས་ཤེས་སོགས་གསུམ་ལ་ནི་སྔར་མེད་པའི་ཀུན་རྫོབ་ཤེས་པ་ཡང་འཐོབ་ལ། ཆོས་ཤེས་ལ་མི་ཐོབ་པ་ནི་རང་གི་བདེན་པ་རྫོགས་པར་མ་རྟོགས་པའི་ཕྱིར་རོ། །བདེན་པ་ཟད་པར་རྟོགས་པ་ན་ཐོབ་པ་དེའི་ཕྱིར་ཀུན་རྫོབ་ཤེས་པ་དེ་ནི་མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཤེས་པ་ཞེས་བྱའོ། །ཅིའི་ཕྱིར་ལམ་ལ་རྗེས་ཤེས་ཀྱི་ཚེ་མིན་ཞེ་ན། ལམ་ནི་རིགས་མང་བས་ཟད་པར་སྒོམ་མི་ནུས་ཏེ་མངོན་པར་རྟོགས་པའི་མཐའ་མེད་པས་སོ། རྗེས་ཤེས་གཉིས་པའི་ཚེ་ཡང་རིས་ལྷག་མ་གསུམ་མ་སྤངས་པས་མཐའ་མེད་དོ་ཞེ་ན། དེ་ནི་ཀུན་འབྱུང་མཐོང་སྤང་སྤངས་པའི་མཐའ་ཡིན་ལ། ལམ་ནི་ལམ་མཐོང་སྤང་གི་གཉེན་པོར་ཟད་པར་སྒོམ་པའི་མཐའ་ཡང་མེད་དེ། ཐེག་པ་གསུམ་མམ་ཆུང་ངུ་ལ་སོགས་པ་གང་ཟག་གཅིག་གིས་སྒོམ་མི་སྲིད་པས་སོ། །བརྒལ་ལན་འདི་འགོག་པ་ལ་ཡང་མཚུངས་ཞེས་འཆད་དོ། །ཅི་ཤེས་པ་དེ་ནི་ནམ་ཞིག་མངོན་དུ་བྱེད་ཅེ་ན། ཀུན་རྫོབ་ཤེས་པ་དེ་ནི་ཐོབ་པ་ཙམ་སྐྱེས་པ་མི་སྐྱེ་བའི་ཆོས་ཅན་ཡིན་ཏེ། མཐོང་ལམ་གྱི་འཁོར་ཡིན་པས་སྒོམ་ལམ་དུ་མངོན་དུ་མི་འགྱུར་ལ་མཐོང་ལམ་ཉིད་བར་མ་ཆད་དུ་སྐྱེ་བས་དེར་མངོན་དུ་འགྱུར་བའི་སྐབས་མེད་པས་སོ། །སེམས་ཙམ་པ་ནི་ཟག་མེད་ཀྱི་མཐུས་དེ་ལས་ལངས་པ་ན་བདེན་པའི་ཡུལ་ཅན་ཀུན་རྫོབ་ཤེས་པ་སྐྱེ་ལ། དེ་སྐྱེ་བའི་ནུས་པའམ་རིག་རྗེས་ཤེས་ལ་རྙེད་ན་དེའི་འབྲས་བུ་རིགས་ལས་བྱུང་བ་ཀུན་རྫོབ་ཤེས་པ་ཡང་རྙེད་ཅེས་ཟེར་རོ། །ས་ནི་ཆགས་བཅས་ཀྱིས་ས་གཞན་མི་ཐོབ་པས་མི་ལྕོགས་མེད་རང་དང་འོག་ས་འདོད་པ་སྟེ་ས་གཉིས་པའི་ཀུན་རྫོབ་ཤེས་པ་ཐོབ་ལ། ཆགས་བྲལ་གྱིས་ས་ལས་གྲོལ་བའི་རིམ་པས་ས་གསུམ་ནས་བདུན་པའི་ཀུན་རྫོབ་ཤེས་པ་དང་། མི་ལྕོགས་མེད་ཁོ་ན་དང་ས་གསུམ་ནས་དྲུག་གི་བར་གྱི་ཤེས་བཟོད་ཐོབ་ཅེས་འཇོག་གོ །དེ་ཡང་ས་གང་ལ་བརྟེན་པ་དུས་གཉིས་པ་འཐོབ་ལ་མ་འོངས་པ་ནི་མི་སྐྱེ་བའི་ཆོས་ཅན་ཁོ་ན་སྟེ་མཐོང་ལམ་ལན་གཉིས་མི་སྐྱེ་བས་སོ། །མཐོང་ལམ་དེར་དྲན་པ་ཉེར་གཞག་དུ་དག་ཅིག་ཐོབ་ཅེ་ན། ཐམས་ཅད་དུ་ཆོས་དྲན་པ་ཉེར་གཞག་ད་ལྟར་བ་ཡིན་ལ། མ་འོངས་པའི་དབང་དུ་བྱས་ན་འགོག་པ་མངོན་པར་རྟོགས་པའི་མཐའ་ལས་འབྱུང་བའི་ཀུན་རྫོབ་ཤེས་པ་ནི་ཆོས་ཁོ་ན་དང་གཞན་ལ་ནི་བཞིར་བཤད་དོ། །དེ་ཡང་རང་བདེན་རྣམ་ཅན་ཡིན་པས་གཞན་ལ་དམིགས་པ་ནི་མི་ཐོབ་ལ། རྒྱུ་མ་རྒྱས་པས་དེའི་རྣམ་པ་ཡང་མི་ཐོབ་བོ། །ཤེས་པ་རྣམ་པ་དྲན་པ་ཉེར་གཞག་ནི་རྣམ་གྲངས་ཏེ། དུཿཁ་ལ་དམིགས་པའི་ཤེས་པ་ཡིན་པ་དང་། སྐྱེ་འཇིག་ཆོས་ཅན་དུ་ཤེས་པ་དང་། ལུས་སོགས་འཛིན་པའི་སྒོ་ནས་སོ། །འོན་ཀྱང་བཟོད་པ་ལ་རྣམ་པ་དང་དྲན་པ་ཉེར་གཞག་འཐོབ་ཀྱི་ཤེས་པ་ལ་ནི་བཀག་གོ །དེ་ནི་མཐོང་བའི་ལམ་གྱིས་འཐོབ་པར་བྱ་བ་ཡིན་པའི་ཕྱིར་འབད་ལས་འབྱུང་། སྦྱོར་བ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །གཉིས་པ་ལ། འཕགས་ལམ་ལ་དུ་འཐོབ་པ་དང་། བྱིས་པའི་ལམ་ལ་དུ་འཐོབ་པ་གཉིས། དང་པོ་ལ། གྲངས་མི་འདྲ་བ་དང་འདྲ་བ་གཉིས། དང་པོ་ལ། སློབ་ལམ་དང་མི་སློབ་ལམ་ལ་དུ་འཐོབ་གཉིས། དང་པོ་ནི། འདོད་པའི་འཆིང་བ་ཀུན་ལྡན་ནམ་དགུ་པའི་བར་ལྡན་པའི་ཆགས་བཅས་ཀྱི་གང་ཟག་གཉིས་ཀྱིས་བཅུ་དྲུག་པ་ལ་བདེན་པ་བཞི་ཤེས་པ་དང་ཆོས་རྗེས་ཤེས་པ་སྟེ་ཟག་མེད་ཀྱི་ཤེས་པ་དྲུག་ཐོབ་ལ། དེ་དག་ཀྱང་མཐོང་སྤང་གི་གཉེན་པོ་རྣམ་གྲོལ་ཐོབ་པ་ཡིན་གྱི་འབྲས་བུ་ཙམ་པོའི་ཚེ་ཡིན་པས་སྒོམ་སྤང་གི་གཉེན་པོ་ནི་མིན་ནོ། །ས་ནི་ཆགས་བཅས་ཡིན་པས་མི་ལྕོགས་མེད་ཁོ་ན་དང་། ད་ལྟར་བའི་ཐོབ་པ་ནི་ལམ་རྗེས་ཤེས་པ་གཉིས་དང་། དེ་དག་འཐོབ་པའི་རྒྱུ་མཚན་ནི་བདེན་པ་མཐོང་བ་རྫོགས་པས་སྐལ་མཉམ་གྱི་རྒྱུ་རྒྱས་པ་དང་། དེ་ལས་གཞན་མི་ཐོབ་པ་ནི་ཆགས་བཅས་ཡིན་པས་སེམས་ཤེས་དང་སློབ་པ་ཡིན་པས་ཕྱི་མ་མི་ཐོབ་ལ་ཀུན་རྫོབ་ཤེས་པ་མི་འཐོབ་པར་བཤད་ཟིན་ཏོ། །འདོད་པ་ནས་ཅི་ཡང་མེད་ཀྱི་བར་ལ་འདོད་ཆགས་དང་ནི་བྲལ་བས་བདུན་ཐོབ་སྟེ་སེམས་ཤེས་བསྣན་པའོ། །ས་ནི་རང་གང་ལ་བརྟེན་པའི་རང་དང་འོག་ས་འཐོབ་ཅིང་གཞན་སྔར་བཞིན་ནོ། །ཆགས་བཅས་ཀྱི་བཅུ་དྲུག་པ་དེའི་གོང་མ་འདོད་པའི་སྒོམ་སྤང་གི་གཉེན་པོ་ཆགས་བཅས་བར་ཆད་མེད་ལམ་དགུ་པ་མན་ཆད་ཀྱི་སྒོམ་པའི་ལམ་སྦྱོར་བ་སོགས་བཞི་ལ་སྔར་གྱི་བདུན་དང་མི་ལྕོགས་པ་མེད་པས་བསྡུས་པ་རང་རང་གི་རིགས་འདྲ་གསར་པ་འཐོབ་སྟེ། གཉེན་པོ་ཡིན་པ་དང་རང་གི་རིགས་འདྲའི་རྒྱུ་རྒྱས་པས་སོ། །རྗེས་ཤེས་འདོད་པའི་གཉེན་པོ་མིན་ཡང་མཐོང་སྤང་གི་གཉེན་པོར་གྱུར་པ་རྒྱུ་རྒྱས་པས་འཐོབ་ལ། ལོ་ཀའི་ལམ་ཡིན་ན་ཀུན་རྫོབ་ཤེས་པ་དང་། ཟག་མེད་ཡིན་ན་ཆོས་དང་བདེན་པ་བཞི་ཤེས་གང་རུང་གཅིག་ད་ལྟར་བ་ཡིན་ཞིང་། བདུན་ཆར་མ་འོངས་པ་ཐོབ་ལ་གཞན་མི་ཐོབ་པ་སྔར་བཞིན་ནོ། །འདོད་པ་དང་སྲིད་རྩེ་ལས་རྒྱལ་བ་བཤད་ཟིན་ཅིང་འཆད་པར་འགྱུར་བས་བར་གྱིས་ས་བདུན་ལས་རྒྱལ་བར་བྱེད་པའི་བར་ཆད་མེད་ལམ་དྲུག་ཅུ་རྩ་གསུམ་པོ་ལ་བདུན་བདུན་ཏེ། དང་པོའི་བར་ཆད་མེད་ལམ་ཆུང་ངུའི་ཆུང་ངུ་ཟག་མེད་ཡིན་ན་ས་གསུམ་གྱི་ཆོས་དང་འགོག་ལམ་བདེན་པ་གཉིས་བདེན་པ་བཞི་ཤེས་གང་རུང་གཅིག་ད་ལྟར་བ་ཡིན་ལ། ཟག་བཅས་ཡིན་ཞིང་བསམ་གཏན་དང་པོ་ལས་རྒྱལ་བར་བྱེད་ན་གཉིས་པའི་ཉེར་བསྡོགས་ཀྱིས་ཀུན་རྫོབ་ཤེས་པ་ད་ལྟར་བ་སྟེ་མ་འོངས་པ་ནི་བདུན་པོ་རྒྱུ་རྒྱས་པ་དང་གཉེན་པོའི་རིགས་ཡིན་པས་འཐོབ་ལ། སེམས་ཤེས་བར་ཆད་མེད་ལམ་ལ་བཀག་ལ་ཕྱི་མ་གཉིས་སློབ་པ་ཡིན་པས་མི་འཐོབ་ལ། བར་ཆད་མེད་ལམ་གཞན་ཡང་དེ་དང་འདྲ་སྟེ་བྱེ་བྲག་ནི་ཀུན་རྫོབ་ཤེས་པ་རང་ས་དང་གོང་མའི་ཉེར་བསྡོགས་དང་ཟག་མེད་ཀྱི་རང་ས་ལྷག་པར་བསྣན་པའོ། །མི་སློབ་པ་ལ་བརྒྱད་དམ་དགུར་འགྱུར་བས་སློབ་པའི་མངོན་ཤེས་དང་པོ་ལྔའི་བར་ཆད་མེད་པ་ལའང་བདུན་འཐོབ་སྟེ། ཆགས་བྲལ་གྱི་ས་ཐོབ་ན་འོག་ས་ལས་རྒྱལ་བའི་བར་ཆད་མེད་པ་ཉིད་ས་བཞིའི་མངོན་ཤེས་ཀྱི་བར་ཆད་མེད་པའང་ཡིན་པས་སྔར་དང་འདྲ་ལ། འོག་ནས་འབྱུང་བའི་སྦྱོར་བས་འཐོབ་ན་ནི་རང་གི་སྦྱོར་བ་གང་ལ་བརྟེན་ནས་སྐྱེས་པ་དེ་མ་ཐག་ཏུ་མངོན་ཤེས་འབྱུང་བ་ནི་བར་ཆད་མེད་པ་སྟེ་དངོས་གཞི་གང་རུང་གིས་ཀུན་རྫོབ་ཤེས་པ་ད་ལྟར་བ་དང་། རང་དང་འོག་སའི་ཟག་མེད་ནི་རྒྱུ་རྒྱས་པས་མ་འོངས་པ་ཁོ་ན་འཐོབ་བོ། །རྟོགས་པའི་སྐལ་བ་ཅན་མི་གཡོ་བ་འཐོབ་པ་སྟེ་དེར་དབང་པོ་འཕོ་བའི་བར་ཆད་མེད་ལམ་ལ་ཐམས་ཅད་དུ་འགྲོ་བའི་ཟག་མེད་དྲུག་དང་ཟད་ཤེས་ཏེ་བདུན་འཐོབ་ལ། དུས་ནི་ཆོས་རྗེས་ཤེས་པ་གང་རུང་དང་བདེན་པ་བཞི་ཤེས་གང་རུང་དང་ཟད་ཤེས་ཏེ་གསུམ་ད་ལྟར་བ་དང་གཞན་མ་འོངས་པའོ། །ས་གང་ལ་བརྟེན་པ་གཅིག་ད་ལྟར་བ་གཞན་དགུ་ཆར་མ་འོངས་པའོ། །ཟད་ཤེས་ནི་དབང་པོ་རྟུལ་བས་རྟུལ་པོ་གཏོང་མི་ནུས་པའི་ཕྱིར་རྣོན་པོ་ཡིན་ཞིང་མི་སྐྱེ་བ་ཤེས་པ་མི་འཐོབ་སྟེ། དབང་པོ་འཕོ་བ་མ་རྫོགས་པས་མི་གཡོ་བར་མི་འགྱུར་བའི་ཕྱིར། དཔེར་ན་འོག་ས་ལས་མ་གྲོལ་བར་དངོས་གཞི་མི་འཐོབ་པ་བཞིན་ནོ། །སློབ་པའི་སྤེལ་མ་སྒོམ་པའི་བར་ཆད་མེད་ལམ་དག་ལ་ཡང་ཟག་མེད་དྲུག་དང་ཀུན་རྫོབ་ཤེས་པ་སྟེ་བདུན་འཐོབ་ལ། ཟག་མེད་ཀྱི་ཚེ་ཆོས་རྗེས་ཤེས་པ་གང་རུང་དང་བདེན་པ་བཞི་ཤེས་གང་རུང་གཅིག་ད་ལྟར་བ་དང་། ཟག་བཅས་ཀྱི་ཚེ་ཀུན་རྫོབ་ཤེས་པ་ད་ལྟར་བའོ། །ས་ནི་ད་ལྟ་བ་བཞི་པོ་ཁོ་ན་དང་ཟག་མེད་ཀྱི་དངོས་གཞི་བཞི་ཆར་མ་འོངས་པ་འཐོབ་ཅིང་ཀུན་རྫོབ་ཤེས་པ་ནི་བཞི་པ་ཁོ་ནའོ། །ས་བདུན་གྱི་གོང་མ་སྲིད་རྩེ་ལས་རྒྱལ་བའི་རྣམ་པར་གྲོལ་བའི་ལམ་དང་པོ་བརྒྱད་ལའང་ཟག་མེད་ས་དགུ་དང་། སེམས་ཤེས་པ་བཞིས་བསྡུས་པ་སྟེ་བདུན་འཐོབ་ལ། ད་ལྟར་བ་ནི་ཆོས་རྗེས་ཤེས་པ་གང་རུང་གཅིག་དང་བདེན་པ་བཞི་ཤེས་གང་རུང་གཅིག་གོ །སློབ་པ་དབང་པོ་སྦྱོང་བའི་རྣམ་གྲོལ་ལམ་ལ་ཆགས་བཅས་ཡིན་ན་ཟག་མེད་དྲུག་དང་། ཆགས་བྲལ་ཡིན་ན་སེམས་ཤེས་ཏེ་ཤེས་པ་བདུན་འཐོབ་ལ། འདོད་པའི་གཉེན་པོས་ཕྱེ་བ་ཡིན་པས་ཆོས་དང་བདེན་པ་བཞི་ཤེས་ལས་གང་རུང་གཅིག་ད་ལྟར་བ་འཐོབ་ཅིང་། ས་ནི་ཇི་ལྟར་ཐོབ་པའི་རང་དང་འོག་ས་འཐོབ་ལ་གཉིས་པ་ལ་སོགས་ཐོབ་ཀྱང་འདོད་པའི་གཉེན་པོ་ཡིན་པས་ཁྱད་པར་དུ་མི་འགྱུར་ཞིང་བརྟེན་པའི་གོང་ས་མི་ཐོབ་པར་བཤད་པ་ནི་སྤང་ལམ་ཡིན་པར་འཆད་དོ། །འམ་ཞེས་པ་ནི་ལུགས་ཐ་དད་པ་སྟེ་ཁ་ཅིག་མཐོང་ལམ་གྱིས་འབྲས་བུ་གསུམ་འཐོབ་པ་ལྟར་འདིས་ཀྱང་འཐོབ་པ་འདྲ་བས་མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཀུན་རྫོབ་ཤེས་པ་ཐོབ་བོ་ཞེས་ཟེར་རོ། །སྦྱོར་བའི་ལམ་ལ་ནི་དེ་གཉིས་ཀྱིས་ཀུན་རྫོབ་ཤེས་པ་ཡང་འཐོབ་བོ། །དེའི་བར་ཆད་མེད་པའི་ལམ་ལ་སེམས་ཤེས་བཀག་པས་དྲུག་ཁོ་ན་འཐོབ་ལ་དེ་བཞིན་དུ་སྲིད་རྩེ་ལས་རྣམ་པར་རྒྱལ་བར་བྱེད་པའི་བར་ཆད་མེད་ལམ་ལའང་ཟག་མེད་དྲུག་ཁོ་ནའོ། །གཉིས་པ་མི་སློབ་པ་ལ་འཐོབ་པ་ནི་སྲིད་རྩེ་ལ་འདོད་ཆགས་དང་བྲལ་བའི་རྣམ་གྲོལ་ལམ་དགུ་པ་ནི་ཟད་པ་ཤེས་པ་ཡིན་ལ་དེ་ལ་མི་སྐྱེ་བ་ཤེས་པ་མ་གཏོགས་དགུ་འཐོབ་ལ། ད་ལྟར་བ་ནི་སྡུག་ཀུན་རྗེས་ཤེས་དང་ཟད་མི་སྐྱེ་ཤེས་གང་རུང་གཅིག་དང་། ས་ནི་དགུ་ཆར་རྒྱུ་རྒྱས་པས་འཐོབ་སྟེ་སྐྱེ་བའི་རིམ་པའམ་གྲངས་ཀྱི་རིམ་པའོ། །མི་གཡོ་བའི་ཆོས་ཅན་དེས་ནི་མི་སྐྱེ་བ་ཤེས་པའང་ཐོབ་པས་བཅུ་ཆར་འཐོབ་བོ། །གང་གིས་མི་གཡོ་བ་དེར་འཕོ་བའི་རྣམ་གྲོལ་ལམ་ཐ་མ་ལའང་བཅུ་འཐོབ་བོ། །གཉིས་པ་ནི། སྔར་བཤད་པའི་ལྷག་མ་འདོད་པའི་གཉེན་པོ་རྣམ་གྲོལ་ལམ་དགུ་པ་དང་། ས་བདུན་གྱི་གཉེན་པོ་དང་མངོན་ཤེས་དང་སྤེལ་མ་སྒོམ་པའི་རྣམ་གྲོལ་དང་། མི་གཡོ་བར་དབང་པོ་འཕོ་བའི་རྣམ་གྲོལ་དང་པོ་བརྒྱད་དང་། ཆགས་བྲལ་གྱི་སྦྱོར་བ་དང་ཁྱད་པར་གྱི་ལམ་ཐམས་ཅད་ལ་ཟད་མི་སྐྱེ་ཤེས་པ་ལས་གཞན་བརྒྱད་འཐོབ་ལ། མི་སློབ་པའི་མངོན་ཤེས་དང་སྤེལ་མ་སྒོམ་པའི་བར་ཆད་མེད་ལམ་ལ་བརྒྱད་དང་དགུའམ་རྣམ་གྲོལ་ལམ་ལ་སོགས་པ་ལ་དགུ་དང་བཅུའམ། དབང་པོ་འཕོ་བའི་སྦྱོར་བ་ལ་དགུ་འཐོབ་ཅེས་ཁ་བསྐང་ངོ་། །གཉིས་པ་བྱིས་པའི་ལམ་དུ་འཐོབ་པ་ལ་གསུམ་ལས། ཆགས་བྲལ་གྱི་ལམ་ལ་ནི་འདོད་པ་དང་བསམ་གཏན་སྔ་མ་གསུམ་ལས་རྒྱལ་བའི་དངོས་གཞི་བསྡུས་པ་དང་རྣམ་གྲོལ་ཐ་མ་དང་ཁྱད་པར་གྱི་ལམ་ལ་ཀུན་རྫོབ་ཤེས་པ་ངེས་པར་འཐོབ་ལ་འདྲིས་ན་སེམས་ཤེས་ཀྱང་འཐོབ་ཅིང་། དེ་དག་གི་སྦྱོར་བ་ཉེར་བསྡོགས་ཀྱིས་བསྡུས་པ་དང་བར་ཆད་མེད་པ་རྣམ་གྲོལ་ལམ་བརྒྱད་ལ་ཉེར་བསྡོགས་ཀྱི་ཀུན་རྫོབ་ཤེས་པ་ཁོ་ན་འཐོབ་ལ་དེ་ཡན་ཆད་ལ་སེམས་ཤེས་མེད་དོ། །ཡོན་ཏན་ཁྱད་པར་ཅན་སྒྲུབ་པའི་ལམ་ལ་ནི་མངོན་ཤེས་གསུམ་དང་ཚད་མེད་དང་རྣམ་ཐར་དང་ཟད་པར་ལ་སོགས་པའི་བསམ་གཏན་གྱིས་བསྡུས་པའི་སྦྱོར་བ་དང་རྣམ་གྲོལ་དང་ཁྱད་པར་གྱི་ལམ་ལ་གཉིས་ཀ་འཐོབ་ཅིང་། མིག་རྣའི་མངོན་ཤེས་ལུང་མ་བསྟན་ཡིན་པས་མ་འོངས་པ་མི་འཐོབ་ལ། མངོན་ཤེས་སྤྲུལ་པ་མ་གཏོགས་ཞེས་པ་ནི་འཐོབ་བྱེད་བསམ་གཏན་དགེ་བ་དང་འདིར་དེ་ཉིད་གསར་དུ་མི་ཐོབ་པའམ་མ་འོངས་པ་སྔར་སྐྱེ་མེད་ཅེས་འཆད་དོ། །དེ་དག་གིས་བར་ཆད་མེད་པ་དང་བསམ་གཏན་མིན་པའི་སྦྱོར་བ་དང་རྣམ་གྲོལ་ལ་ཀུན་རྫོབ་ཤེས་པ་གཅིག་པུའོ། །ངེས་འབྱེད་ཆ་མཐུན་ལ་ནི་བསམ་གཏན་གྱི་ས་པ་ལའང་མཐོང་ལམ་གྱི་འཁོར་ཡིན་པས་སེམས་ཤེས་མི་འཐོབ་བོ། །གཉིས་པ་ལམ་གང་ལ་ས་དུས་ཐོབ་པ་ནི། འོག་ས་སྤོང་བའི་ལམ་གང་ཡིན་ཡང་རུང་སྟེ་རྣམ་གྲོལ་དགུ་པའི་ཚེ་གོང་མའི་ཉེར་བསྡོགས་དང་དངོས་གཞི་གཉིས་ཀ་ཐོབ། ས་དེ་མན་ཆད་ཉེར་བསྡོགས་ཁོ་ནའི་ཀུན་རྫོབ་ཤེས་པ་འཐོབ་ལ། ཟག་མེད་ཀྱི་ཚེ་ཤེས་པ་ནི་བསམ་གཏན་གཉིས་པ་ལྟ་བུ་གང་ལས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར། བསམ་གཏན་གཉིས་པ་གང་ཞིག་ཟག་མེད་ཐོབ་པ་ན་གནས་སྐབས་དེར་དང་པོའི་ས་གསུམ་གྱི་ཟག་མེད་ཀྱང་འཐོབ་སྟེ་གཉེན་པོའི་རིགས་ཡིན་པས་སོ། །རྣམ་གྲོལ་ལམ་ཐ་མའི་ཚེ་གསུམ་པའི་ཟག་མེད་ཀྱང་འཐོབ་སྟེ་དེས་ན་ལམ་ས་གང་ཡིན་པ་དེའི་རང་དང་འོག་ས་ཡང་འཐོབ་བོ། །ཟད་པ་ཤེས་པའི་དུས་ན་ཟག་མེད་དུ་མ་ཟད་ཟག་བཅས་ཀྱང་འཐོབ་སྟེ། ཀུན་རྫོབ་ཤེས་པ་ས་ཀུན་གྱི་ཡོན་ཏན་མི་སྡུག་པ་དང་རྣམ་ཐར་ལ་སོགས་པ་ངེས་པར་སྦྱོར་བས་ཐོབ་པ་མིན་པ་རྡོ་རྗེ་ལྟ་བུས་ཉོན་མོངས་པའི་ཐག་པ་བཅད་པ་ན་དར་གྱི་སྦྲོག་མ་ཐག་པ་བཅད་དེ་དབུགས་ཕྱིན་པ་ལྟ་བུ་དང་ཆོས་མཐུན་པར་ཐོབ་པའི་ཕྱིར། དཔེར་ན་རྒྱལ་སྲིད་ཐོབ་པ་ན་ཡུལ་མིས་ནོར་གྱིས་བསུ་བ་ལྟར་རོ། །དེ་ཡང་འདོད་པའི་རྟེན་ལ་ས་དགུ་ཆར་ནས་སྲིད་རྩེ་ལ་རང་སའི་བར་ཡིན་ལ། སྔོན་རྙེད་ཟིན་པ་ནི་མི་འཐོབ་སྟེ་ཉམས་པ་ལས་རྙེད་པ་དེ་ཡང་མི་ཐོབ་ལ། སློབ་དཔོན་འདུས་བཟང་ནི་ཐོབ་པ་བཏང་བ་འཁོར་བ་ནས་འདྲིས་པ་རྣམས་མ་འབད་པར་མངོན་དུ་འགྱུར་ལ། དབྱིག་བཤེས་ན་རེ། ད་ལྟར་མི་ལྡན་ན་བཏང་ཡང་འཐོབ་བོ་ཞེས་ཟེར་རོ། །གསུམ་པ་ཐོབ་པའི་དབྱེ་བ་ནི། རྙེད་པ་ཁོ་ན་ཐོབ་བམ་ཞེ་ན། བཞི་སྟེ། ཆོས་སྔར་མེད་རྙེད་པ་དང་། ཆོས་དེ་དངོས་སུ་ཡང་ཡང་བརྟེན་པ་སྟེ་ད་ལྟར་བའི་གཉིས་ཀ་དང་མ་འོངས་པའི་རྙེད་པ་ཁོ་ན་འཐོབ་ཀྱི་བརྟེན་དུ་མེད་ལ། འདས་པ་ལ་གཉིས་ཀ་མེད་དེ་ཐོབ་ཟིན་ལྡན་པར་ཟད་པའམ་ཤེས་པའི་ཐོབ་པ་དང་བསྟུན་པར་འཆད་ཅིང་། ཉོན་མོངས་ཅན་དང་ལུང་མ་བསྟན་ཁ་ཅིག་ལ་རྙེད་བརྟེན་གཉིས་ཀ་དང་འདུས་མ་བྱས་ལ་རྙེད་པ་ཡོད་ཀྱང་། དགེ་བ་འདུས་བྱས་ཐོབ་པར་འཆད་པ་ནི་ཤེས་པ་ཕལ་ཆེར་དགེ་བ་འདུས་བྱས་ཡིན་པར་འདོད་པ་དང་བསྟུན་པའམ་སྤྱིའི་ཆོས་བྱེ་བྲག་ལ་བསྟན་པར་འཆད་དོ། །གཉེན་པོ་ནི་ལམ་སྟེ་ལུས་སེམས་ཀྱི་གཉེན་པོ་སྒོམ་པ་དང་། ཉོན་མོངས་ཅན་གྱི་ཐོབ་པ་གཅོད་པ་ཐག་སྲིང་བའི་ཐོབ་པ་གཉིས་ནི་ཟག་བཅས་སྤང་བའི་དོན་དུ་ཡིན་ལ། དེ་གཉིས་ཀྱི་ཁྱད་པར་ནི་སྤང་བྱ་ཉོན་མོངས་ཅན་ཁོ་ནས་ཁྱད་པར་དུ་མ་བྱས་པ་དང་བྱས་པར་འཆད་དོ། །དེས་ན་དགེ་བ་ཟག་བཅས་ལ་བཞི་དང་ལུང་མ་བསྟན་ལ་ཐ་མ་གཉིས་དང་ཟག་མེད་ལ་དང་པོ་གཉིས་སོ། །ཉི་འོག་པ་སྡོམ་པ་དང་རྣམ་པར་འཇིག་པའི་འཐོབ་པ་དང་དྲུག་ཏུ་འདོད་པ་ནི་གཉེན་པོ་དང་ཐག་སྲིང་བའི་ནང་དུ་འདུས་པར་ཁ་ཆེ་བ་འདོད་དོ། །གསུམ་པ་ཤེས་པའི་ཡོན་ཏན་ལ་གཉིས་ཏེ། ཐུན་མོང་མ་ཡིན་པའི་ཡོན་ཏན་དང་། ཐུན་མོང་བའི་ཡོན་ཏན་ནོ། །དང་པོ་ལ་དབྱེ་བའི་སྒོ་ནས་མདོར་བསྟན། སོ་སོའི་རང་བཞིན་རྒྱས་པར་བཤད། མཉམ་མི་མཉམ་གྱི་སྒོ་ནས་དོན་བསྡུ་བའོ། །དང་པོ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནི་དབྱེ་གཞི། དབྱེ་ན་བཅོ་བརྒྱད་ཡོད་དེ། སྟོབས་བཅུ་ལ་སོགས་པ་མི་འཇིགས་པ་བཞི། དྲན་པ་ཉེར་གཞག་གསུམ་ཐུགས་རྗེ་ཆེན་པོ་རྣམས་སོ། །གཉིས་པ་ལ། སྟོབས་བཅུ། མི་འཇིགས་པ་བཞི། དྲན་པ་ཉེར་གཞག་གསུམ། ཐུགས་རྗེ་ཆེན་པོ་བཤད་པའོ། །དང་པོ་ལ། སོ་སོའི་རང་བཞིན། ས་གང་གིས་བསྡུས་པ། སངས་རྒྱས་ཉིད་ལ་བཞག་པའོ། །དང་པོ་ནི། གནས་དང་གནས་མིན་པ་མཁྱེན་པའི་སྟོབས་ནི་ཤེས་པ་བཅུ་སྟེ། དེའི་ཡུལ་ཆོས་ཡིན་པ་ས་བཅུ་ཆར་གྱིས་ཤེས་ཏེ། བདེན་པ་དང་པོ་གཉིས་འགོག་ཤེས་ལས་གཞན་བརྒྱད་འགོག་པ་འགོག་ཤེས་དང་དེའི་ཆ་ཤེས་པ་བཞི་སྟེ་ལྔ་དང་ལམ་ནི་ལམ་ཤེས་ཆ་ཤས་དྲུག་དང་འདུས་མ་བྱས་ལུང་མ་བསྟན་ནི་ཀུན་རྫོབ་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ། །ལས་དང་འབྲས་བུ་མཁྱེན་པའི་སྟོབས་ལ་ཤེས་པ་བརྒྱད་ཡོད་དེ། ཡུལ་ནི་ཟག་བཅས་སྡུག་ཀུན་ཡིན་པས་འགོག་ལམ་བོར་བའོ། །བསམ་གཏན་བཞི་དང་། སོགས་པ་རྣམ་ཐར་བརྒྱད་ལ་སོགས་པ་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པ་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་རྣམས་ལ་ནི་ཤེས་པ་དགུ་སྟེ་འགོག་ཤེས་བོར་བ་རྣམས་ཀྱིས་དངོས་པོ་རིག་ལ་མཚན་ཉིད་ནི་དངོས་རིག་གོ །ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པ་ནི་འབྲས་བུ་ཡང་བཟུང་ན་ཤེས་པ་བཅུ་སྟེ་དེས་དངོས་པོ་རིག་ལ། འམ་ཞེས་པ་ལམ་ཉིད་བཟུང་ན་འགོག་ཤེས་བོར་བ་དགུའོ། །སྔོན་གནས་རྗེས་སུ་དྲན་པ་མཁྱེན་པ་དང་འཆི་བ་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་གཉིས་ནི་ཀུན་རྫོབ་གཅིག་པུ་ཡིན་ཏེ། དེས་རང་མཚན་གྱི་རྣམ་པར་མཁྱེན་པའི་ཕྱིར་རོ། །ཟག་པ་ཟད་པ་མཁྱེན་པའི་སྟོབས་ནི་ཤེས་པ་དྲུག་གམ་བཅུ་ཡིན་ཏེ། ཟག་ཟད་འགོག་པ་ཉིད་བཟུང་ན་འགོག་ཤེས་ལྔ་ཀུན་རྫོབ་ཤེས་པ་དང་དྲུག་ཡིན་ལ་ཟག་པ་ཟད་པའི་རྒྱུད་ཀྱི་མཁྱེན་པ་བཟུང་ན་བཅུར་ཡོད་དོ། །གཉིས་པ་ནི། སྔོན་གནས་དང་འཆི་འཕོ་སྐྱེ་བ་མཁྱེན་པའི་སྟོབས་ནི་བསམ་གཏན་བཞི་པོ་དག་ཁོ་ན་ན་ཡོད་དེ་བསྐྱེད་དཀའ་བས་སོ། །ལྷག་མ་བརྒྱད་ནི་ས་བཅུ་གཅིག་པོ་རྣམས་ལས་ཀུན་རྫོབ་ཤེས་པ་ཀུན་ན་ཡོད་ཅིང་ཤེས་པ་ཟག་མེད་དགུའི་ཅི་རིགས་པར་ཡོད་དོ། །རྟེན་ནི་འཛམ་གླིང་གི་སྐྱེས་པ་ཁོ་ནའོ། །གསུམ་པ་ནི། ཤེས་པ་བཅུ་གཞན་ལ་ཡོད་པ་སྟོབས་མིན་གྱི་སངས་རྒྱས་ཁོ་ནའི་སྟོབས་ཞེས་བྱའོ། །ཅིའི་ཕྱིར་སངས་རྒྱས་འདི་ཁོ་ནའི་ཤེས་པ་སྟོབས་ཡིན་ཞེ་ན། རྒྱུ་མཚན་གང་གི་ཕྱིར་ན་གནས་དང་གནས་མིན་སོགས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མི་མངའ་བར་འཇུག་པའི་ཕྱིར་རོ། །གཞན་གྱིས་ནི་ཕྱོགས་རེ་ཤེས་ཀྱི་ཐོགས་མེད་དུ་མི་འཇུག་གོ །ཐུགས་ཀྱི་སྟོབས་ནི་ཤེས་བྱ་ལྟར་མཐའ་ཡས་ན། སྐུ་ལ་སྟོབས་ཇི་ཙམ་མངའ་ཞེ་ན། སྲིད་མེད་ཀྱི་བུའི་སྟོབས་ཞེས་པ་མངའ་ལ། སྡེ་པ་གཞན་དག་ན་རེ། ཚིགས་རེ་རེ་ན་སྟོབས་རེ་མངའ་བས་ཚིགས་སུམ་བརྒྱ་དྲུག་ཅུ་ཡོད་པ་ནའོ། །བཙུན་པ་ན་རེ། སྐུའི་སྟོབས་ཀྱང་མཐའ་ཡས་ཏེ་གཞན་དུ་མཁྱེན་པའི་སྟོབས་བཟོད་པར་མི་འགྱུར་རོ་ཞེས་ཟེར་རོ། །སྲེད་མེད་ཀྱི་བུའི་སྟོབས་ཚད་ཇི་ཙམ་ཞེ་ན། གླང་པོ་ཆེ་ཕལ་པ་དང་སོགས་པ་སྤོས་ཀྱི་དང་། ཚན་པོ་ཆེ་དང་རབ་གནོན་དང་ཡན་ལག་མཆོག་དང་སྟོབས་མཆོག་དང་སྲེད་མེད་ཀྱི་བུ་དང་བདུན་གོང་ནས་གོང་དུ་བཅུ་བཅུས་གླགས་པ་སྟེ་བསྒྱུར་བའི་སྟོབས་ནི་དེའི་བུའི་སྟོབས་ཡིན་ནོ། །ཁ་ཅིག་སྟོབས་མཆོག་བཅུའི་སྟོབས་དེ་ནི་སྲེད་མེད་ཀྱི་བུའི་སྟོབས་ཕྱེད་ཡིན་ནོ་ཞེས་སོ་སྐུའི་སྟོབས་ཇི་ལྟར་ཆེ་བ་དེ་ལྟར་རུང་སྟེ། ལྷས་བྱིན་གྱིས་བསད་པའི་གླང་ཆེན་གྱི་རོ་རྭ་བ་དང་འོབས་བདུན་ཟློ་བས་མཐའ་ཡས་པར་སློབ་དཔོན་བཞེད་དོ། །སྐུའི་སྟོབས་དེ་ནི་རེག་བྱ་འབྱུང་བའི་རང་བཞིན་ནམ། ཁ་ཅིག་སྔར་བཤད་པའི་འབྲས་བུའི་རེག་བྱ་ལས་གཞན་པའི་རེག་བྱའི་སྐྱེ་མཆེད་དོ་ཞེས་ཟེར་རོ། །གཉིས་པ་མི་འཇིགས་པ་ནི་རྣམ་པ་བཞིར་ངེས་ཏེ། རང་དོན་ཡེ་ཤེས་དང་སྤངས་པ་ལས་བརྩོམ་པ་གཉིས། གཞན་དོན་སྤང་བྱ་དང་གཉེན་པོ་ལས་བརྩོམ་པ་གཉིས་ཏེ་བཞིའོ། །དེ་ཇི་ལྟར་ན་སྟོབས་དང་པོ་ཤེས་པ་བཅུ་ཡིན་པ་བཞིན་མི་འཇིགས་པ་དང་པོ་ཡང་དེ་བཞིན་དུ་ཡིན་ཏེ། ཆོས་ཐམས་ཅད་སངས་རྒྱས་པ་ནི་ཤེས་བྱ་ཀུན་ལ་བློ་རྒྱས་པ་ཡིན་པའི་ཕྱིར་སྟོབས་བཅུ་པོ་ཤེས་པ་དྲུག་གམ་བཅུ་ཡིན་པ་དེ་བཞིན་དུ་མི་འཇིགས་པ་གཉིས་པ་ཡང་ཡིན་ཏེ། ཟག་པ་ཟད་དོ་ཞེས་པ་འགོག་པ་ཉིད་བཟུང་ན་དྲུག་དང་རྒྱུད་ཀྱི་མཁྱེན་པ་བཟུང་ན་བཅུའོ། །སྟོབས་གཉིས་པ་ཤེས་པ་བརྒྱད་ཡིན་པ་བཞིན་མི་འཇིགས་པ་གསུམ་པ་ཡང་དེ་བཞིན་དུ་ཡིན་ནོ། །གསུམ་པ་ནི་བར་ཆད་ཀྱི་ཆོས་སྡུག་ཀུན་གཉིས་ཡིན་པས་སོ། །སྟོབས་བདུན་པ་ཤེས་པ་དགུའམ་བཅུ་ཡིན་པ་བཞིན་དུ་མི་འཇིགས་པ་བཞི་པ་ཡིན་ཏེ། བཞི་པ་ཡང་ངེས་འབྱིན་གྱི་ལམ་འབྲས་གཉིས་ཀ་བཟུང་ན་བཅུ་དང་ལམ་ཉིད་བཟུང་ན་དགུའོ། །མཁྱེན་པ་ཉིད་ཇི་ལྟར་མི་འཇིགས་པ་ཡིན་ཞེ་ན། བྱེ་སྨྲ་ན་རེ། ཤེས་པས་མངོན་སུམ་དུ་མཐོང་ནས་དེ་ལྟར་མ་ནོར་བར་གསུངས་པས་སོ་ཞེས་ལ། སློབ་དཔོན་ནི་འཇིགས་པ་ནི་སེམས་བྱུང་གཞན་ཡིན་ལ་དེའི་གཉེན་པོ་སེམས་བྱུང་ནི་མི་འཇིགས་པ་སྟེ་ཤེས་པ་རྒྱུར་བྱས་ནས་མི་སྐྲག་པར་འགྱུར་བས་ཤེས་པའི་འབྲས་བུའོ་ཞེས་སོ། །གསུམ་པ་དྲན་པ་ཉེ་བར་བཞག་པ་ནི། ཆགས་སྡང་གི་གཉེན་པོ་མ་བརྗེད་པའི་དྲན་པ་དང་བྱ་བ་ཡིན་མིན་ཤེས་པའི་ཤེས་བཞིན་གྱི་བདག་ཉིད་ཀུན་རྫོབ་ཤེས་པ་སྟེ་དེ་གསུམ་ཤེས་པ་ཁོ་ན་མ་ཡིན་ནོ། །མ་འདྲེས་པར་བཞག་པའི་རྒྱུ་ནི་ཅི་ཉན་ཐོས་ཁ་ཅིག་ཀྱང་དེ་ལྟ་བུ་ལ་ཆགས་སྡང་མི་འབྱུང་ངོ་ཞེ་ན། བྱེ་སྨྲ་ན་རེ། སངས་རྒྱས་ཀྱིས་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་ཞེས་བཞེད་ལ། སློབ་དཔོན་ནི་དེ་ཡང་སངས་རྒྱས་ཀྱི་ཆེ་བར་བཞག་གི་ཉན་ཐོས་ཀྱིས་མིན་ནོ་ཞེས་བཞེད་དོ། །བཞི་པ་ཐུགས་རྗེ་ཆེན་པོ་ནི་ཀུན་རྫོབ་ཀྱི་བློ་གཏི་མུག་མེད་པ་སྟེ། སུ་ནི་དང་། སུ་ནི་རྒུད་ཞེས་སོགས་ཉིན་མཚན་དྲུག་ཏུ་བརྩེ་བས་སོ། །ཅིའི་ཕྱིར་ཆེན་པོ་ཡིན་ཞེ་ན། གྲངས་མེད་གསུམ་གྱི་ཚོགས་གཉིས་ཆེན་པོས་འགྲུབ་པའི་ཕྱིར་དང་། དུཿཁ་གསུམ་དང་ལྡན་པ་ལ་བརྩེ་བས་རྣམ་པ་འཛིན་སྟངས་ཆེ་བ་དང་། སེམས་ཅན་ཐམས་ཅད་ལ་དམིགས་པས་སྤྱོད་ཡུལ་རྒྱ་ཆེ་བ་དང་། ཁམས་གསུམ་པའི་སེམས་ཅན་ལ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་སྒོ་ནས་སྡུག་མི་སྡུག་མཉམ་པར་འཇུག་པའི་ཕྱིར་དང་། བརྩེ་བའི་རྣམ་པ་ཆེས་ཆེ་བའི་ཕྱིར་ན་ཆེན་པོ་སྟེ། རྒྱུ་དང་ཡུལ་དང་ངོ་བོ་ཉིད་གསུམ་གྱིས་ཆེ་བར་བསྟན་ཏོ། །སྙིང་རྗེ་དང་ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན། རྣམ་པ་བརྒྱད་ཡོད་དེ། ངོ་བོ་ཞེ་སྡང་གཏི་མུག་མེད། །དམིགས་པ་ཁམས་གཅིག་ཁམས་གསུམ་པ། །རྣམ་པ་དུཿཁ་ཅིག་དང་གསུམ། །ས་ནི་བསམ་གཏན་བཞི་བཞི་པ། །རྒྱུད་ནི་ཉན་ཐོས་སོགས་དང་རྒྱལ། །ཐོབ་པ་འདོད་དང་སྲིད་རྩེའི་བྲལ། །དོན་ནི་ཡོངས་སུ་སྐྱོབ་མི་སྐྱོབ། །ལས་ནི་མི་འདྲ་འདྲ་བར་འཇུག །ཅེས་པའོ། །གསུམ་པ་མཉམ་མི་མཉམ་གྱི་སྒོ་ནས་མཇུག་བསྡུ་བ་ནི། ཅི་སངས་རྒྱས་ཐམས་ཅད་དེ་དག་ལ་སོགས་པ་ཡོན་ཏན་ཀུན་གྱིས་མཉམ་མམ་ཞེ་ན། ཡེ་ཤེས་རྒྱུ་ཚོགས་གཉིས་རྒྱུན་རིང་ཐུང་སོགས་ཅུང་ཟད་ཡོད་ཀྱང་ཡོངས་སུ་རྫོགས་པས་འགྲུབ་པ་དང་། འབྲས་བུ་ཆོས་ཀྱི་སྐུ་ཡོངས་སུ་འགྲུབ་པ་དང་ཕན་འདོགས་པ་འགྲོ་བ་མཐོ་རིས་དང་བྱང་གྲོལ་ལ་འགོད་པའི་དོན་གྲངས་མི་མཚུངས་ཀྱང་གཅིག་གི་མཛད་སྤྱོད་ཀུན་གྱིས་མཛད་ཅིང་སྤྱོད་པས། ཆོས་དེ་གསུམ་གྱི་སྒོ་ནས་མཉམ་པ་ཉིད་ཡིན་ལ། དེ་ལས་གཞན་དུ་སངས་རྒྱས་བཟང་ངན་དུ་འགྱུར་བའི་ཕྱིར་རོ། །སྐུ་ཚེ་དང་རིགས་དང་སྐུ་བོང་ཚོད་ཀྱིས་ནི་མཉམ་པ་མིན་ཏེ་གདུལ་བྱ་དང་མཐུན་པར་མཇུག་པས་སོ། །དེ་ཡང་རྟོགས་པ་བརྗོད་པ་ཆེན་པོའི་མདོ་ལས། རྣམ་གཟིགས་ཀྱི་ཚེ་ཚད་ནི་ལོ་སྟོང་ཕྲག་བརྒྱད་ཅུ་དང་། སྟོན་པའི་ནི་བརྒྱ་དང་། རིགས་ནི་རྣམ་གཟིགས་རྒྱལ་རིགས་སུ་གྱུར་པ་དང་། གཙུག་ཏོར་ནས་འོད་སྲུང་གི་བར་བྲམ་ཟེ་དང་། སྟོན་པ་ནི་གོའུ་ཏ་མར་གྱུར་པ་དང་། སྐུ་ཚད་ནི་སྟོན་པ་ཁྲུ་བཞི་པ་དང་བྱམས་པ་ཁྲུ་བརྒྱད་ཅུ་པར་གྱུར་པ་གསུངས་པ་ལྟ་བུའོ། །དེ་ལ་རིགས་སྤྱི་ཡིན་ལ་གདུང་ནང་ཚན་ནོ། །གཉིས་པ་ཐུན་མོང་བའི་ཡོན་ཏན་ལ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། སངས་རྒྱས་རྣམས་ཀྱི་ཡོན་ཏན་གྱི་ཆོས་གཞན་དག་ནི་དངོས་པོ་ལ་ཁྱད་པར་ཆེར་ཡོད་ཀྱང་གཞན་ལའང་རིགས་འདྲ་མཚན་ཉིད་པ་ཡོད་པས་སློབ་མ་ཉན་ཐོས་དང་ཐུན་མོང་བ་ཡིན་ལ། དེ་ནི་ཉོན་མོངས་མེད་པ་དང་སྨོན་ནས་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པའི་ཡོན་ཏན་དང་། སོགས་པ་ཟག་ཟད་མངོན་ཤེས་དང་འགོག་པའི་རྣམ་ཐར་རོ། །ཁ་ཅིག་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་བ་ཡིན་ཏེ། དེ་ནི་མངོན་ཤེས་སོགས་སོ། །གཉིས་པ་ལ། འཕགས་པ་དང་ཐུན་མོང་བ། ཕལ་ཆེར་སོ་སྐྱེ་དང་ཐུན་མོང་བ་གཉིས་ལས་སོ། །དང་པོ་ལ། སོ་སོའི་ངོ་བོ། དེ་རྣམས་ཐུན་མོང་གི་ཐོབ་ཚུལ་ལོ། །དང་པོ་ལ་ཉོན་མོངས་མེད་པ། སྨོན་ནས་ཤེས་པ། སོ་སོ་ཡང་དག་རིག་པའོ། །དང་པོ་ནི། ཉོན་མོངས་མེད་པ་དེའི་ངོ་བོ་ནི་ཀུན་རྫོབ་ཤེས་པ་སྟེ་ཏིང་ངེ་འཛིན་གྱིས་བདག་ལ་ཉོན་མོངས་བསྐྱེད་པར་འགྱུར་བར་རིག་ནས། ཇི་ལྟར་ན་མི་སྐྱེ་བར་འགྱུར་སྙམ་དུ་མཐོང་བ་ལ་སོགས་པའི་ཐབས་ལ་སྤྱོད་ཅིང་། དེ་ལས་ལངས་པའི་ཚེ་སྔར་དང་རྗེས་སུ་མཐུན་པར་གཞན་གྱི་སེམས་སྲུང་བའི་ཐབས་ཀྱི་ཁྱད་པར་ཡིན་གྱི། ཏིང་ངེ་འཛིན་སྐྱེས་ཙམ་ཁོ་ནའི་མཐུས་ཉོན་མོངས་མི་སྐྱེ་བ་མིན་ནོ། །དེ་སྒོམ་པའི་དགོས་པ་ནི་སེམས་ཅན་ལ་དུཿཁ་མི་བསྐྱེད་པའི་ཕྱིར་ཏེ། དེ་ནི་ཕལ་ཆེར་ཉོན་མོངས་པ་ལས་སྐྱེ་ཞིང་། རང་ཉིད་ཀྱང་ཡོན་གནས་ཁྱད་པར་དུ་རིག་ནས་བདག་ལ་གཞན་གྱིས་ཉོན་མོངས་མི་སྐྱེ་བར་བྱེད་པའོ། །བསྡུ་བར་དགོས་པ་གསུམ་བཤད་དོ། །ས་ནི་བསམ་གཏན་གྱི་མཐའ་བཞི་པ་ན་ཡོད་དེ། དེ་ལམ་སླ་བའི་མཆོག་ཡིན་པས་སོ། །གང་སྤེལ་ལས། སྡུག་བསྔལ་གྱི་རྒྱུ་དང་འགལ་བ་དང་ལམ་སླ་བས་ཞེས་བཤད། རྟེན་ནི་དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་ཁོ་ནས་བསྐྱེད་དེ་གཞན་ནི་ཉམས་པ་སྲིད་པ་དང་། སློབ་པ་གཉིས་ནི་རང་གི་ཡང་མ་སྤངས་ན་གཞན་གྱི་ག་ལ་ནུས། དེ་ཡང་གླིང་གསུམ་གྱི་མིས་བསྐྱེད་དེ། བློ་གསལ་བ་དང་གྲོགས་ཉོན་མོངས་མང་བ་དང་ལྷན་ཅིག་ཡིན་པའི་ཕྱིར་རོ། །རང་དང་གནས་ལ་སོགས་པ་ལ་ཡང་ཅུང་ཟད་དམིགས་ཀྱང་ཆེད་དུ་བྱ་བའི་ཡུལ་ཉོན་མོངས་པ་ནི་འདོད་པར་གཏོགས་པ་སྟེ། མིའི་འཕགས་པ་ལ་འདོད་པའི་སེམས་ཅན་གྱིས་ཉོན་མོངས་བསྐྱེད་པའི་ཕྱིར་རོ། །དེ་སྐྱེས་ཟིན་སྤོང་མི་ནུས་པས་མ་སྐྱེས་པ་དང་། དེ་ཡང་གཞི་མེད་མཐོང་སྤང་གི་ཀུན་འགྲོ་ནི་རང་ས་ཐམས་ཅད་ལ་དམིགས་ཤིང་གཞན་འཕགས་པ་ལ་མི་དམིགས་པས་གཞི་དང་བཅས་པ་སྒོམ་སྤང་ཉོན་མོངས་སྤྱོད་ཡུལ་དུ་བྱས་ནས་མི་སྐྱེ་བར་གྱུར་ཅིག་སྙམ་པའི་རྣམ་པ་ཅན་ནོ། །གཉིས་པ་ནི། སྨོན་ནས་ཤེས་པའི་ངོ་བོ་ནི་འདི་ཤེས་པར་བྱའོ་ཞེས་སྨོན་པའམ་བསམ་པ་སྔར་བཏང་ནས་སྐྱེ་བ་སྔ་ཕྱི་ལ་སོགས་པ་ཤེས་པ་སྟེ། ངོ་བོ་ལ་སོགས་པ་བཞི་ནི་དེའང་ཉོན་མོངས་མེད་པ་དེ་བཞིན་ནོ། །དེའི་དམིགས་པ་ནི་སྟོབས་ལྟར་ཐོགས་མེད་མིན་ཡང་ཉོན་མོངས་པས་ལྷག་པའམ་ཕལ་ཆེ་བས་ཆོས་ཐམས་ཅད་དེ། བྱེ་སྨྲ་ན་རེ། འདི་ཡང་གོང་ས་ཡུལ་མིན་པས་གཟུགས་མེད་ཀྱི་ཚེ་སྔ་ཕྱི་དངོས་སུ་མི་ཤེས་ཀྱི་རྗེས་སུ་དཔག་ནས་ཤེས་པར་ཟད་དེ། འབྲུ་ལས་ཞིང་ལྟར་ཞེས་བཤད་དོ། །གཞན་དག་སངས་རྒྱས་ཀྱིས་དངོས་སུ་ཤེས་པར་འདོད་དོ། །གསུམ་པ་ནི། སོ་སོ་ཡང་དག་རིག་པ་ནི་བཞི་སྟེ། ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །ཉོན་མོངས་མེད་པ་དེ་བཞིན་དུ་འདི་ཡང་གང་ཟག་དང་རྟེན་འདྲ་ལ་གཞན་རྣམས་ནི་མི་འདྲ་སྟེ། དང་པོ་གསུམ་གྱི་ཡུལ་ནི་གོ་རིམ་བཞིན་དུ་དོན་འདིའི་མིང་ནི་སྔོན་གྲགས་པ་འདིའོ་ཞེས་པ་དང་། ཆོས་ནི་བསྟན་པའི་ཆོས་ཏེ་དེའི་མིང་ཚིག་གི་ཡི་གེའི་ཚོགས་ལ་ཐོགས་པ་མེད་པར་ཤེས་པ་དང་མིང་འདིའི་དོན་ནི་འདིའོ་ཞེས་སམ། དོན་གྱི་མཆོག་ཐར་པའི་དངོས་པོའམ་མཚན་ཉིད་ཐོགས་མེད་དུ་ཤེས་པ་དང་། ངག་སྒྲ་ཐ་དད་པའི་རྒྱུ་མཚན་ལ་ཐོགས་མེད་དུ་ཤེས་ལ། བཞི་པ་ནི་རིགས་པ་ཏེ་དོན་དང་འབྲེལ་བས་ཐགས་ཐོགས་མེད་པ་སྟེ། ཅི་ལ་ཞེ་ན། དོན་དང་འབྲེལ་བའི་ངག་མངོན་པར་བརྗོད་པའམ་རྒོལ་ཕྱིར་རྒོལ་སྒྲུབ་པ་དང་སུན་འབྱིན་གྱི་འབེལ་བའི་གཏམ་ལ་དབང་བ་སྟེ་ཐོགས་མེད་དུ་ངག་ཀུན་ནས་སློང་བར་བྱེད་ཅིང་ལམ་ནི་ཏིང་ངེ་འཛིན་ཐོབ་པ་མི་བརྗེད་པའི་སྒོ་ནས་ཇི་ལྟར་འདོད་པར་འཇུག་པའམ་རང་ངམ་གཞན་གྱིས་མི་ཐོབ་པར་ཤེས་པ་ལ་དབང་བ་ཉིད་ལ་སྟེ་ཐོགས་པ་མེད་པས་དེའི་དམིགས་པ་ནི་ངག་དང་ལམ་ཞེས་བཤད་པ་ཡུལ་གཞན་ཡོད་པར་མཚོན་པའོ། །མཚན་ཉིད་ནི་བཞི་པའི་ཤེས་དགུའི་རང་བཞིན་ཏེ་འགོག་ཤེས་བོར་བའོ། །འདི་ནི་ས་ཐམས་ཅད་པ་ཡིན་ཏེ། ངག་ལམ་གཉིས་གང་རུང་ལ་དམིགས་པས་སོ། །དོན་སོ་སོ་ཡང་དག་པར་རིག་པ་ནི་ཤེས་པ་བཅུའམ་དྲུག་ཡིན་ཏེ། དོན་ཆོས་ཐམས་ཅད་ཡིན་ན་བཅུ་དང་། མྱང་འདས་ཡིན་ན་འགོག་ཤེས་ཆ་ཤས་ལྔ་ཀུན་རྫོབ་ཤེས་པའོ། །དེ་ནི་ས་ཀུན་ན་ཡོད་དོ། །གཞན་གཉིས་ནི་ཀུན་རྫོབ་ཤེས་པའི་རང་བཞིན་ཏེ། མིང་ལ་སོགས་པ་དག་ལ་དམིགས་པས་སོ། །ཆོས་རིགས་ནི་འདོད་པ་དང་བསམ་གཏན་བཞི་ན་ཡོད་དེ། ཡན་ཆད་ན་མིང་གི་ཚོགས་མེད་པས་སོ། །ངག་སྟེ་ངེས་པའི་ཚིག་རིག་པ་ནི་འདོད་པ་དང་བསམ་གཏན་དང་པོ་ཁོ་ན་ན་ཡོད་དེ། ཡན་ཆད་ན་རྟོག་པ་མེད་པས་སོ། །ཊཱི་ཀར་ངེས་ཚིག་ལས་གཞན་གསུམ་མཉམ་རྗེས་ཅིག་ཅར་དུ་བཤད་ཅིང་། ཁ་ཅིག་ཆོས་རིག་རྗེས་ཐོབ་ཐོས་བསམ་གྱི་ངོ་བོ་ཡིན་ཞེས་ཟེར་རོ། །གང་རུང་གཅིག་མ་ཚང་བར་ནི་བཞི་པོ་དེ་ཐོབ་པ་མེད་དེ། གཅིག་ཡོད་ན་ཀུན་ཡོད་པར་ངེས་པའི་ཕྱིར་རོ། །དེ་དག་བསྐྱེད་པའི་སྔོན་གྱི་སྦྱོར་བ་ནི་རིམ་བཞིན་ཨངྐ་བསྒྱུར་བ་ལ་སོགས་པའི་རྩིས་དང་། སངས་རྒྱས་ཀྱི་བཀའ་དང་། སྒྲ་དང་གཏན་ཚིགས་རིགས་པ་ལ་མཁས་པར་བྱའོ་ཞེས་ཁ་ཅིག་འདོད། འོན་ཀྱང་དང་པོ་གཉིས་བཟློག་ན་ལག་རྗེས་མཐུན་ནོ་ཞེས་གཞན་དག་ཟེར་རོ། །བྱེ་སྨྲ་ནི་ཐམས་ཅད་ཀྱི་སྦྱོར་བ་བཀའ་ཁོ་ནར་འདོད་དོ། །ཚིག་ལས་དོན་རྟོགས་ནས་སྒྲ་བཤད་པ་ངེས་ཤིང་ཐོགས་པ་མེད་པར་བསྒྱུར་བས་གོ་རིམ་ཡང་གྲུབ་བོ། །གཉིས་པ་འཐོབ་ཚུལ་ནི། ཡོན་ཏན་དྲུག་པོ་དེ་དག་ནི་རབ་ཀྱི་མཐའི་བསམ་གཏན་གྱི་སྟོབས་ཀྱིས་འཐོབ་ལ། རབ་མཐའ་དེ་ནི་རྣམ་པ་དྲུག་སྟེ་སྔར་གྱི་དྲུག་ལས་ངེས་ཚིག་བོར་བ་ལྔ་དང་རབ་མཐའ་ཙམ་པོའོ། །རབ་མཐའ་དེ་གང་ཞེ་ན། བསམ་གཏན་ཐམས་ཅད་ཀྱི་མཆོག་ཡིན་པས་བཞི་པ་ཁོ་ན་རབ་མཐའ་ཡིན་ལ། བཞི་པ་དེ་ནི་འདོད་པ་ནས་སྲིད་རྩེའི་བར་ས་ཀུན་གྱིས་མཐར་གྱིས་གནས་པ་ལུགས་མཐུན་དང་ལུགས་དང་མི་མཐུན་པར་ཞུགས་པས་མཐུན་པ་སྟེ། རྒྱུར་བྱས་པས་ཆུང་ངུ་ལས་འབྲིང་དང་དེ་ལས་ཆེན་པོར་འཕེལ་བའི་རབ་ཀྱི་མུ་མཐར་ཕྱིན་པས་ན་མུ་བཞི་པ་ལྟར་གྱི་མཐའ་པ་ཡིན་ནོ། །ཡོན་ཏན་དྲུག་པོ་དེ་དག་ཀྱང་སངས་རྒྱས་ལས་གཞན་པའི་ནི་སྦྱོར་བ་ལས་སྐྱེས་པ་ཡིན་གྱི། འདོད་ཆགས་དང་བྲལ་བ་ལས་ཐོབ་པ་ནི་མ་ཡིན་ནོ། །སངས་རྒྱས་ཀྱི་ནི་སྦྱོར་བ་ལས་བྱུང་བ་ནི་ཅུང་ཟད་ཀྱང་མེད་དེ། ཡོན་ཏན་ཐམས་ཅད་མངོན་དུ་གྱུར་པ་བཞེད་པ་ཙམ་ལ་རག་ལས་པའི་ཕྱིར་རོ། །གཉིས་པ་སོ་སྐྱེ་དང་ཐུན་མོང་བ་ལ་དྲུག་སྟེ། དབྱེ་བ། ངོ་བོ། ས། སྤྱོད་ཡུལ། འཐོབ་ཚུལ། དེ་དག་གཏན་ལ་ཕབ་པའོ། །དང་པོ་ནི། གོང་དུ་མངོན་པར་ཤེས་པ་ཞེས་གསུངས་པ་ཅི་ཞེ་ན་མངོན་ཤེས་ནི་དྲུག་སྟེ་རྫུ་འཕྲུལ་གྱི་མངོན་ཤེས་དང་། ལྷའི་རྣ་བའི་དང་ཡིད་དེ་གཞན་སེམས་ཤེས་པ་དང་། སྔོན་གྱི་ཚེ་རབས་རྗེས་སུ་དྲན་པ་དང་། འཆི་འཕོ་བ་དང་སྐྱེ་བ་མཐོང་བ་ལྷའི་མིག་གི་དང་། ཟག་པ་ཟད་པ་མངོན་དུ་བྱ་བའི་མངོན་ཤེས་སོ། །གཉིས་པ་ནི། དེ་ཐམས་ཅད་རྣམ་པར་གྲོལ་བའི་ལམ་གྱིས་བསྡུས་པའི་བློ་ཤེས་རབ་ཀྱི་རང་བཞིན་ཡིན་ཏེ། བར་ཆད་མེད་པའི་ཚེ་ཤེས་མི་ནུས་པའི་ཕྱིར་རོ། །མིག་རྣ་གཉིས་རྣམ་གྲོལ་དངོས་མིན་ཡང་རྒྱུའི་མིང་བཏགས་པའོ། །གསུམ་པ་དང་དྲུག་པ་ལས་གཞན་བཞི་ནི་ཀུན་རྫོབ་ཤེས་པ་ཡིན་ལ། སེམས་ཤེས་ལ་ནི་ཤེས་པ་ལྔའི་ཆ་ཡོད་པ་ཡིན་ཏེ། ཆོས་རྗེས་ལམ་ཀུན་རྫོབ་རང་དང་ལྔའོ། །ཟད་པའི་མངོན་ཤེས་ནི་སྟོབས་བཞིན་དུ་ཤེས་པ་དྲུག་གམ་བཅུ་ཡིན་ལ། འོན་ཀྱང་ཐོགས་མེད་དུ་འཇུག་པ་ནི་མིན་ནོ། །འདི་ནི་ས་ཐམས་ཅད་པ་ཡང་ཡིན་ནོ། །གསུམ་པ་ནི། ལྷག་མ་ལྔ་ནི་བསམ་གཏན་བཞི་པོ་དག་གི་ས་པ་ཡིན་ནོ། །མིག་རྣའི་མངོན་ཤེས་དང་པོའི་ས་པ་ཡིན་ཞིང་གོང་མ་གསུམ་གྱི་ས་པར་བཞག་པ་ནི་རྟེན་ནམ་ཐོབ་བྱེད་བར་ཆད་མེད་པའི་དབང་དུ་བྱས་པའོ། །གཟུགས་མེད་ཀྱི་ས་པ་མེད་དེ་སེམས་ཤེས་ནི་གཟུགས་ལ་སྟེགས་བཅས་ཏེ་སྒྲུབ་པས་མེད་ལ། སྔོན་གནས་རྗེས་དྲན་ཡང་མཐར་གྱིས་སྔོན་གནས་དྲན་པས་འགྲུབ་ལ། གཟུགས་མེད་ནི་སྔོན་གནས་འོག་ས་པ་དང་རྒྱུ་སོགས་མི་འཛིན་པའི་ཕྱིར་མེད་ལ། ལྷག་མ་གསུམ་ནི་གཟུགས་ལ་དམིགས་པའི་ཕྱིར་མེད་དོ། །བཞི་པ་ནི། རང་ས་དང་འོག་སའི་སྤྱོད་ཡུལ་ཅན་ཡིན་པས། དང་པོ་ཡང་ས་དེའམ་འོག་མར་འགྲོ་བའམ། དེ་གཉིས་སྤྲུལ་པར་བྱེད་ཀྱི་གོང་དུ་མ་ཡིན་ལ། དེ་བཞིན་དུ་གཉིས་པས་ཀྱང་རང་ས་དང་འོག་སའི་སྒྲ་ཐོས་ཀྱི་གོང་མའི་མིན་པ་སོགས་སྦྱར་རོ། །ལྔ་པ་ནི། འཐོབ་བྱ་ཚེ་རབས་ཉེ་ལམ་དུ་མ་འདྲིས་ན་སྦྱོར་བས་འཐོབ་ལ། འདྲིས་པ་ནི་ཆགས་བྲལ་གྱིས་ཐོབ་ཅིང་ཐམས་ཅད་ཀྱང་མངོན་དུ་ནི་སྦྱོར་བ་ཁོ་ནས་འགྱུར་རོ། །དྲུག་པ་ལ། ཐུན་མོང་དུ་དང་། ཁྱད་པར་དུ་གཏན་ལ་ཕབ་པའོ། །དང་པོ་ལ། དྲན་པ་ཉེར་གཞག་བཞི། དགེ་སོགས་གསུམ། རིགས་པ་གསུམ། ཆོ་འཕྲུལ་གསུམ་དང་སྦྱར་བའོ། །དང་པོ་ནི། མངོན་ཤེས་གསུམ་པ་ནི་དྲན་པ་ཉེ་བར་གཞག་པ་ཕྱི་མ་གསུམ་ཡིན་ལ། རྫུ་འཕྲུལ་དང་རྣ་བ་དང་མིག་གི་མངོན་ཤེས་གསུམ་ནི་དྲན་པ་ཉེར་གཞག་དང་པོ་ཡིན་ཏེ། རིམ་བཞིན་ཕྱིའི་སྐྱེ་མཆེད་བཞི་དང་སྒྲ་དང་གཟུགས་ལ་དམིགས་པས་སོ། །སྔོན་གནས་དྲན་པ་ནི་ལུས་སོགས་བཞི་ཆར་ཤེས་པས་བཞི་ཆར་དང་། དྲུག་པ་ནི་ཤེས་པ་བཅུའམ་དྲུག་གི་བྱེ་བྲག་གི་བཞིའམ་ཐ་མའོ། །གཉིས་པ་ནི། མིག་དང་རྣ་བའི་མངོན་ཤེས་ནི་ལུང་མ་བསྟན་ཏེ། དེ་ཡང་གོང་ས་གསུམ་ལ་བརྟེན་པ་ཕལ་ཆེ་བ་ལ་བསམ་པའོ། །དང་པོ་ཉིད་ལ་བརྟེན་པ་དགེ་བ་ཡང་ཡོད་ཅེས་རྒྱལ་སྲས་སོ། །ཀླུ་མེས་ན་རེ། སྐྱེས་ཐོབ་ཀྱི་དགེ་བ་སྒོ་ལྔའི་འཁོར་དུ་བྱུང་ཡང་མངོན་ཤེས་མིན་ལ། སྦྱོར་བྱུང་གི་དགེ་བ་ཤེས་རབ་གསུམ་དེའི་འཁོར་དུ་མི་འབྱུང་བས་ལུང་མ་བསྟན་ཁོ་ནའོ་ཞེས་སོ། །ལྷག་མ་རྣམས་ནི་དགེ་བ་ཁོ་ནའོ། །གསུམ་པ་ནི། མདོ་ལས། རིགས་པ་གསུམ་པོ་ཕུན་ཚོགས་ལས། །དེའི་ཕྱིར་གསུམ་རིག་ཅེས་བྱའོ། །ཞེས་དང་ཡང་སྡེ་སྣོད་གསུམ་པ་ཡིན་རིག་པ་གསུམ་པ་ཡིན་ཞེས་པའི་རིག་པ་གང་ཞེ་ན། མངོན་ཤེས་ཐ་མ་གསུམ་ནི་ཆོད་པའི་དོན་ཤེས་པས་མི་སློབ་པའི་རིག་པ་གསུམ་པོ་ཞེས་བྱ་སྟེ། སྔོན་གནས་དང་། འཆི་འཕོ་སྐྱེ་བ་དང་། ཟག་པ་ཟད་པ་མངོན་དུ་བྱ་བའི་རིག་པའོ། །གསུམ་ཁོ་ནར་ངེས་པ་ནི། སྔོན་མཐའ་ལ་སོགས་པ་མ་རིག་པ་ནི་བཟློག་པའི་ཕྱིར་དུ་སྟེ། འདི་དག་ནི་རིམ་བཞིན་སྔོན་མཐའ་ཕྱི་མཐའ་བར་ལ་རྨོངས་པ་ཟློག་པར་བྱེད་པའི་ཕྱིར་རོ། །དེ་ཡང་མི་སློབ་པ་ཡིན་ལ་རིག་པ་ཡང་ཡིན་པ་ནི་ཟག་པ་ཟད་པའི་ཤེས་པ་ཟག་མེད་ཡིན་ལ། དེའི་ཟག་བཅས་དང་གཞན་གཉིས་ནི་ཀུན་རྫོབ་ཤེས་པ་ཡིན་པས་མི་སློབ་པའི་ངོ་བོ་མིན་ཡང་། དེའི་རྒྱུད་ལ་སྐྱེས་པའི་ཕྱིར་མི་སློབ་པ་དེའི་རིག་པ་ཞེས་བྱའོ། །རིག་པ་དང་པོ་གཉིས་སློབ་པ་ཆགས་བྲལ་ལ་ཡོད་པར་འདོད་མོད་ཀྱི་མདོ་ལས་རིག་པར་མ་བཤད་དེ། མ་རིག་པས་ཟིལ་གྱིས་གནོན་པ་དང་བཅས་པའི་རྒྱུད་ཡིན་པའི་ཕྱིར། དཔེར་ན་རྣམ་གྲོལ་མ་བཤད་པ་བཞིན་ནོ། །བཞི་པ་ནི། མངོན་ཤེས་དང་པོ་དང་གསུམ་པ་དང་དྲུག་པ་གསུམ་ནི་རྫུ་འཕྲུལ་དང་ཀུན་བརྗོད་པ་དང་རྗེས་སུ་མཐུན་པའི་ཆོ་འཕྲུལ་རྣམས་སུ་མདོ་ལས་གསུངས་སོ། །སྒྲ་དོན་ནི་ཧ་རའི་སྒྲ་ལས་ཡིད་འཕྲོག་པར་བྱེད་པས་ཆོ་འཕྲུལ་ཏེ། ཐོག་མ་དང་བར་དང་ཐ་མ་གསུམ་མམ། བསྟན་པ་ལ་ཞེ་འགྲས་པ་དང་ཐ་མལ་པར་གནས་པ་དང་ཞུགས་པའི་ཡིད་འཕྲོག་པར་བྱེད་པའོ། །དེ་གསུམ་ལས་རྗེས་སུ་བསྟན་པ་ནི་མཆོག་ཡིན་ཏེ། རྒྱུ་མི་འཁྲུལ་བའི་ཕྱིར་དང་། དང་པོ་གཉིས་ནི་དངོས་སུ་འབྲས་བུ་ལ་མི་སྦྱོར་ལ་འདི་ནི་ཚེ་འདིར་ཉོན་མོངས་དང་བྲལ་བས་ཕན་པ་དང་། ཕྱི་མར་སྡུག་བསྔལ་གྱི་འཁོར་བ་དང་བྲལ་བར་བྱེད་པས་ཡིད་དུ་འོང་བའམ། གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ལ་སྦྱོར་བར་བྱེད་པའི་ཕྱིར་རོ། །གཉིས་པ་ལ། རྫུ་འཕྲུལ་གྱི་མངོན་ཤེས། མིག་རྣའི་མངོན་ཤེས། སྐྱེས་ཐོབ་ཀྱི་རང་བཞིན་ནོ། །དང་པོ་ལ། རྫུ་འཕྲུལ་གྱི་ཁྱད་པར། སྤྲུལ་སེམས་ངོས་གཟུང་བ། དེས་ཇི་ལྟར་སྤྲུལ་པ། སྤྲུལ་སེམས་ཀྱི་ངོ་བོ། རྫུ་འཕྲུལ་གྱི་དབྱེ་བའོ། །དང་པོ་ནི། རྫུ་འཕྲུལ་ནི་རི་ཧི་ཞེས་པ་འདིས་འབྱོར་བར་བྱེད་པས་ན་རྫུ་འཕྲུལ་ཏེ་ཏིང་ངེ་འཛིན་ནོ། །རྫུ་འཕྲུལ་དེ་ལས་ཅི་འབྱོར་པའི་ཡུལ་ནི་སྤྲུལ་པ་དང་འགྲོ་བ་གཉིས་ལས། འགྲོ་བ་ལ་གསུམ་སྟེ། བྱ་ལྟར་ལུས་ཕྱིན་བྱེད་དང་། ལམ་རིང་པོ་ཡང་ཐུང་ངུར་མོས་པས་མྱུར་དུ་འགྲོ་བ་མོས་པ་ལས་བྱུང་བ་དང་། ཡིད་ལྟར་མགྱོགས་པའི་འགྲོ་བའོ། །སྟོན་པ་ལ་བྱང་ཕྱོགས་འོད་ཟེར་ཅན་དུ་མོའུ་འགལ་གྱི་བུའི་མ་བཏུལ་ནས་ཚུར་བྱོན་པ་ལྟ་བུ་ཡིད་མགྱོགས་ཀྱི་འགྲོ་བ་མངའ་སྟེ། དེས་ན་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་བོ་ཞེས་གསུངས་སོ། །ཉན་ཐོས་སོགས་གཞན་དག་ལ་ལུས་ཕྱིན་བྱེད་དང་། རྒྱལ་བུ་ཐམས་ཅད་སྒྲོལ། བྷངྒ་ལར་འགྲོ་བ་ལ་གནོད་སྦྱིན་རྣམས་ཀྱིས་མོས་པས་ཕྱིན་པ་ལྟ་བུ་མོས་པ་ལས་བྱུང་བ་ཡོད་ལ། ཡང་གི་སྒྲས་སྟོན་པ་ལ་ཤིན་ཏུ་ཡང་མངའ་བར་བསྟན་ཏོ། །སྤྲུལ་པ་ལ་གཉིས་ལས། འདོད་པར་གཏོགས་པའི་སྤྲུལ་པའི་ངོ་བོ་ནི་ཕྱི་ཡི་སྐྱེ་མཆེད་བཞི་ཁོ་ན་སྟེ། འདོད་པའི་སྤྲུལ་སེམས་མེད་པར་བཤད་པས་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དང་། སེམས་ཅན་གསར་སྐྱེ་མེད་པས་དབང་པོ་ལྔ་དང་། རྒྱུན་མེད་པས་སྒྲ་སྤྲུལ་མི་ནུས་པའི་ཕྱིར་རོ། །དེ་ཡང་དབྱེ་ན་རྣམ་པ་གཉིས་ཏེ། རང་རྟ་གླང་སོགས་སུ་སྤྲུལ་པ་རང་རྒྱུད་དང་འབྲེལ་བ་དང་། རང་ལས་ཕྱི་རོལ་དུ་སྤྲུལ་པ་གཞན་རྒྱུད་དང་འབྲེལ་བ་གཉིས་སོ། །གཟུགས་སུ་གཏོགས་པའི་སྤྲུལ་པ་ནི་དྲི་རོ་གཉིས་མེད་པས་གཞན་གཉིས་ཁོ་ན་སྤྲུལ་ལ། དེ་ཡང་རང་བཞིན་གྱི་ལུས་དང་འབྲེལ་བ་གཉིས་ཏེ། དེ་ལྟར་ན་སྐྱེ་མཆེད་བཞི་པོ་དེ་རྟེན་འདོད་གཟུགས་ཀྱི་དབྱེ་བས་བརྒྱད་དོ། །འོ་ན་གཟུགས་སུ་སྐྱེས་པས་རང་རྒྱུད་དང་འབྲེལ་པ་བཞི་སྤྲུལ་ན་དྲི་རོ་དང་ལྡན་པར་འགྱུར་རོ་ཞེ་ན། གོས་དང་རྒྱན་ལུས་དང་འབྲེལ་ཡང་སེམས་ཅན་ཐམས་ཅད་དབང་རྟེན་མིན་པ་ལྟར་དྲི་རོ་ཡང་དེའི་ཉོན་མོངས་མི་རྒྱས་པས་མི་ལྡན་ལ། ཁ་ཅིག་སེམས་སྐྱེ་མཆེད་གཉིས་སྤྲུལ་ལོ་ཞེས་སོ། །གཉིས་པ་ནི། ཅི་མངོན་ཤེས་ཁོ་ནས་སྤྲུལ་ལམ་ཞེ་ན་མིན་ཏེ། ཏིང་ངེ་འཛིན་གྱིས་དེ་འབྱོར་ཞིང་འགྲུབ་པར་བྱེད་ལ། མངོན་ཤེས་ཀྱིས་སྤྲུལ་པ་ཇི་ལྟར་བྱ་ཤེས་ནས་དེ་ལས་ལངས་ཏེ་སྤྲུལ་སེམས་མངོན་དུ་བྱས་ནས་དེ་དེ་དག་གིས་དེ་དངོས་སུ་སྤྲུལ་ལ་འགྲོ་སེམས་ཀྱང་དེས་བསྡུས་པའོ། །སྤྲུལ་སེམས་དེ་དག་ཀྱང་ནི་དབྱེ་ན་བཅུ་བཞིའོ། །གང་ཞེ་ན། བསམ་གཏན་དང་པོའི་འབྲས་བུ་སྤྲུལ་པའི་སེམས་པ་གཉིས་ཡིན་པ་ནས། བཞི་པའི་འབྲས་བུ་ལྔ་ཡིན་པའི་བར་རོ། །དེ་དག་ཀྱང་རིམ་པ་བཞིན་དུ་བསམ་གཏན་དང་པོའི་སྤྲུལ་སེམས་ནི་རང་གི་འོག་ས་དང་རང་སའི་སྤྲུལ་སེམས་སོ། །བསམ་གཏན་འོག་མའི་འབྲས་བུ་ས་གོང་མ་ལས་སྐྱེས་པའི་སྤྲུལ་སེམས་ནི་ཡོད་པ་མིན་ནོ། །སྤྲུལ་སེམས་དེ་རྙེད་ཚུལ་ནི་བསམ་གཏན་བཞིན་དུ་འདོད་ཆགས་དང་བྲལ་བས་ཐོབ་བོ། །སྤྲུལ་སེམས་ཁོ་ནས་མཉམ་པར་མ་བཞག་པར་ལྡང་ངམ་ཞེ་ན། མིན་ཏེ། སྤྲུལ་སེམས་དེ་ནི་དག་པ་པ་མངོན་ཤེས་དང་རང་ཉིད་ལས་རྒྱུན་འབྱུང་ལ། དེ་ལས་ཀྱང་རྒྱུན་དང་དག་པ་པའི་བསམ་གཏན་གཉིས་སོ། །འོག་གིས། བྱིན་གྱིས་བརླབས་ནས་གཞན་འཇུག་ཕྱིར། །ཞེས་པའི་བྱིན་གྱིས་རློབས་པ་སྤྲུལ་སེམས་དག་པ་པ་གང་ཡིན་དཔྱད་དགོས་ཏེ། དང་པོ་ལྟར་ན་དེ་ལས་སྒྲ་སེམས་དང་གསུམ་འབྱུང་མོད་ཀྱི། འོན་ཀྱང་དེ་མ་ཐག་རྐྱེན་དུ་གོང་སའི་ལུང་མ་བསྟན་འབྱུང་བར་བཤད་པ་མེད་པ་ལྟར་གོང་ས་གཉིས་པ་ལ་སོགས་པའི་སྤྲུལ་སེམས་ལས་ཀྱང་འོག་ས་དང་པོ་པའི་སྨྲ་སེམས་མི་འབྱུང་བ་འདྲ་བས་དེ་བཞིན་དག་པ་པའོ་ཞེས་བཤད་དོ། །གསུམ་པ་ནི། རང་གི་ས་པའི་སྤྲུལ་སེམས་ཀྱིས་རང་སའི་སྤྲུལ་པ་སྤྲུལ་པར་བྱེད་ཀྱི། ས་གཞན་གྱི་སྤྲུལ་སེམས་ཀྱིས་ས་གཞན་གྱི་སྤྲུལ་པ་མི་སྤྲུལ་ལོ། །ངག་སྨྲར་འཇུག་པ་ནི་གཉིས་པ་ཡན་ཆད་ཀྱི་སྤྲུལ་པ་ས་འོག་མ་དང་པོའི་སྨྲ་སེམས་ལས་སྨྲ་སྟེ། གཉིས་པ་ཡན་ཆད་ན་རྣམ་པར་རིག་བྱེད་རྣམ་པར་རིག་པ་ཀུན་ནས་སློང་བར་བྱེད་པ་མེད་པའི་ཕྱིར་རོ་ཟེར། ཀྱང་གི་སྒྲས་འདོད་པའི་དང་དང་པོའི་རང་སས་སྨྲ་བར་འཕེན་ནོ། །སྟོན་པའི་སྤྲུལ་པ་ནི་བཞེད་པས་སྨྲ་བས་རང་ཉིད་གསུང་བ་ལ་མི་ལྟོས་ལ། དེ་མིན་པ་གཞན་གྱི་སྤྲུལ་པ་ནི་སྤྲུལ་པ་པོ་དང་བཅས་ནས་ཅིག་ཅར་སྨྲ་སྟེ། གཅིག་གཅིག་སྨྲ་བར་བྱེད་པ་ན། །སྤྲུལ་པ་ཐམས་ཅད་སྨྲ་བར་བྱེད། །གཅིག་གཅིག་མི་སྨྲར་གྱུར་པ་ན། །དེ་དག་ཐམས་ཅད་མི་སྨྲར་འགྱུར། །ཞེའོ། །ཅི་སྨྲ་སེམས་ཀྱི་ཚེ་སྤྲུལ་སེམས་མེད་ན་རྒྱུ་དེ་ལས་བྱུང་བའི་སྤྲུལ་པ་ཡང་མེད་པར་འགྱུར་བས་སུ་སྨྲ་ཞེ་ན། དང་པོ་སྦྱོར་བའི་ཚེ་སྤྲུལ་པ་བྱས་ལ་བྱིན་གྱིས་བརླབས་ཏེ་སྨྲར་འཇུག་གོ་ཞེས་འཕངས་ཏེ། སྤྲུལ་སེམས་ཀྱིས་སྤྲུལ་ནས་འདི་སྲིད་དུ་གནས་པར་གྱུར་ཅིག་ཅེས་བྱིན་གྱིས་བརླབས་ནས་གཞན་སྨྲ་སེམས་ཀྱིས་ངག་སྨྲ་བ་ལ་འཇུག་པའི་ཕྱིར། ཅི་གསོན་པོ་ཁོ་ན་ལ་བྱིན་རླབས་ཡོད་དམ་ཞེ་ན། སྤྲུལ་པ་པོ་ཤི་བ་ལ་ཡང་ཇི་སྲིད་འཕངས་པ་མ་རྫོགས་བར་དུ་བྱིན་རླབས་ཡོད་དེ། འོད་སྲུང་ཆེན་པོས་སྤྲུལ་པ་བྱིན་གྱིས་བརླབས་ནས་འདས་པའི་རྗེས་སུ་དེའི་སྤྲུལ་པས་དེའི་ཕྱག་གིས་རུས་པ་བསྣམས་ནས་ཆོས་བསྟན་པས་ཉན་ཐོས་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གིས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་ལུང་ཕྲན་ཚེགས་ལས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་རྙིང་རྗེ་པད་དཀར་ལས་ཀྱང་འབྱུང་ངོ་། །ཤ་ཁྲག་སོགས་མི་བརྟེན་པའི་དངོས་པོ་ལ་ནི་བྱིན་བརླབས་དེ་མེད་དེ། འོད་སྲུང་ཆེན་པོས་ཤ་སོགས་བྱིན་གྱིས་མ་བརླབས་པར་རུས་པ་སོགས་བྱིན་གྱིས་བརླབས་པའི་ཕྱིར་རོ། །གཞན་དག་ནི་ཤི་བ་ལ་བྱིན་རླབས་ཡོད་པ་མིན་ཏེ། འོད་སྲུང་གི་ཀེང་རུས་གནས་པ་ནི་གནས་གཙང་མའི་ལྷ་རྣམས་ཀྱི་མཐུའོ་ཞེས་སོ། །ཅི་སེམས་གཅིག་གིས་སྤྲུལ་པ་གཅིག་ཁོ་ན་སྤྲུལ་པར་བྱེད་དམ་ཞེ་ན། དང་པོར་ཐོབ་མ་ཐག་གི་སེམས་དུ་མས་སྤྲུལ་པ་གཅིག་སྤྲུལ་པར་བྱེད་པ་ཡིན་ལ། མངོན་ཤེས་བྱང་བར་གྱུར་ནས་ནི་བཟློག་པ་སྟེ་སེམས་གཅིག་གིས་སྤྲུལ་པ་དུ་མ་སྤྲུལ་ལོ། །བཞི་པ་ནི། གནས་གཉིས་པར་སྤྲུལ་སེམས་ལུང་མ་བསྟན་ཞེས་པ་དེ་ངེས་སམ་ཞེ་ན། སྒོམ་པ་ལས་སྐྱེས་པ་ནི་ལུང་མ་བསྟན་ཏེ། འདོད་པ་ལས་གྲོལ་བ་ཁོ་ན་ལ་ཡོད་པས་མི་དགེ་བ་མིན་ཞིང་གོང་སར་མངོན་དུ་འགྱུར་བས་དགེ་བ་མིན་པའི་ཕྱིར་རོ། །ལྷ་ཀླུ་ཤ་ཟ་སོགས་ལ་ཡོད་པའི་སྐྱེ་བ་ལས་སྐྱེས་པ་ནི་ཕན་གནོད་ལ་སོགས་པའི་དབང་གིས་རྣམ་པ་གསུམ་མོ། །ལྔ་པ་ནི། ཅི་རྫུ་འཕྲུལ་གཉིས་པོ་དེར་ཟད་དམ་ཞེ་ན། མ་ཟད་དེ། གཉིས་པོ་དེ་དང་སྔགས་ལས་བྱུང་བ་དང་སྨན་དག་ལས་བྱུང་བ་དང་ལས་ལས་སྐྱེས་པ་དང་རྣམ་པ་ལྔའོ། །གཉིས་པ་ནི། ཅི་ལྷའི་མིག་དང་རྣ་བ་ལྷའི་དངོས་སམ་འོན་ཏེ་འཁོར་ལོ་སྒྱུར་རྒྱལ་ལ་སོགས་པའི་ལྟར་འདྲ་བ་ལས་བཏགས་པ་ཡིན་ཞེ་ན། དངོས་ཡིན་ཏེ། འབྲས་བུ་སྐྱེ་བའི་བསམ་གཏན་བདག་གི་དང་ཁྱད་པར་མེད་དོ། །བརྟེན་པ་དེ་ནི་བསམ་གཏན་གྱི་མཐུས་སྔར་གྱི་དབང་པོའི་ཚོགས་པར་བསམ་གཏན་ས་པའི་འབྱུང་བ་རྒྱུར་བྱས་པའི་གཟུགས་ཅན་དང་བ་ཐོག་མར་གྲུབ་ནས་མ་ཞིག་གི་བར་རྟག་ཏུ་བརྟེན་བཅས་ཁོ་ན་སྟེ། རྟེན་གཅིག་གམ་གཉིས་ཀ་གཏན་ཞར་བ་དང་ལོང་བ་ལ་སོགས་པའི་མ་ཚང་བ་ལ་མེད་ཅེས་པའམ། གཉིས་ཀའི་ཆོས་སུ་སྦྱར་ཡང་རུང་ཞེས་འཆད་དོ། །ཡུལ་ནི་ཐག་རིང་བ་དང་ཆ་ཕྲ་བ་དང་། སོགས་པ་ནི་སྒྲིབ་པའི་སྤྱོད་ཡུལ་ཅན་ཏེ། གང་ཕྱིར་ཤ་ཡི་མིག་གིས་གཟུགས། །ཐག་རིང་གནས་དང་སྒྲིབ་པ་དང་། །ཕྲ་བ་ཐམས་ཅད་མི་མཐོང་ལྟར། །དེ་ཕྱིར་ལྷ་ཡིས་མཐོང་བར་འདོད། །ཅེས་སོ། ལྷའི་མིག་གིས་ཐག་ཇི་སྲིད་ཅིག་མཐོང་ཞེ་ན། ཉན་རང་སངས་རྒྱས་གསུམ་གྱིས་མངོན་པར་འདུ་བྱེད་པ་མེད་པར་རིམ་པ་བཞིན་སྟོང་དང་སྟོང་གཉིས་དང་སྟོང་གསུམ་མཐོང་ལ། དེ་གསུམ་གྱི་མངོན་པར་འདུ་བྱེད་པའི་ལྷའི་མིག་གིས་རིམ་བཞིན་སྟོང་གཉིས་དང་གསུམ་དང་གྲངས་མེད་མཐོང་ངོ་། །གསུམ་པ་ནི། ཅི་རྫུ་འཕྲུལ་ཁོ་ན་སྐྱེ་བས་ཐོབ་བམ་ཞེ་ན། མངོན་ཤེས་གཞན་ལ་ཡང་སྐྱེ་བས་ཐོབ་པ་ཡང་ཡོད་མོད། སྐྱེས་ཐོབ་ཀྱི་མིག་དེས་ནི་སྲིད་པ་བར་མ་རང་བཞིན་ཕྲ་བ་དེ་མི་མཐོང་ལ། སེམས་ཤེས་སྐྱེས་ཐོབ་དེ་ནི་དང་པོའི་བསམ་པའི་དབང་གིས་དགེ་བ་ལ་སོགས་པ་རྣམ་པ་གསུམ་ཡོད་ཅིང་། གང་གི་ལུས་སེམས་ཀྱི་མཚན་མ་བཟུང་བས་ཤེས་པའི་རྟོག་གེ་པ་དང་། རྟོག་བྱེད་ཅེས་པའི་རིགས་སྔགས་ཀྱིས་བྱས་པའང་དགེ་སོགས་གསུམ་མོ། །སེམས་ཤེས་དང་སྔོན་གནས་དྲན་པ་སྐྱེས་ཐོབ་དམྱལ་བ་པས་ནི་དང་པོ་སྐྱེ་མ་ཐག་ཚོར་བས་མ་ཉེན་པ་ན་ཤེས་ལ། དེ་ཡང་གནས་བཞི་པར་ཁ་ཅིག་དམྱལ་བར་སྐྱེས་པ་ན་དགེ་བ་མཚམས་མི་སྦྱོར་བར་བཤད་པས་ཕལ་ཆེ་བ་ལ་བསམ་པར་མངོན་ཞེས་བཤད་དོ། །འགྲོ་བ་གཞན་རྣམས་ཀྱིས་རྟག་ཏུ་ཤེས་ཏེ། ཡི་དྭགས་ཀྱིས་ཀྱང་ཤེས་པ་ནི། བདག་གིས་མཐུན་དང་མི་མཐུན་ལས། །ལོངས་སྤྱོད་དག་ནི་གང་བསགས་པ། །དེ་དག་གཞན་གྱིས་ལོངས་སྤྱོད་དེ། །ཁོ་བོ་ཅག་ནི་དུཿཁ་བརྟེན། །ཞེས་པ་ལྟ་བུའོ། །རྟེན་ནི་མི་རྣམས་ལ་རྫུ་འཕྲུལ་ལ་སོགས་པ་ལྔ་ཆར་སྐྱེ་བས་ཐོབ་པ་མེད་ལ། འགྲོ་བ་གཞན་ན་ཡོད་པར་གྲུབ་བོ། །རྫུ་འཕྲུལ་སྐྱེས་ཐོབ་དམྱལ་བ་ན་ཡང་མེད་ཅིང་མིག་རྣ་སྐྱེས་ཐོབ་འདོད་ལྷ་ཀླུ་དང་གཟུགས་ན་སྤྱོད་པ་ལ་ཡོད་པར་བཤད། ལྷག་མ་གཉིས་ནི་འགྲོ་བ་བཞི་ནའོ། །རྫུ་འཕྲུལ་ལས་ལས་བྱུང་བ་ནི་མི་དང་དུད་འགྲོ་ལ་ཡོད་ཅིང་མིག་རྣ་སྔོན་གནས་དྲན་པ་ལས་ལས་བྱུང་བ་ནི་མི་ལ་ཡོད་དེ། རང་བཞིན་གྱིས་སྐྱེ་བ་དྲན་པའང་ལས་ཀྱིས་སོ། །སྒོམ་བྱུང་ནི་འདོད་གཟུགས་ཀྱི་ལྷ་མི་ལ་ཡོད་ལ། རྒྱུ་གཞན་ལས་བྱུང་བ་ནི་མི་ལའོ། །སྐྱེས་ཐོབ་དང་ལས་བྱུང་གི་ཁྱད་པར་ནི། འགྲོ་བ་གང་དུ་སྐྱེས་པའི་དུས་ཉིད་ནས་རང་བཞིན་གྱིས་དེའི་ཐོབ་པ་འབྱུང་བར་ངེས་པ་ནི་དང་པོ་སྟེ། འགྲོ་བ་ཞེས་པས་བར་སྲིད་ཀྱི་རྫུ་འཕྲུལ་སེལ་ཞིང་སྐྱེས་པའི་དུས་ཉིད་ན་ཞེས་པས་བྱ་ལ་སོགས་པའི་ལྟར་དུས་ཕྱིས་ཐོབ་པ་སེལ་ལོ། །གཉིས་པ་ནི། སྔོན་གྱི་ལས་ཀྱི་བྱེ་བྲག་ལས་བྱུང་བ་ལས་སྐྱེས་སོ། །གང་གི་མངོན་ཤེས་ཀྱི་མིང་ཐོབ་པ་ནི་སྒོམ་བྱུང་ཁོ་ནའོ། །ཆོས་མངོན་པ་མཛོད་ཀྱི་རྣམ་པར་བཤད་པ་གཞུང་དོན་རབ་ཏུ་གསལ་བའི་ཉི་མ་ཞེས་བྱ་བ་ལས་གནས་བདུན་པའོ།།  ༈  །།ད་ནི་གནས་བརྒྱད་པ་འཆད་དེ་གོང་དུ་མངོན་ཤེས་སོགས་ཞེས་པའི་བསམ་གཏན་མན་ཆད་ཤེས་པའི་ངོ་བོ་མིན་པས་འདིར་སྟོན་པ་ལ། སྙོམས་འཇུག་དངོས། དེ་ལ་བརྟེན་པའི་ཡོན་ཏན་ནོ། །དང་པོ་ལ་སྙོམས་འཇུག་བརྒྱད་དུ། ཏིང་ངེ་འཛིན་གསུམ་དུ། ཏིང་ངེ་འཛིན་བཞིར་དབྱེ་བའོ། །དང་པོ་ལ། བསམ་གཏན་གྱི་དབྱེ་བ། རྒྱུ་སྙོམས་འཇུག ཐུན་མོང་དུ་གཏན་ལ་ཕབ་པའོ། །དང་པོ་ནི། ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་ཁྱབ་པ་དང་རིམ་པ་དང་ཡང་མཐུན་པས་དང་པོར་བསམ་གཏན་འཆད་པ་ལ་མདོར་བསྡུ་ན་བསམ་གཏན་དག་ནི་རྣམ་པ་གཉིས་ཏེ་རྒྱུ་སྙོམས་འཇུག་དང་འབྲས་བུ་སྐྱེ་བའོ། །གཉིས་པོའི་ཁྱད་པར་ནི་མཉམ་གཞག་ཁོ་ན་དང་གཉིས་ཀའམ། དགེ་བ་ཁོ་ན་དང་ལུང་མ་བསྟན་གཉིས་ཀའམ། སྒོམ་བྱུང་ཁོ་ན་དང་སྐྱེས་ཐོབ་ཐོས་བྱུང་ཡང་ཡིན་པ་རྒྱུ་དང་འབྲས་བུ་ཞེས་སམ། རང་ས་ཁོ་ན་དང་འོག་སར་ཡང་མངོན་དུ་བྱེད་པའམ། རྒྱུན་ཆགས་པ་དང་རེས་འགའ་བའམ། དངོས་གཞི་ཁོ་ན་དང་ཉེར་བསྡོགས་དང་བཅས་པ། འབྲས་བུ་དང་རྒྱུའོ་ཞེས་ཟེར་ལ། དེ་རེ་རེ་ཡང་དང་པོ་ནས་བཞི་པའི་བར་བཞི་བཞི་ཡིན་པས་བརྒྱད་དོ། །བསམ་གཏན་དེར་སྐྱེ་བ་དག་ནི་རབ་སྟེ་བཅུད་བསྟན་དུ་གོང་མའི་གནས་དག་བཅུ་བདུན་ནི་ཞེས་བཤད་ཅིང་བསྟན་ཏོ། །གཉིས་པ་ལ། བསམ་གཏན་བཞི། གཟུགས་མེད་བཞི། གཉིས་ཀའི་མཇུག་བསྡུ་བའོ། །དང་པོ་ལ། སྤྱིའི་ངོ་བོ། སོ་སོའི་མཚན་ཉིད་དོ། །དང་པོ་ནི། སྙོམས་འཇུག་གི་ངོ་བོ་ནི་བྱེ་བྲག་ཏུ་སྨྲ་བ་ནི། སེམས་དགེ་བའི་དམིགས་པ་ལ་རྩེ་གཅིག་ཏུ་འཇུག་པར་བྱེད་པའི་སེམས་བྱུང་ཏིང་ངེ་འཛིན་ཏོ། །གྲོགས་ནི་རྗེས་འབྲང་དང་བཅས་ན་ཕུང་པོ་ལྔ་ཡིན་ཏེ། རིག་བྱེད་མ་ཡིན་པ་ངེས་པར་ཡོད་པས་སོ། །ཐམས་ཅད་ཀྱང་ཏིང་ངེ་འཛིན་དང་མཐུན་པས་བསམ་གཏན་ནོ་དང་པོ་ཞེས་པ་མི་འཐད་དེ། དེ་ལྟར་ན་སེམས་རྩེ་གཅིག་པའི་གནས་སྐབས་ཁོ་ན་བསམ་གཏན་དུ་འགྱུར་ཏེ། ཐལ་མོའི་གནས་སྐབས་ལག་པའི་ངོ་བོ་ཡིན་པ་བཞིན་ཞེས་བཀག་ནས། རང་ལུགས་ནི་སེམས་རྩེ་གཅིག་པ་ཉིད་བསམ་གཏན་ཏེ། མདོ་ལས། ལྷག་པའི་སེམས་ཀྱི་བསླབ་པ་དང་སེམས་ཡོངས་སུ་དག་པའི་གཙོ་བོ་ནི་བསམ་གཏན་བཞིའོ་ཞེས་སོ་ཞེས་མདོ་སྡེ་པ་སྨྲའོ། །སྒྲ་དོན་ནི་དྷྱཱ་ན་ཞེས་པ་འདིས་མཆོག་ཏུ་སེམས་པར་བྱེད་པས་བསམ་གཏན་ཏེ། སེམས་མཉམ་པར་གཞག་ན་ཇི་ལྟ་བ་བཞིན་ཤེས་པར་བྱེད་ཅེས་པའི་དོན་ནོ། །ཉོན་མོངས་ཅན་ལ་མཆོག་ཏུ་སེམས་པ་མེད་ཀྱང་ལོག་པར་སེམས་པས་ས་བོན་རུལ་བ་ལྟར་བསམ་གཏན་དུ་བཏགས་པར་ཚངས་པའི་ཚོགས་ཀྱི་མདོར་བཤད་དོ། །གཉིས་པ་ལ་གཉིས། དང་པོ་ནི། དཔྱོད་དང་དགའ་དང་བདེ་དང་ལྡན་པའི་རྩེ་གཅིག་པ་སྟེ་གཉིས་པ་ཡན་ཆད་ཁྱད་པར་ཅན་དང་འདོད་པ་སེལ་ཞིང་ས་དེ་ན་འབྲལ་མི་སྲིད་པས་དཔྱོད་པས་རྟོག་པའང་མཚོན་ནོ། །འོ་ན་རྟོག་དང་ལྡན་ཞེས་སྨོས་ཀྱང་ཆོག་མོད་ཅེ་ན། ཊཱི་ཀར་ཡན་ལག་སྔ་སྔ་སྤངས་ཞེས་པས་རྟོག་པ་སྤངས་པའི་ཁྱད་པར་ཅན་ཡང་གཉིས་པར་འགྱུར་བས་མ་སྨོས་ཞེས་ཏེ། ཁ་ཅིག་མཚན་ཉིད་ནི་སྔ་མ་སྤངས་ཤིང་ཕྱི་མ་དང་ལྡན་པ་ཡིན་ལ། ཁྱད་པར་ནི་དེ་སྤངས་ཀྱང་དགའ་བ་དང་མི་ལྡན་པས་སྐྱོན་མེད་ཅིང་བརྟག་པ་མཚུངས་པས་མཚོན་པར་འཆད་ལ། མ་ཧཱ་ནི་མཁས་པ་ལ་དེ་ལྟར་ཡིན་ཀྱང་རྨོངས་པ་ལ་སྔ་མ་སྲིད་ཅེས་སོ། །ཕྱི་མ་གསུམ་ནི་ཡན་ལག་སྔ་མ་སྔ་མ་སྤངས་ལ་ཕྱི་མ་དང་ལྡན་པ་ཡི་རྩེ་གཅིག་པ་སྟེ། དཔྱོད་པ་སྤངས་ལ་དགའ་བདེ་དང་ལྡན་པའི་རྩེ་གཅིག་པ་དང་། དཔྱོད་དགའ་སྤངས་ལ་བདེ་བ་དང་ལྡན་པའི་རྩེ་གཅིག་པ་དང་། གསུམ་ཆར་སྤངས་ལ་གཟུགས་ཀྱི་རྩེ་གཅིག་པ་ཡིན་པས་བསམ་གཏན་ཡན་ལག་ལ་ངེས་འབྱུང་ཞེས་བྱའོ། །གཉིས་པ་ལ། སྤྱིའི་ངོ་བོ། སོ་སོའི་མཚན་ཉིད། སྒྲ་དོན་གསུམ། དང་པོ་ནི། བསམ་གཏན་དེ་བཞིན་དུ་གཟུགས་མེད་ཀྱང་གཉིས་དང་བཞི་དང་སྐྱེ་བ་ལྔར་བཤད་པ་དང་སྙོམས་འཇུག་རྩེ་གཅིག་པར་བྱེད་པའོ། །མི་འདྲ་བ་ནི་རྗེས་འབྲང་བཅས་ན་ཕུང་པོ་བཞི་ཁོ་ན་སྟེ། གྲོགས་རིགས་བྱེད་མིན་པ་མེད་པས་སོ། །གཉིས་པ་སོ་སོའི་མཚན་ཉིད་ནི། འོག་མ་འོག་མའི་སའི་དམིགས་པ་ལས་དབེན་ཞིང་འདའ་བར་བྱེད་པའི་ཉེར་བསྡོགས་ལས་སྐྱེས་པ་སྟེ། འོག་མ་བསམ་གཏན་བཞི་པ་ལས་དབེན་པ་ལས་སྐྱེས་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས། སྲིད་རྩེའི་བར་དུ་སྦྱར་བས་གཟུགས་མེད་དམིགས་པ་ལས་ངེས་འབྱུང་ཞེས་བྱའོ། །དེས་ན་གཟུགས་ལ་དམིགས་པ་ཡོད་དམ་ཞེ་ན། དངོས་གཞི་ལ་ཉེར་བསྡོགས་ཕྱི་མ་གསུམ་དང་བཅས་པར་ནི་གཟུགས་ཀྱི་འདུ་ཤེས་སམ་དམིགས་པ་བཤིག་ཅེས་བྱ་སྟེ་རང་ས་ན་གཟུགས་མེད་ཅིང་། དངོས་གཞི་ནི་འོག་མ་ཙམ་དང་ཉེར་བསྡོགས་འོག་ས་གཉིས་པ་ལ་མི་དམིགས་པའི་ཕྱིར་རོ། །དེ་ཡང་ཐོགས་པའི་འདུ་ཤེས་དང་བྲལ་བ་ཡིན་གྱི། རྗེས་ཤེས་ས་དྲུག་གི་རིག་བྱེད་མིན་པ་དང་། ཉེར་བསྡོགས་དང་པོ་ན་བཞི་པའི་གཟུགས་ལ་དམིགས་པའི་འདུ་ཤེས་སོགས་ཡོད་དོ། །གསུམ་པ་ལ་གཉིས་ལས། སྤྱིའི་སྒྲ་དོན་ལ་གཉིས་ལས། དང་པོ་ནི། གཟུགས་མེད་པའི་ཁམས་ན་གཟུགས་མེད་དོ་ཞེས་པ་ནི་གཞུང་བཞིན་གྱི་སྒྲའོ། །གོས་དམར་བའི་སྡེ་པ་ནི་དེ་ན་སྙིང་བུ་ག་དགུ་པ་ཡོད་ཟེར། བོད་ཁ་ཅིག གནས་བརྟན་པ་སྤྱིའི་ལས་ཀྱིས་གྲུབ་པའི་སྣོད་དང་། མང་པོས་བཀུར་བ་སེམས་ཅན་གྱི་གཟུགས་དང་། ཕལ་ཆེན་པ་གཉིས་ཀ་ཡོད་པར་འདོད་ཀྱང་ལྷ་མོ་རྐེད་མེད་མ་ལྟར་ཆ་ཕྲ་བས་མེད་པར་བཏགས་པ་ཡིན་ཏེ། གསུས་པོ་ཆེའི་མདོ་ལས། ཚེ་དང་དྲོད་གཉིས་འདྲེས་པ་སྟེ། །ཞེས་དང་། ཤཱ་རིའི་བུ་འདམ་བུའི་ཤོག་གཉིས་ལྟར་མིང་དང་གཟུགས་ཕན་ཚུན་བརྟེན་ཏོ་ཞེས་དང་། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་དང་། ཕུང་པོ་བཞིས་གཞན་དུ་རྣམ་ཤེས་འགྲོ་བ་བཀག་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ནི་སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པས་མི་འཐད་དེ། དང་པོ་ནི་མདོ་དེ་དག་སྤྱིར་གསུང་ན། ཕྱིའི་དྲོད་ཀྱང་ཚེ་དང་འདྲེས་པ་དང་། དེའི་མིང་ལ་བརྟེན་པ་དང་། རྣམ་ཤེས་ལས་བྱུང་བར་འགྱུར་ཞིང་། ཕུང་པོ་ཚང་བ་ལས་གཞན་དུ་རྣམ་ཤེས་བཀག་པ་མ་གྲུབ་ལ། བྱེ་བྲག་ཁམས་གོང་མ་ལ་དགོངས་ན་མ་ངེས་སོ། །གཉིས་པ་ནི། དེ་ན་གཟུགས་ཇི་ལྟ་བུ་ཞིག་ཡོད། ལུས་ངག་གི་སྡོམ་པ་ཙམ་མོ་ཞེ་ན། ལུས་ངག་མེད་པར་དེའི་སྡོམ་པ་ཇི་ལྟར་ཡོད། འབྱུང་བ་མེད་པར་འབྱུང་གྱུར་མི་རུང་ངོ་། །ཆ་ཕྲ་བས་གཟུགས་མེད་ཡིན་ན་རྣམ་པ་ཕྲ་བ་ཆུའི་སྐྱེ་བོ་གཟུགས་ལྟར་མི་སྣང་བ་དང་རང་བཞིན་ཕྲ་བ་བར་སྲིད་དང་གཟུགས་ན་སྤྱོད་པ་ཡང་དེར་འགྱུར་ལ། ཆེས་དྭང་བ་ཡིན་ན་སྙོམས་འཇུག་ལྟར་སྐྱེ་བ་ལ་ཡང་ཁྱད་པར་ཡོད་པས་སྲིད་རྩེ་ཁོ་ནར་དེར་འགྱུར་ཞིང་། ལུང་ལས་ཀྱང་། གཟུགས་མེད་པ་རྣམས་ནི་གཟུགས་ལས་ངེས་པར་འབྱུང་བ་ཡིན་ནོ་ཞེས་དང་། གཟུགས་མེད་པའི་རྣམ་པར་ཐར་པ་ཞི་བ་གང་དག་གཟུགས་ལས་འདས་ནས་ཞེས་དང་། གཟུགས་ཅན་མ་ཡིན་པའི་སེམས་ཅན་ཡོད་ཅེས་དང་། རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་འདས་ནས་སོ་ཞེས་སོ། །གཉིས་པ་རྩོད་སྤོང་ནི་དེའི་ཕྱིར་རིང་དུ་རྒྱུན་ཆད་ན་འོག་ཏུ་གཟུགས་ཅི་ལས་སྐྱེ་ཞེ་ན། དེ་ནི་བྱེ་བྲག་ཏུ་སྨྲ་བ་འདས་པའི་གཟུགས་དང་། མདོ་སྡེ་པ་ཁ་ཅིག་ལུས་སེམས་ཕན་ཚུན་ས་བོན་ཅན་ཡིན་པས་རྣམ་སྨིན་གྱི་སྒོ་ནས་སེམས་ཀྱི་འཇུག་པ་རྙེད་པའི་ཚེ་ལུས་ཀྱི་ས་བོན་དང་། རིགས་པའི་མདོ་སྡེ་པ་གཟུགས་ལས་སྐྱེ་བར་འདོད། སེམས་ཙམ་པ་སེམས་ཀུན་གཞི་ལས་སྐྱེ་བར་འདོད་དོ། །གཉིས་པ་སོ་སོའི་སྒྲ་དོན་ནི་ནམ་མཁའ་ལ་སོགས་པ་ཁོ་ན་ལ་དམིགས་སམ་ཞེ་ན། སྦྱོར་བའི་ཚེ་བཞི་པ་ལ་སྐྱོན་དུ་བལྟས་ཏེ་ཆོས་ཐམས་ཅད་ནམ་མཁའ་ལྟར་མཐའ་ཡས་པའོ་སྙམ་དུ་མོས་ཤིང་། དེ་ལས་དངོས་གཞི་གྲུབ་པས་དེར་བསྟན་པ་ཡིན་གྱི། ཕྱིས་ནི་གཞན་ལ་ཡང་དམིགས་ཏེ། མདོ་ལས་དེ་རྣམ་པ་ཐམས་ཅད་དུ་ཞེས་སོགས་སོ། །དེ་བཞིན་དུ་ནམ་མཁའ་ལ་སྐྱོན་དུ་བལྟས་ཏེ་ཆོས་ཀུན་རྣམ་ཤེས་ཙམ་མོ་ཞེས་སྦྱོར་བས་རྣམ་ཤེས་མཐའ་ཡས་ཞེས་སོ། །དེ་དང་སེམས་ཙམ་གྱི་ལྟ་བ་ལ་ཁྱད་པར་ཅི་ཡོད་ཅེ་ན། ལྟ་བས་ཐག་མ་ཆོད་པར་ཏིང་ངེ་འཛིན་གྱི་རྩལ་སྦྱོང་ཙམ་དང་། ཐག་ཆོད་པའམ་ཡུད་ཙམ་རྣམ་ཤེས་སུ་ལྟ་ཡང་ཕུང་པོར་ཞེན་པ་དང་སྤྲོས་བྲལ་སྒོམ་པའོ་ཞེས་སོ། །རྣམ་ཤེས་ལ་སྐྱོན་དུ་བལྟས་ནས་ཅི་ཡང་མེད་པ་བདེའོ་ཞེས་བྱ་བ་དེ་ལྟར་སྦྱོར་བའི་ཕྱིར་དེར་བསྟན་ཏེ་དེ་དང་དབུ་མའི་ཁྱད་ཀྱང་སྔར་བཞིན་ནོ། །ཅི་ཡང་མེད་པ་ལ་སྐྱོན་དུ་བལྟས་ཏེ་འདུས་ཤེས་རགས་པ་ནི་ནད་དང་འབྲས་དང་ཟུག་རྔུ་ཞེས་སུན་འབྱིན་པས་ཕྲ་ཞིང་དམན་པའི་ཕྱིར་འདུ་ཤེས་མེད་ཅེས་བྱ་ལ། འདུ་ཤེས་མེད་པ་ནི་ཀུན་ཏུ་རྨོངས་པའོ་ཞེས་འཛིན་པས་འདུ་ཤེས་གཏན་ནས་མེད་པའང་མིན་ཏེ། མདོར་ན་འདུ་ཤེས་མེད་མིན་འདི་ནི་བདེ་བའོ་ཞེས་སྦྱོར་བས་སོ། །དེ་ལ་སྲིད་པའི་རྩེ་མོ་ཞེས་ཀྱང་བྱའོ། །གསུམ་པ་ནི། སྙོམས་འཇུག་གི་དངོས་གཞིའི་རྫས་རྣམ་པ་བརྒྱད་ཡོད་དེ། གོང་དུ་བཤད་པ་དེ་ལྟར་བསམ་གཏན་བཞི་དང་གཟུགས་མེད་བཞིའོ། །གསུམ་པ་ཐུན་མོང་དུ་གཏན་ལ་ཕབ་པ་ལ། སྙོམས་འཇུག་གསུམ་དང་སྦྱར་བ། བསམ་གཏན་གྱི་ཡན་ལག་ངོས་གཟུང་བ། སྙོམས་འཇུག་ཐོབ་ཚུལ། རྟེན་གང་གིས་གང་མངོན་དུ་བྱེད་པ། སྤྱོད་ཡུལ་གང་ལ་དམིགས་པ། ཉོན་མོངས་གང་གིས་སྤོང་བའོ། །དང་པོ་ནི། བརྒྱད་པོ་དེ་དག་ལས་དང་པོ་བདུན་ལ་མིང་ཙམ་གྱི་སྒོ་ནས་རྣམ་པ་གསུམ་གསུམ་སྟེ། རོ་མྱང་བ་དང་མཚུངས་པར་ལྡན་པ་དང་དག་པ་དང་ཟག་མེད་གསུམ་མོ། །བརྒྱད་པ་སྲིད་པའི་རྩེ་མོ་ནི་རྣམ་པ་གཉིས་ཁོ་ན་སྟེ། སེམས་མི་གསལ་ཞིང་ཟག་མེད་ནི་ལྷག་མཐོང་གཙོ་བོར་བྱེད་པས་སོ། །སྤྱིར་སྲེད་ལྟ་ང་རྒྱལ་རྨོངས་པ་ཤས་ཆེ་བའི་བསམ་གཏན་ཡོད་ཀྱང་རོ་མྱོང་ལྡན་ཁོ་ན་བཤད་པ་ནི་མདོ་ཁ་ཅིག་ལས་འབྱུང་བའམ། གང་སྤེལ་ལས་དམིགས་པ་ལ་འབྲེལ་ཞིང་ཞེན་པ་ཁོ་ན་བསམ་གཏན་ཉོན་མོངས་ཅན་ཡིན་ལ་གཞན་དེ་ལྟར་མིན་ནོ་ཞེས་སོ། །ས་ལས་གོང་དུ་ངེས་པར་འབྱུང་བ་མི་ཤེས་ཤིང་དེ་ཁོ་ན་གཙོ་བོར་འཛིན་པས་རོ་མྱང་ལྡན་དུ་འགྱུར་རོ་ཞེས་སོ། །གསུམ་པོ་དེ་ལ་རོ་མྱང་བ་དང་མཚུངས་པར་ལྡན་པ་ནི་སྲེད་པ་དང་བཅས་པའི་སྙོམས་འཇུག་ཡིན་ལ། འཇིག་རྟེན་པ་ཡི་དགེ་བའི་ངོ་བོར་གྱུར་པའི་སྙོམས་འཇུག་གི་རྫས་ནི་དག་པ་པ་ཞེས་བྱ་སྟེ། དཀར་པོའི་ཆོས་དང་ལྡན་པའི་ཕྱིར་རོ། །རོ་མྱང་ལྡན་དེས་ཅི་ཞིག་མྱོང་བར་བྱེད་ཅེ་ན། དག་པ་པ་འདས་མ་ཐག་པ་དེ་ནི་རོ་མྱང་ལྡན་དེས་མྱང་བྱ་ཡིན་པས། དེ་ནི་དག་པ་ལས་ལངས་ལ་རོ་མྱང་ལྡན་ལ་སྙོམས་པར་ཞུགས་སོ། །ཟག་མེད་ནི་འཇིག་རྟེན་ལས་འདས་པའི་དགེ་བའི་རྫས་སོ། །གཉིས་པ་ལ། ཡན་ལག་དངོས། བསམ་གཏན་གྱི་ཁྱད་པར། དེ་དག་ལ་རྩོད་པ་སྤང་བའོ། །དང་པོ་ལ་ཐུན་མོང་དུ་བསྟན་པ། གསུམ་ཁྱད་པར་དུ་བསྟན་པའོ། །དང་པོ་ནི། བསམ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ། མི་མཐུན་ཕྱོགས་འདོད་པའི་འདོད་ཆགས་གནོད་སེམས་རྣམ་འཚེ་དང་། དུཿཁ་ཡིད་མི་བདེ་རྣམ་གཡེང་ལྔ་ཐག་སྲིང་བའི་གཉེན་པོ་ནི་དྲན་ཤེས་བཞིན་བཏང་སྙོམས་གསུམ་ཡིན་ཡང་དགའ་བའི་འདོད་ཆགས་ཀྱིས་དཀྲིས་པས་རང་མིང་གིས་མ་བསྟན་པར་དེ་བྱེད་པ་རྟོག་དཔྱོད་དང་། ཕན་ཡོན་ནི་དེས་མི་མཐུན་པ་སྤངས་ནས་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་མྱོང་བ་དང་། དེ་གཉིས་ཀ་འཇུག་པར་བྱེད་པའི་རྟེན་ཏིང་ངེ་འཛིན་རྣམས་སོ། །གཉིས་པ་ལ་ནི་ཡན་ལག་བཞི་སྟེ། དང་པོའི་འདོད་ཆགས་རྟོག་དཔྱོད་དུཿཁ་རྒོད་པ་ཏིང་ངེ་འཛིན་མ་རྫོགས་པ་ལྔ་སྤོང་བའི་གཉེན་པོ་ནི་སྔ་མ་གསུམ་ཡིན་ཞིང་དེར་རྟོག་དཔྱོད་ཀྱིས་འཁྲུག་པ་ཞི་བས་ནང་རབ་ཏུ་དྭང་བའི་མིང་གིས་བསྟན་པ་དང་། གཞན་དགའ་བ་ལ་སོགས་པ་གསུམ་སྔར་བཞིན་ནོ། །གསུམ་པ་ལ་ཡན་ལག་ལྔ་སྟེ། གཉིས་པའི་འདོད་ཆགས་ཡིད་བདེ་དགའ་བ་རྒོད་པ་ཏིང་ངེ་འཛིན་མ་རྫོགས་པ་བཞིའི་གཉེན་པོའི་དགའ་བ་རྩོལ་བའི་འདུ་བྱེད་བཏང་སྙོམས་དང་། དེའི་རྒྱུ་མཚན་མ་བརྗེད་པའི་དྲན་པ་དང་། དེ་མི་ཉམས་པའི་ཤེས་རབ་སྟེ་ཤེས་བཞིན་གསུམ་ནི་དགའ་བའི་ཀུན་དཀྲིས་དང་བྲལ་བས་རང་མིང་གིས་བསྟན་པ་དང་། ཕན་ཡོན་ནི་སེམས་ཀྱི་ཚོར་བ་བདེ་བ་དང་། སེམས་གནས་པར་བྱེད་པས་ཏིང་ངེ་འཛིན་གནས་ཀྱི་ཡན་ལག་སྟེ། མདོ་ལས་ཏིང་ངེ་འཛིན་གང་ཞེ་ན། སེམས་གནས་པ་དང་ཡང་དག་པར་གནས་པའོ་ཞེས་སོ། །མཐའ་བཞི་པ་ན་ཡན་ལག་བཞི་སྟེ། དབུགས་འབྱུང་རྔུབ་གསུམ་པའི་འདོད་ཆགས་བདེ་བ་ལ་རྩོལ་བ་ཏིང་ངེ་འཛིན་མ་རྫོགས་པ་ལྔའི་གཉེན་པོ་ནི་སྐྱོན་དང་བྲལ་བས་དྲན་པ་དང་བཏང་སྙོམས་ཡོངས་སུ་དག་པ་དང་། ཕན་ཡོན་ནི། བདེ་མིན་སྡུག་མིན་གྱི་ཚོར་བ་དང་གཉིས་ཀའི་རྟེན་ནི་ཏིང་ངེ་འཛིན་རྣམས་ཏེ། དེས་ན་གཉིས་པ་ཏིང་ངེ་འཛིན་དང་། གསུམ་པ་ཕན་ཡོན་དང་། བཞི་པ་ཡོངས་སུ་དག་པ་རྫོགས་པས་སྔ་མ་བས་འཕགས་སོ། །ཡན་ལག་དེ་དག་མིང་གི་སྒོ་ནས་བཅོ་བརྒྱད་ཡིན་ཡང་མཚན་ཉིད་འདྲ་བའི་དངོས་པོའི་རྫས་སུ་ནི་བཅུ་གཅིག་སྟེ་དང་པོའི་ལྔ་དང་། གཉིས་པའི་དང་པོ་དང་གསུམ་པའི་བཞི་དང་། བཞི་པའི་གསུམ་པ་རྣམས་སོ། །གཉིས་པ་ནི། ཅིའི་ཕྱིར་བསམ་གཏན་གསུམ་པའི་བདེ་བ་རྫས་གཞན་དུ་བརྗོད་ཅེ་ན། དེ་ནི་ཚོར་བ་ཡིན་ལ། དང་པོ་གཉིས་ན་ཤིན་ཏུ་སྦྱངས་པ་ལ་བདེ་བ་ཡིན་པར་བསྟན་པས་ཐ་དད་དེ། མཉམ་གཞག་ཏུ་དབང་ཤེས་མི་སྲིད་ཅིང་དགའ་བ་སྨོས་པས་ལུས་སེམས་ཀྱི་ཚོར་བ་བདེ་བར་མི་རུང་བས་སོ། །འདིའི་དགག་སྒྲུབ་རྒྱས་པ་ནི་གཞན་དུ་བྲིས་ཟིན་པའི་ཕྱིར་རོ། །ནང་རབ་ཏུ་དྭང་བ་ནི་དང་པོའི་ས་ལས་ངེས་པར་འབྱུང་བའི་ཡིད་ཆེས་པའི་དད་པ་ཡིན་པའམ་སྐལ་ལྡན་ཁྱད་པར་ནི་རྒྱུ་རྟོག་དཔྱོད་ཀྱི་འཁྲུག་པ་ཞི་བ་ཙམ་དུ་འདོད་དོ། །དང་པོ་གཉིས་ཀྱི་དགའ་བ་ནི་ཡིད་བདེ་ཡིན་ཏེ། ལུང་རྣམ་པ་གཉིས་ཀྱིས་གསུམ་པ་ན་ཡིད་བདེ་མེད་པར་ཤེས་ལ་བསམ་གཏན་ནི་ཡན་ལག་ལས་ངེས་འབྱུང་ཡིན་པའི་ཕྱིར་རོ། །ལུང་དང་པོ་ནི། རྣམ་པར་འགྱུར་བའི་མདོ་ལས་བསམ་གཏན་གསུམ་པ་བཤད་པ་ན་འདིར་ཡིད་བདེ་བ་མ་ལུས་པར་འགག་པར་འགྱུར་རོ་ཞེས་དང་། འབུམ་པ་ལས། བཞི་པའི་དབང་དུ་བྱས་ནས་བདེ་བ་ཡང་སྤངས་སྟེ་སྔ་ནས་དུཿཁ་ཡང་སྤངས་ཤིང་ཡིད་བདེ་བ་དང་མི་བདེ་བ་ཡང་ནུབ་ཅེས་སོ། །སྡེ་པ་ཁ་ཅིག དགའ་བ་སེམས་བྱུང་རྫས་གཞན་དུ་འདོད་ཅིང་སེམས་ཙམ་པ་ནི་ཡིད་ཤེས་འཁོར་གྱི་ཚོར་བ་གཅིག་ཉིད་རྟེན་ཀུན་གཞི་དང་བརྟེན་པ་ཡིད་ཚིམ་པར་བྱེད་པས་བདེ་བ་དང་ཡིད་བདེའི་མིང་ཐོབ་བོ་ཞེས་སོ། །གཉིས་པ་ལ་གསུམ་སྟེ། ཉོན་མོངས་ཅན་ཡིན་མིན། སྐྱོན་ཅན་སྐྱོན་མེད། སྐྱེ་བ་དང་སྙོམས་འཇུག་གི་ཁྱད་པར་རོ། །དང་པོ་ནི། ཉོན་མོངས་ཅན་ལ་དེ་དག་ཐམས་ཅད་ཡོད་དམ་ཞེ་ན། མེད་དེ། ས་དེའི་ཉོན་མོངས་པས་མི་དབེན་པས་དང་པོ་ལ་དབེན་པ་ལས་སྐྱེས་པའི་དགའ་བདེ་མེད་པ་དང་། དེས་རྙོག་པའི་དགེ་བ་ཡིན་པས་གཉིས་པ་ལ་ནང་རབ་ཏུ་དྭང་བ་དང་། བདེ་བ་ཉོན་མོངས་ཅན་གྱིས་སླངས་པས་གསུམ་པ་ལ་ཤེས་བཞིན་དང་དྲན་པ་དང་། དེས་དྲི་མ་ཅན་དུ་བྱས་པས་བཞི་པ་ལ་བཏང་སྙོམས་དང་དྲན་པ་དག་པ་མེད་ཅིང་། གཉིས་པའི་ཤིན་སྦྱངས་དང་། གསུམ་པའི་བཏང་སྙོམས་མ་སྨོས་ཀྱང་དགེ་བ་ཡིན་པས་མེད་པར་གྲུབ་པའམ་ཁ་ཅིག་ཡོད་དོ་ཞེས་སོ། །ཁ་ཅིག་ནི་དགེ་བ་ཡིན་པས་སྔ་མ་གཉིས་ལ་ཤིན་ཏུ་སྦྱངས་པ་དང་ཕྱི་མ་གཉིས་ལ་བཏང་སྙོམས་མེད་དོ་ཞེས་སོ། །དེའི་ལྟར་ན་དགའ་བདེ་ནི་འདོད་པའི་མི་དགེ་བས་དབེན་པ་ཙམ་དང་། རབ་དང་ནི་རྟོག་དཔྱོད་ཞི་བ་ཙམ་དང་། དྲན་ཤེས་བཞིན་ནི་དྲན་པ་དང་ཤེས་རབ་ཙམ་ལ་བསམ་པར་མངོན་ནོ། །གཉིས་པ་ནི། ལུང་བར་མ་ལས་བསམ་གཏན་གསུམ་སྐྱོན་དང་བཅས་པའི་ཕྱིར་གཡོ་བ་དང་བཅས་ལ། བཞི་པ་མི་གཡོ་ཞེས་པའི་དོན་ཅི་ཡིན་ཞེ་ན། སྐྱོན་བརྒྱད་ཅེས་ཏེ་སྐྱོན་ཉིད་གཡོ་བའི་སྒྲར་བཤད་པའམ་དེས་གཡོ་བར་བྱེད་པ་ལས་ནི་གྲོལ་བས་མི་གཡོ་བ་སྟེ། མདོ་ལས་བཞི་པ་བསྒྲུབས་ཏེ་གནས་པ་དེའི་སེམས་རླུང་མེད་པའི་མར་མེ་ལྟར་མི་མཐོ་མི་དམའ་བར་མི་གཡོ་བ་ཐོབ་བོ་ཞེས་སོ། །སྐྱོན་དེ་དག་ཀྱང་གང་ཞེ་ན། རྟོག་དང་ཞེས་སོ། །གསུམ་པ་ནི། སྙོམས་འཇུག་གི་ཚོར་བ་གང་ཡོད་པ་ནི་སྐྱེ་བ་ན་ཡོད་དམ་ཞེ་ན། སྐྱེ་བའི་བསམ་གཏན་དང་པོ་དག་ན་ནི་ཚོར་བ་གསུམ་ཡོད་དེ་ཡིད་བདེ་བ་དང་དབང་པོའི་རྣམ་པར་ཤེས་པ་གསུམ་གྱི་བདེ་བ་དང་རྣམ་ཤེས་བཞིའི་བཏང་སྙོམས་རྣམས་སོ། །གཉིས་པ་ན་ནི་ཚོར་བ་གཉིས་ཏེ་བཏང་སྙོམས་དང་ཡིད་བདེ་གཉིས་སོ། །གསུམ་པ་ན་ཚོར་བ་གཉིས་ཏེ་ཡིད་ཀྱི་ས་པའི་བདེ་བ་དང་བཏང་སྙོམས་སོ། །བཞི་པ་ན་ནི་བཏང་སྙོམས་ཀྱི་ཚོར་བ་ཁོ་ན་ཡོད་དོ། །གསུམ་པ་ནི་འོ་ན་གཉིས་པ་ལ་སོགས་པ་ན་ལུས་དང་མིག་དང་རྣ་བའི་རྣམ་ཤེས་མེད་པས་མཐོང་ཐོས་རེག་པ་རྒྱུན་ཆད་པ་དང་རྟོགས་དཔྱོད་མེད་པས་ལུས་ངག་གི་རིགས་བྱེད་ཀྱང་མི་རུང་བས་སྨྲ་བ་དང་འགྲོ་འོང་ལ་སོགས་པ་མེད་པར་འགྱུར་རོ་ཞེ་ན། རྣམ་ཤེས་དེ་གསུམ་དང་རིག་བྱེད་ས་དེའི་བསྡུས་པ་མེད་ཀྱང་རྟེན་དེ་ལ་ཡོད་དེ་འོག་སའི་སྤྲུལ་སེམས་མངོན་དུ་བྱེད་པ་ལྟར་དེ་དག་ཀུན་སློང་གི་སེམས་རྟོག་དཔྱོད་གང་ཡིན་པ་དེ་ནི་དང་པོར་རྟོགས་པ་མངོན་དུ་བྱེད་ཅིང་། དེ་ཡང་ལུང་མ་བསྟན་ཏེ་སྤངས་པའི་ཕྱིར་ཏེ་ཉོན་མོངས་པ་ཅན་མིན་ལ། དམན་པའམ་དགེ་བ་ནི་རྣམ་སྨིན་ཡིན་ལ་གོང་དུ་སྐྱེས་པ་ནི་འོག་མའི་རྣམ་སྨིན་དོན་དུ་མི་གཉེར་བས་དགེ་བ་མ་ཡིན་པར་དགོས་པའི་དབང་གིས་མ་བསྒྲིབས་པ་མངོན་དུ་བྱེད་དོ། །གསུམ་པ་སྙོམས་འཇུག་ཐོབ་ཚུལ་ལ། ཐོབ་ཚུལ་དངོས། གང་གིས་མཇུག་ཏུ་གང་སྐྱེ་བ། ཐོད་རྒལ་གྱི་སྙོམས་འཇུག་ཇི་ལྟར་སྐྱེ་བའོ། །དང་པོ་ནི། དེ་དག་དང་སྔར་ཡེ་མི་ལྡན་ན་འོག་སའི་འདོད་ཆགས་དང་བྲལ་བ་དང་གོང་ནས་འོག་ཏུ་སྐྱེ་བ་ལས་ནི་དག་པ་པ་འཐོབ་ལ། སྲིད་རྩེ་ནི་གོང་ས་མེད་པས་སྐྱེ་བས་མི་འཐོབ་ཅིང་། དེ་དང་མི་ལྡན་ཞེས་པ་ནི་རིགས་ཙམ་ལྡན་པ་ལས་བྱེ་བྲག་སྦྱོར་ལམ་དང་ཉམས་པ་ཆ་མཐུན་ལ་སོགས་པ་ཁ་ཅིག་སྦྱོར་བ་དང་། ཉམས་པས་འཐོབ་པར་སྟོན་ལ། དུས་ནི་བསམ་གཏན་སྔ་མ་གསུམ་འཇིག་རྟེན་པས་གྲོལ་ཏེ་ཐོབ་ན་དབང་རྣོན་གྱིས་དུས་གསུམ་ཆར་དང་། རྟུལ་པོས་འདས་མ་འོངས་ཁོ་ན་དང་། བཞི་པ་ཡན་ཆད་ནི་གཉིས་ཀས་དུས་གསུམ་པ་དང་། ཟག་མེད་ཀྱིས་གྲོལ་བ་དང་སྐྱེ་བས་ཐོབ་ན་འདས་མ་འོངས་ཁོ་ན་ཐོབ་བོ། །ཟག་མེད་ནི་སྔར་མི་ལྡན་ན་འོག་ས་ལ་འདོད་ཆགས་དང་བྲལ་བ་ཁོ་ན་ཡིས་འཐོབ་ལ། ལྡན་ན་ཟད་ཤེས་ཀྱི་ཚེ་མི་སློབ་པ་དང་། དབང་པོ་འཕོས་ན་རྣོན་པོའི་དངོས་གཞི་སྦྱོར་བས་ཀྱང་འཐོབ་བོ། །སློབ་པའི་འབྲས་བུ་དང་པོ་གཉིས་ནི་དངོས་གཞིས་མ་བསྡུས་ལ། གསུམ་པ་ནི། ཆགས་བྲལ་གྱིས་འཐོབ་པ་སྦྱོར་ཐོབ་མིན་ཞིང་། ཕྱིར་མི་འོང་ཆགས་བྲལ་སྔོན་འགྲོའི་མཐོང་ལམ་གྱིས་ཟག་མེད་ཀྱི་དངོས་གཞི་སྔར་མེད་ཀྱང་མཐོང་ལམ་གཞན་གྱིས་མི་ཐོབ་པས་དེ་ཐོབ་རྒྱུར་མ་བསྟན་ཏོ། །རང་ས་ལས་ཉམས་ན་མི་ལྡན་པར་འགྱུར་ལ། གོང་ས་ལས་ཉམས་པའི་ཚེ་འོག་སའི་རིགས་ཙམ་བཏང་བ་མེད་པས་ཉམས་པས་མི་འཐོབ་ཅིང་། འཕགས་པ་འོག་སར་མི་ལྡོག་ཅིང་ཡེ་ནས་ལྡན་པས་སྐྱེ་བས་ཀྱང་མི་འཐོབ་ལ་དུས་ནི་སྔར་བཞིན་ནོ། །ཉོན་མོངས་ཅན་གོང་ས་ལས་ཉམས་པ་དང་སྲིད་རྩེ་ལས་གཞན་འོག་ཏུ་སྐྱེ་བ་ཡིས་འཐོབ་ཀྱི་སྔར་ནས་ལྡན་པས་ཆགས་བྲལ་གྱིས་ནི་མི་འཐོབ་ལ། དུས་ནི་ཉམས་ན་གསུམ་ཆར་སྐྱེ་བའི་ཚེ་སྙོམས་འཇུག་མི་སྲིད་པས་འདས་མ་འོངས་ཁོ་ན་འཐོབ་བོ། །དེ་དག་གི་གཏོང་ཚུལ་ནི་གནས་བཞི་པར་བཤད་ཟིན་ཏོ། །གཉིས་པ་ལ་ཐུན་མོང་དུ་བསྟན་པ་དང་། དག་པ་བ་ཁྱད་པར་དུ་བཤད་པའོ། །དང་པོ་ནི། མཉམ་གཞག་ནི། ཟག་པ་མེད་པའི་མཇུག་ཐོགས་སུ་ལྟག་དང་འོག་མ་གསུམ་པའི་བར་གྱི་དགེ་བ་སྐྱེ་སྟེ། རྒྱུན་གྱི་ཚེ་རང་སའི་ཟག་མེད་དང་ལངས་པ་ན་དག་པ་པ་དང་། ལྟག་གཉིས་པའི་ཟག་མེད་ནི་མཐར་གྱིས་གནས་པ་ལུགས་འབྱུང་རིགས་མཐུན་དག་པ་པ་ནི་རིགས་མི་མཐུན་ཐོད་རྒལ་གྱི་རིང་སྦྱོར་དང་། ལྟག་གསུམ་པའི་ཟག་མེད་ནི་ཉེ་བའི་སྦྱོར་བ་དང་དག་པ་པ་ཐོད་རྒལ་ལུགས་འབྱུང་དངོས་སོ། །འོག་མ་གཉིས་པའི་ཟག་མེད་ནི་ལུགས་ལྡོག་རིགས་མཐུན་དང་། དག་པ་པ་དེའི་རིགས་མི་མཐུན་ཏེ་རིང་སྦྱོར་དང་། འོག་མ་གསུམ་པའི་ཟག་མེད་ནི་ཉེ་སྦྱོར་དང་དག་པ་པ་ནི་ཐོད་རྒལ་ལུགས་ལྡོག་དངོས་སོ། བཞི་པ་ནི་མི་བསྐྱེད་དེ་གཉིས་བརྒལ་མི་ནུས་པས་སོ། །གྲངས་ནི་དང་པོའི་ཟག་མེད་ལས་རང་དང་ལྟག་གཉིས་པ་དང་གསུམ་པའི་གཉིས་གཉིས་ཏེ་དྲུག་འབྱུང་ལ། གཉིས་པ་ལ་བརྒྱད་དང་གསུམ་པ་ནས་ནམ་མཁའི་བར་ལ་བཅུ་བཅུ་དང་། རྣམ་ཤེས་ལས་དགུ་དང་ཅི་ཡང་མེད་པས་བདུན་ཏེ་སྲིད་རྩེ་ན་ཟག་མེད་མེད་པས་སོ། །གཟུགས་མེད་ཀྱི་དགེ་བ་ནི་ལམ་རྗེས་ཤེས་ཁོ་ན་ལས་བྱུང་གི་ཆོས་ཤེས་ལས་མིན་ཏེ། དེའི་དམིགས་པ་འདོད་པ་ཡིན་པས་སོ། །བསམ་གཏན་ནི་དེ་གཉིས་ཀ་ལས་འབྱུང་ངོ་། །དག་པ་པ་ལས་ཀྱང་དེ་བཞིན་དང་། རང་གི་ས་པའི་ཉོན་མོངས་ཅན་ཀྱང་དེའི་རོ་མྱོང་བར་བྱེད་པའི་ཚེ་སྐྱེ་བས་གྲངས་ཀྱང་ཉོན་མོངས་ཅན་ལྷག་པའི་སྔར་བཞིན་དང་ལམ་གང་འབྱུང་བ་ཡང་སྔར་གྱིས་ཤེས་པར་བྱའོ། །ཉོན་མོངས་ཅན་ལས་ནི་དེ་ལ་དེར་ཤེས་ནས་རང་སའི་དག་པ་པ་དང་ཉོན་མོངས་ཅན་གྱི་རྒྱུན་སྐྱེ་བ་དང་། ཉོན་མོངས་ཅན་གྱིས་གཟིར་བའི་ཚེ་འོག་མའི་དག་པ་པ་གཅིག་ཀྱང་སྐྱེ་ཞིང་། གྲངས་ནི་དང་པོའི་ལས་འདོད་པའི་དགེ་བ་འབྱུང་ཡང་སྙོམས་འཇུག་མིན་པས་རང་སའི་གཉིས་ཁོ་ན་དང་། གཉིས་པའི་ལས་དང་པོའི་དག་པ་པ་སྟེ་གསུམ་དང་། དེ་ཡན་ཆད་ལས་འོག་གཉིས་པ་དང་གསུམ་པའི་དག་པ་པ་གཉིས་དང་རང་སའི་གཉིས་ཏེ་བཞི་བཞིའོ། །མཉམ་གཞག་ལས་གཞན་པའི་འཆི་འཕོ་བའི་དག་པ་པ་སྐྱེས་ཐོབ་ལས་ཤི་ནས་གང་དུ་སྐྱེ་ཡང་རུང་བས་ཉོན་མོངས་ཅན་ས་དགུ་པོ་ཀུན་འབྱུང་ལ། ཉོན་མོངས་ཅན་ལས་ནི་གོང་མར་སྐྱེ་བ་མེད་པས་དེ་གཉིས་ཉོན་མོངས་ཅན་མིན་ནོ། །གཉིས་པ་ནི། དག་པ་པ་ལ་དབྱེ་ན་ཉམས་པའི་ཆ་མཐུན་དང་། སོགས་པ་གནས་པ་དང་ཁྱད་པར་དང་ངེས་འབྱེད་ཆ་མཐུན་དང་རྣམ་བཞིའོ། །བཞི་པོ་དེའི་མཚན་ཉིད་ནི་གོ་རིམ་བཞིན་དུ་ཉོན་མོངས་པ་སྐྱེ་བ་དང་རྗེས་སུ་མཐུན་པ་དང་། རང་གི་ས་སྐྱེ་བ་དང་། གོང་མ་སྐྱེ་བ་དང་། ཟག་མེད་སྐྱེ་བ་དང་རྗེས་སུ་མཐུན་པའོ། །བཞི་པོ་དེ་དག་ལས་གང་གིས་མཇུག་ཐོགས་སུ་དུ་ཞིག་སྐྱེ་ཞེ་ན། ཉམས་པའི་ཆ་དང་མཐུན་པའི་མཇུག་ཐོགས་སུ་དང་པོ་གཉིས་དང་། གཉིས་པ་ལས་དང་པོ་གསུམ་དང་། གསུམ་པ་ལས་ཐ་མ་གསུམ་དང་། བཞི་པ་ལས་ཐ་མ་གཅིག་པུ་འབྱུང་ངོ་། །གསུམ་པ་ནི། བསམ་གཏན་དང་གཟུགས་མེད་པའི་ས་བརྒྱད་ཀྱི་ཟག་བཅས་ཟག་མེད་རྣམ་པ་གཉིས་པོ་མཐར་གྱིས་རིགས་མཐུན་པར་འབྲེལ་པ་དང་། རིགས་མི་མཐུན་པར་ལུགས་འབྱུང་ལུགས་ལྡོག་ཏུ་འཇུག་པའི་རིང་བ་དང་ས་གཅིག་རྒལ་ཏེ་ལུགས་འབྱུང་དུ་སོང་ཞིང་ལུགས་ལྡོག་ཏུ་འོངས་པ་ཉེ་བའི་སྦྱོར་བ་ནི་སྦྱོར་བའོ། །དེ་ནས་དངོས་གཞི་ནི་བརྒྱད་རྒལ་བར་བཤད་པ་དབང་རྣོན་ཡིན་པས་འདིར་རིགས་མི་མཐུན་པར་གོང་དང་འོག་གི་གསུམ་པར་འགྲོ་བ་ནི་ཐོད་རྒལ་གྱི་ནི་སྙོམས་འཇུག་ཡིན་ནོ། །རྟེན་ནི་བློ་གསལ་བས་གླིང་གསུམ་གྱི་མི་དང་། གང་ཟག་ནི་ཉོན་མོངས་མེད་པ་དང་ཏིང་ངེ་འཛིན་ལ་དབང་བས་མི་གཡོ་བ་ཁོ་ནའོ། །བཞི་པ་ནི། བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་འཇུག་དེ་དག་རྟེན་གང་ལ་མངོན་དུ་བྱེད་ཅེ་ན། སྤྱིར་བཏང་ལ་ཐམས་ཅད་རང་ས་དང་འོག་སའི་རྟེན་ཅན་ཡིན་གྱི་གོང་མའི་རྟེན་ལ་འོག་མའི་སྙོམས་འཇུག་མངོན་དུ་བྱེད་པ་མེད་དེ། དེ་ལ་དགོས་པ་མེད་པའི་ཕྱིར་རོ། །དམིགས་གསལ་སྟོན་པ་ནི་སྲིད་རྩེར་ཅི་ཡང་མེད་ཀྱི་འཕགས་པ་ཟག་མེད་ཀྱི་སྙོམས་འཇུག་མངོན་དུ་བྱེད་པ་ཡོད་དེ། དེ་མངོན་སུམ་དུ་བྱས་ནས་སྲིད་རྩེའི་ཟག་པ་ཟད་པར་བྱེད་པའི་ཕྱིར་ཏེ། རང་སའི་ཟག་མེད་མེད་ཅིང་ཅི་ཡང་མེད་དེ་ཉེ་བའི་ཕྱིར་རོ། །ལྔ་པ་ནི། སྙོམས་འཇུག་འདི་དག་གི་དམིགས་པ་ཅི་ཞིག་ཡིན་ཞེ་ན། སྲེད་པ་དང་བཅས་པ་རོ་མྱོང་མཚུངས་ལྡན་གྱིས་རང་གི་ས་པའི་སྲིད་པ་ཁོ་ན་ལ་དམིགས་པ་ཡིན་ཞིང་། བསམ་གཏན་དགེ་བའི་ཡུལ་དུ་ནི་འདུས་བྱས་དང་འདུས་མ་བྱས་ཐམས་ཅད་རུང་བས་ཡོད་དགུ་ཡིན་ཡང་། གཟུགས་མེད་ཀྱི་དངོས་གཞི་དགེ་བ་རྣམས་ཀྱི་སྤྱོད་ཡུལ་ནི་ས་འོག་མའི་ཟག་བཅས་ཀྱི་དངོས་པོ་མིན་ཏེ་རང་གོང་ཁོ་ན་ལ་དམིགས་པས་སོ། །དམིགས་པ་ཟག་མེད་ནི་སྔར་བཤད་ཟིན་ཏོ། །ཉེར་བསྡོགས་ཀྱི་དམིགས་པ་ནི་ས་འོག་མ་འོག་མ་ཡིན་ནོ། །དྲུག་པ་ལ་སྤོང་ཚུལ་དངོས། ཉེར་བསྡོགས་ཀྱི་ཁྱད་པར། བསམ་གཏན་ཁྱད་པར་ཅན་ནོ། །དང་པོ་ནི། །དེ་དག་ལས་སྲིད་པའི་གཉེན་པོ་ཡིན་པས་ཟག་པ་མེད་པས་ཉོན་མོངས་རྣམས་སྤོང་ཞིང་ཉེར་བསྡོགས་ཀྱི་དག་པ་པས་ཀྱང་འོག་སའི་སྤོང་གི དངོས་གཞི་དག་པ་པ་ནི་འོག་སའི་སྤངས་ཟིན་པ་དང་འདི་པའི་རང་སའི་སྲེད་པ་རྒྱས་པ་དང་། དམན་པས་གོང་ས་མཆོག་ལས་མི་འབྱིན་པས་མི་སྤོང་ལ། ཀྱང་སྒྲས་མི་ལྕོགས་མེད་ཀྱི་ཟག་མེད་དེས་ཀྱང་སྤོང་བར་བསྟན་ཏོ། །གཉིས་པ་ནི། དངོས་གཞི་བརྒྱད་པོ་དེ་དག་ལ་འཇུག་པར་བྱེད་པའི་ཉེར་བསྡོགས་ཀྱང་བརྒྱད་ཡིན་ལ། ངོ་བོ་ནི་འདོད་ཆགས་དང་བྲལ་བའི་ལམ་ཡིན་པས་དག་པ་པ་དང་འབད་དེ་དྲང་དགོས་པ་དང་འོག་ས་ལས་ཡིད་འབྱུང་བ་དང་མ་བྲལ་བས་བདེ་མིན་སྡུག་མིན་ནམ། འབད་དེ་དྲང་དགོས་པས་དེ་ཡིན་ལ་གཉིས་ཀྱིས་སྔ་མའོ། །བྱེ་བཤད་ལས་བརྒྱད་ཆར་ཉོན་མོངས་ཅན་མཉམ་པར་མ་གཞག་པས་མཚམས་སྦྱོར་བ་ནི་རང་གི་གྲུབ་མཐའོ། །དང་པོ་མི་ལྕོགས་མེད་ན་འཕགས་ལམ་ཟག་པ་མེད་པའང་ཡོད་དེ། གསལ་བའམ་རང་ས་ལས་ཡིད་འབྱུང་བ་དང་ལྡན་པས་གོང་སའི་ཡང་གཉེན་པོ་བྱེད་པ་དང་། བསྡུ་བར་དེ་མཉམ་གཞག་གི་དང་པོ་ཡིན་པས་སོ་ཞེས་སོ། །ཁ་ཅིག་ནི་རོ་མྱང་ལྡན་དང་གསུམ་ཀ་སྟེ་གསལ་བ་ཉིད་དམ། འདུས་བཟང་ན་རེ། དངོས་གཞི་ལ་འགྲེ་ན་སྙོག་པས་སོ་ཞེས་སོ། །གསུམ་པ་ནི། ཁྱད་པར་ཅན་ཞེས་འབྱུང་བ་ཉེར་བསྡོགས་དང་གཅིག་གམ་ཐ་དད་ཅེ་ན། ཐ་དད་དེ། དང་པོ་ཉིད་རྟོག་པ་མེད་པས་ཁྱད་པར་དུ་འགྱུར་ལ་དཔྱོད་པ་ཙམ་གྱིས་རྩེ་གཅིག་པ་ནི་བསམ་གཏན་ཁྱད་པར་ཅན་ཡིན་པས་གཉིས་པ་ལ་སོགས་པ་མེད་ཅིང་། དེ་ནི་དག་པ་ལ་སོགས་པ་རྣམ་པ་གསུམ་དང་འབད་དེ་དྲང་དགོས་པས་ཚོར་བ་བདེ་མིན་སྡུག་མིན་དང་ལྡན་ཞིང་ལམ་ཡང་དཀའ་ལ། དེ་དག་པ་པ་སྒོམ་པ་ནི་ཚངས་ཆེན་གྱི་འབྲས་བུ་ཅན་ཏེ་དེ་མང་ཡང་ཚངས་ཆེན་གཅིག་ལས་མེད་པ་ནི་གཞན་མ་ངེས་པའམ་མཆོག་གཅིག་སྐྱེ་བ་ཡིན་ནོ་ཞེས་སོ། །གཉིས་པ་ཏིང་ངེ་འཛིན་གསུམ་དུ་དབྱེ་བ་ལ། རྟོགས་བཅས་དཔྱོད་བཅས་སོགས་གསུམ་དུ་དབྱེ་བ། སྟོང་པ་ཉིད་སོགས་གསུམ་དུ་དབྱེ་བ། སྟོང་ཉིད་སྟོང་ཉིད་སོགས་གསུམ་དུ་དབྱེ་བའོ། །དང་པོ་ནི། ཁྱད་པར་ཅན་རྟོགས་མེད་དཔྱོད་བཅས་ཙམ་དུ་བསྟན་པས་དེ་མན་ཆད་དང་པོའི་ཉེར་བསྡོགས་དང་དངོས་གཞི་ནི་རྟོག་དང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཡིན་ལ། གཉིས་པའི་ཉེར་བསྡོགས་ཡན་ཆད་ནི་རྟོག་དཔྱོད་གཉིས་ཀ་མེད་པའི་ཏིང་ངེ་འཛིན་ཏོ། །གཉིས་པ་ལ་དབྱེ་བ་དངོས། དེ་ཁྱད་པར་དུ་བཤད་པའོ། །དང་པོ་ནི། བདག་དང་བདག་གིར་ཞེན་པ་དང་སྲིད་པ་ལ་སྲེད་པ་དང་སྲིད་པ་ཟད་པ་མི་འདོད་པའི་གཉེན་པོར་སྟོང་ཉིད་དང་སྨོན་མེད་དང་མཚན་མེད་བསྟན་ལ། མཚན་མ་མེད་པ་ནི་ཡུལ་ལྔ་དང་འདུས་བྱས་ཀྱི་མཚན་ཉིད་བཞི་དང་ཕོ་མོའི་མཚན་མ་སྟེ་བཅུ་བཞི་པ་ལ་དམིགས་ནས་འགོག་པའི་རྣམ་པ་བཞི་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ཏོ། །སྟོང་པ་ཉིད་ནི་གང་ཡང་རུང་བ་ལ་དམིགས་ནས་བདག་མེད་པ་དང་སྟོང་པ་ཉིད་དུ་འཇུག་པའི་རྣམ་པ་དང་ལྡན་པ་ཡིན་ཞིང་། སྨོན་པ་མེད་པ་ནི་དེ་ལས་གཞན་པའི་ཡུལ་སྨོན་བྱ་མིན་པ་སྡུག་བསྔལ་གྱི་དང་པོ་གཉིས་དང་ཀུན་འབྱུང་གི་བཞི་དང་གཟིངས་ལྟར་ལྷག་མེད་དུ་འཇུག་པའི་ཚེ་དོར་བྱ་ཡིན་པས་ལམ་བདེན་གྱི་བཞི་སྟེ་རྣམ་པ་བཅུ་དང་ལྡན་པ་ཡིན་པར་ལུང་བར་མ་ལས་བཤད་དོ། །གཉིས་པ་ནི། བྱིས་ལམ་དང་འཕགས་པའི་སྦྱོར་རྗེས་ཁ་ཅིག་གིས་བསྡུས་པ་དག་པ་པ་དང་གཞན་ས་དགུའི་དྲི་མ་མེད་པ་གཉིས་པས་དེ་དག་དྲི་མེད་ནི་རྣམ་ཐར་ལྷག་བཅས་ལྷག་མེད་ཀྱི་གྲོང་དངོས་སུ་འཇུག་པས་སྒོ་གསུམ་ཡིན་གྱི། ཟག་བཅས་ནི་བརྒྱུད་ནས་འཇུག་པས་སྲང་བཞིན་དུ་སྒོ་ཞེས་མི་བྱ་སྟེ། བསྡུ་བ་ལས། སྟོང་པ་ཉིད་དང་ཏིང་ངེ་འཛིན་དང་རྣམ་ཐར་ནི་ཤེས་རབ་གསུམ་ཀ་དང་སྒོམ་བྱུང་དང་ལོ་ཀ་ལས་འདས་པའི་སྒོམ་བྱུང་ཁོ་ནའོ། །གསུམ་པ་ནི། མདོ་ལས་སྟོང་པ་ཉིད་སྟོང་པ་ཉིད་ཅེས་པ་ལ་སོགས་པ་སྔ་མའི་རྣམ་པ་ཅན་ཡིན་པས་རྫས་དེ་ཉིད་ལས་བཟློག་པ་གཞན་ཡང་ཏིང་ངེ་འཛིན་གསུམ་གསུངས་ཏེ། རྣམ་ཐར་གསུམ་ཉིད་དམ་དེའི་བཀག་པ་ལ་དམིགས་ནས་སུན་འབྱིན་པས་རྣམ་པར་སུན་འབྱིན་ཞེས་ཀྱང་བྱ་ཞེས། སྟོང་ཉིད་མཚན་མེད་སོགས་དགུ་ཕྲུགས་སུ་ནི་མི་སྦྱོར་རོ། །དེ་ལ་དང་པོ་གཉིས་ཀྱིས་སྟོང་ཉིད་སྟོང་ཉིད་ནི་མི་སློབ་པའི་སྟོང་པའི་ཏིང་ངེ་འཛིན་ལ་དམིགས་ནས་འདི་ནི་བདག་གི་མིན་ནོ་ཞེས་སྟོང་པའི་རྣམ་པར་ལྟ་བ་ཡིན་གྱི་བདག་མེད་པར་མིན་ཏེ། སྟོང་པའི་རྣམ་པའི་རྗེས་ལ་བསྐྱེད་པའི་ཕྱིར་རོ། །སྨོན་པ་སྨོན་མེད་ནི་མི་སློབ་པའི་སྨོན་མེད་ལ་དམིགས་ནས་མི་རྟག་པར་ལྷའི་ཡུལ་ཟག་མེད་ལ་ཀུན་འབྱུང་གི་གཞི་དང་དུཿཁ་དང་ལམ་ཉིད་ཀྱིས་སུན་མི་འབྱིན་པས་དེའི་བཞི་དང་སྨོན་མེད་ཀྱི་བྱེ་བྲག་ཏུ་མི་རུང་བས་རྣམ་པ་གཞན་དུ་མི་བལྟའོ། །མཚན་མ་མེད་པ་མཚན་མེད་ནི་མི་སློབ་པའི་མཚན་མེད་ལས་ལངས་ནས་མ་བརྟགས་པར་རྐྱེན་མ་ཚང་བས་ཟད་དེ་བརྟགས་མིན་ཐོབ་པ་ལ་དམིགས་ནས་ཞི་བའི་རྣམ་པར་བལྟ་སྟེ། དགྲ་གསོད་བྱེད་ལ་དགའ་ན་དགྲ་ལ་མི་དགའ་བར་གྲུབ་པ་ལྟར་འགོག་བྱེད་ལ་ཡོན་ཏན་དུ་བལྟས་པས་དགག་བྱ་སུན་ཕྱུང་བར་འགྱུར་རོ། །འགོག་པའི་རྣམ་པར་མི་བལྟ་སྟེ་དེ་ནི་མི་རྟག་པའི་འགོག་པ་དང་ཐུན་མོང་ཡིན་པས་མི་རྟག་པ་ཡང་དམིགས་བྱ་འགྱུར་ལ་འདོད་ན་དེ་ཉིད་མཚན་མ་ཡིན་པས་མཚན་མེད་ཀྱི་བྱེ་བྲག་ཏུ་མི་རུང་ངོ་། །ཏིང་ངེ་འཛིན་དེ་དག་ནི་འཕགས་ལམ་ལ་སྡང་བས་ཟག་བཅས་ཏེ་ཟག་མེད་དེ་ལྟ་མ་ཡིན་ནོ། །མིའི་ནང་དུ་སྐྱེད་དེ་བློ་གསལ་བས་སོ། །དབང་པོ་རྣོ་བས་མི་གཡོ་བས་སྐྱེད་ཀྱི་གཞན་གྱིས་མིན་ཏེ། དགའ་བའི་གནས་སུ་གྱུར་པས་རྣམ་ཐར་ལ་རྒྱབ་ཀྱིས་ཕྱོགས་མི་ནུས་སོ། །བདེན་པའི་རྣམ་པ་ཅན་དང་མི་ལྡན་པའི་ཉེར་བསྡོགས་བདུན་པོ་མ་གཏོགས་པའི་ས་བཅུ་གཅིག་པའོ། །གསུམ་པ་ཏིང་ངེ་འཛིན་བཞིར་དབྱེ་བ་ནི། དགེ་བ་གཉིས་པའི་བསམ་གཏན་དང་པོ་ནི་མཐོང་ཆོས་ལ་བདེ་བར་འགྱུར་བའི་ཏིང་ངེ་འཛིན་བསྒོམ་པ་སྟེ། འདོད་པ་ལས་འདས་པའི་ཐོག་མར་ཐོབ་པས་ཡིད་ཚིམ་པའི་ཕྱིར། མིག་གི་མངོན་ཤེས་ཀྱིས་འཁོར་འཆི་འཕོ་སྐྱེ་ཤེས་ནི་སྔ་ཕྱི་རྟོགས་པའི་ཚུལ་གྱི་ཤེས་པ་དང་། དེ་ཉིད་ཀྱིས་ཁ་དོག་བཟང་ངན་ལ་སོགས་པ་མི་རྟོག་པའི་ཚུལ་གྱིས་མཐོང་བར་འགྱུར་ཏེ། དེ་ཉིད་ཏིང་ངེ་འཛིན་མིན་ཡང་འབྲས་བུ་ལ་རྒྱུའི་མིང་བཏགས་ནས་ཏིང་ངེ་འཛིན་དུ་འདོད་ཅིང་རྣམ་གྲོལ་བློ་ཞེས་པས་བསམ་གཏན་ཁོ་ནར་འདོད་དོ། །སྦྱོར་བ་ལས་བྱུང་བའི་ཡོན་ཏན་ཁམས་གསུམ་པ་མི་སྡུག་པ་ལ་སོགས་པ་དང་ཟག་མེད་ཀྱི་ལམ་ཐམས་ཅད་ནི་བློའི་ཁྱད་པར་གོང་ནས་གོང་དུ་འབྱེད་ཅིང་བསྐྱེད་པར་འགྱུར་བའི་ཏིང་ངེ་འཛིན་ནོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བསམ་གཏན་མཐའ་བཞི་པས་བསྡུས་པ་གང་ཡིན་པ་དེ་ནི་རྒྱུད་དེ་ལ་ཟག་པ་གཅིག་ཀྱང་མ་ལུས་པར་ཟད་པར་འགྱུར་བ་སྒོམ་པ་སྟེ། འདི་དག་ནི་སྟོན་པ་ཉིད་ཀྱིས་སྔོན་ཞིང་པའི་གྲོང་འཛམ་བུའི་ཤིང་དྲུང་དུ་བསམ་གཏན་དང་པོ་བསྐྱེད་ཅིང་བྱང་ཆུབ་ཀྱི་ཤིང་དྲུང་དུ་སྲོད་ལ་བདུད་བཏུལ་ཏེ། ལྷའི་སྤྱན་གྱིས་སེམས་ཅན་འཆི་འཕོ་བ་དང་སྐྱེ་བ་ཉམ་ང་བ་གཟིགས་ནས་གུང་ལ་དེ་དག་བསྐྱབ་པའི་ཕྱིར་བསམ་གཏན་དང་རྣམ་ཐར་ལ་སོགས་པ་སྐྱེད་དེ། ཐོ་རངས་བཞི་པ་ལ་བརྟེན་ནས་ངེས་པ་ལ་ཞུགས་ཏེ་རྡོ་རྗེ་ལྟ་བུའི་བར་དུ་མངོན་དུ་མཛད་པ་ལ་དགོངས་ནས་གསུངས་པའོ། །གསུམ་པ་སྙོམས་འཇུག་གི་ཡོན་ཏན་ལ། ཚད་མེད་བཤད། ཡོན་ཏན་གཞན་བཤད་པའོ། །དང་པོ་ལ། དབྱེ་བ་དང་གྲངས་ངེས། ཁྱད་པར་གྱི་ཆོས་གཉིས། དང་པོ་ནི། ཚད་མེད་པ་ནི་དབྱེ་ན་བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་བཞི་ཡིན་ཏེ། ཡུལ་སེམས་ཅན་ཚད་མེད་པ་ལ་དམིགས་ཤིང་བསོད་ནམས་ཚད་མེད་འབྱུང་བས་སོ། །གྲངས་ངེས་པ་ནི་སྤང་བྱ་གནོད་སེམས་དང་། ལ་སོགས་པ་རྣམ་འཚེ་དང་གཞན་བདེ་བ་ལ་ཕྲག་དོག་པའི་མི་དགའ་བ་དང་འདོད་པའི་འདོད་ཆགས་དང་གནོད་སེམས་མང་བ་རྣམས་ཀྱི་གཉེན་པོའི་ཕྱིར་རིམ་བཞིན་ནོ། །བཏང་སྙོམས་དང་བྱམས་པའི་སྤངས་བྱའི་གནོད་སེམས་ནི་ཆགས་པས་བསླངས་པ་དང་མ་བསླངས་པ་ཡིན་ལ། བཏང་སྙོམས་དང་མི་སྡུག་པའི་སྤང་བྱའི་འདོད་ཆགས་ནི་འཁྲིག་པ་དང་ཁ་དོག་གིའམ་ཉེ་དུ་དང་འཁྲིགས་པའི་འདོད་ཆགས་སོ། །གཉིས་པ་ནི། ཞེ་སྡང་མེད་པ་ཉིད་བྱམས་པ་དང་སྙིང་རྗེ་ཡང་ཡིན་ཏེ། མནར་སེམས་མེད་ན་བདེ་བ་དང་ཕྲད་ཅིང་དུཿཁ་དང་བྲལ་བར་འདོད་པས་སོ། །ཕ་རོལ་བདེ་བ་ལ་དམིགས་ནས་ཡིད་བདེ་བ་ནི་དགའ་བ་ཡིན་ལ། བཏང་སྙོམས་ནི་ཉེ་དུ་ལ་འབྲེལ་མེད་ལྟར་བྱེད་པ་མ་ཆགས་པ་སྟེ། ཆགས་པ་སྔོན་དུ་འགྲོ་བའི་གནོད་སེམས་ཀྱི་གཉེན་པོ་བྱེད་པའམ། སློབ་དཔོན་ནི་ཆགས་སྡང་གཉིས་ཀ་ནས་སྙོམས་པའི་རང་བཞིན་ཞེས་བྱའོ། །རྣམ་པ་ནི་ཀྱེ་མ་སྟེ་ཞེ་ཐག་པ་ནས་སེམས་ཅན་འདི་དག་བདེ་བ་དང་ལྡན་པར་གྱུར་སྡུག་བསྔལ་དང་བྲལ་བར་གྱུར་ཅིག དགའ་བ་དང་མི་འབྲལ་བར་འགྱུར་ཅིག སེམས་ཅན་རྣམས་ལ་ཆགས་སྡང་མེད་པར་སྙོམས་པའི་རྣམ་པའོ། །འོ་ན་དེ་ལྟར་མ་གྱུར་པ་ལ་དེར་མོས་པ་ཕྱིན་ཅི་ལོག་ཏུ་འགྱུར་རོ་ཞེ་ན། བདེའོ་ཞེས་མི་སེམས་ཀྱི་གྱུར་ཅིག ཅེས་སེམས་པའམ་མོས་པ་ནི་དགའ་བའི་བསམ་པ་ཅན་ཡིན་པས་ཕྱིན་ཅི་ལོག་མིན་ལ། དེ་ལྟར་གྱུར་ཀྱང་མི་དགེ་བར་མི་འགྱུར་ཏེ་གནོད་སེམས་སོགས་ཀྱི་གཉེན་པོ་བྱེད་པས་སོ། །སྤྱོད་ཡུལ་ནི་རང་དང་ཉེ་བ་ལ་དམིགས་ནས་སྐྱེ་བའི་གནོད་སེམས་སོགས་འདོད་པ་ན་ཡོད་པས་དེའི་གཉེན་པོ་འདོད་པའི་སེམས་ཅན་རྣམས་ལ་དམིགས་ཤིང་། དགའ་བ་ཡིད་བདེ་ཡིན་པས་བསམ་གཏན་དང་པོ་གཉིས་ན་ཡོད་ལ་གཞན་ནི་ཆགས་སྡང་མེད་པ་ཡིན་པས་བསམ་གཏན་ས་དྲུག་ཆར་ན་ཡོད་པའམ། ཁ་ཅིག་ནི་དངོས་གཞི་ལྔ་ཁོ་ན་ན་ཡོད་ཅེས་པའམ། ཁ་ཅིག་མཉམ་པར་མ་བཞག་པའམ་སྦྱོར་བས་ཡང་བསྣན་ཏེ་ས་བཅུ་པའོ་ཞེས་སོ། །བཞི་པོ་དེ་ཡི་གནོད་སེམས་སོགས་དངོས་སུ་མི་སྤོང་སྟེ་དངོས་གཞི་ཡིན་པའམ་མོས་པ་ཡིད་ལ་བྱེད་པ་དང་ཉི་ཚེ་བའི་སེམས་ཅན་ལ་དམིགས་པའི་ཕྱིར་རོ། །ཇི་སྐད་དུ་རྣམ་འགྲེལ་ལས། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཤིན་ཏུ་ཉེས་པ་ཚར་ཆོད་མིན། །ཞེས་སོ། །འོན་ཀྱང་དེ་དག་གི་སྦྱོར་བས་བསྡུས་པ་འདོད་པ་དང་ཉེར་བསྡོགས་ཀྱིས་གནོད་སེམས་སོགས་མགོ་གནོན་པ་དང་དངོས་གཞིས་སྤངས་པ་ཐག་སྲིང་བའི་གཉེན་པོར་བྱེད་པས་དེ་ལྟར་བཤད་དོ། །སྐྱེད་ཚུལ་ནི་ཉོན་མོངས་ཆུང་ན་རང་གིས་མྱོང་བའི་བདེ་བའམ་སངས་རྒྱས་སོགས་ལ་ཡོད་པ་ཐོས་པ་ལྟར་སེམས་ཅན་ལ་མོས་པར་བྱེད་ཅིང་། ཆེ་ན་མཛའ་བོ་སོགས་གསུམ་དུ་ཕྱེ་སྟེ་དང་པོར་ཆེན་པོ་ལ་མོས་ཤིང་དེ་ནས་འབྲིང་དང་ཆུང་ངུ་དང་ཐ་མལ་པ་དང་དགྲ་བོ་ཆུང་འབྲིང་ཆེན་པོ་ལ་སྟེ། དེ་ཐམས་ཅད་མཉམ་པར་མོས་ན་ཁྱིམ་གཅིག་དང་གྲོང་དང་ཡུལ་འཁོར་སོགས་ཀུན་ལ་མོས་པར་བྱེད་ལ། སྙིང་རྗེ་དང་དགའ་བ་ཡང་དེ་དང་འདྲ་ཞིང་བཏང་སྙོམས་པ་ནི་ཐ་མལ་པ་ནས་སྔར་རྩོམ་ལ། དེ་ནས་ཆགས་སྡང་ཆེ་ན་དགྲ་མཛའ་ནས་སོ། །ཚད་མེད་སྐྱེ་བ་མྱུར་བུལ་གྱི་རྒྱུ་ནི་སེམས་ཅན་ལ་ཡོན་ཏན་དང་སྐྱོན་དུ་འཛིན་པའོ། །ལུང་ལ་ལྟོས་པས་མངོན་གྱུར་མིའི་ནང་དུ་བསྐྱེད་ཅིང་ཐོབ་པ་ནི་གསུམ་པོ་ལྔ་དང་དགའ་བ་གསུམ་གྱི་རྟེན་ནོ། །ཚད་མེད་བཞི་ལས་དགའ་བ་ནི་གསུམ་པ་དང་བཞི་པར་སྐྱེས་པ་ལ་མི་ལྡན་པ་སྲིད་པས་ངེས་པར་གསུམ་གྱི་ཐོབ་པ་ལྡན་ལ། མངོན་འགྱུར་ནི་རྣམ་པ་འགལ་བས་གཅིག་ཁོ་ནའོ། །གཉིས་པ་ལ་བཞི་སྟེ། ཡོན་ཏན་དངོས། དེ་དག་གི་ཐོབ་ཚུལ། རྟེན་གྱི་ཁྱད་པར། ཏིང་ངེ་འཛིན་གྱི་སྐྱེ་ཚུལ་ལོ། །དང་པོ་ལ། རྣམ་ཐར། ཟིལ་གནོན། ཟད་པར་རོ། །དང་པོ་ལ་བསྟན་བཤད་གཉིས། དང་པོ་ནི། རྣམ་པར་ཐར་པ་ལ་དབྱེ་ན་བརྒྱད་དེ། གཟུགས་ཅན་གསུམ་གཟུགས་མེད་བཞི་འགོག་པའི་རྣམ་ཐར་གཅིག་གོ །དགོས་པ་ནི་ཉོན་མོངས་མེད་སོགས་ཀྱི་ཡོན་ཏན་དང་འཕགས་པའི་རྫུ་འཕྲུལ་སྒྲུབ་པ་དང་ཉོན་མོངས་ཐག་སྲིང་བ་དང་སྙོམས་འཇུག་ལ་དབང་བར་བྱ་བའི་ཕྱིར། སྒྲ་དོན་ནི་དམིགས་པ་ལ་རྒྱབ་ཀྱིས་ཕྱོགས་པས་རྣམ་ཐར་ཏེ་གཟུགས་ཅན་རང་གཞན་གྱི་ཡུལ་དང་གཟུགས་མེད་འོག་ས་དང་འགོག་པ་འདུ་བྱེད་ཀུན་ལ་རྒྱབ་ཀྱིས་ཕྱོགས་པས་སོ། །གཉིས་པ་བཤད་པ་ལ། ངོ་བོ་དང་ཡུལ་ལོ། །དང་པོ་ལ་གཟུགས་ཅན་གྱི་དང་། གཟུགས་མེད་ཀྱི་དང་། འགོག་པའི་རྣམ་ཐར་རོ། །དེ་ལ་དང་པོ་གཉིས་ནི་རྣམ་པར་བསྔོས་པ་སོགས་སུ་བལྟ་བ་སྔར་བཤད་པའི་མི་སྡུག་པ་ཡིན་ལ། ས་ནི་འདོད་པ་དང་པོའི་ཁ་དོག་ལ་ཆགས་པའི་གཉེན་པོར་བསམ་གཏན་སྔ་མ་གཉིས་ན་ཡོད་ཀྱི་དེ་ཡན་ཆད་ན་མེད་དེ། གཉིས་པ་སོགས་ན་མིག་ཤེས་མེད་པས་ཁ་དོག་གི་འདོད་ཆགས་ཀྱང་མེད་པའི་ཕྱིར་རོ། །གསུམ་པ་ནི་ས་སྐྱོན་དང་བྲལ་བས་རྣམ་ཐར་མཆོག་འགྲུབ་པའམ་མཐའ་བཞི་པ་ན་ཡོད་ཅིང་གསུམ་པར་རྣམ་ཐར་མ་བཞག་པ་ནི་ཁ་དོག་གི་འདོད་ཆགས་མེད་པས་མི་སྡུག་པ་དང་། བདེ་བའི་སྐྱོན་གྱིས་བསྐྱོད་པས་སྡུག་པའི་རྣམ་ཐར་མ་བཞག་གོ །ངོ་བོ་ནི་དེ་ཡང་འདོད་ཆགས་ཐག་སྲིང་བས་གཙོ་བོ་མ་ཆགས་པ་འཁོར་དང་བཅས་ན་ཕུང་པོ་ལྔ་པ་ཡིན་ལ། དེ་སྒོམ་པའི་དགོས་པ་ནི་མི་སྡུག་པ་གཉིས་པོས་སེམས་ཞུམ་པ་གཟེངས་བསྟོད་པ་དང་སྡུག་པ་ལ་ཆགས་མ་ཆགས་ཀྱིས་སྔ་མ་གཉིས་གྲུབ་མ་གྲུབ་བརྟག་པའི་ཕྱིར་རོ། །གཉིས་པ་ནི། གཟུགས་མེད་པའི་རྣམ་ཐར་ནི་དེའི་མཉམ་གཞག་དགེ་བ་དག་པ་པ་དང་ཟག་མེད་རྣམས་ཏེ། ཉོན་མོངས་ཅན་དང་མཉམ་གཞག་མ་ཡིན་པས་སྙོམས་འཇུག་གི་སྒྲིབ་པ་མི་སྤོང་བས་སོ། །ཊཱི་ཀར་མཉམ་པར་མ་བཞག་པ་ནི་འཆི་སྲིད་ཁོ་ན་དང་དུས་གཞན་ན་ཡང་རྣམ་སྨིན་སྐྱེས་ཡོད་པ་ལ་བསམ་པ་དང་། ཡང་ན་འཆི་བའི་དགེ་བ་སྐྱེས་ཐོབ་དང་། གཞན་ནའང་དེ་ཡོད་པ་འགྲེལ་པའི་དགོངས་པར་འཆད་དོ། །གསུམ་པ་ནི། འགོག་པའི་སྙོམས་པར་འཇུག་པའོ། །ཐོག་མའི་འཇུག་སེམས་ནི་འཆད་པ་དང་མཐུན་པས་རང་བཞིན་གྱིས་ཕྲ་བ་སྲིད་རྩེའི་སེམས་ལ་དེ་བས་ཀྱང་ཕྲ་བར་བྱས་ནས་འཇུག་ཅིང་། ལྡང་སེམས་ནི་རང་ས་སྲིད་རྩེའི་དག་པ་པ་དང་འོག་མ་ཅི་ཡང་མེད་པ་ཡི་འཕགས་པའི་སེམས་ཀྱིས་དེ་ལས་ལྡང་སྟེ། དེ་གཉིས་གང་གིས་ལྡང་བ་དང་ཇི་སྲིད་ནས་ལྡང་བ་ནི་འཕེན་པའི་རྗེས་སུ་བྱེད་ལ། ལས་གྲུབ་པ་ལས་བཞི་པའི་ཟག་མེད་ཀྱིས་ལྡང་བ་ཡང་བཤད་དོ། །མདོ་ལས་དེ་དང་གསུམ་པ་ཁོ་ན་ལ་ལུས་ཀྱིས་མངོན་སུམ་བྱས་ཏེ་ཞེས་སྨོས་པ་ནི། གཟུགས་ཅན་ལ་གནས་གྱུར་པའི་སྒོ་ནས་སྒྲིབ་པ་མཐའ་དག་སྤོང་བ་དང་སྡུག་པ་ཡིན་ཡང་ཉོན་མོངས་མི་སྐྱེ་བས་གསུམ་པ་དང་། གཟུགས་མེད་ལས་རྒྱུ་དང་པོ་བརྒྱད་པ་གཙོ་བོ་ཡིན་པ་དང་། ཁམས་དང་སའི་མཐའ་ན་གནས་པའི་ཕྱིར། ཞེས་ཏེ་དེ་ནི་རྒྱུར་ཡོངས་སུ་རྫོགས་པའང་རྒྱུར་འགྲིག་གོ །གཉིས་པ་ཡུལ་ནི། དང་པོ་གསུམ་འདོད་པར་གཏོགས་པའི་སྣང་བ་གཟུགས་སྡུག་མི་སྡུག་གི་ཡུལ་ཅན་ཡིན་ཞིང་། གང་དག་གཟུགས་ཅན་མ་ཡིན་པ་བཞི་པོ་དེ་དག་གི་སྤྱོད་ཡུལ་ནི་གོང་དང་རང་གི་ས་པའི་སྡུག་བསྔལ་ལ་སོགས་པ་བདེན་པ་གསུམ་དང་ལམ་ནི་རྗེས་ཤེས་ཀྱི་ཕྱོགས་དང་མཐུན་པ་ཐམས་ཅད་ཡིན་ལ། མཚན་མ་མེད་པ་མཚན་མེད་ཀྱི་ཡུལ་བརྟགས་མིན་དང་། ནམ་མཁའ་མཐའ་ཡས་ཀྱི་ནམ་མཁའ་ཡང་ཡིན་ནོ། །གཉིས་པ་ཟིལ་གནོན་ནི། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལ་དབྱེ་ན་བརྒྱད་དེ། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་པོ་དང་ངན་པ་རྣམས་ལ་བལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་མཐོང་སྟེ་དེ་ལྟར་འདུ་ཤེས་ཏེ་མཐོང་བ་འདི་ནི་དང་པོའོ། །དེ་བཞིན་དུ་ཆེན་པོ་ལ་བལྟ་བ་དང་། ནང་གཟུགས་མེད་པར་འདུ་ཤེས་པས་ཆུང་ཆེ་གཉིས་ལ་བལྟ་བ་དང་། དེས་ཕྱིའི་གཟུགས་སྔོན་པོ་ཁ་དོག་སྔོན་པོ་ལྟ་བུར་སྟོན་པ་འོད་སྔོན་པོ་འབྱུང་བ། དཔེར་ན་ཟར་མའི་མེ་ཏོག་ལྟ་བུ་ཡུལ་ཝཱ་ར་ཎ་སིའི་རས་ཡུག་ཕུན་སུམ་ཚོགས་པ་སྔོན་པོ་ཁ་དོག་སྔོན་པོ་སྔོན་པོར་བསྟན་པ་འོད་སྔོན་པོ་འབྱུང་བ་ལྟ་བུ་རྣམས་ལ་བལྟ་ཞེས་སྔ་མ་བཞིན་དང་། སེར་པོ་དོང་ཀའི་མེ་ཏོག་དང་། དམར་པོ་བནྡྷུ་ཛཱི་བ་ཀའི་མེ་ཏོག་དང་། དཀར་པོ་སྐར་མ་པ་བ་སངས་ལྟ་བུའོ། །ཚིག་གི་དོན་ནི་གཟུགས་ཆུང་ངུ་སེམས་ཅན་དང་ཆེན་པོ་སྣོད་ཡིན་ལ། ཁ་དོག་བཟང་ངན་ནི་སྡུག་མི་སྡུག་ཏུ་སར་བཤད་ཅིང་། ཁ་དོག་བཞི་ལ་དཔེ་གཉིས་སྨོས་པ་ནི་རང་བཞིན་དང་བཅོས་མ་སྟེ། སྔོན་པོ་ལ་སོགས་པའི་ཚིག་བཞི་ནི་དོན་དང་དཔེའི་ཆོས་གཉིས་སུ་ལན་གཉིས་སྨོས་ལ། ཤེས་པ་དང་མཐོང་བ་ནི་གང་སྤེལ་ལས་ཤེས་བྱ་དང་དེའི་རྒྱུ་མཚན་གྱིས་རྣལ་འབྱོར་རྫོགས་པའོ་ཞེས་དང་། སར་ཞི་གནས་དང་ལྷག་མཐོང་ཞེས་བཤད་ལ། བར་ཆད་མེད་དང་རྣམ་གྲོལ་ལམ་དུའང་འཆད་དོ། །གཟུགས་མེད་ལ་ཟིལ་གནོན་མི་གཞག་པ་ནི་བསྡུ་བར་གཟུགས་ཟིལ་གྱིས་གནོན་པར་དཀའ་བས་དེ་གནོན་ན་གཟུགས་མེད་ཟིལ་གྱིས་གནོན་པའི་དབང་ཡང་འཐོབ་བོ་ཞེས་སོ། །མཚན་ཉིད་ལ་དང་པོ་གཉིས་ནི་རྣམ་ཐར་དང་པོ་བཞིན་དུ་གཟུགས་སུ་འདུ་ཤེས་ཤིང་གསུམ་པ་བཞི་པ་གཉིས་ནི་རྣམ་ཐར་གཉིས་པ་བཞིན་གཟུགས་མེད་པར་འདུ་ཤེས་ལ། དེ་ལས་གཞན་ཡང་བཞི་པོ་ནི་སྡུག་པའི་རྣམ་ཐར་བཞིན་དུ་གཟུགས་མེད་པར་འདུ་ཤེས་ཏེ་སྣོད་དང་སེམས་ཅན་ལ་སྤྱིར་དམིགས་གསུང་ངོ་། །རྣམ་ཐར་དང་ཟིལ་གནོན་གྱི་ཁྱད་པར་ནི་གང་སྤེལ་ལས་དམིགས་པ་ལ་རྒྱབ་ཀྱིས་ཕྱོགས་ཙམ་དང་། སྐད་ཅིག་ལ་ཇི་ལྟར་འདོད་པར་མོས་ཤིང་ཉོན་མོངས་མི་སྐྱེ་བ་དང་། ཁ་དོག་བཟང་ངན་ལ་ཆགས་སྡང་མི་སྐྱེ་བས་སོ་ཞེས་དང་། ཁ་ཅིག་བཟང་ངན་ཐམས་ཅད་མི་སྡུག་པར་རོ་གཅིག་ཏུ་ཤེས་པའོ་ཞེས་སོ། །གསུམ་པ་ཟད་པར་ལ་དབྱེ་ན་བཅུ་སྟེ། འབྱུང་བ་བཞི་སྔོ་སོགས་བཞི་ནམ་མཁའ་རྣམ་ཤེས་སོ། །སྒྲ་དོན་ནི་དམིགས་པ་ལ་མོས་པའི་རྣམ་པ་བར་མ་ཆད་བྱེད་པའི་དོན་གྱིས་ཏེ་འགྱུར་ཁ་ཅིག་ལས་མཐའ་དག་གི་སྐྱེ་མཆེད་ཅེས་འབྱུང་ཞིང་རྣམ་ཐར་ཟིལ་གནོན་ནི་དུས་གཅིག་ཏུ་ཡུལ་ཆད་པ་ལ་དམིགས་ན་རིམ་གྱིས་ཐམས་ཅད་ལའོ། །དེ་གསུམ་གྱི་ཁྱད་པར་ནི་སྔ་མ་རྣམ་པར་གཞག་པ་ཕྱི་མ་སྟེ་ཡོན་ཏན་རིམ་གྱིས་འཛེག་པ་དང་པོར་རྒྱབ་ཀྱིས་ཕྱོགས་དེ་ནས་ཟིལ་གྱིས་གནོན་དེ་ནས་ཁྱབ་པར་བྱེད་པའམ། ཁ་ཅིག་ཆུང་ངུ་འབྲིང་ཆེན་པོ་ཐམས་ཅད་དེ་རྣམ་ཐར་རྒྱུ་ཟད་པར་འབྲས་བུ་ཟིལ་གནོན་གཉིས་ཀའོ་ཞེས་སོ། །དེ་ལ་དང་པོ་བརྒྱད་ཀྱི་ངོ་བོ་ནི་མ་ཆགས་པའི་རང་བཞིན་ཡིན་ལ། ས་ནི་བསམ་གཏན་གྱི་མཐའ་བཞི་པ་ཁོ་ནར་ཡོད་ཅིང་སྤྱོད་ཡུལ་ནི་འདོད་པ་ན་སྤྱོད་པའི་འབྱུང་བཞི་ཡིན་པས་རེག་རིག་བྱ་སྟེ་དབང་པོས་སྣོད་དང་དྲི་རོས་གཟུགས་ཁམས་སུ་མི་ཁྱབ་ཅིང་སྒྲ་ནི་རྒྱུན་མེད་པས་ཟད་པར་དུ་མི་གཞག་པར་ས་ལས་བཤད་དོ། །ཐ་མ་གཉིས་ནི་གཟུགས་མེད་པ་སྔ་མ་གཉིས་པོ་དག་སྟེ། གཞན་ནི་དམིགས་པ་མི་གསལ་ཞིང་སྤྲོ་བསྡུ་དང་མི་མཐུན་པས་སམ། ཁ་ཅིག་ཟད་པར་གྱི་འབྲས་བུ་ཡིན་པས་ཟད་པར་དུ་མི་གཞག་ཅེས་སོ། །སྤྱོད་ཡུལ་ནི་ཁྱབ་པར་དམིགས་པས་རང་གི་ས་པའི་ཕུང་པོ་བཞིའོ། །གཉིས་པ་དེ་དག་གིས་འཐོབ་ཚུལ་ནི། འགོག་པའི་ཐོབ་པ་དང་རྟེན་དང་གང་ཟག་ནི་གནས་གཉིས་པར་བཤད་ཟིན་ལ། ལྷག་མ་རྣམས་འདྲིས་པ་འདོད་ཆགས་དང་བྲལ་བ་དང་མ་འདྲིས་པ་སྦྱོར་བས་འཐོབ་ཅིང་། གསུམ་པ་རྟེན་ནི་གཟུགས་མེད་པ་ཞེས་བྱ་བའི་རྣམ་པར་ཐར་པ་ནི་ཁམས་གསུམ་གྱི་རྟེན་ཅན་ཡིན་ལ། ལྷག་མ་བཅུ་དགུ་ནི་ལུང་གིས་སྐྱེད་པས་མིའི་རྟེན་ལས་སྐྱེའོ། །བཞི་པ་ནི། འོ་ན་ལྷ་ལ་ལུང་མེད་པས་ཁམས་གོང་མ་གཉིས་པོ་དག་ཏུ་གོང་མའི་སྙོམས་འཇུག་ཇི་ལྟར་སྐྱེ་ཞེ་ན། དེར་གཟུགས་མེད་པའི་སྙོམས་འཇུག་ནི་སྐལ་བ་མཉམ་པའི་རྒྱུའི་སྟོབས་དང་དེའི་སྙོམས་འཇུག་སྐྱེ་བ་དང་མཐུན་པའི་རྒྱུད་དུ་གནས་པར་བྱེད་པ་ལས་ཀྱི་སྟོབས་ཀྱིས་སྐྱེ་སྟེ། དེ་ལ་རྒྱུ་ཡོད་ཀྱང་ལས་གཙོ་བས་སོ། །གཟུགས་ཀྱི་ཁམས་འོག་མ་འོག་མར་གོང་མ་གོང་མའི་བསམ་གཏན་རྣམས་སྐྱེ་བ་ནི་རྒྱུ་གཉིས་པོ་དེ་དག་དང་། འཇིག་རྟེན་འཇིག་པའི་ཚེ་ལྟ་བུ་ཆོས་ཉིད་ཀྱིས་ཀྱང་སྐྱེ་སྟེ། དེའི་ཚེ་སེམས་ཅན་ཐམས་ཅད་དགེ་བའི་ཆོས་རྣམས་ཀྱི་འཇུག་པ་ཤས་ཆེ་བས་བསམ་གཏན་སྐྱེ་བ་དང་མཐུན་པའི་རྒྱུད་དུ་གནས་པར་འགྱུར་རོ། །དེ་ལ་ཡང་རྒྱུ་ཡོད་ཀྱང་འཇིགས་པ་ཉེ་བར་གནས་པས་ཆོས་ཉིད་ཅེས་བྱ་ཞིང་ཆོས་ཉིད་ནི་ཊཱི་ཀར། མདོ་སྡེ་པ་ཁ་ཅིག་ན་རེ། སྔོན་གྱི་བསམ་གཏན་གྱི་བག་ཆགས་ཀྱི་དབང་གིས་དགེ་བའི་འཇུག་པ་ཤས་ཆེ་ཞིང་ལུང་མེད་པར་སྐྱེ་བ་དང་མཐུན་པ་ནི་ཆོས་ཉིད་དེ་རང་བཞིན་ནམ་ངོ་བོ་ཞེས་བྱའོ། །བྱེ་བྲག་ཏུ་སྨྲ་བ་ཁ་ཅིག་གཞན་ལས་དེའི་ལུང་མ་མནོས་པར་ཚེ་སྔ་མའི་སྐལ་མཉམ་གྱི་རྒྱུ་ལས་རྒྱུ་མཐུན་གྱི་འབྲས་བུ་བསམ་གཏན་སྐྱེ་བ་ནི་ཆོས་ཉིད་དོ་ཞེས་ཏེ། འདི་སྐད་དུ་ལུང་མེད་པར་སྔོན་གྱི་བསམ་གཏན་གྱི་བག་ཆགས་ཀྱིས་སྐྱེའོ་ཞེས་བརྗོད་དོ། །དེ་ཡང་རང་སའི་སྐྱེ་བ་ནི་ཆོས་ཉིད་མིན་ལ། འདོད་ལྷ་ལ་ཡང་རྒྱུ་དེ་དག་ཉིད་ཡོད་ཅིང་། མི་ལ་དེའི་སྟེང་དུ་ཡིད་བྱེད་བདུན་དང་སེམས་གནས་པའི་ཐབས་དགུ་ལ་སོགས་པ་ལུང་གི་སྟོབས་དེ་བསྣན་ཏེ་གསུམ་དང་བཞི་ཡོད་དོ། །དམ་པའི་ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་གཞུང་དོན་རབ་ཏུ་གསལ་བའི་ཉི་མ་ཞེས་བྱ་བ་ལས་གནས་བརྒྱད་པའོ།།  ༈  །།གསུམ་པ་གཞུང་དོན་ཡོངས་སུ་རྫོགས་པའི་བྱ་བ་ལ། སྟོན་པའི་དམ་ཆོས་ཀྱི་དབྱེ་བ། དེ་འཛིན་པའི་གང་ཟག བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ། ཉེས་པ་བཟོད་པར་གསོལ་བ། ཐར་པ་འདོད་པས་བག་ཡོད་བྱ་བར་གདམས་པའོ། །དང་པོ་ནི། སྡེ་སྣོད་ཀྱི་མ་མོ་འདི་གནས་པ་དེ་སྲིད་དུ་སྟོན་པའི་བསྟན་པ་གནས་པ་ཞེས་བྱ་ལ། དེ་ལ་དབྱེ་ན་དམ་པས་གསུངས་པའམ་དམ་པར་བྱེད་པའི་ཆོས་དེ་ནི་རྣམ་པ་གཉིས་ཏེ། ལུང་སྦྱིན་པའམ་གདམས་པའི་ཆོས་སྡེ་སྣོད་གསུམ་དང་། དེའི་དབང་གིས་རྟོགས་པར་གྱུར་པའི་བདག་ཉིད་ཀྱི་ཆོས་བྱང་ཆུབ་ཕྱོགས་མཐུན་ནམ་ལམ་ལྔའོ། །འགོག་པ་ནི་སྟོན་པའི་དབང་གིས་འབྱུང་བ་མིན་པའམ་དེས་འཐོབ་ཅིང་རྟོགས་ཀྱང་གནས་པའི་དུས་ཚད་མེད་པས་མ་སྨོས་པར་འཆད་དོ། །ལུང་སྔར་སྨོས་པ་ནི་ལུང་གི་སྣང་བ་ནུབ་ན་རྟོགས་པ་ཡང་ནུབ་པར་འགྱུར་བར་བསམ་པའོ་ཞེའོ། །གཉིས་པ་ནི། ཆོས་དེ་གཉིས་འཛིན་པར་བྱེད་པ་ནི་ཇི་སྲིད་སྨྲ་བར་བྱེད་པ་དང་སྒྲུབ་པ་ཉམས་སུ་ལེན་པར་བྱེད་པ་ཡོད་པ་དེ་སྲིད་ཁོ་ན་གནས་པ་ཡིན་ནོ། །དུས་ཀྱི་ཚད་ནི་ལྔ་སྟོང་དུ་གནས་སོ། །ཁ་ཅིག་ན་རེ་རྟོགས་པ་དེ་ཙམ་དུ་གནས་ལ་ལུང་དེ་བས་ཆེས་རིང་བར་གནས་པ་ཡིན་ནོ་ཞེས་ཏེ་ཊཱི་ཀས་དེ་རིགས་པར་བཤད་དོ། །གསུམ་པ་ནི། བདག་གིས་ཞེས་སོགས་རྐང་པ་གཉིས་སོ། །བཞི་པ་ནི། ཉེས་པར་ཟིན་གང་ཞེས་སོགས་རྐང་པ་གཉིས་སོ། །ལྔ་པ་ནི་སྟོན་པ་ཞེས་སོགས་ཚིགས་སུ་བཅད་པ་གསུམ་མོ། །གསུམ་པ་མཇུག་གི་དོན་ནི། ཆོས་མངོན་པའི་མཛོད་ཅེས་སོགས་སོ། །གང་བློའི་མགུལ་པ་འབུམ་ཕྲག་གོ་དགུའི་གཞུང་བཟང་ནོར་བུས་རབ་མཛེས་ཤིང་། །གང་གིས་མ་མོའི་སྡེ་སྣོད་ཇི་བཞིན་གསལ་བར་བཤད་པ་ཆོས་མངོན་མཛོད། །གང་དེའི་རྣམ་བཤད་སྐྱོན་གསུམ་དང་བྲལ་གཞུང་དོན་མཆོག་རྣམས་རབ་གསལ་བ། །གང་གི་རྣ་བར་རབ་སྙན་ལེགས་བཤད་སྒྲོགས་པ་རྣམ་པར་རྒྱལ་བའི་རྔ་ཆེན་འདི། །མ་ལུས་ཤེས་བྱའི་གནས་ལ་བློ་གྲོས་རྒྱས། །མཁའ་ལྟར་སྙོམས་པའི་ཐུྃགས་རྗེྃ་དང་ལྡན་ཞིང་། །མན་ངག་ནོར་བུའི་དཔལྃ་འབྱོར་བཟངྃ་པོ་ཡིས། །ཕན་བདེའི་དགའ་སྟོན་སྤེལ་བའི་ཕྱིར་དུ་བྲིས། །འདི་བྲིས་དགེ་བ་ཉི་འོད་བྲིས་པའི་གངས་རི་ལྟར་དཀར་དེས། །སྐྱེ་བ་ཀུན་ཏུ་སྐྱེ་མེད་དོན་རྟོགས་བྱང་ཆུབ་སེམས་ཐོབ་ནས། །བརྩོན་པའི་ཤུགས་ཀྱིས་ཚོགས་གཉིས་ལེགས་བསྒྲུབས་སྐུ་གཉིས་མངོན་གྱུར་ཏེ། །སྲིད་གསུམ་འདམ་ལས་ཁམས་གསུམ་འགྲོ་རྣམས་འདྲེན་པའི་དཔལ་དུ་ཤོག །གནས་སྐབས་ཀུན་ཏུའང་མདོ་རྒྱུད་ཚིག་དོན་ལ། །ཐོགས་མེད་བློ་དང་མི་བརྗེད་གཟུངས་ཐོབ་སྟེ། །རྙེད་དང་བཀུར་སྟི་སྐྱོ་ངལ་རབ་སྤངས་ནས། །སྐལ་ལྡན་འགྲོ་ལ་ཚུལ་བཞིན་འདོམས་པར་ཤོག །ལེགས་བཤད་འདི་ཡང་ནམ་མཁའ་གནས་ཀྱི་བར། །ལེགས་པར་གནས་ནས་མཁའ་མཉམ་གདུལ་བྱ་ལ། །ལེགས་བཤད་ཚིག་དོན་གསལ་བར་སྒྲོག་པ་དང་། །ལེགས་བཤད་དགའ་སྟོན་ཕྱོགས་བཅུར་འཕེལ་བར་ཤོག།  ༈  །།འདི་བསྒྲུབས་པ་ལས་བྱུང་བ་ཡིས། །དགེ་བའི་རྩ་བ་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །དགེའོ། །དགེའོ། །དགེའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*