མཛོད་འགྲེལ་གཞུང་དོན་གསལ་བའི་ཉི་མ། ག༽

དེ་ཡང་ལྕགས་རི་གཅིག་གིས་བསྐོར་རོ། །བར་མ་དེ་སྟོང་སྟེ་གླིང་བཞི་ཁོར་ཡུག་དང་བཅས་པ་བྱེ་བ་ཕྲག་བརྒྱ་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་སྟེ། དེ་ཡང་ཁོར་ཡུག་ཆེན་པོས་ཀུན་ནས་བསྐོར་རོ། །དེས་ན་གཉིས་པ་ཡན་ཆད་སྟོང་གསུམ་དུ་ནི་མ་གཏོགས་ལ་སངས་རྒྱས་བཞུགས་པའི་ཚེ་སངས་རྒྱས་ཀྱི་ཞིང་གཅིག་ཏུ་བྱེད་དོ། །སྟོང་གསུམ་གཅིག་པོ་དེ་ནི་རླུང་གི་དཀྱིལ་འཁོར་ཡན་ཆད་སྣོད་བཅུད་དང་བཅས་པ་མེ་ལ་སོགས་པས་དུས་མཉམ་དུ་འཇིག་ཅིང་འཆགས་པའི་ཚེའང་མཉམ་དུ་འབྱུང་བ་ཡིན་ནོ། །གཉིས་པ་ཞར་ལ་དེར་གནས་པའི་སེམས་ཅན་གྱི་ཚད་བཤད་པ་ལ་གཉིས་ཏེ། ལུས་ཚད་དང་། ཚེ་ཚད་དོ། །དང་པོ་ལ་གསུམ་སྟེ། མིའི་དང་། འདོད་ལྷའི་དང་། གཟུགས་ཁམས་པའི་ལུས་ཚད་དོ། །དང་པོ་ནི། འཛམ་བུ་གླིང་པ་ཚེ་ལོ་བརྒྱ་པ་རྣམས་ཀྱི་ལུས་ཀྱི་ཚད་ནི་ཞེང་དུ་ཁྲུ་བཞི་དང་། མཐོ་དམན་ལ་ཕྱེད་དང་བཞི་སྟེ། ཁྲུ་ནི་འོག་ནས་བཤད་པའི་འགྱུར་བསྒྲེས་པའི་ཁྲུའོ། །བསྐལ་པ་དང་པོའི་མི་འགའ་ཞིག་བརྒྱ་བྱིན་དང་མཉམ་པ་ཡང་ཡོད་དེ། སྤྱི་བོ་སྐྱེས་དང་བརྒྱ་བྱིན་གཉིས་མིག་འབྱེད་འཛུམ་ཡོད་མེད་མ་གཏོགས་པ་ཁྱད་པར་མེད་པར་བཤད་པའི་ཕྱིར་རོ། །ཤར་དང་བ་གླང་སྤྱོད་དང་ནི་བྱང་ཞེས་བྱ་བ་གསུམ་ནི། ཕྱི་མ་ཕྱི་མ་ཉིས་འགྱུར་དུ་བསྐྱེད་པས་ཁྲུ་བརྒྱད་དང་བཅུ་དྲུག་དང་སོ་གཉིས་པའོ། །གཉིས་པ་ནི་འདོད་པ་དང་ལྡན་པའི་ལྷའི་ལུས་ཚད་ནི་རྒྱལ་ཆེན་རིས་བཞི་པ་རྒྱང་གྲགས་བཞི་ཆ་ནས་ནི་གཞན་འཕྲུལ་དབང་བྱེད་པ་རྒྱང་གྲགས་དག་ཕྱེད་དང་གཉིས་ཀྱི་བར་དུ་རྒྱང་གྲགས་བཞི་ཆ་རེ་རེ་བསྐྱེད་དོ། །སར་སུམ་ཅུ་རྩ་གསུམ་པ་སྤྱི་ནི་རྒྱང་གྲགས་བཞི་ཆ་ལྷག་པ་བརྒྱ་བྱིན་ཕྱེད་པ་ཡིན་ཞིང་། ལྷ་མིན་དེ་དང་འདྲའོ་ཞེས་བཤད་དོ། །གསུམ་པ་ནི། གཟུགས་ཅན་དང་པོ་ཚངས་རིས་པ་དཔག་ཚད་ཕྱེད་པ་དེ་ཡི་གོང་མ་གསུམ་ཕྱེད་ཕྱེད་བསྐྱེད་པས་འོད་ཆུང་པ་རྣམས་ཀྱི་གཟུགས་ནི་དཔག་ཚད་གཉིས་སོ། །དེའི་ལྟག་ཚད་མེད་འོད་ཡན་ཆད་ཀྱི་ལུས་ནི་འོག་མ་འོག་མ་ལས་ཉིས་འགྱུར་གྱིས་ཆེ་སྟེ། དགེ་རྒྱས་པའི་ལུས་ནི་དྲུག་ཅུ་རེ་བཞི་དང་། དེ་ཉིས་འགྱུར་ལས་སྤྲིན་མེད་པའི་དཔག་ཚད་གསུམ་དོར་བས་བརྒྱ་ཉེར་ལྔ་ནས་འོག་མིན་པའི་ལུས་ནི་ཁྲི་དྲུག་སྟོང་གི་བར་རོ། །སྤྲིན་མེད་པའི་བརྩི་བདེ་བའི་ཆེད་དོར་ཟེར་ཡང་ལས་དབང་གིས་ཏེ་སྤྱིར་གོང་མ་ཀུན་ལ་དོར་བའོ། །གཉིས་པ་ལ་གཉིས་ཏེ། ཚེ་ཚད་དངོས་དང་། བར་དུ་འཆི་བ་ཡོད་མེད་དཔྱད་པའོ། །དང་པོ་ལ་གཉིས་ཏེ། བདེ་འགྲོའི་ཚེ་ཚད་དང་། ངན་འགྲོའི་ཚེ་ཚད་དོ། །དང་པོ་ལའང་གསུམ་སྟེ། མིའི། འདོད་ལྷའི། ཁམས་གོང་མའི་ཚེ་ཚད་དོ། །དང་པོ་ནི། བོང་ཚོད་ཐ་དད་པ་རྣམས་ཀྱི་ཚེའང་ཐ་དད་དམ་ཞེ་ན། སྒྲ་མི་སྙན་ན་ཚེ་སྟོང་ཐུབ། ནུབ་དང་ཤར་གཉིས་ན་སྔ་མའི་ཕྱེད་ཕྱེད་སྤངས་པ་སྟེ་ལྔ་བརྒྱ་དང་ཕྱེད་སུམ་བརྒྱའོ། །གླིང་འདི་ན་ཚེ་ཚད་མ་ངེས་ཏེ། འགྲིབ་པའི་ཐ་མར་ནི་ལོ་བཅུ་དང་བསྐལ་པ་དང་པོའི་མིའི་ཚེ་ལོ་དཔག་ཏུ་མེད་དོ། །གཉིས་པ་ནི། མི་རྣམས་ཀྱི་ནི་ཚེ་ལོ་ལྔ་བཅུ་ལ། འདོད་པ་དག་གི་ལྷ་རྣམས་ལས་འོག་མ་རྒྱལ་ཆེན་རིས་བཞི་པ་དག་གི་ཉིན་ཞག་གཅིག་སྟེ། ཉིན་ཞག་དེ་ཡིས་བགྲངས་པའི་ཞག་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོར་བྱས་ཏེ། དེས་བརྩིས་པ་ན་རང་ལོ་ལྔ་བརྒྱ་ཐུབ་པའོ། །འདོད་ལྷ་གོང་མ་ལྔའི་ཞག་དང་ལོའི་ཚད་གཉིས་ཀ་ཉིས་འགྱུར་ཏེ། མི་རྣམས་ལོ་ནི་བརྒྱ་དག་ལ། །འདོད་པ་དག་གི་ལྷ་རྣམས་ལས། །སུམ་ཅུ་རྩ་གསུམ་ཉིན་ཞག་གཅིག །དེ་ནས་ཚེ་ལོ་སྟོང་ཕྲག་གཅིག །ཅེས་པ་ལ་སོགས་པ་སྦྱར་རོ། །འོ་ན་གཉའ་ཤིང་འཛིན་ཡན་ཆད་ན་ཉི་ཟླ་མེད་པས་ཉིན་ཞག་ཇི་ལྟར་ཡོད་ཅེ་ན། མེ་ཏོག་ཁ་བྱེ་བ་དང་ཟུམ་པ་དང་། བྱ་སྐད་འབྱིན་མི་འབྱིན་དང་། གཉིད་སངས་པ་དང་བྲོ་བ་དང་། འོད་གསལ་བ་དང་མི་གསལ་བའི་བྱེ་བྲག་ལས་སོ། །གསུམ་པ་ལ་གསུམ་སྟེ། གཟུགས་ཅན་གྱི་ཚེ་ཚད། གཟུགས་མེད་ཀྱི་ཚེ་ཚད། ཚེ་ཚད་ཀྱི་བསྐལ་པ་ངོས་བཟུང་བའོ། །དང་པོ་ནི། གཟུགས་ཅན་གྱི་ཁམས་ན་མེ་ཏོག་དང་། དུད་འགྲོ་དང་། གཉིད་དང་། འོད་འཕེལ་འགྲིབ་མེད་པའི་ཕྱིར་ཉིན་མཚན་མེད་ཀྱི་ཚེའི་ཚད་ནི་ལོས་མི་བགྲང་གི འོ་ན་གང་གིས་ཤེ་ན། རང་ལུས་གཞལ་བའི་དཔག་ཚད་དང་གྲངས་མཐུན་པའི་བསྐལ་པ་ཡིས་བགྲངས་ཏེ། གཟུགས་ཅན་དང་པོ་བསྐལ་པ་ཕྱེད། །དེ་ཡི་གོང་མ་ཕྱེད་ཕྱེད་བསྐྱེད། །འོད་ཆུང་རྣམས་ཀྱི་ལྟག་ཡན་ཆད། །ཚེ་ནི་ཉིས་འགྱུར་ཉིས་འགྱུར་ཏེ། །སྤྲིན་མེད་བསྐལ་པ་གསུམ་དོར་རོ། །ཞེས་སྦྱར་རོ། །གཉིས་པ་ནི། གཟུགས་མེད་དང་པོའི་ཚེ་ཚད་ནི་བསྐལ་པ་སྟོང་ཕྲག་ནི་ཉི་ཤུ་ཡིན་ལ། གོང་མ་གསུམ་ནི་དེ་ཙམ་སྟེ་ལྷག་པས་ལྷག་པ་ཡིན་ནོ། །གསུམ་པ་ནི། ཚེ་ཚད་ཀྱི་བསྐལ་པ་ཐམས་ཅད་མཉམ་པ་ཡིན་ནམ་ཞེ་ན། མིན་གྱི། འོད་ཆུང་ནས་གཟུང་སྟེ་སྲིད་རྩེའི་བར་དུ་བསྐལ་ཆེན་ཡིན་ལ། དེ་ཡི་འོག་མ་དང་པོ་པའི་ནི་བསྐལ་ཆེན་ཕྱེད་ལ་བསྐལ་པར་བྱས་པ་ཡིན་པས་ཚངས་རིས་པ་བར་བསྐལ་ཉི་ཤུ། མདུན་ན་འདོན་པ་བཞི་བཅུ་ཚངས་ཆེན་པ་དྲུག་བཅུའོ། །སར་གསུམ་ཀ་ཡང་མིང་བསྐལ་པ་རེ་རེར་བཤད་དོ། །གཉིས་པ་ངན་འགྲོའི་ཚེ་ཚད་ལ་བཞི་ལས། དང་པོ་ཚ་དམྱལ་གྱི་ནི། ཡང་སོས་ལ་སོགས་པ་དང་པོ་དྲུག་ནི་འདོད་ལྷ་དྲུག་གི་ཚེ་དང་ཉིན་ཞག་མཉམ་པ་ཡིན་ལ་ཉིན་ཞག་དེས་བརྩིས་པ་ན་དམྱལ་བ་དེ་དག་རྣམས་ཀྱི་ཚེ་ལོའི་གྲངས་འདོད་པའི་ལྷ་དྲུག་དང་འདྲ་བ་ཡིན་ཏེ། རྒྱལ་ཆེན་རིས་བཞི་པའི་ཚེ་ཚད་ལ་ཞག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་ཡང་སོས་པའི་ཚེ་ཚད་དོ་ཞེས་པ་ལ་སོགས་པར་སྦྱར་ཞིང་། རབ་ཏུ་ཚ་བ་ནི་ལོས་བརྩི་བར་མི་ནུས་པས་བར་བསྐལ་ཕྱེད་ཡིན་ལ། མནར་མེད་ནི་བར་གྱི་བསྐལ་པ་གཅིག་ཡིན་ནོ། །གཉིས་པ་དུད་འགྲོ་རྣམས་ནི། ཐུང་བ་ལ་ངེས་པ་མེད་ཀྱི་མཆོག་ཏུ་རིང་བ་ནི་བར་གྱི་བསྐལ་པ་སྟེ། མདོ་ལས་དགེ་སློང་དག་ཀླུ་བརྒྱད་པོ་འདི་དག་ནི་ཀླུ་ཆེན་པོ་བསྐལ་པར་གནས་པས་འཛིན་པ་ནམ་མཁའ་ལྡིང་གིས་མི་ཕྱིན་པ་སྟེ། ཀླུའི་རྒྱལ་པོ་དགའ་བོ་དང་ཞེས་སོགས་གསུངས་ལ། དེའི་ནང་ནས་ཀླུ་ནག་པོ་ཆེན་པོས་སངས་རྒྱས་སྟོང་ལ་མཆོད་པར་བྱེད་དོ། །གསུམ་པ་ཡི་དྭགས་རྣམས་མཆོག་ཏུ་རིང་བ་ནི། མིའི་ཟླ་བ་གཅིག་ལ་ཉིན་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱ་སྟེ་མིའི་ལོ་ལྔ་སྟོང་ཐུབ་པར་བཤེས་སྤྲིང་ལས་བཤད་དོ། །མདོ་སྡེ་ཉི་མའི་སྙིང་པོར་ཐུང་བས་སྟོང་ཕྲག་གཅིག་དང་། རིང་བས་སྟོང་ཕྲག་བརྒྱད་ཅུ་ཐུབ་པར་བཤད་དོ། །བཞི་པ་གྲང་དམྱལ་གྱི་ཚེ་ཚད་ནི། ཏིལ་གྱི་སྦྱངས་པ་མ་ག་དྷའི་ཁལ་བརྒྱད་ཅུ་པ་ཞིག་གི་ནང་ནས་ལོ་བརྒྱ་འདས་ཞིང་ཏིལ་རེ་རེ་ཕྱུང་སྟེ་བོར་བས་དེ་མ་ལུས་པར་ཟད་པར་གྱུར་པ་ནི་ཆུ་བུར་ཅན་གྱི་ཚེ་ཚད་ཡིན་ལ། ཁ་ཅིག་སྦྱངས་ཁལ་ཉི་ཤུ་པའོ་ཞེས་ཟེར་ཞིང་། གྲང་དམྱལ་གཞན་གྱི་ཚེ་ནི་སྔ་མ་སྔ་མ་ལས་ཕྱི་མ་རྣམས་ཉི་ཤུས་འགྱུར་ཏེ། ཆུ་བུར་ཅན་གྱི་ཉི་ཤུས་བསྒྱུར་བ་ཆུ་བུར་རྡོལ་བ་ཅན་གྱི་ཚེ་ཚད་ཡིན་པ་སོགས་སྦྱར་རོ། །ས་ལས་ནི་ཚ་དམྱལ་གྱི་ཕྱེད་ཕྱེད་དུ་བཤད་དོ། །གཉིས་པ་ནི། དེ་ལྟར་ཚེ་ཚད་བཤད་པའི་སེམས་ཅན་དེ་དག་བར་མ་དོར་འཆི་བ་ཡོད་དམ་མེད་ཅེ་ན། སྒྲ་མི་སྙན་པ་ནི་ལས་བསམ་གྱིས་མི་ཁྱབ་པའི་དབང་གིས་ལོ་སྟོང་མ་ལོན་པར་འཆི་བ་མེད། དེ་མ་གཏོགས་པ་རྣམས་ནི་བར་མ་དོར་འཆི་བ་ཡོད་ཅིང་འོན་ཀྱང་སྲིད་པ་ཐ་མ་ལ་སོགས་པ་རྐྱེན་གྱིས་མི་འཆིའོ། །རྒྱུ་ནི་ཚེ་ཟད་པ་ལ་སོགས་པའོ། །གསུམ་པ་དེ་དག་འཇལ་བྱེད་ཀྱི་ཚད་བཤད་པ་ལ་གཉིས་ཏེ། བརྩམ་གཞི། བརྩམ་པ་འཇལ་བྱེད་དོ། །དང་པོ་ནི། གཟུགས་ཆེ་བ་ནམ་མཁའ་ལྟར་ཚད་མེད་ཀྱང་འགྲིབ་པའི་ཆུང་མཐའ་རྡུལ་ཕྲ་རབ་ཡིན་ལ། དེ་དུ་མས་དཔག་ཚད་ལ་སོགས་པར་འགྱུར་ཞིང་། རྗོད་བྱེད་ཀྱི་མིང་གི་མཐའ་ཡི་གེ་ཡིན་ལ། དུས་ཀྱི་ཐུང་མཐའ་ནི་སྐད་ཅིག་སྟེ། དེའི་ཚད་ནི་སེ་གོལ་གཅིག་གཏོགས་པ་ལ་ཆ་དྲུག་ཅུ་རྩ་ལྔ་འགག་པའི་ཆ་གཅིག་གོ །དེ་དུ་མ་ལས་ལོ་དང་བསྐལ་པར་འགྱུར་རོ། །གཉིས་པ་ཞར་བྱུང་ངོ་ཞེས་ཁ་ཅིག་གསུང་ཡང་རྗོད་བྱེད་ཡིན་པས་སྐབས་དོན་ནོ། །གཉིས་པ་ལ་གཉིས་ཏེ། རྡུལ་གྱི་ཚད་དང་། དུས་ཀྱི་ཚད་དོ། །དང་པོ་ནི། གདགས་པ་ལས་ཉི་ཟེར་རྡུལ་གྱི་བཞི་བཅུ་ཞེ་དགུའི་ཆ་ནི་རྡུལ་ཕྲ་རབ་དང་ནི། རྡུལ་ཕྲན་དང་དེ་བཞིན་དུ་ལྕགས་རྡུལ་དང་ཆུ་དང་རི་བོང་དང་ལུག་དང་གླང་དང་ཉི་ཟེར་གྱི་དང་སྲོ་མ་དང་། དེ་ལས་བྱུང་བ་ཤིག་དང་དེ་བཞིན་དུ་ནས་དང་། སོར་ཚིགས་ཞེས་བྱ་བ་རྣམས་ནི་གོང་ནས་གོང་དུ་བདུན་འགྱུར་དུ་བསྒྱུར་བར་ཤེས་པར་བྱའོ། །ཚིགས་ལ་སོགས་པ་ནི་དེ་བཞིན་གཤེགས་པ་ཆོས་གསུངས་པའི་དུས་སྐྱེ་དགུའི་ཚེ་ལོ་བརྒྱ་པའི་དབང་དུ་བྱས་སོ། །སོར་མོ་ཉི་ཤུ་རྩ་བཞི་ལ་ཁྲུ་དང་ཁྲུ་བཞི་ལ་གཞུ་སྟེ་འདོམ་གང་། གཞུ་འདོམ་དེ་དག་ལྔ་བརྒྱ་རྣམས་ལ་རྒྱང་གྲགས་ཏེ། དེ་ཙམ་གྱིས་གྲོང་ནས་འཕགས་པ་ལ་དགོན་པར་འདོད་ལ། རྒྱང་གྲགས་དེ་བརྒྱད་ལ་དཔག་ཚད་ཅེས་བྱའོ། །ལུང་རྣམ་འབྱེད་དུ་དྲུག་འགྱུར་དང་། གདགས་པར་རྡུལ་ཕྲན་བདུན་ལ་ཉི་ཟེར་རྡུལ་དུ་བཤད། དུས་འཁོར་ལས་གཞུ་ཉིས་སྟོང་ལ་རྒྱང་གྲགས་དང་དེ་བཞི་ལ་དཔག་ཚད་དུ་བཤད་དོ། །གཉིས་པ་ལ། ལོའི་ཚད། བསྐལ་པའི་ཚད་དོ། །དང་པོ་ནི། དུས་མཐའི་སྐད་ཅིག་མ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་གོ །དེའི་སྐད་ཅིག་དེ་དག་ཀྱང་དྲུག་ཅུ་ལ་ཐང་ཅིག་གོ།  །།ཐང་ཅིག་སུམ་ཅུ་ནི་ཡུད་ཙམ་སྟེ། དེ་དང་ཉིན་ཞག་དང་ཟླ་བ་གསུམ་ནི་གོང་ནས་གོང་དུ་སུམ་ཅུ་བསྒྱུར་རོ། །ཚེས་གཅིག་ནས་གནམ་སྟོང་གི་བར་བཅུ་གཉིས་ཚང་བ་ལ་ལོ་གཅིག་ཏུ་བརྩི་བ་མིན་གྱི་ཟླ་བ་དྲུག་གིས་ཞག་སུམ་ཅུ་ཐུབ་ཀྱང་། དྲུག་གིས་ཉེར་དགུ་ལས་མི་ཐུབ་པ་དྲུག་ཟླ་བ་ཕྱི་མ་ལས་བླངས་པ་དང་བཅས་པ་ཞག་གསུམ་བརྒྱ་དྲུག་ཅུ་ལ་ལོ་གཅིག་ཏུ་བརྩིའོ། །འོ་ན་ཞག་སུམ་ཅུ་པའི་ཟླ་བ་བཅུ་གཉིས་ཞེས་བརྗོད་པ་ཉིད་ཀྱིས་ཞག་བཤོལ་དྲུག་དང་བཅས་པར་གྲུབ་པ་མིན་ནམ། ཡང་ཅི་སྟེ་བརྗོད་ཅེ་ན། ཟླ་བ་ཐམས་ཅད་ཞག་སུམ་ཅུ་པར་འགྱུར་བའམ། རེས་འགའ་སུམ་ཅུ་པ་སྲིད་པ་ཙམ་པ་དགོངས་ཀྱི་སུམ་ཅུ་མ་ཚང་ཡང་ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཡིན་ནམ་སྙམ་པའི་ལོག་རྟོག་དགག་པའི་ཕྱིར་ཞག་མི་ཐུབ་པ་དང་བཅས་ཞེས་སྨོས་སོ། །གཉིས་པ་ལ་གསུམ་སྟེ། བསྐལ་པ་ངོས་གཟུང་བ། ཡ་ཐོག་རིང་མོའི་འགྲིབ་ཚུལ། འཇིག་པའི་བསྐལ་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། དང་པོ་ནི། བསྐལ་པ་མདོ་དང་བསྟན་བཅོས་ནས་རྣམ་པ་མང་དུ་བཤད་པ་ཡིན་ཏེ། འཇིག་འཆགས་བར་བསྐལ་བསྐལ་པ་ཆེན་པོའོ། །ཞེས་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་ལྔ་སྟེ། འཇིག་པའི། འཆགས་པའི། གནས་པའི། ཞིག་ནས་འདུག་པའི། བསྐལ་པ་ཆེན་པོའོ། །དང་པོ་ནི། འཇིག་པའི་བསྐལ་པ་ནི་གནས་བསྐལ་རྫོགས་ཤིང་ཚེ་ལོ་བརྒྱད་ཁྲི་པར་གནས་པའི་ཚེ་མནར་མེད་པའི་དམྱལ་བ་ཡི་སྲིད་པ་གསར་སྐྱེ་མེད་ཅིང་། རྙིང་པ་རྣམས་ཚེའི་འཕེན་པ་ཟད་ནས་ཤི་བ་དག་ལས་ཟད་ན་གོང་དུ་སྐྱེ་བ་ཡིན་ལ། མ་ཟད་ན་སྣོད་ཀྱི་སྟོང་གསུམ་གཅིག་དུས་མཉམ་དུ་འཇིག་པས་གཞན་དུ་འཕངས་ཏེ་ཟད་པ་དང་། དེ་བཞིན་དུ་ངན་སོང་གསུམ་པོ་གཞན་རྣམས་ཀྱང་འཇིག་ཅིང་། དེ་ནས་འཛམ་གླིང་པའི་མི་འགའ་ཞིག་ལ་བསམ་གཏན་དང་པོའི་ཏིང་ངེ་འཛིན་ཆོས་ཉིད་ཀྱིས་སྐྱེ་ཞིང་། དེ་ལས་ལངས་ནས་ཀྱེ་མ་དབེན་པ་ལས་ཞེས་སོགས་ཐོས་པས་རྐྱེན་བྱས་ནས་གཞན་ཡང་སྙོམས་པར་འཇུག་ཅིང་དང་པོར་སྐྱེ་བའམ། སར་གཉིས་པའང་སྒོམ་ནས་དེར་སྐྱེ་བར་བཤད་ལ། ཤར་དང་ནུབ་ཀྱང་དེ་བཞིན་ནོ། །སྒྲ་མི་སྙན་པ་ལ་ཆགས་བྲལ་གྱི་ལམ་མེད་པས་འདོད་ལྷར་སྐྱེ་ལ་འདོད་ལྷ་རྣམས་དང་པོར་སྐྱེ་བ་དང་། དེར་གཉིས་པའི་ཏིང་ངེ་འཛིན་ཆོས་ཉིད་ཀྱིས་ཐོབ་སྟེ་གཉིས་པར་སྐྱེ་བས་སེམས་ཅན་འཇིག་པ་ལ་བར་བསྐལ་བཅུ་དགུའོ། །དེ་ནས་ཉི་མ་བདུན་འཆར་བའི་མདོ་ལས་འབྱུང་བ་ལྟར་སྤྲིན་ལས་ཆར་ཡང་མི་འབབ་ཅིང་ཉི་མ་འདིས་ཆུ་ལས་གྱུར་པའི་དངོས་པོ་དང་། འདི་ལས་བཞི་འགྱུར་གྱི་ཚ་བ་གཉིས་པས་ཆུ་བྲན་དང་ལྟེང་ཀ་དང་ཆུང་ངུ་དང་། གསུམ་པས་ཆུ་བོ་ཆེན་པོ་བཞི་དང་། བཞི་པས་མཚོ་མ་དྲོས་པ་དང་། ལྔ་པས་ཕྱིའི་རྒྱ་མཚོ་ཆུ་བོ་བོལ་ནུབ་ཙམ་གྱི་བར་དང་། དྲུག་པས་མ་ལུས་པར་བསྐམས་ཤིང་སྲ་བའི་དངོས་པོ་རི་རབ་ལའང་དུ་བ་འཐུལ་བར་བྱེད་ལ། བདུན་པས་མེ་འབར་ཏེ་འདོད་པའི་སྣོད་མེ་རྒྱུན་གཅིག་དང་སྲེད་པའི་འཆིང་བ་ཐ་དད་པས་ཚངས་པའི་གནས་དེས་མེ་གཞན་བསྐྱེད་ནས་བསྲེགས་ཏེ་ཐལ་བའི་ལྷག་མ་ཙམ་ཡང་མ་ལུས་པར་ཟད་པའི་སྣོད་འཇིག་པ་ལ་བར་བསྐལ་གཅིག་གོ །ཆུས་ནི་འོད་གསལ་མན་ཆད་ཀྱི་སེམས་ཅན་དང་སྣོད་ལན་ཚྭ་ཆུར་བཅུག་པ་བཞིན་དུ་སྲུལ་བར་བྱེད་ལ། རླུང་གིས་ནི་དགེ་རྒྱས་མན་ཆད་ཀྱིས་སེམས་ཅན་དང་སྣོད་རླུང་གིས་བསྐྱེད་པའང་འཐོར་བར་བྱེད་དེ། དུས་ནི་བར་བསྐལ་ཉི་ཤུར་མཉམ་ཞིང་བསམ་གཏན་གོང་མའི་ཏིང་ངེ་འཛིན་ཆོས་ཉིད་ཀྱིས་ཐོབ་པ་བསྒྲུབས་ཏེ་གོང་མར་སྐྱེའོ། །གཉིས་པ་ནི། འཆགས་པའི་བསྐལ་པ་ནི། རླུང་གིས་ཞིག་པའི་རྗེས་ལ་དང་པོ་དགེ་རྒྱས་པའི་འོག་གཞི་རླུང་གི་དཀྱིལ་འཁོར་འཆགས་པ་ནས་འཐབ་བྲལ་ཡན་ཆད་ས་དང་མ་འབྲེལ་པ་རྣམས་འཆགས་ལ། དེ་ནས་སྔར་བཤད་པའི་རླུང་གི་དཀྱིལ་འཁོར་སོགས་འཆགས་ཏེ་བར་བསྐལ་གཅིག་གོ་དེ་ནས་བསམ་གཏན་བཞི་པ་ནས་སེམས་ཅན་ཚེ་སོགས་གསུམ་ཟད་པ་དག་དགེ་རྒྱས་སུ་ཐོག་མར་སྐྱེ་བ་ནས་ལྷ་རྣམས་རིམ་པར་འཆགས་ལ། དེ་ནས་བྱང་ནུབ་ཤར་ལྷོ་དུད་འགྲོ་ཡི་དྭགས་དང་། དམྱལ་བ་མནར་མེད་པར་སྔོན་དུས་ཀྱི་སྲིད་པ་གཅིག་སྐྱེས་པའི་བར་དུ་སེམས་ཅན་འཆགས་པ་ལ་བར་བསྐལ་བཅུ་དགུའོ། །ཆུ་དང་མེས་འཇིག་པའི་རྗེས་ལ་འོད་གསལ་དང་ཚངས་པའི་སྣོད་དང་སེམས་ཅན་དགེ་རྒྱས་དང་འོད་གསལ་ནས་སྐྱེ་བ་ནས་བརྩམས་ཏེ་འཆགས་ཤིང་འཆགས་པ་རྫོགས་པ་དང་། གནས་པ་རྩོམ་པ་དང་། མནར་མེད་པར་སེམས་ཅན་གཅིག་སྐྱེས་པ་དང་། ཚེ་ལོ་དཔག་མེད་ནས་འགྲི་བ་རྩོམ་པ་རྣམས་དུས་ནི་མཉམ་ལ། འདི་ནི་མེས་འཇིགས་པའི་རྗེས་ཏེ། མདོ་ལས་སེམས་ཅན་འོད་གསལ་གྱི་ལྷ་ལས་ཆད་དོ་ཞེས་པས་སོ། །གསུམ་པ་ལ་ལྔ་སྟེ། ཐོག་མའི་ཡ་ཐོག བར་གྱི་ཁུག་པ། མཐའི་མ་ཐོག ཡར་འཕེལ་བཅུ་དགུའི་མཚམས། དེ་རྣམས་གནས་པའི་བསྐལ་པར་བསྟན་པའོ། །དང་པོ་ནི། བར་གྱི་བསྐལ་པ་ནི་ཚེ་དཔག་ཏུ་མེད་པ་ནས་འགྲིབ་སྟེ་བརྒྱད་ཁྲི་པར་ཕྱིན་པ་དང་། མནར་མེད་དུ་སེམས་ཅན་གཅིག་སྐྱེས་པ་དུས་མཉམ་པས་དེ་ནས་ཚེ་ལོ་བཅུ་པར་གྱུར་པའི་བར་དུ་ནི་བར་བསྐལ་དང་པོ་ཡ་ཐོག་རིང་མོ་སྟེ་དཔག་མེད་ནས་འགྲིབ་པ་དང་པོར་བསྟན་པ་ཡིན་ལ་འགྲིབ་ཚུལ་འོག་ཏུ་འཆད་དོ། །གཉིས་པ་ནི། བཅུ་པ་དེ་ནས་ཡར་བརྒྱད་ཁྲིའི་བར་སྐྱེ་བ་དང་ཡང་མ་འགྲིབ་ཟུང་དུ་བྱས་པའི་བསྐལ་པ་གཞན་ནི་བར་གྱི་ཁུག་པ་བཅོ་བརྒྱད་དང་། གསུམ་པ་ནི། དེ་ནས་མཐར་ཡར་སྐྱེ་བ་ནི་ལན་ཅིག་ལ་མ་ཐོག་རིང་མོ་ཞེས་པའི་བར་བསྐལ་གཅིག་ཡིན་ཏེ། བཞི་པ་ནི། ཡར་སྐྱེ་བ་དེ་དག་ཚེ་ལོ་བརྒྱད་ཁྲིའི་བར་ལས་ལྷག་པར་མི་འཕེལ་ལ། རིང་ཐུང་གི་རྒྱུ་མཚན་ནི། ཁ་ཅིག་སྔ་ཕྱི་ཉིས་བརྒྱ་དང་བར་མ་བརྒྱ་ལ་འཕེལ་འགྲིབ་བྱེད་པའོ་ཞེས་པ་ནི། བསྐལ་པ་ལོས་བགྲང་ནུས་པར་འགྱུར་བས་སྤྱིར་འཕེལ་འགྲིབ་མྱུར་བུལ་ཡིན་ཏེ། གང་སྤེལ་ལས། མཐའི་བསྐལ་པ་གཉིས་ནི་དལ་གྱིས་འགྲོ་ལ་བར་བསྐལ་བཅོ་བརྒྱད་མགྱོགས་པར་འགྲོ་བས་ཐམས་ཅད་དུས་མཉམ་པར་འགྱུར་རོ་ཞེས་སོ། །ལྔ་པ་ནི། དེ་ལྟར་འཇིག་རྟེན་འཆགས་པ་འདི་བར་གྱི་བསྐལ་པ་ཉི་ཤུར་གནས་པ་ཡིན་ནོ། །བཞི་པ་ནི། གནས་བསྐལ་དང་འཆགས་པ་དང་ནི་འཇིག་པ་དང་ཞིག་ཅིང་སྟོང་ནས་འདུག་པ་དག་གསུམ་ཀ་བར་བསྐལ་ཉི་ཤུར་མཉམ་མོ། །ལྔ་པ་བསྐལ་པ་ཆེན་པོ་ལ་གཉིས་ཏེ། དངོས་དང་། ཞར་ལ་གང་ཟག་གསུམ་གྱི་འབྱུང་ཚུལ་ལོ། །དང་པོ་ནི། བར་བསྐལ་དེ་དག་བརྒྱད་ཅུ་ལ་བསྐལ་པ་ཆེན་པོ་ཞེས་བྱའོ། །གཉིས་པ་ལ་གསུམ་སྟེ། སངས་རྒྱས་རང་རྒྱལ། འཁོར་ལོས་སྒྱུར་རྒྱལ་འབྱུང་ཚུལ་ལོ། །དང་པོ་ལ་ཚོགས་ཀྱི་ཚད། འབྱུང་བའི་དུས་སོ། །དང་པོ་ནི། བསྐལ་ཆེན་དེ་གྲངས་མེད་པ་གསུམ་དུ་ཚོགས་བསགས་པ་ལ་སངས་རྒྱས་འབྱུང་ལ། གྲངས་མེད་ནི་གྲངས་གཏན་མེད་མིན་གྱི་ལུང་སིལ་བུར་གྲངས་ཀྱི་གནས་གཞན་དྲུག་ཅུ་གསུངས་པའི་ཐ་མ་སྟེ། སྡོམ་ལ། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །ས་ཡ་བྱེ་བ་དུང་ཕྱུར་རྣམས། །རྐྱང་པ་ཡིན་པར་ཤེས་པར་བྱ། །ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང་། །གཏམ་དཀྲིགས་མི་འཁྲུགས་ཁྱད་བྱིན་དང་། །བང་སྟེང་དེད་འདྲེན་མཐའ་འཛིན་དང་། །རྒྱུ་རིག་འོད་མཛེས་དབང་པོ་དང་། །ལེགས་བྱིན་རྟོགས་འགྲོ་འབྱིན་འདུལ་དང་། །རྟགས་རྟགས་སྟོབས་འགྲོ་བརྡ་ཤེས་དང་། །རྣམ་འབྱུང་དང་ནི་སྟོབས་མིག་རྣམས། །གཞལ་ཡས་དང་ནི་བགྲང་ཡས་དང་། །དཔག་ཡས་དང་ནི་ཐུག་ཡས་རྣམས། །ཞེས་བྱའོ། །ཆེན་པོའི་ཟླ་དང་བཅས་པ་སྟེ། །གྲངས་མེད་པ་ནི་ཐ་མ་ཡིན། །བར་ནས་བརྒྱད་ནི་མི་རྙེད་པས། །དུང་ཕྱུར་མན་ཆད་དག་ཏུ་ནི། །གང་ཡང་རུང་བ་བརྒྱད་བསྣན་ནོ། །ཞེས་པའི་དྲུག་ཅུ་བར་ཕྱིན་པ་གསུམ་གྱིས་ཐོབ་པ་ཡིན་ལ། དེ་ཡང་ཉན་ཐོས་སྡེ་གཉིས་ཀྱིས་ཚོགས་ལམ་ཁོ་ནར་རྫོགས་པར་འདོད་པ་ཡིན་ཞིང་། ཐེག་ཆེན་པས་མོས་སྤྱོད་དང་མ་དག་ས་བདུན་དང་དག་པ་ས་གསུམ་ལ་རྫོགས་པར་འདོད་དོ། །གཉིས་པ་ནི། སངས་རྒྱས་རྣམས་ཡར་འཕེལ་དང་མར་འགྲིབ་གང་ལ་འབྱུང་ཞེ་ན། ཡར་འཕེལ་ནི་སྐྱོ་ཤས་ཆུང་བས་མར་འགྲིབ་པའི་བརྒྱད་ཁྲི་པ་ནས་བརྒྱ་པ་ལ་ཐུག་པའི་བར་ལ་སངས་རྒྱས་དེ་དག་འབྱུང་ལ། བརྒྱ་པ་མན་ཆད་ལ་མི་འབྱུང་སྟེ། ཚེ་དུས་ཉོན་མོངས་ལྟ་བ་སེམས་ཅན་གྱི་སྙིགས་མ་ལྔ་ཤས་ཆེ་བའི་ཕྱིར་རོ། །དེ་ཡང་བསྐལ་པ་བཟང་པོའི་སངས་རྒྱས་ཀྱི་དབང་དུ་བྱས་ཀྱི། གཞན་ནི་ཐུང་བའི་དུས་སུའང་འབྱུང་སྟེ། སྙིང་རྗེ་པད་དཀར་ལས། འཇིག་རྟེན་གྱི་ཁམས་མཐེང་འོད་ཅན་ཞེས་པར་དེ་བཞིན་གཤེགས་པ་སྐར་མ་ལ་དགའ་བ་ཞེས་བྱ་བ་ཚེ་ལོ་བཅུ་པ་ལ་སངས་རྒྱས་པ་དང་། དེ་བཞིན་དུ་སུམ་ཅུ་པ་དང་ལྔ་བཅུ་པ་ལའང་འབྱུང་བར་བཤད་དོ། །གཉིས་པ་ལ་གཉིས་ཏེ། འབྱུང་བའི་དུས་ཚོགས་ཀྱི་ཚད་དོ། །དང་པོ་ནི། བསོད་ནམས་ཀྱི་ཞིང་གཅིག་པུ་དེ་བཞིན་གཤེགས་པ་འབྱུང་ཚུལ་དེ་ལྟར་ཡིན་ན་དེ་བཞིན་གཤེགས་པ་མི་བཞུགས་པའི་ཚེ་བསོད་ནམས་ཀྱི་ཞིང་དུ་གྱུར་པ་རང་རྒྱལ་འབྱུང་ཚུལ་ཇི་ལྟ་བུ་ཞེ་ན། རང་སངས་རྒྱས་རྣམས་ནི་ཡར་འཕེལ་དང་མར་འགྲིབ་གཉིས་ཀ་ལ་འབྱུང་ངོ་། །གཉིས་པ་ནི། བསེ་རུ་ལྟ་བུའི་རང་རྒྱལ་ནི་སྔར་བཤད་པའི་བསྐལ་ཆེན་བརྒྱར་ཚོགས་བསགས་པའི་རྒྱུ་ལས་བྱང་ཆུབ་འཐོབ་སྟེ། དྲོད་ནས་མི་སློབ་ལམ་གྱི་བར་མཉམ་གཞག་ཐུན་གཅིག་ལ་བསྐྱེད་པས་རྒྱུད་ཡོངས་སུ་སྨིན་པའི་ཕྱིར་རོ། །ཚོགས་ན་སྤྱོད་པ་ནི་ཉན་ཐོས་སྔོན་དུ་འགྲོ་བའི་རང་རྒྱལ་ཏེ། མྱུར་བ་སྲིད་པ་གསུམ་ལ་སོགས་པར་ཐར་ལ། ཁ་ཅིག་ནི་སྐྱེ་བོ་སྔོན་དུ་འགྲོ་བ་སྦྱོར་ལམ་ལུང་ལས་བསྐྱེད་པའི་ཕྱིར་གཞན་བདག་ཉིད་ཀྱིས་མངོན་དུ་བྱེད་པ་ཡང་ཡོད་དེ། ཇི་སྐད་དུ་རི་ལ་དཀའ་ཐུབ་དྲག་པོས་གདུངས་པ་ལྔ་བརྒྱ་ཞིག་ཡོད་པ་རང་རྒྱལ་དང་ལྷན་ཅིག་གནས་པའི་སྤྲེའུ་ཞིག་དང་འཕྲད་ནས་སྤྱོད་ལམ་བསྟན་པས་བྱང་ཆུབ་མངོན་དུ་བྱས་པར་གྲག་གོ་ཞེས་ཏེ། འཕགས་པ་ཡིན་ན་དོན་བྱེད་དཀའ་ཐུབ་བྱེད་མི་སྲིད་དོ་ཞེས་སོ། །ཁ་ཅིག་ཁ་ཆེ་བ་ཚོགས་སྤྱོད་མི་འདོད་པས་དེའི་ཚོགས་སོགས་ཚུལ་མ་བཀོད་པ་ཡིན་གསུང་ངོ་། །གསུམ་པ་ལ་གསུམ་སྟེ། འབྱུང་བའི་དུས། འཁོར་ལོས་སྒྱུར་ཚུལ། མཚན་གྱི་ཁྱད་པར་རོ། །དང་པོ་ནི། འཕགས་པ་ཆེན་པོ་གཉིས་མི་བཞུགས་པའི་ཚེ་གཞན་ལ་ཕན་པར་ཞུགས་པ་འཁོར་ལོ་སྒྱུར་བ་ཡིན་པར་སྟོན་པ་ནི། རྒྱལ་སྲིད་ཀྱི་ཐོག་མར་འཁོར་ལོ་རིན་པོ་ཆེ་འགྲོ་ཞིང་གླིང་ལ་དབང་སྒྱུར་བ་འབྱུང་བ་ནི་ཚེ་ལོ་དཔག་མེད་ནས་སྟོང་ཕྲག་བརྒྱད་ཅུའི་བར་ལ་འབྱུང་གི་དེ་ལས་མི་འཕྱི་སྟེ། དེ་མན་ཆད་དུ་ལུས་ལ་སོགས་པའི་ཕུན་སུམ་ཚོགས་པ་རྣམས་མི་རྫོགས་པའི་ཕྱིར་རོ། །དེ་ཡང་མཚན་ཉིད་ཡོངས་སུ་རྫོགས་པའི་དབང་དུ་བྱས་ཀྱི་སྟོབས་ཀྱི་འཁོར་ལོ་སྒྱུར་བ་ནི་ཕྱིས་ཀྱང་འབྱུང་ངོ་། །གཉིས་པ་ནི། འཁོར་ལོས་སྒྱུར་རྒྱལ་རིགས་དུ་ཡོད་ཅེ་ན། གསེར་དང་། དངུལ་དང་། ཟངས་དང་། ལྕགས་ཀྱི་འཁོར་ལོ་ཅན་གྱི་རྒྱལ་པོ་བཞིར་ས་དང་གདགས་པར་བཤད་ལ། མདོ་ལས་གཙོ་བོ་བཟུང་ནས་དང་པོ་ཁོ་ན་སྨོས་སོ། །དེ་རྣམས་གླིང་གང་ལ་བྱ་བ་བྱེད་ན་བཞི་པོ་དེ་དག་མས་རིམ་བཞིན་གྱི་གླིང་གཅིག་དང་གླིང་གཉིས་དང་གསུམ་དང་བཞི་ལ་དབང་བྱེད་དེ། གཅིག་ནི་འཛམ་གླིང་། གཉིས་ནི་ཤར་ལྷོ་གཉིས། གསུམ་ནི་བྱང་མ་གཏོགས་པ། བཞི་ནི་གླིང་བཞི་ཀའོ། །དེ་ཡང་འཛམ་གླིང་གི་རྟེན་ཅན་དུ་ངེས་པས་འཁོར་ལོ་སྒྱུར་བ་གཉིས་ལྷན་ཅིག་ཏུ་འབྱུང་བ་མིན་ཏེ། འགྲན་ཟླ་མེད་པའི་ལས་བསགས་པའི་ཕྱིར། དཔེར་ན་སངས་རྒྱས་བཞིན་ནོ། །བྱེ་སྨྲ་ནི་ཞིང་ཐམས་ཅད་དུ་སངས་རྒྱས་རེ་རེ་ལས་མི་འབྱུང་བར་འདོད། ཕལ་ཆེན་པ་ནི་ཞིང་གཅིག་ཏུ་མི་འབྱུང་བར་བཤད་དོ། །སློབ་དཔོན་འཕགས་པ་ནི་རྒྱུད་ཐ་དད་པ་མི་འབྱུང་གི་འཛམ་གླིང་བྱེ་བ་ཕྲག་བརྒྱར་སྤྲུལ་སྐུ་བྱེ་བ་ཕྲག་བརྒྱ་འབྱུང་བས་གླིང་བཞི་པ་གཅིག་གི་དབང་དུ་བྱས་པར་བཞེད། བརྒྱད་སྟོང་འགྲེལ་ཆེན་སོགས་སུ་སངས་རྒྱས་གཉིས་སམ་མང་པོ་བྱོན་པས་འདུལ་བའི་སེམས་ཅན་ཡོད་ན་དུ་མ་འབྱུང་བར་བཤད་དོ། །ཇི་ལྟར་རྒྱལ་བར་བྱེད་ཅེ་ན། གསེར་གྱི་འཁོར་ལོ་ཅན་ནི་གླིང་གསུམ་གྱི་ཁམས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་ཕས་བསུ་ནས་འདུད་ཅིང་བཀའ་ཉན་ལ། བྱང་དུ་ནི་དཔུང་གི་ཚོགས་བྱོན་པ་ཙམ་དུ་ཟད་ཀྱི་འདུད་པ་ནི་མེད་དོ། །དངུལ་གྱི་ཙཀྲ་ཅན་ནི་དེ་རྣམས་སུ་རང་ཉིད་འགྲོ་བས་དང་། ཟངས་ཀྱི་ཙཀྲ་ཅན་ནི་གཡུལ་བཤམས་པ་དང་། ལྕགས་ཀྱི་ཙཀྲ་ཅན་ནི་མཚོན་བརྩམས་པས་རྒྱལ་བར་བྱེད་དོ། །ཁ་ཅིག་བརྩམས་ཏེ་གསོད་སྡིགས་པས་རྒྱལ་ནས་བཀའ་བསྒོ་བ་ཉན་ཅིང་འདུད་པར་འགྱུར་རོ། །འོ་ན་ཆོས་ཀྱི་རྒྱལ་པོར་མི་འགྱུར་རོ་ཞེ་ན། དེ་ལྟར་ཡང་གཞན་ལ་གནོད་པ་ཅུང་ཟད་ཀྱང་མེད་དེ་ཞེས་གསུངས་ཀྱང་། གསོད་པ་སོགས་ཀྱི་གནོད་པ་མེད་ཅེས་སྦྱར་ན་གཞུང་དོན་ལ་ཞུགས་སོ། །གསུམ་པ་ནི། དེ་ནི་ལུས་དང་ལོངས་སྤྱོད་ཀྱི་ཁྱད་པར་གཉིས་དང་ལྡན་ཏེ་དང་པོ་ནི་གཙུག་ཏོར་དང་མཛོད་སྤུ་ལས་གཞན་པའི་མཚན་སུམ་ཅུ་དང་། དེའི་འཁོར་དཔེ་བྱད་བརྒྱད་ཅུ་དང་ལྡན་ནོ། །འོ་ན་ཐུབ་པའི་མཚན་དང་ཁྱད་པར་ཅི་ཡོད་ཅེ་ན། ཐུབ་པའི་མཚན་ནི་ཕྱག་ཞབས་ལ་སོགས་པ་རང་གི་ཡུལ་ལས་མ་འཁྲུལ་པ་ན་གནས་པ་དང་འོད་ཆགས་པས་མདངས་གསལ་བ་འཁོར་ལོའི་རྩིབས་ལ་སོགས་པ་མ་ཚང་བ་མེད་པར་རྫོགས་པས་ཁྱད་པར་དུ་འཕགས་པ་ཡིན་ཏེ། རིན་ཆེན་ཕྲེང་བར། འཁོར་ལོ་སྒྱུར་བ་རྣམས་ལ་ཡང་། །དེ་དག་ཡོད་པར་འདོད་མོད་ཀྱི། །གསལ་དང་མཛེས་དང་རྫོགས་པ་ནི། །སངས་རྒྱས་རྣམས་ཀྱི་ཆར་མི་ཕོད། །ཅེས་སོ། །གཉིས་པ་ལོངས་སྤྱོད་ཀྱི་ཁྱད་པར་ནི། རིན་པོ་ཆེ་བདུན་ཕྲག་གསུམ་སྟེ། དང་པོ་མཆོག་གི་རིན་པོ་ཆེ་བདུན་ནི། རྒྱལ་པོ་གང་ཞིག་ཚེས་བཅོ་ལྔའི་དུས་སུ་མགོ་བཀྲུས་གསོ་སྦྱོང་ལ་བརྟེན་ནས་ཁང་བཟང་གི་ཐོག་ཏུ་བློན་པོས་བསྐོར་བ་ལ་ཤར་ཕྱོགས་ནས་གསེར་གྱི་འཁོར་ལོ་རྩིབས་སྟོང་ལྟེ་བ་དང་མུ་ཁྱུད་དང་བཅས་ཤིང་མཁན་བཟོས་མ་བྱས་པའི་འཁོར་ལོ་དང་། ཁ་དོག་ཀུནྡ་ལྟར་དཀར་ཞིང་ནམ་ལངས་ནས་ཉི་མ་པདྨོའི་ཁྱེའུ་འཐོན་པའི་བར་ལ་གླིང་བཞི་འཁོར་བའི་གླང་པོ་དང་། རྔོག་མ་དཀར་ཞིང་ལུས་སྔོ་བའི་རྟ་མཆོག་རྣམས་བརྒྱ་བྱིན་གྱིས་འབུལ་བ་དང་། གདགས་པ་དང་སར་ཀླུའམ་རྒྱལ་ཆེན་བཞིས་སྟེར་བར་འདོད། བུད་མེད་སྐྱོན་ཐམས་ཅད་སྤངས་པའི་བཙུན་མོ་དང་། འདོད་དགུ་འབྱུང་བའི་ནོར་བུ་དང་། མཛོད་དཀོར་གྱིས་མི་ཕོངས་པར་བྱེད་པའི་ཁྱིམ་བདག་དང་། དགྲ་ཐབས་ལ་མཁས་པའི་བློན་པོ་རིན་པོ་ཆེའོ། །ཉེ་བའི་རིན་པོ་ཆེ་ནི། རལ་གྲི་གོས་ལྷྭམ་ཁང་བཟང་དང་། །པགས་པ་ཆལ་དང་མལ་ཆའོ། །རིན་པོ་ཆེ་ཕལ་པ་བདུན་ནི། གསེར་དངུལ་བཻཌཱུརྻ་དང་ཤེལ། །སྤུག་དང་རྡོ་སྙིང་མུ་ཏིག་དམར། །ཞེས་སོ། གཞན་ཡང་མི་སྟོང་རེ་ཐུབ་པའི་བུ་དང་། དགྲ་ཟིལ་གྱིས་གནོན་པའི་མདའ་གཞུ་འབྱུང་ངོ་། །སར་ནི་གླིང་འདིའི་མཐར་རྒྱལ་པོ་དེའི་ལམ་གསེར་གྱི་རང་བཞིན་རྒྱལ་ཆེན་རིས་བཞི་པའི་པུས་ནུབ་ཙམ་མཚོར་ནུབ་པ་ཡོད་ཅིང་རྒྱལ་པོ་བྱུང་བ་ན་ཆུ་སྐམས་ཏེ་ལམ་གསལ་པོ་འབྱུང་བར་བཤད་དོ། །གཉིས་པ་ཡ་ཐོག་རིང་མོའི་འགྲིབ་ཚུལ་ལ་གསུམ་སྟེ། བསྐལ་པ་དང་པོའི་ཁྱད་པར། དེ་ལས་ཇི་ལྟར་འགྲིབ་ཚུལ། འགྲིབ་པའི་མཐར་ཇི་ལྟར་འབྱུང་བའོ། །དང་པོ་ནི། ཅི་དང་པོ་ཉིད་ནས་རྒྱལ་པོ་དང་བཅས་སམ་ཕྱིས་འབྱུང་ཞེ་ན། ཕྱིས་བྱུང་ཏེ་སྔར་བསྐལ་པ་འཆགས་མ་ཐག་བྱུང་བའི་སེམས་ཅན་མི་རྣམས་གཟུགས་ཅན་གྱི་ལྷ་བཞིན་དུ་རང་ལུས་ལ་ཡོད་པ་དང་། ཡིད་ལས་བྱུང་ཞིང་རྫུ་འཕྲུལ་དང་ལྡན་པ་དང་། དགའ་བ་ཟས་སུ་ཟ་ཞིང་ཡན་ལག་དང་དབང་པོ་ཚང་བ་དང་། སེམས་ཅན་ཐམས་ཅད་འཇམ་ཞིང་ཚེ་རིང་བ་ལ་སོགས་པའོ། །གཉིས་པ་ནི། འོ་ན་རྒྱལ་པོ་ནམ་བྱུང་ཞེ་ན། དེ་ནས་རིམ་གྱིས་རོ་ལ་ཆགས་ཏེ་ཐོག་མར་སའི་བཅུད་ཁ་དོག་དམར་སེར་སྦྲང་རྩི་མ་བསྐོལ་བ་ལྟ་བུའི་རོ་སེམས་ཅན་བསྐམ་པའི་རང་བཞིན་ཅན་འགའ་ཞིག་གིས་མྱངས་ཤིང་ཟོས་པས་ཁམ་ཟས་ཀྱི་དང་པོ་དེ་ཡིན་ནོ། །དེ་ལྟར་གཞན་གྱིས་ཀྱང་ཟོས་པས་ལུས་ལྕི་ཞིང་འོད་ནུབ་ནས་མུན་པ་བྱུང་ངོ་། །དེ་ནས་སེམས་ཅན་གྱི་ལས་ཀྱི་མཐུས་ལྷའི་བུ་ཉི་མ་གཞལ་ཡས་ཁང་དུ་ཞུགས་ནས་གླིང་བཞི་བསྐོར་བས་སྔར་གྱི་འོད་བས་ཉིས་འགྱུར་གྱི་ཆེ་བའམ་ཀུན་གྱིས་མ་བྱུང་ཞེས་དང་། དེ་ནུབ་པ་དང་ཟླ་བ་ཤར་བས་ད་ནང་གི་དེའི་ཟླ་བོ་བྱུང་ཞེས་གྲགས་སོ། །དེ་ནུབ་ནས་མྱ་ངན་བྱེད་པ་དང་། སའི་ཞག་མར་སར་གྱི་མདོག་ལྟ་བུ་བྱུང་སྟེ་ཟད་པ་དང་། ཡང་ལྡུམ་གྱི་ཚལ་ལྟར་བྱུང་བ་མྱངས་པས་ཟད་པ་དང་། མ་རྨོས་མ་བཏབ་པའི་འབྲས་སཱ་ལུ་ཕུབ་ཤུན་མེད་པ་བྱུང་སྟེ་ཟོས་པ་དང་། དེ་ཆེས་རགས་པས་རྒྱུ་མཐུན་གྱི་ལམ་གཉིས་དོད་ཅིང་། སྔོན་གོམས་པའི་དབང་གིས་སེམས་ཅན་ལོག་པར་ཞུགས་པ་ལ་སྨད་པ་སྐྱབས་པའི་ཕྱིར་དུ་ཁང་པ་བྱས་པས་ཁྱིམ་ཞེས་གྲགས་པས་མི་དགེ་བ་དང་ཁྱིམ་དང་པོའོ། །དེ་ཡང་འབྲས་སཱ་ལུ་ནང་ཟ་ནུབ་ཟ་རེས་ཀྱིས་ལེན་པ་ལ་ལེ་ལོ་ཅན་ཞིག་གིས་གསོག་འཇོག་བྱས་གཞན་ཡང་བྱེད་པས་སཱ་ལུ་ཟད་པ་དང་། དེ་ནས་ནི་ཞིང་བགོས་ནས་སོ་སོར་བདག་ཏུ་འཛིན་པ་དང་བཅས་པས་བཏབ་པ་ལ་རྐུན་མ་ལ་སོགས་པ་བྱུང་བས་དེས་སྐྱོ་ཞིང་ཡིད་ཕྱིར་ཕྱོགས་དེ་དགོན་པར་སོང་བས་བྲམ་ཟེ་དང་། རྩོད་པ་མི་འབྱུང་བར་བྱ་བའི་ཕྱིར་མི་རྣམས་ཀྱི་མིའི་ཁྱད་པར་འགའ་ཞིག་ཞིང་དཔོན་དུ་བསྐོས་ཏེ་རང་གི་སྟོན་ཐོགས་དྲུག་ཤས་བསྟབས་པ་ནི་རྒྱལ་རིགས་སོ། །དེ་དག་ནི་སྐྱེ་བོ་ཕལ་མོ་ཆེས་བསྐུར་བས་མང་པོས་བསྐུར་བའི་གདུང་རྒྱུད་ཀྱི་རྒྱལ་པོ་སྟེ། མང་པོས་བཀུར་དང་འོད་མཛེས་དང་། །དགེ་བ་དགེ་མཆོག་གསོ་སྦྱོང་འཕགས། །བསྐལ་པ་དང་པོའི་རྒྱལ་པོ་ལྔ། །སྤྱི་བོ་སྐྱེས་དང་མཛེས་པ་དང་། །ཉེར་མཛེས་མཛེས་ཅན་མཛེས་ལྡན་ཏེ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟེ། །གླིང་བཞི་ལ་སོགས་རིམ་པར་དབང་། །ཞེས་བྱའོ། །དེས་ནས་ཕྱིས་རྒྱལ་པོ་ཞིག་གིས་རྐུན་པོ་རྣམས་གསོད་ཅིང་ཆད་པས་བཅད་པས་བདག་གིས་མ་བརྐུས་ཞེས་བརྫུན་སྨྲ་བར་བྱེད་དོ། །དེ་ནས་མི་དགེ་བ་བཅུའི་ལས་ཀྱི་ལམ་ལྷག་པར་སྤྱད་པས་རིམ་གྱིས་སེམས་ཅན་རྣམས་ཚེ་ཇེ་ཐུང་ལོངས་སྤྱོད་ཇེ་ཆུང་འགྲིབ་སྟེ་ཚེ་ལོ་བཅུ་པའི་བར་དུ་གྱུར་པ་ཡིན་ལ། དེའི་ཚེ་སྙིགས་མ་ལྔ་བདོའོ། །དེ་ནི་ཚེ་རྒུད་པ་ཡིན་ལ། ལུས་རྒུད་པ་མཐོ་གང་ཆག་གང་། ཡོད་བྱེད་རྒུད་པ་ཟས་ཀྱི་མཆོག་ཁྲེ་རྒོད། གོས་ཀྱི་མཆོག་སྐྲའི་ལྭ་བ། རྒྱན་གྱི་མཆོག་མཚོན་ཆ་སྟེ། འོ་མ་ཞོ་ཡོད་ཀྱང་མར་མི་འབྱུང་ཞིང་ཏིལ་ཡོད་ཀྱང་ཏིལ་མར་མི་འབྱུང་། བུ་རམ་ཤིང་དེའི་ཁུ་བ་ཡོད་ཀྱང་བུ་རམ་མི་འབྱུང་ལ་ལན་ཚྭ་ཡང་མེད་དོ། །དེ་རྣམས་ལ་བསྐལ་པ་དང་པོའི་ཚེ་སྙིགས་མ་ལྔ་མེད་པས་རྫོགས་ལྡན། དེ་ནས་རིམ་གྱིས་རོ་ལ་ཆགས་པ་ནས་ཉོན་མོངས་དང་ལྟ་བའི་སྙིགས་མ་གཉིས་ཡོད་པས་གསུམ་ལྡན། འཛིན་པ་དང་བཅས་པར་གྱུར་པ་ནས་དུས་སྙིགས་ཡོད་པས་ལྷག་མ་གཉིས་ལྡན། ཚེ་ཐུང་ལོ་ནི་བཅུ་པའི་ཚེ་སྙིགས་མ་ལྔ་ཡོད་པས་རྩོད་དུས་སོ། །གསུམ་པ་ནི། བར་གྱིས་བསྐལ་པ་ནི་མཚོན་དང་ནད་དང་ནི་མུ་གེའི་བསྐལ་པ་དག་གིས་ཚར་ཕྱིན་ཏོ། །དེ་ཡང་ཚེ་ལོ་བཅུ་པའི་ཚེ་སེམས་ཅན་རྣམས་གནོད་སེམས་འཕེལ་ཏེ། རྔོན་པས་རི་དྭགས་མཐོང་བ་བཞིན་དུ་གང་བླངས་པ་རྣམས་མཚོན་ཆར་གྱུར་ཏེ་གསོད་རེས་བྱེད་པ་བསད་ཚད་དམྱལ་བར་སྐྱེའོ། །ལས་ཀྱི་ཉེས་པ་དེ་ཉིད་ཀྱི་མི་མ་ཡིན་རྣམས་ཀྱིས་གསོར་མི་རུང་གི་ནད་གཏོང་སྟེ་ཕལ་ཆེར་འཆིའོ། །ཉེས་པ་དེ་དག་གིས་ལྷས་ཆར་མི་འབབ་པས་ལོ་ཏོག་མི་སྐྱེ་ལ། མ་འོངས་པའི་སྐྱེ་བོའི་དོན་དུ་ས་བོན་གབ་ཚེའི་ནང་དུ་འཇོག་པའམ་བཀྲེས་པས་ཉམ་ཆུང་བ་དག་ཕན་ཚུན་གབ་ནས་འཆི་བ་གབ་ཚེ་བ་དང་། ཐུར་མའི་རྩེའི་ཆུ་ལ་འབྲུ་བཙོས་ནས་རྒན་རིམ་གྱིས་ཟ་བའམ། འབྲུའི་གནས་ནས་འབྲུ་དག་ཐུར་མས་བྲུས་ཏེ་འཚོ་བ་ཐུར་མ་པ་དང་། ལུས་སྐམ་ཞིང་རྩུབ་པ་དེ་ཤི་མ་ཐག་ཏུ་རུས་པ་དཀར་པོར་འགྲོ་བའམ་བཀྲེས་པས་ཉེན་ཏེ་རུས་གོང་དཀར་པོ་བསྡུས་ཏེ་བསྐོལ་བས་འཐུང་བ་རུས་གོང་དཀར་པོ་པ་གསུམ་ཡོད་དོ། །དེའི་ཚེ་བྱང་ན་བག་ཙམ་ཡང་མེད་ལ་ཤར་ནུབ་ན་ཅུང་ཟད་གནོད་སེམས་ལྷག་པ་དང་། ཉམ་ཆུང་ཞིང་ཁ་དོག་ངན་པ་དང་། བཀྲེས་ཤིས་སྐོམ་པ་ཙམ་དུ་འགྱུར་རོ། །གང་ཞིག་གིས་ཉིན་གཅིག་ཙམ་སྲོག་གཅོད་སྤངས་ཤིང་དགེ་འདུན་ལ་ཨ་རུ་ར་དང་བསོད་སྙོམས་ཕུལ་ཏེ་སྨོན་ལམ་བཏབ་ན་དེ་དག་ལས་ཐར་རོ། །འོ་ན་ཚེ་ལོ་བཅུ་པ་གཅིག་ལ་ཀུན་འབྱུང་ངམ་རེ་རེ་འབྱུང་ཞེ་ན། ཁ་ཅིག་གསུམ་ཆར་ཏེ་མུ་གེ་དང་ནད་དང་མཚོན་ནོ་ཞེས་འདོད་ལ། སློབ་དཔོན་ནི་རེ་རེ་ལ་སྟེ་ལན་བཞི་པ་ལ་སྔ་མ་བཞིན་དུ་འཁོར་བར་འདོད་ཅིང་། སར་ནི་སུམ་ཅུ་པ་ལ་མུ་གེ ཉི་ཤུ་པ་ལ་ནད། བཅུ་པ་ལ་མཚོན་ཞེས་བཤད་དོ། །དེ་གསུམ་དུས་ཇི་སྲིད་འབྱུང་ཞེ་ན། ཞག་བདུན་དང་། ཞག་དང་ཟླ་བ་གཉིས་ཀ་བདུན་བདུན་དང་དེ་གཉིས་དང་ལོ་བདུན་དག་ཏུ་མཚོན་དང་ནད་དང་མུ་གེ་གསུམ་གོ་རིམ་བཞིན་ནོ། །གསུམ་པ་འཇིག་པའི་བསྐལ་པའི་ཚུལ་ལ་གསུམ་སྟེ། འཇིག་པ་གསུམ་གྱི་རྩེ་མོ། འཇིག་པ་ཡོད་མེད་ཀྱི་རྒྱུ་མཚན། ཇི་ལྟར་འཇིག་པའི་གོ་རིམ་མོ། །དང་པོ་ནི། འཇིག་པ་དེ་དུ་ཞེ་ན། ཉི་མ་བདུན་གྱི་མེ་དང་། ཆར་པའི་ཆུ་དང་། རླུང་རབ་ཏུ་འཁྲུགས་པ་དག་གིས་འཇིག་པ་དག་ནི་ཡང་གསུམ་ཡིན་ཏེ། བསམ་གཏན་གཉིས་པ་དང་སོགས་པ་གསུམ་པ་དང་བཞི་པ་གསུམ་པོ་ནི་འཇིག་པ་དེ་དག་གི་རྩེ་མོ་སྟེ་ལྷག་མ་ཡིན་ཏེ་གོ་རིམ་བཞིན་ནོ། །གཉིས་པ་ནི། ཅིའི་ཕྱིར་བསམ་གཏན་འོག་མ་གསུམ་མེ་ཆུ་རླུང་གསུམ་གྱིས་འཇིག་ཅེ་ན། དེའི་ནང་སེམས་ཅན་གྱི་སྐྱོན་དང་ཐུན་མོང་གི་ལས་ལས་གྲུབ་པའི་ཕྱི་རོལ་གྱི་སྣོད་འཇིག་པ་ཆོས་མཐུན་པ་ཡིན་ཏེ། དང་པོ་མན་ཆད་ན་རྟོག་དཔྱོད་མེ་འདྲ་བ་དང་། གཉིས་པ་མན་ཆད་ན་དགའ་བདེ་ཆུ་འདྲ་བ་དང་། གསུམ་པ་མན་ཆད་ན་དབུགས་འབྱུང་རྔུབ་རླུང་འདྲ་བ་ཡོད་པའི་ཕྱིར་རོ། །བཞི་པ་ན་འཇིག་པ་གསུམ་པོ་དེ་མེད་དེ་ནང་ཏིང་ངེ་འཛིན་གྱི་སྐྱོན་དང་བྲལ་བས་མི་གཡོ་བའི་ཕྱིར་རོ། །ཁ་ཅིག་གནས་གཙང་གི་ལྷའི་མཐུས་མི་འཇིག་གོ་ཞེས་སོ། །འོ་ན་དེ་རྒྱུན་གྱིས་རྟག་པར་ཐལ་ལོ་ཞེ་ན། དེ་ནི་མི་རྟག་སྟེ། དེའི་གཞལ་མེད་ཁང་ནི་ཐུན་མོང་གི་ལས་ལས་གྲུབ་པ་མིན་གྱི། སྐར་མ་ལྟར་གཅིག་ཏུ་མ་འབྲེལ་བར་སོ་སོའི་ལས་ཀྱིས་སེམས་ཅན་དང་བཅས་ཏེ་སྐྱེ་ན་འབྱུང་འཆི་ན་འཇིག་པའི་ཕྱིར་རོ། །གསུམ་པ་ནི། འཇིག་པ་གསུམ་གོ་རིམ་ཇི་ལྟར་ཞེ་ན། མེ་ཡིས་བར་ཆད་མེད་པར་བདུན་བསྟུད་ནས་འཇིག་པས་ཚངས་ཆེན་གྱི་ཚེ་ཚད་བར་བསྐལ་དྲུག་ཅུའོ། །བསྐལ་ཆེན་བརྒྱད་འདས་ནས་འོད་གསལ་མན་ཆད་ཆུ་ཡིས་འཇིག་པ་ལན་ཅིག་འབྱུང་བས་འོད་གསལ་བའི་ཚེ་ཚད་བསྐལ་པ་བརྒྱད་དོ། །དེ་ལྟར་མེས་འཇིག་པ་བདུན་གྱི་རྗེས་སུ་ཆུ་ཡིས་འཇིག་པ་རེ་རེ་བརྩིས་པའི་ཆུ་བདུན་ཐལ་ཏེ་ལྔ་བཅུ་རྩ་དྲུག་སོང་ནས་ཀྱང་མེ་ཡིས་བདུན་འཇིག་ཅིང་དེ་ནས་ནི་ཀུན་གྱི་མཇུག་ཏུ་དྲུག་ཅུ་རྩ་བཞི་པ་རླུང་གིས་འཇིག་པས་གདགས་པར་དགེ་རྒྱས་པའི་ཚེ་ཚད་བསྐལ་པ་དྲུག་ཅུ་རྩ་བཞིའོ་ཞེས་པ་ལེགས་པར་བཤད་པ་ཡིན་ནོ། །འོ་ན་ཚངས་ཆེན་གྱི་ཚེ་ཚད་ལ་སྣོད་འཇིག་འཆགས་ཀྱི་བར་བསྐལ་གཉིས་བརྩིར་མི་བཏུབ་པས་བར་བསྐལ་ལྔ་བཅུ་རྩ་བརྒྱད་ལས་མེད་དོ་ཞེ་ན། འདི་ནི་རྣམ་པར་བཤད་པ་ཁ་བསྐང་བ་དང་བཅས་པ་སྟེ། ཚངས་ཆེན་ལ་བར་བསྐལ་གཉིས་མ་ཚང་ཡང་དྲུག་ཅུར་ཉེ་བ་དང་། འོད་གསལ་བ་དང་དགེ་རྒྱས་པ་ལ་བར་བསྐལ་ཉི་ཤུ་རྩ་གཉིས་མ་ཚང་ཡང་བསྐལ་ཆེན་བརྒྱད་དང་དྲུག་ཅུ་རྩ་བཞི་དང་ཉེ་བས་དེ་སྐད་དུ་བཏགས་པར་ཤེས་པར་བྱའོ། །ཆོས་མངོན་པ་མཛོད་ཀྱི་རྣམ་པར་བཤད་པ་གཞུང་དོན་རབ་ཏུ་གསལ་བའི་ཉི་མ་ལས་གནས་གསུམ་པའོ།།  ༈  །།བཞི་པ་ལས་བསྟན་པ་ལ་གསུམ་སྟེ། མཚམས་སྦྱར་བའི་ཚུལ་གྱིས་མདོར་བསྟན། ལས་དངོས་རྒྱས་པར་བཤད། ཞར་ལ་ཆོས་ཀྱི་རྣམ་གྲངས་ཁ་ཅིག་བསྟན་པས་མཇུག་བསྡུ་བའོ། །དང་པོ་ནི། སྣོད་བཅུད་ཀྱི་འཇིག་རྟེན་སྣ་ཚོགས་པ་རྣམས་རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་ལས་བྱུང་བ་ནི་སྔར་བཀག་ན་དེ་དག་ཅི་ལས་བྱུང་ཞེ་ན། སེམས་ཅན་རྣམས་ཀྱི་དགེ་མི་དགེའི་ལས་ལས་འཇིག་རྟེན་བཟང་ངན་འདྲེས་མ་སྣ་ཚོགས་པ་རྣམས་སྐྱེས་སོ། །ཕྱི་རོལ་པ་ན་རེ་དབང་ཕྱུག་དགའ་མ་དགའི་བྱེ་བྲག་ལས་སྣོད་བཟང་ངན་དང་བཅུད་བདེ་སྡུག་དང་ལྡན་པ་ལྟར་སྣང་བར་རུང་ལ། གཅིག་ཏུ་བཟང་ངན་དང་བདེ་སྡུག་དང་ལྡན་པར་མ་ངེས་པས་དགེ་མི་དགེ་ལས་འབྱུང་བར་མི་རུང་ངོ་ཞེ་ན། ལས་ཁོ་ན་ལས་བྱུང་ཡང་སྤྱི་ལས་དགེ་བ་དང་བྱེ་བྲག་གི་ལས་མི་དགེ་བ་བྱས་པ་དང་དེ་ལྡོག་ནས་འདྲེས་མར་བྱས་པ་དང་། སྐྱེས་བུས་བྱེད་པ་ལས་བྱུང་བའོ། །གཉིས་པ་ལ་ལས་ཀྱི་ངོ་བོ། མདོ་ལས་བྱུང་བའི་ལས་ཀྱི་རྣམ་གྲངས་བཤད་པའོ། །དང་པོ་ལ་མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། ལས་དེ་ནི་དབྱེ་ན། སེམས་པའི་ལས་དང་། སེམས་པ་དེས་བྱས་ཤིང་འཕངས་པའམ་བསམ་པའི་ལས་གཉིས་གསུངས་སོ། །དེ་ལ་སེམས་པ་ཡིད་དང་མཚུངས་པར་ལྡན་པ་ཡིད་ཀྱི་ལས་ཡིན་ལ། སེམས་པ་དེས་བསྐྱེད་ཅིང་བྱས་པ་ནི་ལུས་དང་ངག་གི་ལས་ཏེ་ངེས་པར་སེམས་པ་སྔོན་དུ་འགྲོ་བས་སོ། །དེ་ལྟར་ལས་གསུམ་པོ་རྟེན་ནམ་ངོ་བོའམ་ཀུན་སློང་གང་ལས་བཞག དང་པོ་ལྟར་ན་ཐམས་ཅད་ལུས་ལ་བརྟེན་པས་ལུས་དང་། གཉིས་པ་ལྟར་ན་ལུས་དང་ཡིད་ཀྱི་ངོ་བོ་ནི་ལས་མ་ཡིན་པས་ངག་དང་། གསུམ་པ་ལྟར་ན་ཐམས་ཅད་ཡིད་ཀྱི་ཀུན་ནས་སློང་བས་ཡིད་ལས་གཅིག་པུར་འགྱུར་རོ་ཞེ་ན། བྱེ་སྨྲ་ན་རེ། རྒྱུ་དེ་གསུམ་ཆར་གྱི་གོ་རིམ་དུ་སྒོ་གསུམ་གྱི་ལས་གསུམ་པོ་ལས་མཚན་ཉིད་པར་བཞག་སྟེ། ཡིད་ཀྱིས་ཀུན་ནས་སློང་བ་དང་། ལུས་ལ་བརྟེན་པ་དག་གི་ལས་དང་། ངག་ཉིད་ལས་ཡིན་པས་སོ་ཞེས་ཟེར་རོ། །མདོ་སྡེ་པ་ནི། ལས་ནི་སེམས་པ་ཉིད་དེ། དེས་ཡིད་འཇུག་པར་བྱེད་པའམ་ཡིད་དང་མཚུངས་པར་ལྡན་པ་ནི་ཡིད་ཀྱི་ལས། ལུས་ངག་འཇུག་པར་བྱེད་པ་ནི་བསམ་པའི་ལས་སུ་འདོད་དེ། གཟུགས་ནི་ཇི་ལྟར་བརྟགས་ཀྱང་ལས་སུ་མི་རུང་ཞིང་། དགེ་བ་གཟུགས་ཅན་དུ་འདོད་པ་ཤཱཀྱའི་སྲས་མིན་ནོ་ཞེས་གསུངས་སོ། །གོང་མར་སེམས་པ་དང་བསམ་པ་གཉིས་ཀ་ལ་སྒོ་གསུམ་གྱི་ལས་ཡོད་པར་བཤད་པས་དེ་གཉིས་ཀྱི་ཁྱད་པར་ནི་རྒྱུའི་དང་དུས་ཀྱི་ཀུན་སློང་གི་སེམས་པ་ལ་བཞག་དགོས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། ལུས་ངག་གི་ལས་ཀྱི་རང་བཞིན། ལས་གསུམ་གྱི་རང་བཞིན་ནོ། །དང་པོ་ལ་གཉིས་སུ་དབྱེ་བ། སོ་སོའི་རང་བཞིན། གཉིས་པོའི་ཁྱད་པར་དང་གསུམ་མོ། །དང་པོ་ནི། ལུས་ངག་དེ་དག་ལ་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མིན་པ་གཉིས་གཉིས་སུ་ཡོད་པར་འདོད་དོ། །གཉིས་པ་ལ་རིག་བྱེད་བཤད། རིག་བྱེད་མ་ཡིན་པ་བཤད་པའོ། དང་པོ་ལ་གཉིས། ལུས་ཀྱི་རིག་བྱེད། ངག་གི་རིག་བྱེད་དོ། །དང་པོ་ལ། བྱེ་བྲག་ཏུ་སྨྲ་བའི་ལུགས། མདོ་སྡེ་པའི་ལུགས་སོ། །དང་པོ་ལ། ངོ་བོ་ངོས་གཟུང་བ། ལོག་རྟོག་དགག་པའོ། །དང་པོ་ནི། ལུས་ཀྱི་རྣམ་པར་རིག་བྱེད་ཀྱི་མཚན་གཞི་ནི་སེམས་ཀྱི་དབང་གིས་ལུས་དེ་ལྟར་གནས་པའི་དབྱིབས་རྫས་སུ་གྲུབ་པ་ཞིག་ལ་འདོད་དོ། །དེ་ཡང་རྣམ་སྨིན་སྐྱེས་དང་རྒྱས་བྱུང་མིན་གྱི་འཕྲལ་དུ་རྒྱུ་མཐུན་ལས་བྱུང་བའོ། །འོན་ཀྱང་རྣམ་སྨིན་སྐྱེས་ཀྱི་གསེབ་ཏུ་ཞུགས་པས་ལུས་ཆེར་མི་འགྲོ་ཞིང་འོད་ལྟར་དྭངས་པས་ལྕི་ཞིང་མཁྲེགས་པར་མི་འགྱུར་རོ། །སྒྲ་དོན་ནི་ལུས་ལ་བརྟེན་པ་དང་རང་ཀུན་ནས་སློང་བའི་སེམས་གཞན་ལ་རིག་པར་བྱེད་པའི་ཕྱིར་ཏེ། ལས་གྲུབ་པ་ལས། ཕྱི་རོལ་སྤྱོད་པ་འགྱུར་བ་དག་གིས་ནི། །སྐྱེས་བུའི་སྙིང་ལ་གནས་པའི་བསམ་པ་སྟོན། །མཚོ་ལ་གནས་པའི་ཉ་ནི་རབ་གབ་ཀྱང་། །རླབས་ཀྱིས་ཉ་ཡི་འགྱུར་བ་རབ་ཏུ་སྟོན། །ཞེས་དང་། ལུང་གཞི་ལས། བསམ་པ་ནང་ན་གནས་པ་ཀུན། །ཕྱི་རོལ་དག་ན་ཉེ་བར་གནས། །སྐད་མདངས་དབང་པོའི་བྱེ་བྲག་གིས། །རྣམ་པར་སྦ་བར་མི་ནུས་སོ། །ཞེས་དང་། རྣམ་འགྲེལ་ལས། སྐྱེ་བོས་ཚིག་དང་དུ་སོགས་ལས། །སེམས་ལྡན་མེ་སོགས་རྗེས་དཔོག་བྱེད། །ཅེས་སོ། །གཉིས་པ་ནི། གནས་མ་བུ་པ་ན་རེ། འདུས་བྱས་སྒྲ་དང་གློ་དང་གློག་ལ་སོགས་པ་སྐད་ཅིག་མར་འདོད་ཀྱང་། འདུས་བྱས་ཕལ་ཆེར་སྐད་ཅིག་མར་མི་འདོད་པས་འདིར་ལུས་ཀྱི་རིག་བྱེད་ཀྱང་ཡུལ་གང་དུ་སྐྱེས་པ་དེ་ཉིད་མ་ཞིག་པར་ཡུལ་གཞན་དུ་འཕོ་བའི་འགྲོ་བ་ཡིན་ཏེ། ལུས་གཡོ་བ་ཉིད་ལུས་ཀྱི་ལས་ཡིན་པས་སོ་ཞེས་ཟེར་རོ། །འདིར་དངོས་སུ་དེ་དགག་ཅིང་ཞར་ལ་འདུས་བྱས་ཐམས་ཅད་སྐད་ཅིག་མར་བསྒྲུབ་པ་ལ། ལུས་ཀྱི་རིག་བྱེད་ནི་དངོས་པོ་གཅིག་ཉིད་མ་ཞིག་པར་ཡུལ་གཞན་དུ་འགྲོ་བ་མིན་པར་ཐལ། རྒྱུ་མཚན་གང་གི་ཕྱིར་ན་འདུས་བྱས་ཐམས་ཅད་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །མ་གྲུབ་བོ་ཞེ་ན། སྤྱིར་འདུས་བྱས་རྣམས་ནི་སྐད་ཅིག་མ་ཡིན་ཏེ། མཐར་ངེས་པར་འཇིག་པའི་ཕྱིར་རོ། །མཐར་ངེས་པར་འཇིག་ཀྱང་སྐད་ཅིག་མ་ཡིན་པར་མ་ངེས་ཏེ་རྒྱུའི་སྟོབས་ཀྱིས་འཇིག་གོ་ཞེ་ན། ཕྱིས་ཀྱི་འཇིག་རྒྱུ་ལ་ལྟོས་པ་མེད་པ་ལ་འཇིག་པ་འགའ་ཡང་མི་འབྱུང་བར་འགྱུར་ཏེ། འཇིག་པ་ཕྱིས་རྒྱུ་དོན་གཞན་ལ་ལྟོས་པའི་ཕྱིར་རོ། །འདོད་ན་རྒྱུ་མ་ཚང་ནས་མ་ཞིག་པ་འགའ་ཞིག་དམིགས་པར་རིགས་པ་ལས་མ་དམིགས་པའི་ཕྱིར་དང་། སྒྲ་བློ་སོགས་རྒྱུ་མེད་དུ་འཇིག་པར་འདོད་པ་དང་འགལ་ལོ། །གལ་ཏེ་ཤིང་སོགས་འཇིག་པ་འཇིག་རྒྱུ་མེ་སོགས་ལ་ལྟོས་པས་འཇིག་རྒྱུ་དོན་གཞན་དང་ལྡན་ནོ་ཞེ་ན། འོ་ན་མེས་བུད་ཤིང་འཇིག་པར་བྱེད་པའི་དོན་ཇི་ལྟ་བུ་ཞིག་འདོད་ཅེས་དྲིས་པས་སྔར་ལས་རྒྱུན་གཞན་དུ་མི་འདྲ་བར་བྱེད་པའི་ཕྱིར་ཞེ་ན། འོ་ན་བུམ་པ་སྐྱེད་བྱེད་ཀྱི་རྒྱུ་ཡང་ཕྱིས་དེ་འཇིག་པ་པོའི་རྒྱུར་འགྱུར་བར་ཐལ། བུམ་པའི་སྔར་གྱི་ཁ་དོག་གི་རྒྱུན་གཞན་དང་གཞན་དུ་མི་འདྲ་བར་བྱེད་པའི་ཕྱིར་ཏེ། མེ་དང་འབྲེལ་བ་ལས་རྫ་ཚོས་པའི་དམར་པོ་དང་། ཆེས་ཚོས་པའི་སྔོན་པོ་དག་རིམ་གྱིས་འབྱུང་བར་མཐོང་བའི་ཕྱིར། འདིར་འཇིག་པ་རྒྱུ་མེད་དུ་བཤད་པ་ནི་རྒྱུ་གཏན་མེད་མིན་པར་ཕྱིས་རྒྱུ་དོན་གཞན་མེད་པའོ། །དེས་ན་དངོས་པོ་རྣམས་སྐྱེ་བའི་རྒྱུ་ཉིད་ལས་འཇིག་པའི་ངང་ཅན་དུ་གྲུབ་པས་སྐད་ཅིག་མར་ཡང་གྲུབ་ཀྱི། སྔར་སྐྱེས་པ་དེ་ཉིད་ཡུལ་གཞན་དུ་འདབ་ཆགས་སུ་འབྱུང་བ་ལ་རྩའི་མེ་ལྟར་འགྲོ་བར་མངོན་པའི་ང་རྒྱལ་བྱེད་པར་ཟད་དོ། །གཉིས་པ་མདོ་སྡེ་པའི་ལུགས་ནི། དབྱིབས་ནི་ཐོགས་བཅས་ཀྱི་རྫས་སུ་མེད་དེ། ཁ་དོག་གི་གནས་ཚུལ་ལ་འདོགས་པས་སོ། །གལ་ཏེ་དབྱིབས་ཐོགས་བཅས་ཀྱི་རྫས་སུ་གྲུབ་སྟེ། མིག་གི་ཡུལ་ཡིན་པའི་ཕྱིར་ཏེ། མིག་གིས་མཐོང་བ་ན་གྲུ་བཞི་སོགས་ཀྱི་བློ་སྐྱེ་བའི་ཕྱིར་ཞེ་ན། འོ་ན་ལུས་ཀྱི་དབང་པོའི་ཡང་ཡུལ་དུ་ཐལ་བར་འགྱུར་ཏེ། ལུས་ཀྱི་རེག་པ་ན་གྲུ་བཞི་སོགས་ཀྱི་བློ་སྐྱེ་བའི་ཕྱིར། འདོད་ན་དབང་པོ་རིས་མི་མཐུན་གཉིས་ཀྱི་གཟུང་བྱར་ཐལ་བར་འགྱུར་བ་ལས་མིན་ཏེ། སྐྱེ་མཆེད་གཅིག་དབང་པོ་རིགས་མི་མཐུན་གཉིས་ཀྱིས་འཛིན་པ་མི་སྲིད་པའི་ཕྱིར། ཡང་དབྱིབས་ཆོས་ཅན། ཐོགས་བཅས་ཀྱི་རྫས་སུ་གྲུབ་པ་མེད་དེ། རྡུལ་ཕྲན་ལ་མེད་པས་སོ། །གཉིས་པ་ངག་གི་རྣམ་པར་རིག་བྱེད་ནི་ངག་གི་རང་བཞིན་གྱི་སྒྲའོ། །གཉིས་པ་རིག་བྱེད་མིན་པ་ལ་བཞི་སྟེ། སྒྲུབ་བྱེད་དང་། རྒྱུ་འབྱུང་བའི་དུས་དང་སའི་ཁྱད་པར། ངོ་བོའི་ཁྱད་པར། རྒྱུ་འབྱུང་བའི་ཆོས་ཀྱི་ཁྱད་པར་རོ། །དང་པོ་ནི། བྱེ་བྲག་སྨྲ་བ་ན་རེ། རིག་བྱེད་མིན་པ་རྫས་སུ་ཡོད་དེ། མདོ་ལས། གནས་གསུམ་གྱི་གཟུགས་ཐམས་ཅད་བསྡུས་ཏེ་ཞེས་གཟུགས་རྣམ་པ་གསུམ་གསུངས་པ་དེར་བསྟན་མེད་ཐོགས་མེད་ཀྱི་གཟུགས་ནི་རིག་བྱེད་མིན་པ་ལ་དགོངས་སོ། །གཉིས་པ་ནི། དྲི་མ་མེད་པའི་གཟུགས་གསུངས་པ་ནི་ཟག་མེད་ཀྱི་སྡོམ་པ་ཁོ་ན་ལ་དགོངས་པའོ། །གསུམ་པ་འཕེལ་བར་གསུངས་པ་ལ་གཉིས་ལས། རྫས་བྱུང་གི་བསོད་ནམས་དང་། རྫས་ལས་མ་བྱུང་བའི་བསོད་ནམས་ནི། རྟག་ཏུ་རྒྱུན་མི་ཆད་པར་འཕེལ་ཞིང་སྐྱེ་བོ་ཞེས་གསུངས་པའི་དོན་རིག་བྱེད་སེམས་པ་ཁོ་ན་ཡིན་ན་ཡིད་གཞན་དང་ལྡན་པ་ལ་མི་རུང་བས་རིག་བྱེད་མིན་པ་ལ་དགོངས་སོ། །རྫས་བྱུང་བདུན་ནི། ཀུན་དགའ་རྭ་བ་གཙུག་ལག་ཁང་། །མལ་སྟན་འཚོ་བ་ནར་མ་དང་། །གློ་བུར་ནད་པ་ནད་གཡོག་དང་། །ཡུལ་ངན་ཚེ་ན་སྦྱིན་པ་ནི། །རྫས་ལས་བྱུང་བའི་བསོད་ནམས་བདུན། །ཞེས་པའོ། །རྫས་བྱུང་མིན་པ་ནི། བཞུགས་དང་གཤེགས་རྩོམ་ལམ་ཞུགས་དང་། །ཕྱིན་པ་ཐོས་དང་མཐོང་བ་དང་། །ཆོས་ཐོས་བསླབ་པའི་གཞི་འཛིན་ལས། །དགའ་དང་དད་པ་སྐྱེ་བ་ནི། །རྫས་ལས་མ་བྱུང་བསོད་ནམས་བདུན། །ཞེས་སོ། །བཞི་པ་ནི། རང་གིས་མ་བྱས་པར་བཅོལ་བས་ལས་ལམ་འབྱུང་བར་གསུངས་པ་ནི་ལུང་བསྒོ་བ་ཙམ་གྱི་སྦྱོར་བའི་ཁྱད་པར་ལས་གཞན་གྱིས་བྱས་པའི་ཚེ་རང་ལ་རིག་བྱེད་མིན་པ་སྐྱེས་པའོ། །སོགས་པས་ཆོས་ཀྱི་སྐྱེ་མཆེད་དང་། འཕགས་ལམ་ཡན་ལག་བརྒྱད་དང་། སྡོམ་པ་དང་། ཆུ་ལོན་ངོ་བོར་གསུངས་པའི་ཕྱིར། ལྔ་པ་ནི། མདོ་ལས་སྐྱེ་མཆེད་བཅུ་ནི་གཟུགས་ཅན་དང་། ཡིད་ནི་གཟུགས་ཅན་མིན་པར་གསུངས་ལ། ཆོས་ནི་གཉིས་ཀར་གསུངས་པས་ཚོར་བ་སོགས་དང་རིག་བྱེད་མིན་པ་ལ་དགོངས་སོ། །དྲུག་པ་ལམ་གྱི་ཡན་ལག་བརྒྱད་གསུངས་པས་ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་ནི་ཟག་མེད་ཀྱི་སྤོང་བདུན་ལ་དགོངས་སོ། །བདུན་པ་ནི་ཡིད་གཞན་དང་ལྡན་པའི་ཚེ་སོ་སོར་ཐར་པའི་སྡོམ་པ་རྒྱུན་མི་ཆད་པས་རིག་བྱེད་མིན་པ་ལ་དགོངས་སོ། །བརྒྱད་པ་གཉེན་པོས་འཆལ་པའི་ཚུལ་ཁྲིམས་ཀྱི་གེགས་བྱེད་པས་ཆུ་ལོན་དུ་གསུངས་པ་ནི་སྤོང་བའི་སེམས་པ་གཉེན་པོ་ཡིན་ན་ཡིད་གཞན་གྱི་ཚེ་སྤངས་དགོས་པར་འགྱུར་བས་རིག་བྱེད་མ་ཡིན་པ་ལ་དགོངས་སོ། །མདོ་སྡེ་པ་ནི་རིག་བྱེད་མིན་པ་རྫས་སུ་མེད་དེ། སྡིག་པ་སྤོང་བར་ཁས་བླངས་ནས་མི་བྱེད་པ་ཙམ་ཡིན་པའི་ཕྱིར་དང་། འདས་པའི་འབྱུང་བ་རྫས་སུ་མེད་པ་ལ་བརྟེན་ནས་འདོགས་པའི་ཕྱིར་དང་། དེ་ལས་སྐྱེ་ཞེས་པ་མ་གྲུབ་པའི་ཕྱིར་དང་། གཟུགས་ཀྱི་མཚན་ཉིད་མེད་པའི་ཕྱིར་རོ། །དོན་བརྒྱད་ཀྱི་ལན་ལུང་ལ་བརྟེན་ནས་སྟོན་པ་ནི། དེ་ལ་ཐོགས་མེད་ཀྱི་གཟུགས་ནི། ཏིང་ངེ་འཛིན་གྱི་ཡུལ་དུ་སྣང་བས་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་དབང་འབྱོར་པ་ཞེས་བསྟན་པ་སྟེ། མིག་གི་ཡུལ་མིན་པ་དང་། ཡུལ་ལ་མི་སྒྲིབ་པ་དང་། གཟུགས་ཀྱི་རྣམ་པར་སྣང་བས་སོ། །ཟག་མེད་ཀྱི་གཟུགས་ནི་སེམས་ཙམ་པས། འཕགས་པའི་རྗེས་ཀྱི་ཤེས་པ་ལ་གཟུགས་སུ་སྣང་ཞིང་ཟག་པ་མི་རྒྱས་པར་འདོད་ལ། ཊཱི་ཀ་ལས། མཉམ་གཞག་གི་དུས་ཀྱི་བསམ་པ་དང་རྟེན་ཟག་མེད་ཀྱི་སྡོམ་པའི་གཞི་ལ་ངོས་གཟུང་ཞིང་། དཔེ་སྟོན་པས། དགྲ་བཅོམ་པའི་གཟུགས་དང་སྣོད་ལ་འདོད་དོ། །རྫས་བྱུང་ནི་ལེན་པ་པོ་ཞིང་མཆོག་ཏུ་གྱུར་པ་ལ་སྦྱིན་པའི་སེམས་པ་ཚེ་ཕྱི་མ་ལ་འབྲས་བུ་ཆེན་པོ་སྒྲུབ་པའི་ནུས་པ་བསྒོས་པའི་རྒྱུད་འགྱུར་བ་སྟེ་ས་བོན་བཞག་པའི་ཁྱད་པར་ལས་སོ། །རྫས་ལས་མ་བྱུང་བ་ཡང་ཡུལ་ཁྱད་པར་ཅན་ལ་ཡང་དང་ཡང་དུ་དམིགས་པའི་རྒྱུད་འགྱུར་བ་ལས་ཏེ་རྨི་ལམ་ན་ཡང་རྗེས་སུ་འབྲེལ་པ་ནི་ཉལ་བ་ན་ཡང་གོམས་པར་སྟོན་པའོ། །བཞི་པའི་ལན་ནི་སྔར་གྱི་སྦྱོར་བས་གཞན་ལ་གནོད་པའི་བྱེ་བྲག་གིས་སྦྱོར་བ་པོ་ལ་ཕྱི་མར་འབྲས་བུ་མངོན་པར་སྒྲུབ་ནུས་པའི་རྒྱུད་འགྱུར་བའི་ཁྱད་པར་ལས་ཏེ་རང་གིས་བྱས་པ་ལ་ཡང་དངོས་གཞིའི་ཚེ་རང་གི་སྦྱོར་བས་གཞན་ལ་གནོད་པའི་དབང་གིས་རྒྱུད་འགྱུར་བ་ཡིན་ལ། རྒྱུད་འགྱུར་བའི་ཁྱད་པར་ནི་རིག་བྱེད་མིན་པ་རྩོལ་བའི་རང་བཞིན་མིན་ཡང་ལས་སུ་འཇོག་པ་ལྟར་སེམས་པའི་འབྲས་བུར་གྱུར་པས་ལས་སུ་བཏགས་པའོ། །ལྔ་པའི་ལན་ནི་སྔར་བསྟན་པ་ཁོ་ནའོ། །དྲུག་པའི་ལན་ནི་རྗེས་ཐོབ་ཀྱི་ཚེ་ཡང་དག་པའི་ངག་ལ་སོགས་པ་ལ་འཇུག་པའི་རྒྱུ་མཚན་ཟག་པ་མེད་པ་ཐོབ་པ་ལ་རྒྱུ་མཚན་ངག་ལ་སོགས་པར་བཏགས་པ་སྟེ། དབུས་མཐར། ལྟ་དང་ཚུལ་ཁྲིམས་ཡོད་བྱད་བསྙུངས། །གཞན་ལ་རྣམ་པར་རིག་བྱེད་འདོད། །ཅེས་སོ། །ཁ་ཅིག་ཡོད་པ་ཐམས་ཅད་ལ་རྫས་སུ་ཡོད་པས་མ་ཁྱབ་སྟེ། མ་རྙེད་པ་བཞིན་ནོ་ཞེས་ཟེར་རོ། །བདུན་པའི་ལན་ནི་ཆོ་ག་སྔོན་དུ་བཏང་སྟེ་སྤང་བྱ་སྤོང་བར་ཁས་བླངས་པའི་སེམས་པས་སྤང་བྱ་སྡོམ་ཞིང་ཡིད་གཞན་གྱི་ཚེ་ཡང་རྐྱེན་ཉེ་བ་ན་སྡོམ་པ་གོམས་པའི་དྲན་པས་སྡོམ་མོ། །བརྒྱད་པའི་ལན་ནི་ངོ་ཚ་ཤེས་པས་མི་བྱ་བར་དམ་བཅས་པ་དྲན་ནས་རྐྱེན་ཉེ་བ་ན་ཡང་མི་བྱེད་པ་ཡིན་ཏེ། དེ་ལྟ་མིན་ན་བརྗེད་པའི་ཚེ་ལྟུང་བ་མི་འབྱུང་བར་འགྱུར་རོ། །མདོར་ན་ལུང་དེ་དག་གི་དོན། མདོ་སྡེ་པས་འདི་ནི་མང་པོ་དང་སྣ་ཚོགས་པ་ཡིན་གྱི་དེ་ལྟ་མིན་ནོ་ཞེས་པ་ཙམ་ལས་མ་བརྗོད་ལ། སློབ་དཔོན་གྱིས་ཁ་ཅིག་སེམས་ཙམ་པ་ལ་གྲགས་པ་དང་། ཁ་ཅིག་ཉིད་ཀྱིས་སྦྱར་བར་འཆད་དོ། །གཉིས་པ་ནི། བྱེ་བྲག་ཏུ་སྨྲ་བ་དག་རང་གི་གྲུབ་མཐའ་མི་འདོར་བས་རྫས་སུ་ཡོད་ཅིང་འབྱུང་བ་རྒྱུར་བྱས་པར་འདོད་ལ་དེ་རིག་བྱེད་ཀྱིའམ་དེ་ལས་གཞན་ཡིན་ཞེ་ན། འབྱུང་བ་གཅིག་ཉིད་འབྲས་བུ་ཕྲ་རགས་གཉིས་ཀྱི་རྒྱུར་མི་རུང་བས་གཞན་ཡིན་ལ། དེ་ཡང་མཉམ་གཞག་གི་རིག་བྱེད་མ་ཡིན་པ་ནི་གཞིའི་འབྱུང་བ་ད་ལྟར་བ་ཙམ་སྟེ་རྟེན་གྱི་འབྱུང་བར་འདོད་ན་འོག་གི་ཊཱི་ཀའི་ཚིག་གིས་གནོད་ཅེས་དང་། གང་སྤེལ་ལས་དེ་དག་གིས་རྟེན་འབྱུང་བ་ནི་སེམས་དང་འདྲ་བར་དུས་མཉམ་པའི་ཕྱིར་རོ་ཞེས་སོ། །དེ་ཡང་འདོད་པར་གཏོགས་པའི་རྣམ་པར་རིག་བྱེད་མིན་པ་ནི་སྐད་ཅིག་དང་པོ་སྡོམ་པ་སོགས་ནོད་པའི་ཚེ་འདས་པ་སྔོན་དུ་མ་སོང་བས་གཞིའི་འབྱུང་བ་ད་ལྟར་བསྐྱེད་ལ། དེ་ཕྱིན་ཆད་གཉིས་པ་ལ་སོགས་པ་ནི་རིག་བྱེད་དང་སེམས་པས་བསྒྲུབས་པས་འཁོར་ལོ་སྒྲིལ་བའི་ལག་པ་ལྟར་འཇུག་ཅིང་འཕེན་པའི་རྒྱུ་གཞིའི་འབྱུང་བ་འདས་པ་རེ་དང་། ས་ཕྱོགས་ལྟར་རྗེས་སུ་འཇུག་ཅིང་བརྟེན་པའི་རྒྱུ་ད་ལྟར་བའི་ལུས་ངག་གི་འབྱུང་བ་ལས་སྐྱེ་ལ། གཟུགས་ཅན་གཞན་གྱི་གཞིའི་འབྱུང་བ་ནི་ད་ལྟར་བ་སྟེ། ཊཱི་ཀ་ལས། རྒྱུར་བྱས་པ་གཞན་དག་གི་གཞི་ད་ལྟར་གྱི་འབྱུང་བ་ཡིན་པ་དེ་བཞིན་དུ་ཞེས་པས་སོ་ཞེས་འཆད་དོ། །ས་ནི་ཟག་པ་དང་བཅས་པའི་ལུས་དང་ངག་གི་རིག་བྱེད་ཡིན་མིན་པ་ནི་གཞན་སྲེད་པ་ཐ་དད་ཀྱིས་མཚམས་བཅད་པའི་ཕྱིར་ནུས་པ་མི་འཇུག་པས་འདོད་པ་ནས་བཞི་པའི་བར་རང་རང་གི་ས་པའི་ལུས་ངག་གི་འབྱུང་བ་དག་ཁོ་ན་རྒྱུར་བྱས་ནས་སྐྱེ་ལ། ཟག་མེད་ཀྱི་སྡོམ་པ་ནི་རྟེན་པ་གང་དུ་སྐྱེས་པའི་ལུས་དེའི་འབྱུང་བ་ལས་སྐྱེ་བ་ཡིན་ཏེ། ཁམས་གསུམ་མ་གཏོགས་པས་རང་སའི་འབྱུང་བ་མེད་ཅིང་འབྲས་གཟུགས་ཡིན་པས་འབྱུང་བ་ལས་ངེས་པར་སྐྱེ་ལ་སྲེད་པའི་འཆིང་བ་མེད་པས་ནུས་པ་འཇུག་ཏུ་རུང་བའི་ཕྱིར། གསུམ་པ་རང་གི་ངོ་བོའི་ཁྱད་པར་ནི། རྣམ་པར་རིག་བྱེད་མིན་པ་ནི་དབང་པོའི་ཚོགས་ཀྱི་ལུས་ཅན་མིན་པས་སེམས་སེམས་བྱུང་གི་རྟེན་མིན་པའི་ཕྱིར་མ་ཟིན་པ་སྟེ། རབ་ཏུ་བྱེད་པ་ལས་དགེ་བསྙེན་གྱི་བསླབ་པའི་གཞི་ཐམས་ཅད་མ་ཟིན་པའོ་ཞེས་པའང་དེ་དང་ངག་གི་རིག་བྱེད་ལ་དགོངས་སོ། །དགེ་མི་དགེ་གང་རུང་དུ་ངེས་ཤིང་འདོད་དགུར་འབྱུང་བ་དང་། རྡུལ་བསགས་པ་མིན་པས་རྣམ་སྨིན་དང་རྒྱས་བྱུང་མིན་གྱི་ཟག་མེད་དང་པོ་ལས་གཞན་རྒྱུ་མཐུན་ལས་འབྱུང་བ་དང་། རྒྱུད་དང་འབྲེལ་བའི་ཕྱིར་སེམས་ཅན་དུ་སྟོན་པའོ། །ལུས་ཀྱི་རིག་བྱེད་ནི་ལུས་ཀྱི་འབྱུང་བ་དང་ཐ་མི་དད་པར་འཇུག་པས་ཟིན་པའོ། །བཞི་པ་ནི། འདོད་པའི་རིག་བྱེད་མིན་པའི་འབྱུང་བ་ནི་ཀུན་སློང་གི་སེམས་ལ་ལྟོས་པས་རྣམ་སྨིན་དང་རྒྱས་པའི་རྒྱུ་དང་པོ་གསུམ་ལས་མ་བྱུང་ཞིང་མཉམ་པར་མ་གཞག་པས་ཏིང་ངེ་འཛིན་གྱི་རྒྱས་པར་མ་བྱས་པའི་ཕྱིར་རྒྱུ་མཐུན་ལས་བྱུང་བ་དང་། དབང་པོའི་ཚོགས་པ་ན་ཡོད་པས་ཟིན་པའི་འབྱུང་བ་ལས་སྐྱེའོ། །སོ་ཐར་གྱི་སྤོང་བ་བདུན་ནི་རེ་རེ་ལའང་འབྱུང་བ་བཞི་ཚན་ཐ་དད་པ་ལས་སྐྱེའོ། །ཏིང་ངེ་འཛིན་སྐྱེ་བས་བསམ་གཏན་དང་ཟག་མེད་ཀྱི་རིག་བྱེད་མིན་པའི་རྒྱུ་འབྱུང་བ་ནི་སེམས་ཀྱི་རྗེས་འབྲང་ཡིན་པས་མ་ཟིན་པ་དང་། ཏིང་ངེ་འཛིན་གྱི་རྒྱས་པ་ལས་བྱུང་བ་དང་། སྤོང་བ་བདུན་ཆར་ཡང་དེ་སྐྱེད་པའི་སེམས་ཐ་མི་དད་པ་ལྟར་འབྱུང་བ་ལྔ་ཡང་ཐ་དད་མིན་པ་ཚར་གཅིག་ལས་སྐྱེ་སྟེ་རྒྱུ་གཅིག་ལས་མེད་པའི་ཕྱིར་རོ། །དེ་ཡང་རྐྱེན་གྱིས་འབྱུང་བ་ཡིན་ན་རྒྱུ་སེམས་མིན་པས་གཞིའི་འབྱུང་བ་སྟེ། ཊཱི་ཀར། འཇུག་པར་བྱེད་པའི་དོན་གྱིས་ཏེ་དེས་ན་ཐ་མི་དད་པ་ལས་སྐྱེའོ་ཞེས་སོ། །གསུམ་པ་ལ་དངོས་དང་ཞར་བྱུང་གཉིས། དང་པོ་ལ། དགེ་སོགས་གསུམ་གྱི་ཁྱད་པར། ཁམས་གསུམ་གྱི་ཁྱད་པར་རོ། །དང་པོ་ནི། རྣམ་པར་རིག་བྱེད་མིན་པ་ནི་སེམས་སྟོབས་ལྡན་གྱིས་ཀུན་ནས་སློང་བའི་ཕྱིར་ལུང་བསྟན་དགེ་མི་དགེ་མིན་པ་མེད་ལ། དེ་ལས་གཞན་རིག་བྱེད་དང་སེམས་པའི་ལས་ནི་སེམས་གསུམ་གྱིས་ཀུན་ནས་སློང་བ་དང་མཚུངས་པར་ལྡན་པས་དགེ་མི་དགེ་རྣམ་པ་གསུམ་རུང་སྟེ། གཉིས་པ་ནི། ལས་མི་དགེ་བ་ནི་འདོད་པ་ཁོ་ན་ན་ཡོད་དེ། གཞན་གྱིས་སྤངས་པས་སོ། །གཟུགས་ན་བསམ་གཏན་གྱི་སྡོམ་པའི་རྣམ་པར་རིག་བྱེད་མིན་པ་ཡོད་ལའང་སྒྲས་འདོད་པ་ན་ཡང་མི་དགེ་བ་གྲུབ་ཟིན་པས་དགེ་བ་ཡོད་པར་སྟོན་ཏེ། གཟུགས་མེད་ན་འབྱུང་བ་དང་ལུས་ངག་མེད་པས་དེའི་སྡོམ་པའང་མེད་དོ། །ཟག་མེད་ལྟར་འོག་སའི་རྟེན་ལ་དེའི་འབྱུང་བ་ལས་སྐྱེའོ་ཞེ་ན། མིན་ཏེ། སྲེད་པའི་འཆིང་བ་ཐ་དད་ཀྱིས་བཅད་པས་སོ། །རྣམ་པར་རིག་བྱེད་ནི་བརྟགས་ཤིང་དཔྱད་ནས་ཚིག་ཏུ་སྨྲའོ། །ཞེས་གསུངས་པས། དཔྱོད་པ་དང་བཅས་པ་འདོད་པ་དང་བསམ་གཏན་དང་པོ་དག་ན་ཡོད་ཀྱི་གཉིས་པ་ཡན་ཆད་ན་མེད་དེ། ཀུན་སློང་མེད་པའི་ཕྱིར། དེར་མ་ཟད་འདོད་པ་ན་ཡང་བསྒྲིབས་པའི་རིག་བྱེད་མེད་དེ་རྒྱུ་གང་གི་ཕྱིར་ན་འདོད་པ་ན་སྤྱོད་པའི་བསྒྲིབས་པའི་ཉོན་མོངས་ཅན་འཇིག་མཐར་གཉིས་ནི་མཐོང་སྤང་ཁ་ནང་དུ་བལྟས་པ་དག་ལུས་ངག་མི་སློང་བས་ཀུན་སློང་མེད་པའི་ཕྱིར་རོ། །དེས་ན་བསྒྲིབས་པའི་རིག་བྱེད་ནི་ཚངས་པ་ཆེན་པོས་གཡོས་ཀུན་ནས་བསླངས་པའི་ལུས་ངག་ཁོ་ནའོ། །གཉིས་པ་ཞར་བྱུང་ལ་གསུམ་སྟེ། དགེ་སོགས་གསུམ་གྱི་དབྱེ་བ། ཀུན་སློང་གཉིས་ཀྱི་རྣམ་གཞག རིག་བྱེད་མེད་པའི་དབྱེ་བའོ། །དང་པོ་ལ་གསུམ་ལས། དང་པོ་དགེ་བའི་དབྱེ་བ་ནི། ཅི་ཀུན་སློང་ཁོ་ན་ལས་དགེ་མི་དགེར་འགྱུར་རམ་ཞེ་ན། བཞི་བཞི་ཡོད་དེ། རེ་ཞིག་དགེ་བ་བཞི་ལས་ཐར་བ་དུཿཁ་ཞི་བས་མཆོག་ཏུ་བདེ་བའི་ཕྱིར་དམ་པའི་དོན་དུ་དགེ་བ་སྟེ། ནད་མེད་པ་བཞིན་ནོ། །དགེ་བའི་རྩ་བ་གསུམ་དང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་ནི་བདག་ཉིད་དམ་ངོ་བོ་ཉིད་ཀྱིས་དགེ་བ་ཡིན་ཏེ། དགེ་བར་གྱུར་པ་གཞན་ལ་ལྟོས་པ་མེད་པར་སྐྱེས་ཙམ་ནས་དགེ་བར་ངེས་པའི་ཕྱིར། འཕྲོད་པའི་སྨན་ལྟར་རོ། །དགེ་བ་བཅུ་གཅིག་པོ་ཐམས་ཅད་དེ་ཡིན་ཡང་ལྔ་པོ་ཁོ་ན་སྨོས་པ་ནི་མི་དགེ་བའི་ལྡོག་པ་གྲུབ་པར་བྱ་བའི་ཕྱིར་རོ། །དགེ་བ་བཅུ་གཅིག་པོ་དེ་དག་དང་མཚུངས་ལྡན་ནི་ངོ་བོས་དགེ་བ་མིན་ཡང་སྨན་དང་སྦྱར་བའི་བཏུང་བ་ལྟར་མཚུངས་ལྡན་གྲོགས་ཀྱི་དགེ་བའོ། །དེ་དག་གིས་ཀུན་ནས་བསླངས་པའི་ལུས་ངག་གི་བྱ་བ་སྟེ་ལས་དང་། ལ་སོགས་པ་དགེ་བའི་སྐྱེ་སོགས་དང་ཐོབ་པ་དང་སྙོམས་འཇུག་གཉིས་ནི་ཀུན་སློང་གི་དབང་གིས་དགེ་བ་སྟེ། སྨན་དང་སྦྱར་བའི་བཏུང་བ་ལས་འབྱུང་བའི་འོ་མས་ནད་སེལ་བ་བཞིན་ནོ། །གལ་ཏེ་དགེ་བ་ཐེ་ཚོམ་གྱིས་མཚམས་སྦྱར་བ་དང་སྐྱེས་སྲིད་ཀྱི་ཚེའི་དགེ་བ་ཐོབ་པ་དག་དགེ་བར་མི་རུང་སྟེ་ཉོན་མོངས་པས་བསླང་བས་སོ་ཞེ་ན། ཉོན་མོངས་པ་ནི་ཐོབ་པའི་གེགས་སེལ་བར་བྱེད་ཀྱི་དེ་ནི་ཐོབ་བྱས་བསླངས་པས་དགེ་བའོ་ཞེས་ཊཱི་ཀར་བཤད་དོ། །གཉིས་པ་ནི། དགེ་བ་ལས་བཟློག་པ་ནི་མི་དགེ་བ་སྟེ། འཁོར་བ་ནི་དོན་དམ་པའི་མི་དགེ་བ་སྟེ། དུཿཁའི་རང་བཞིན་མཆོག་ཏུ་མི་བདེ་བའི་ཕྱིར་ནད་བཞིན་ནོ། །དུག་གསུམ་དང་ངོ་ཚ་མེད་པ་དང་ཁྲེལ་མེད་ནི་ངོ་བོ་ཉིད་ཀྱིས་མི་དགེ་བ་སྟེ་གཞན་ལ་མ་ལྟོས་པར་རྣམ་སྨིན་མི་བདེ་བ་འབྱིན་པའི་ཕྱིར་དུག་ལྟར་རོ། །དེ་དག་དང་མཚུངས་ལྡན་ནི་མཚུངས་ལྡན་ཏེ་དུག་དང་སྦྱར་བའི་བཏུང་བ་ལྟར་རོ། །དེ་དག་གིས་བསླངས་པའི་ལས་དང་མཚན་ཉིད་དང་ཐོབ་པ་ཀུན་སློང་གི་མི་དགེ་བ་སྟེ། དུག་དང་སྦྱར་བའི་བཏུང་བ་ལས་འབྱུང་བའི་འོ་མ་ལྟར་རོ། །གསུམ་པ་ནི། དོན་དམ་པར་ལུང་དུ་མ་བསྟན་པ་ནི་བརྟན་པ་ནམ་མཁའ་དང་བརྟགས་མིན་དག་གོ །བུམ་པ་ལྟ་བུ་ངོ་བོ་ཉིད་དང་། སེམས་བྱུང་རྣམ་སྨིན་སྐྱེས་དང་ལྷན་ཅིག་པ་རྣམས་མཚུངས་ལྡན་དང་། ས་དང་སྤྱོད་ལམ་པ་ལ་སོགས་པ་ནི་ཀུན་སློང་གི་ལུང་མ་བསྟན་ནོ། །དེ་དག་ནི་མ་བསྒྲིབས་པའི་དབང་དུ་བྱས་ལ། བསྒྲིབས་པ་ལ་འདོད་པའི་འཇིག་མཐར་གཉིས་དང་། གོང་མའི་ཉོན་མོངས་ཐམས་ཅད་ངོ་བོ་ཉིད་དང་། དེ་དག་གི་གྲོགས་མཚུངས་ལྡན་གྱི་དང་། རིག་བྱེད་དང་མཚན་ཉིད་ཐོབ་པ་ཀུན་སློང་གིས་སོ། །གཉིས་པ་ལ་བཞི་སྟེ། དབྱེ་བ། སོ་སོའི་ངོ་བོ། མཚན་གཞི། འཇུག་ཚུལ་ལོ། །དང་པོ་ནི། མཐོང་སྤང་གིས་རིག་བྱེད་མི་སློང་ན། མདོ་ལས་ལོག་པར་ལྟ་བ་དེ་ལས་ནི་ལོག་པའི་ངག་དང་ལས་ཀྱི་མཐའ་འབྱུང་ངོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ལ་དབྱེ་བ་མེད་པར་སྟོན་པ་ལ། ཀུན་སློང་ནི་རྣམ་པ་གཉིས་ཏེ། དང་པོ་ལས་ལ་མ་ཞུགས་པའི་ཚེ་ཡོད་པའི་རྒྱུའི་ཀུན་སློང་དང་བྱ་བ་དེ་ཉིད་བྱེད་པའི་དུས་ཀྱི་ཀུན་སློང་ཞེས་བྱའོ། །དེས་ན་འདིར་འདོད་པ་ན་བསྒྲིབས་པའི་གཟུགས་ཀྱི་དུས་ཀྱི་ཀུན་སློང་མེད་པར་བཤད་ལ་མདོའི་དོན་རྒྱུའི་ཀུན་སློང་ཙམ་ལ་དགོངས་སོ། །གཉིས་པ་ནི། ཀུན་སློང་གཉིས་ལས་དང་པོ་ནི། འཕེན་པར་བྱེད་པས་རབ་ཏུ་འཇུག་བྱེད་ཡིན་ལ། གཉིས་པ་ནི། བྱ་བའི་དུས་སུ་བྱ་བ་དང་རྗེས་སུ་མཐུན་པར་འཇུག་པར་བྱེད་པའོ། །གསུམ་པ་མཚན་གཞི་ནི། མུ་བཞི་ལས་མཐོང་བས་སྤང་བར་བྱ་བའི་རྣམ་ཤེས་ནི་དེ་གཞན་ལ་བདག་ཡོད་དོ་ཞེས་བསྟན་ནོ་སྙམ་དུ་ངེས་པར་བྱས་ནས་ཁ་ཕྱིར་བལྟས་ཀྱི་ཤེས་པ་འབྱུང་སྟེ། ལུས་ངག་སློང་བའི་རྟོག་དཔྱོད་ཀྱི་གཞིར་གྱུར་པའི་ཕྱིར་རབ་ཏུ་འཇུག་བྱེད་ཡིན་ལ། ཁ་ནང་དུ་བལྟས་པའི་ཕྱིར་རྗེས་སུ་འཇུག་བྱེད་ནི་མིན་ནོ། །ཡིད་ཀྱི་རྣམ་ཤེས་སྒོམ་པས་སྤང་པར་བྱ་བ་འཁོར་བཅས་ནི་གཉིས་ཀ་ཡིན་ཏེ། རྟོག་བཅས་དང་ཁ་ཕྱིར་བལྟས་ཡིན་པའི་ཕྱིར་སྒོ་ལྔའི་རྣམ་ཤེས་ནི་རྟོག་པ་མེད་ཅིང་ཁ་ཕྱིར་བལྟས་ཡིན་པས་རྗེས་སུ་འཇུག་བྱེད་ཁོ་ན། གཉིས་ཀ་མིན་པ་ནི་ཟག་མེད་དང་རྣམ་སྨིན་སྐྱེས་སོ། །བཞི་པ་ལ་སྤྱིར་གཏང་དང་དམིགས་བསལ་གཉིས་སོ། །དང་པོ་ནི། རྒྱུའི་ཀུན་སློང་ཇི་ལྟ་བར་དུས་ཀྱི་ཀུན་སློང་ཡང་དེ་དང་འདྲའམ་ཞེ་ན། རབ་ཏུ་འཇུག་བྱེད་དགེ་བ་ལ་སོགས་པ་གསུམ་པོ་རེ་རེ་ལས་རྗེས་སུ་འཇུག་བྱེད་ཀྱང་དགེ་སོགས་རྣམ་པ་གསུམ་གསུམ་དུ་འགྱུར་ཏེ། སོ་ཐར་གྱི་སྡོམ་པ་ལེན་པ་ལ་མཚོན་ན་དང་པོ་དགེ་བའི་བསམ་པས་འཕངས་ཏེ་ཆོ་གའི་དུས་ན་ཡང་བསམ་པ་དེ་ཉིད་མ་དོར་བ་དང་། གྲོགས་ལ་ཞེ་སྡང་བ་དང་། སྤྱོད་ལམ་པའི་སེམས་མངོན་དུ་གྱུར་པའམ་གཉིད་ཡུར་བའི་ཚེ་ཐོབ་པ་ལྟ་བུའོ། །དེ་བཞིན་དུ་གཞན་ལའང་སྦྱར་རོ། །འོ་ན་དང་པོ་གཙོའམ་གཉིས་པ་གཙོ། དང་པོ་ལྟར་ན་འདོད་པ་ན་བསྒྲིབས་པའི་རིག་བྱེད་ཡོད་པར་འགྱུར་ལ། གཉིས་པ་ལྟར་ན་མི་དགེ་བ་དང་ལུང་མ་བསྟན་གྱིས་བསླངས་པའི་སོ་ཐར་དགེ་བར་མི་རུང་ངོ་ཞེ་ན། ཀུན་སློང་གཉིས་ཀ་སྤང་བྱ་རིགས་ཐ་དད་ཀྱིས་མ་ཆོད་ན་དང་པོ་གཙོ་ལ། ཆོད་ན་གཉིས་པ་གཙོ་བས་སྐྱོན་གཉིས་ཀ་ལས་གྲོལ་ལོ། །གཉིས་པ་ནི། ཐུབ་པའི་ཐུགས་ཀྱི་སྟོབས་ནི་དམན་པའི་རྒྱུར་མི་རུང་བས་འདྲ་བ། དགེ་བ་ལས་དགེ་བ། ལུང་མ་བསྟན་ལས་ལུང་མ་བསྟན་པའམ། ཁྱད་པར་དུ་གྱུར་པས་དང་པོ་ལུང་མ་བསྟན། དེ་ལས་དགེ་བ་འབྱུང་གི་ཉོན་མོངས་པ་ཅན་ནི་མེད་དོ། །སྡེ་པ་ཁ་ཅིག སངས་རྒྱས་ལ་ཐུགས་ལུང་མ་བསྟན་མེད་དེ། མདོ་ལས། གླང་ཆེན་གཤེགས་ནའང་མཉམ་པར་གཞག །ཅེས་སོགས་གསུངས་པས་རྟག་ཏུ་མཉམ་གཞག་ཡིན་པའི་ཕྱིར་དགེ་བར་རྒྱུད་གཅིག་པས་སོ་ཞེས་ཏེ་ཐེག་ཆེན་དང་མཐུན་ནོ། །བྱེ་སྨྲ་ནི་དྲན་པས་མ་ཟིན་པ་མེད་པར་སྤྱོད་ལམ་རྣམ་བཞི་མཛད་པ་ལ་དགོངས་ཀྱི། རྣམ་སྨིན་སྐྱེས་དང་སྤྱོད་ལམ་པ་དང་སྤྲུལ་སེམས་ལུང་མ་བསྟན་མངའོ་ཞེས་འདོད་དོ། །མཚན་གཞི་ནི་ཡིད་དང་སྒོ་ལྔའི་རྣམ་ཤེས་ཀུན་སློང་དུ་བཤད་པ་ནི་རྣམ་སྨིན་ལས་སྐྱེས་པ་ལས་གཞན་པ་ལ་དགོངས་ཀྱི་དེ་ནི་གཉིས་ཀ་མིན་ཏེ། འབད་མེད་ཀྱི་རྣམ་པ་ཅན་ཡིན་པས་སོ། །གསུམ་པ་རིག་བྱེད་མིན་པའི་དབྱེ་བ་ནི། སྔར་བཤད་པའི་རྣམ་པར་རིག་བྱེད་མིན་པར་ནི་དབྱེ་ན་གསུམ་ཞེས་བྱ་སྟེ། འཆལ་ཚུལ་གྱི་རྒྱུན་སྡོམ་པའི་སྡོམ་པ་དང་། གཞན་ལ་གནོད་པ་ཆེན་པོ་བྱེད་པར་ཞུགས་པའི་སྡོམ་པ་མིན་པ་དང་། དེ་གཉིས་ལས་གཞན་པའི་བར་མ་ཞེས་བྱ་བའམ། སྒོ་ཐམས་ཅད་ནས་ཕན་པ་དང་གནོད་པ་དང་ཕྱོགས་རེས་དེ་ལ་ཞུགས་པའོ། །གཉིས་པ་ལས་གསུམ་གྱི་རང་བཞིན་བཤད་པ་ལ། སྡོམ་པ་ཁྱད་པར་དུ་བཤད། ཐམས་ཅད་ཐུན་མོང་དུ་བཤད་པའོ། །དང་པོ་ལ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། སྡོམ་པ་ལ་དབྱེ་ན། ཆོས་འདི་པ་དག་གིས་འདོད་པའི་ཚུལ་ཁྲིམས་སོ་སོ་ཐར་པ་ཞེས་བྱ་བ་དང་། དེ་བཞིན་དུ་སས་མ་བསྡུས་པ་ཟག་མེད་ཀྱི་སྡོམ་པ་དང་། གཟུགས་ན་སྤྱོད་པ་བསམ་གཏན་ལས་སྐྱེས་པའི་སྡོམ་པ་གསུམ་མོ། །གཉིས་པ་ལ་གསུམ་སྟེ། སོ་ཐར་གྱི་སྡོམ་པ། བསམ་གཏན་དང་ཟག་མེད། ཞར་ལ་ཡིད་དང་དབང་པོའི་སྡོམ་པ་བཤད་པའོ། །དང་པོ་ལ་ལྔ་སྟེ། དབྱེ་བསྡུ། མཚན་ཉིད། རྣམ་གྲངས། ངེས་ཚིག གང་ཟག་གོ །དང་པོ་ནི། སོ་སོ་ཐར་པ་ཞེས་བྱ་བ་རིས་རྣམ་པ་བརྒྱད་དེ། དགེ་སློང་ཕ་མ་གཉིས། དགེ་སློབ་མ། དགེ་ཚུལ་ཕ་མ་གཉིས། དགེ་བསྙེན་ཕ་མ་གཉིས། བསྙེན་གནས་པའོ། །དེ་གཉིས་སུ་མི་ཕྱེད་པ་ནི་དུས་ཐུང་པས་སམ། བསྡུ་བར་ཟ་མ་སོགས་ལ་ཡང་ཡོད་པས་སོ་ཞེས་བཤད་ཅིང་། བཤེས་སྤྲིང་གི་འགྲེལ་པར་དགེ་སློབ་མ་མི་འབྱུང་བར་བསྙེན་གནས་གཉིས་སུ་ཕྱེའོ། །བརྒྱད་པོ་ཡང་མིང་གི་སྒོ་ནས་ཐ་དད་དུ་ཕྱེ་ཡི། མཚན་ཉིད་ཐ་དད་པའི་རྫས་སུ་ནི་རྣམ་པ་བཞི་ཡིན་ཏེ། ཕའི་སྡོམ་པ་གསུམ་ལས་མའི་སྡོམ་པ་གསུམ་གཞན་མིན་ཞིང་། དགེ་སློབ་མའི་སྡོམ་པ་ཡང་དགེ་ཚུལ་མའི་སྡོམ་པའི་ཁོངས་སུ་འདུས་སོ། །འོན་ཀྱང་རྩ་བའི་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་སྤོང་བའི་སྒོ་ནས་དགེ་ཚུལ་མ་ལས་ཁྱད་པར་དུ་བྱས་སོ། །དེ་རྣམས་རྫས་གཅིག་པའི་རྒྱུ་མཚན་ནི་ཕོ་མོ་ཕན་ཚུན་མཚན་གྱུར་པ་ལས་དགེ་སློང་ཕ་ཞེས་སོགས་མིང་ཙམ་འཕོ་བར་བཤད་ཀྱི་སྡོམ་པ་སྔ་མ་གཏོང་བའི་རྒྱུ་མ་བྱུང་ཞིང་། སྔོན་མེད་ཐོབ་པའི་རྒྱུ་གཞན་མ་བྱུང་བའི་ཕྱིར། དེས་ན་རྫས་ཀྱི་རྒྱུན་གཅིག་ཉིད་རྟེན་གྱིས་ཐ་དད་པར་བཞག་གོ །གང་གིས་སྡོམ་པ་གསུམ་རིམ་གྱི་བླངས་པ་སོ་སོའི་སྤོང་བ་རྣམས་ཆ་ཐ་དད་པ་ཁོ་ནར་སྐྱེའམ་ཞེ་ན། རིག་བྱེད་མིན་པའི་རྫས་ཉིད་ཐ་དད་པས་དགེ་སློང་གི་རྒྱུད་ལ་ཆང་སྤོང་བའི་བར་ལྔ་ནི་གསུམ་གསུམ་དང་། གླུ་གར་སོགས་ལྔ་ནི་གཉིས་གཉིས་ཡོད་ལ། གཞི་མང་ཉུང་ལས་ལྡོག་པའི་བྱེ་བྲག་གིས་ཆེ་ཆུང་དུ་འགྱུར་རོ། །འོན་ཀྱང་དགེ་སློང་ཞེས་བརྗོད་པ་ནི་དགྲ་བཅོམ་པ་ལྟར་ཁྱད་པར་ཅན་གྱི་མིང་གིས་བཏགས་ལ། རིག་བྱེད་མངོན་གྱུར་ནི་གཅིག་སྟེ་དགེ་སློང་དུ་འཛིན་པའི་བསམ་པས་སློང་ཞིང་དེ་བརྗོད་པས་སོ། །རྩོད་པ་དང་པོ་ནི་རྫས་ཐ་དད་ན་ཕྱི་མ་བླངས་པས་སྔ་མ་གཏོང་བས་གསུམ་པོ་ལྷན་ཅིག་ཏུ་མི་རུང་ངོ་ཞེ་ན། གསུམ་པོ་དེ་དག་རྫས་ཐ་དད་ཀྱང་རྒྱུད་གཅིག་ལ་སོ་སོར་མ་འདྲེས་པར་གནས་པ་ལ་འགལ་བ་མེད་དེ། ཕྱི་མ་ཐོབ་པས་སྔ་མ་གཏོང་ན་ཕྱི་མ་གཏོང་ནས་སྔ་མ་ན་སྨད་པ་མི་རུང་བར་འགྱུར་རོ། །གཉིས་པ་ནི། རང་རང་གི་སྡོམ་པ་ལ་གནས་པའི་ཆེད་དུ་ལུས་ངག་གི་སྤང་བྱ་སྲོག་གཅོད་སོགས་ལྔ་སྤོང་བ་མནོས་པ་ལས་དགེ་བསྙེན་དང་། དེ་ཡང་དགེ་སློང་ཕ་མའི་གཡོག་ལ་བསྙེན་པས་དེ་སྐད་ཅེས་བྱའོ། །སྤང་བྱ་བརྒྱད་ཉིན་ཞག་གཅིག་གི་བར་དུ་སྤོང་བ་ཆོ་གས་མནོས་ཤིང་བླངས་པ་ལས་བསྙེན་གནས་དང་། དེ་ནི་ཇི་སྲིད་འཚོ་བའི་སྡོམ་པའམ་དགྲ་བཅོམ་པའི་ཕུང་པོ་ལ་བསྙེན་པར་གནས་པའོ། །སྤང་བྱ་བཅུ་སྤོང་བ་མནོས་པ་ལས་དགེ་ཚུལ་དང་། དེ་ཡང་ལས་བརྒྱ་རྩ་གཅིག་མཐོང་དུ་མི་རུང་བའམ། བླ་མའི་བྱ་བ་ལ་ངལ་ཞིང་དུབ་པས་དེ་སྐད་ཅེས་པའོ། །སྡོམ་དུ་བསྡུས་པའི་ལུས་ངག་གི་སྤང་བྱ་ཐམས་ཅད་སྤོང་བར་མནོས་པ་ལས་དགེ་སློང་ཉིད་དེ། རྫོགས་པ་ལ་བསྙེན་པའི་དོན་གྱིས་སོ། །གསུམ་པ་ནི། ཤཱི་ལའི་སྒྲ་ལས་འཆལ་པའི་ཚུལ་ཁྲིམས་ཀྱིས་གདུང་བ་ལས་བསེལ་བར་བྱེད་པས་ཚུལ་ཁྲིམས་དང་ནི། མཁས་པས་བསྔགས་པས་ལེགས་སྤྱོད་དང་། བྱ་བའི་རང་བཞིན་ཡིན་པས་ལས་ཏེ་རིག་བྱེད་མིན་པ་རྩོལ་བའི་རང་བཞིན་མིན་ཡང་རིག་བྱེད་དང་སེམས་པས་བྱེད་པའི་ཕྱིར་རམ། བྱ་བའི་རྒྱུ་དང་འབྲས་བུ་ཡིན་པའི་ཕྱིར་ལས་སོ། །ཉེས་སྤྱོད་སྡོམ་པས་སོ་ཐར་གྱི་སྡོམ་པ་ཞེས་བྱའོ། །བཞི་པ་ནི། ཅིའི་ཕྱིར་སོ་ཐར་དང་དགེ་བའི་ལས་ལམ་ཞེས་བྱ་ཞེ་ན། སྐད་ཅིག་དང་པོའི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མིན་པ་ནི་པྲ་ཏི་མོ་ཀྵའི་དོན་སྡིག་པ་ལས་དང་པོར་ཐར་པའི་ཕྱིར་སོ་སོར་ཐར་པ་དང་སྡོམ་པ་གཉིས་ཀ་ཡིན་ལ། དེ་ཕྱིན་ཆད་སྡོམ་པ་ཁོ་ན་ཡིན་ཞིང་། དེའི་ཚེ་བྱ་བ་དགེ་བའི་ལས་ལམ་དངོས་ཡིན་ལ། དེ་ཕྱིན་ཆད་ནི་མཇུག་གོ །ལྔ་པ་ནི། སོ་སོར་ཐར་པའི་སྡོམ་པ་དང་ལྡན་པའི་གང་ཟག་ནི་བརྒྱད་དེ་དགེ་བསྙེན་སོགས་སོ། །དབྱེ་བ་དང་ཟློས་སོ་ཞེ་ན། མིན་ཏེ། གོང་དུ་དབྱེ་བ་དང་འདིར་ལྡན་པའི་གང་ཟག་བསྟན་པའམ། སྤང་བྱ་ལྔ་ལ་སོགས་པ་སྤོང་བ་ཐམས་ཅད་དགེ་བསྙེན་ལ་སོགས་པ་ཡིན་ནམ་ཞེ་ན། ངེས་འབྱུང་གི་བསམ་པས་ཟིན་པ་བརྒྱད་ཁོ་ནའོ་ཞེས་བསྟན་པའི་ཕྱིར་རོ། །གཉིས་པ་བསམ་གཏན་ཟག་མེད་བཤད་པ་ལ། གང་ལ་ལྡན་པ། སེམས་ཀྱི་རྗེས་འབྲང་། སྤོང་བའི་སྡོམ་པའོ། །དང་པོ་ནི། བསམ་གཏན་གྱི་དངོས་བཞི་དང་། ཉེར་བསྡོགས་སྐྱེས་པའི་གང་ཟག་དང་སྡོམ་པ་དེ་ལྡན་ཏེ་བསམ་གཏན་ལ་མཉམ་པར་གཞག་པའི་མཐུས་ལུས་ངག་གི་ཉེས་པ་བདུན་སྤོང་བ་ཡིན་ལ། ཟག་མེད་ཀྱི་སྡོམ་པ་ནི་འཕགས་པའི་གང་ཟག་དང་ལྡན་ཏེ་འདི་ཡང་བསམ་གཏན་ས་དྲུག་གི་ལམ་གྱིས་སྤོང་བདུན་ཐོབ་པའོ། །གཉིས་པ་ནི། སྡོམ་པ་གཉིས་སེམས་ཀྱི་རྗེས་འཇུག་ཅེས་གསུངས་པ་གང་ཞེ་ན། ཐ་མ་གཉིས་ནི་མཉམ་གཞག་གི་སེམས་ཀྱི་རྗེས་སུ་འབྲང་གི དང་པོ་ནི་གཡེངས་པ་དང་སེམས་མེད་ཀྱི་རྗེས་སུ་ཡང་བྱེད་དོ། །གསུམ་པ་ནི། སྡོམ་པ་ཐམས་ཅད་འཆལ་ཚུལ་གྱི་འགལ་ཟླ་ཡིན་ན་དངོས་སུ་སྤོང་བའི་སྡོམ་པ་གང་ཞེ་ན། དང་པོ་ནི་མཉམ་གཞག་མིན་པས་སྤོང་སྡོམ་ཡིན་ལ། ཐ་མ་དེ་གཉིས་ལ་འཆལ་ཚུལ་དང་། དེའི་རྒྱུད་ཉོན་མོངས་སྤོང་བའི་སྡོམ་པ་ཞེས་བྱ་ལ། དེ་ཡང་སྤང་བྱ་དེ་དག་འདོད་པའི་ས་པ་ཡིན་པས་དེའི་གཉེན་པོ་མི་ལྕོགས་མེད་ལས་སྐྱེས་པ་དང་དེ་ཡང་བར་ཆད་མེད་པའི་ལམ་གྱིས་བསྡུས་པ་ཁོ་ན་སྟེ། དེས་ན་དེ་གཉིས་སྤྱི་དང་སྤོང་བའི་སྡོམ་པ་ལ་མུ་བཞི་བཞིའོ། །གསུམ་པ་ནི། མདོ་ལས། ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཞེས་དང་། གང་ལ་མིག་གི་དབང་པོ་སྡོམ་པས་བསྡམས་ཏེ་གནས་སོ་ཞེས་པའི་ཡིད་དང་དབང་པོའི་སྡོམ་པ་གང་ཞེ་ན། བྱ་བ་དང་བྱ་བ་མིན་པ་ཤེས་པའི་ཤེས་བཞིན་དང་། དེ་མི་བརྗེད་པའི་དྲན་པ་དག་གིས་མི་མཐུན་ཕྱོགས་སྡོམ་པར་བྱེད་པས་ཡིད་དང་དབང་པོའི་སྡོམ་པ་གཉིས་ཀ་གོ་བར་བྱ་བའི་ཕྱིར་ཟློས་སྒྲ་སྨོས་པ་སྟེ་དེ་གཉིས་གཉིས་ཀྱི་ཚིག་ཡིན་པས་སོ། །དཔེར་ན་མི་གཉིས་ལ་ཟན་གཉིས་གཉིས་བྱིན་ཞེས་པ་ལྟར་རོ། །གཉིས་པ་ཐམས་ཅད་ཐུན་མོང་དུ་བཤད་པ་ལ་བཞི་སྟེ། དུས་ཇི་སྲིད་ལྡན། ཚུལ་ཇི་ལྟར་ཐོབ་པ། རྒྱུ་གང་གིས་གཏོང་བ། རྟེན་གང་ལ་ལྡན་པའོ། །དང་པོ་ལ་གསུམ་སྟེ། རིག་བྱེད་མིན་པའི་ལྡན་ཚུལ། རིག་བྱེད་ཀྱི་ལྡན་ཚུལ། དེ་དག་གི་མུ་བཞི་བརྩི་བའོ། །དང་པོ་ལ་ཡང་བཞི་སྟེ། སོ་ཐར་གྱི། སྡོམ་མིན་གྱི། མཉམ་པར་གཞག་པའི། བར་མའི་ལྡན་ཚུལ་ལོ། །དང་པོ་ནི། སོ་སོ་ཐར་པའི་སྡོམ་པ་ལ་གནས་པའི་གང་ཟག་དེ་ནི་ཇི་སྲིད་དུ་བསླབ་པ་ཕུལ་བ་ལ་སོགས་པས་མ་བཏང་གི་བར་དུ་རྟག་ཏུ་ད་ལྟར་གྱི་རྣམ་པར་རིག་བྱེད་མིན་པ་དང་ལྡན་ཏེ། སེམས་ཀྱི་རྗེས་འབྲང་མིན་པས་རྟག་ཏུ་མངོན་དུ་གྱུར་པའི་ཕྱིར་རོ། །སྐད་ཅིག་མ་དང་པོ་ཕྱིན་ཆད་མ་བཏང་གི་བར་དུ་འདས་པ་དང་ལྡན་ཡང་ལྡན་ནོ། །མ་འོངས་པ་ནི་སེམས་རྗེས་མི་འབྲང་བས་ཐོབ་པ་སྔར་སྐྱེ་མེད་པས་མི་ལྡན་པར་ནི་ཆོས་ཉིད་དོ། །གཉིས་པ་ནི། སྡོམ་མིན་ལ་གནས་པའི་གང་ཟག་ལའང་ལྡན་ཚུལ་དེ་དང་འདྲ་བ་ཁོ་ན་སྦྱར་རོ། །གསུམ་པ་ནི། བསམ་གཏན་གྱི་སྡོམ་པ་དང་ལྡན་པའི་སྐྱེ་འཕགས་གཉིས་ནི་མ་བཏང་གི་བར་རྟག་ཏུ་འདས་དང་མ་འོངས་དང་ལྡན་ཏེ་སེམས་ཀྱི་རྗེས་འབྲང་ཡིན་པས་སོ། །འཕགས་པ་ཟག་མེད་ནི་སྐད་ཅིག་དང་པོའི་ཚེ་སྔོན་ཟག་མེད་མ་བསྐྱེད་པས་འདས་པ་དང་ལྡན་པ་མིན་ཞིང་ཞེས་པས་མ་འོངས་པ་དང་ལྡན་ཞིང་གཞན་དུ་འདས་པ་དང་ཡང་ལྡན་ནོ། །འཇིག་རྟེན་པའི་མཉམ་གཞག་དང་འཕགས་ལམ་ལ་གནས་པའི་ཚེ་ནི་སྡོམ་པ་དེ་གཉིས་ད་ལྟར་བ་དང་ཡང་ལྡན་པས་དུས་གསུམ་ཆར་དང་ལྡན་ལ་མཉམ་གཞག་ལས་ལངས་པ་དག་ནི་ད་ལྟར་གྱི་དང་མི་ལྡན་ཏེ། དེ་གཉིས་སེམས་ཀྱི་རྗེས་འཇུག་ཡིན་པས་སོ། །བཞི་པ་ནི། སྡོམ་པ་སྡོམ་མིན་གྱི་བར་མ་ལ་གནས་པ་ལ་རིག་བྱེད་མིན་པ་ཡོད་པར་མ་ངེས་ལ་ཡོད་ན་སྔར་བཞིན་ལྡན་ཏེ། སྐད་ཅིག་དང་པོ་སྔ་ཕྱི་གཉིས་ཀྱི་བར་ད་ལྟར་གྱི་ཁོ་ན་དང་ལྡན་ཞིང་། དེ་ཕྱིན་ཆད་འདས་ད་ལྟར་གྱི་དུས་ནི་གཉིས་དང་ལྡན་ནོ། །དེ་ལྟར་མ་ཟད་སྡོམ་མིན་ལ་གནས་པའང་དད་པ་ལ་སོགས་པས་ཕྱག་འཚལ་བ་སོགས་བྱེད་ན་བར་མ་དགེ་བའི་རིག་བྱེད་མིན་པ་དང་ཇི་སྲིད་རབ་ཏུ་དྭང་པ་ཡོད་པའི་བར་དུ་ལྡན་ལ། སྡོམ་པ་ལ་གནས་པའམ་ཞེ་སྡང་གིས་སྡིག་པ་སོགས་བྱེད་ན་མི་དགེ་བའི་རྣམ་པར་རིག་བྱེད་མིན་པ་ཇི་སྲིད་ཉོན་མོངས་པའི་ཤུགས་དང་ལྡན་པའི་བར་དུ་ཡོད་ཅིང་། ལྡོག་པ་གཉིས་ནི་གོ་སླ་བས་མ་སྨོས་སོ། །གཉིས་པ་རིག་བྱེད་ཀྱི་ལྡན་ཚུལ་ལ། དངོས་དང་། ཞར་ལ་སྡོམ་མིན་གྱི་རྣམ་གྲངས་བཤད་པའོ། །དང་པོ་ནི། རྣམ་པར་རིག་བྱེད་ཀྱི་ལྡན་ཚུལ་ནི་སྡོམ་པ་སྡོམ་མིན་བར་མ་ཐམས་ཅད་ལ་མི་འདྲ་བ་མེད་དེ། དེའི་བྱ་བ་བྱེད་བཞིན་པ་དག་ལ་ད་ལྟར་བ་ངེས་པར་ལྡན་ཞིང་། གཏོང་རྒྱུ་རིག་བྱེད་མིན་པ་དང་མཚུངས་པའམ་བྱ་བ་དོར་ནས་མ་བཏང་གི་བར་དུ་སྐད་ཅིག་མ་དང་པོ་ཕྱིན་ཆད་འདས་པ་དང་ཡང་ལྡན་གྱི་སེམས་ཀྱི་རྗེས་སུ་མི་འབྲང་བས་མ་འོངས་པ་དང་ལྡན་པ་མེད་དོ། །དེ་ཡང་དགེ་མི་དགེའི་དབང་དུ་བྱས་ཀྱི་བསྒྲིབས་པ་དང་ནི་མ་བསྒྲིབས་པའི་རིག་བྱེད་ནི་ཐོབ་པ་ལྷན་ཅིག་སྐྱེ་བར་བཤད་པས་འདས་པ་དག་དང་ལྡན་པ་མེད་ལ། བསྒྲིབས་པ་ཉོན་མོངས་ཅན་ཡང་ཡིན་ན་ཐོབ་པ་ཕྱིས་འབྱུང་མེད་དེ། དམིགས་པ་མེད་པས་བླུན་པ་དང་སེམས་ལ་རག་ལས་པས་གཞན་དབང་ཡིན་པའི་ཕྱིར་ཉམ་ཆུང་བས་ཐོབ་པ་ཡང་ཉམ་ཆུང་བས་སོ། །གཉིས་པ་ནི། གོང་དུ་སྡོམ་མིན་གནས་པ་ཞེས་པའི་རྣམ་གྲངས་ནི། ལུས་ངག་གི་ཉེས་པ་འཕེལ་བར་བྱེད་པས་སྡོམ་པ་མིན་པ་དང་། དམ་པས་སྨད་པས་ཉེས་སྤྱད། ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཡིན་པས་འཆལ་བའི་ཚུལ་ཁྲིམས་དང་། ལུས་ངག་གི་བྱ་བ་ཡིན་པས་ལས་དང་། དངོས་གཞིའི་དུས་ཀྱི་སེམས་པ་འཇུག་པའི་སྒོ་ཡིན་པས་དེའི་སྟེང་དུ་ལས་དེའི་ལམ་ཞེས་བྱའོ། །གསུམ་པ་དེ་དག་གི་མུ་བཞི་ནི། གང་རིག་བྱེད་དང་ལྡན་པ་དེ་རིག་བྱེད་མིན་པ་དང་ལྡན་ནམ་ཞེ་ན། མ་ངེས་པས་མུ་བཞི་སྟེ། མུ་དང་པོ་ནི། རྫས་བྱུང་དང་ལས་ལམ་ལས་གཞན་པའི་བར་མ་དོར་གནས་པ་དག་ནི་དགེ་སོགས་གསུམ་གྱིས་སེམས་ཀུན་སློང་ཞན་པས་ལུས་ངག་གི་བྱ་བ་ཞིག་བྱེད་ན། རིག་བྱེད་མིན་པ་མི་སློང་བས་རྣམ་པར་རིག་བྱེད་ཉིད་དང་ལྡན་ནོ། །མུ་གཉིས་པ་ནི། ཚེ་སྔ་མའི་རྣམ་པར་རིག་བྱེད་ཤི་བས་བཏང་ལ་གསར་པ་མ་སྐྱེས་པའི་འཕགས་པའི་གང་ཟག་ལ་རྣམ་པར་རིག་བྱེད་མིན་པ་ཁོ་ན་དང་ལྡན་ཏེ། སོ་སྐྱེ་དཔེར་མ་བརྗོད་པ་ནི་འཕགས་པ་ནི་ཐམས་ཅད་དུ་ངེས་ལ་སོ་སྐྱེ་དེ་ནི་འདོད་གཟུགས་ནས་ནི་བཏང་། གཟུགས་སུ་སྐྱེ་བ་ལ་ཡོད་ཀྱང་གཞན་ལ་མེད་པས་མ་ངེས་པའོ། །ཡང་ན་མུ་བཞི་ནི་འདོད་པའི་རྟེན་ལ་བརྩི་བ་ཡིན་ལ་དེའི་བྱིས་པ་ལ་མེད་པས་སོ། །འོ་ན་འདོད་ཉོན་བརྒྱད་པ་སྤངས་དགུ་པ་མ་སྤངས་པ་ཞིག་ཤི་ན་གོང་མའི་དངོས་གཞིའི་སེམས་མ་ཐོབ་པས་འདོད་པར་སྐྱེ་ཞིང་། དེ་ལ་གཏོང་རྒྱུ་གཉིས་པོ་མ་བྱུང་བས་ཉེར་བསྡོགས་ཀྱི་སྡོམ་པ་ཡོད་དོ་ཞེ་ན། མ་ཧཱའི་ཞལ་ནས་དངོས་གཞི་མ་ཐོབ་པའི་ཉེར་བསྡོགས་ནི་ཤི་བས་ཀྱང་གཏོང་སྟེ། གཏོང་རྒྱུའི་འགྲེལ་པར་རིས་མཐུན་པ་བཏང་བས་ཀྱང་ཅུང་ཟད་གཏོང་ངོ་ཞེས་གསུངས་པས་སོ། །དེ་ནི་འཕགས་མིན་ཤི་བས་སོ་ཞེས་པའི་སྦྱོར་ལམ་ལ་བསམས་སོ་ཞེ་ན། མིན་ཏེ། བསྟན་བཅོས་ལས་ལུས་དང་ལྡན་ལ་ལུས་ཀྱི་ལས་དང་མི་ལྡན་པ་ནི་སྒོ་ངའི་ནང་ན་འདུག་པའི་མེར་མེར་པོ་ལ་སོགས་པའོ་ཞེས་པས་ཤི་བས་གཏོང་བར་ངེས་ལ། དེས་ན་སྦྱོར་ལམ་དང་མཚན་ཉིད་འདྲ་བས་དངོས་གཞི་མ་ཐོབ་པའི་ཉེར་བསྡོགས་ཐམས་ཅད་ཤི་བས་གཏོང་ངོ་ཞེས་གཟུང་ངོ་། །འོན་ཀྱང་གང་ཟག་བར་མས་རྫས་ལས་བྱུང་བའི་བསོད་ནམས་བསྐྱེད་པ་ལ་རིག་བྱེད་མིན་པ་ཡོད་ཅིང་རིག་བྱེད་མེད་པ་སྲིད་པས་འདོད་པའི་རྟེན་ལ་ཡང་མུ་གཉིས་པ་ཡོད་དོ། །དེས་ན་ལན་གསུམ་པ་གང་ཞིག་བཤད་ན་བརྒལ་ཞིང་བརྟག་པ་མཚུངས་པས་འཕགས་པ་ནི་ཉེ་བར་མཚོན་པའི་དཔེའོ་ཞེས་པ་ཉིད་རིགས་སོ་ཞེས་བཤད་དོ། །གཉིས་ཀ་དང་ལྡན་པ་ནི་བར་མ་ལ་གནས་པས་ཀུན་སློང་དྲག་པོས་དགེ་མི་དགེ་སོགས་བྱེད་པའོ། །གཉིས་ཀ་དང་མི་ལྡན་པ་ནི་གཟུགས་མེད་ཀྱི་སྐྱེ་བོ་སོགས་སོ། །གཉིས་པ་ཇི་ལྟར་ཐོབ་ཚུལ་ལ་གསུམ་སྟེ། སྡོམ་པའི། སྡོམ་མིན་གྱི། བར་མའི་ཐོབ་ཚུལ་ལོ། །དང་པོ་ལ་ཐོབ་ཚུལ་དངོས། གང་ལས་ཐོབ་པའོ། །དང་པོ་གསུམ་སྟེ། བསམ་གཏན། ཟག་མེད། སོ་ཐར་ཐོབ་ཚུལ་ལོ། །དང་པོ་ནི། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་དེ་དག་ཚུལ་ཇི་ལྟར་ཐོབ་ཅེ་ན། བསམ་གཏན་ལས་སྐྱེས་པའི་སྡོམ་པ་ནི་བསམ་གཏན་གྱི་ས་སྟེ་འོག་ས་ལས་འདོད་ཆགས་དང་བྲལ་བ་དང་སྐྱེ་བའི་ཚེ་དངོས་གཞི་དང་སྦྱོར་བས་ཉེར་བསྡོགས་ཀྱི་སེམས་ཐོབ་པ་ཉིད་ཀྱིས་དེ་དང་ལྷན་ཅིག་ཏུ་ཐོབ་བོ། །གཉིས་པ་ནི། ཟག་མེད་ཀྱི་སྡོམ་པ་ནི་འཕགས་ལམ་བསམ་གཏན་ས་དྲུག་གིས་བསྡུས་པ་དེས་ཐོབ་བོ། །གསུམ་པ་ལ་ཐོབ་ཚུལ་ཐུན་མོང་དུ་བསྟན། ཁྱད་པར་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སོ་སོ་ཐར་པ་ཞེས་པའི་སྡོམ་པ་ཡང་དག་པར་བླངས་པའི་སྡོམ་པ་ཡིན་པས་གཞན་མཁན་སློབ་ཀྱི་སྡོམ་པ་སྦྱིན་པར་བྱེད་པའི་རྣམ་པར་རིག་བྱེད་དང་། སོགས་པ་ནི་རང་ཡང་དེ་དག་ལ་ལེན་པར་གོ་བར་བྱེད་པའི་རིག་བྱེད་དང་ལེན་སེམས་ཀྱིས་ཐོབ་ལ། བྱེ་བྲག་ཏུ་སྨྲ་བའི་འདུལ་བ་པ་དག་ནི་སོགས་པའི་སྒྲས་རིག་བྱེད་ལ་མི་ལྟོས་པར་བསྙེན་པར་རྫོགས་པའི་རྒྱུ་བཅུ་བསྡུ་བར་འདོད་དེ། ལུང་མ་མོ་ལས་བྱུང་བ་ལྟར་འགྲེལ་པར་བཅུ་བཤད་དོ། །གཉིས་པ་ལ་གསུམ་སྟེ། དུས་ཀྱི་ཁྱད་པར། བསྙེན་གནས་ཀྱི་ཁྱད་པར། དགེ་བསྙེན་གྱི་ཁྱད་པར་རོ། །དང་པོ་ལ་སྡོམ་པའི་དུས་ཀྱི་ཁྱད་པར། ཞར་ལ་སྡོམ་མིན་གྱི་དུས་ཀྱི་ཁྱད་པར་རོ། །དང་པོ་ནི། ཇི་སྲིད་འཚོའི་བར་དུ་རིས་བདུན་དང་ཉིན་ཞག་གི་བར་དུ་བསྙེན་གནས་ཀྱི་སྡོམ་པ་ཡང་དག་པར་བླང་བར་བྱ་སྟེ། དུས་ནི་ཚེ་དང་ཉིན་ཞག་གི་མཐའ་གཉིས་ཡིན་པས་སོ། །གཉིས་པ་ནི། སྡོམ་མིན་ནི་ཇི་སྲིད་འཚོའི་བར་དུ་ལེན་པ་མེད་ཀྱང་སྡིག་པའི་བསམ་པས་རྟག་ཏུ་ལོག་པར་ཞུགས་པས་ཇི་སྲིད་འཚོའི་རིགས་ཅན་ཡིན་ལ། ཉིན་ཞག་པ་ཡི་སྡོམ་མིན་མེད་དེ། བསམ་པ་སྔ་མ་མེད་ཅིང་ལས་སྨད་པའི་ཕྱིར་ཏེ། དེ་ནི་བསྙེན་གནས་དེ་ལྟར་ནོད་པ་མེད་པའི་ཕྱིར་རོ། །དུས་རེ་ཞིག་ལོག་པར་ཞུགས་པ་ནི་བར་མའི་དགེ་བར་བཤད་དོ་ཞེས་བྱེ་སྨྲ་ཟེར་རོ། །གྲག་ཅེས་པ་མདོ་སྡེ་པ་ན་རེ། སྡོམ་མིན་ཡང་རིག་བྱེད་མིན་པའི་རྫས་མེད་ཀྱི་སྡིག་པ་བྱ་བའི་བསམ་པ་བག་ཆགས་དང་བཅས་པ་སྟེ། གྲོ་བཞིན་སྐྱེས་ཀྱི་གཏམ་རྒྱུད་ལྟར་ཉིན་མོ་དང་མཚན་མོ་བ་ཡང་ཡོད་ཀྱི། མི་ལེན་པས་མེད་ན་ཇི་སྲིད་འཚོ་བའི་བར་མ་ཡང་མེད་པར་འགྱུར་རོ་ཞེས་ཏེ། འདིས་ལས་ཀྱི་འཇུག་པ་ཐམས་ཅད་སྡོམ་མིན་དུ་འདོད་པར་མངོན་ཏེ་བར་མ་མི་དགེ་བ་དང་ཁྱད་པར་ནི་སྦྱོར་བ་དང་དངོས་གཞིའོ་གསུངས་སོ། །གཉིས་པ་ལ་གསུམ་སྟེ། ཇི་ལྟར་ནོད་པའི་ཚུལ། ཡན་ལག་གི་གྲངས་ངེས། རྟེན་གྱི་ཁྱད་པར་རོ། །དང་པོ་ནི། བསྙེན་གནས་ཉིན་ཞག་ཏུ་ནོད་ན་ཇི་ལྟར་ནོད་པར་བྱ་ཞེ་ན། ནད་པ་མིན་པས་དམའ་བར་འདུག་ཅིང་ཐལ་མོ་སྦྱར་ཏེ་འབོགས་པ་པོས་སྨྲས་པའི་རྗེས་སུ་བཟླས་པ་ཡིས་ནོད་ཅིང་། རྒྱན་ནར་མ་ལས་གཞན་པའི་མི་བརྒྱན་ཞིང་བསྲུང་དུས་ན་སང་ནམ་ལངས་ཀྱི་བར་དུའོ། །དགྲ་བཅོམ་པ་དང་ཉེ་བར་གནས་པས་བསྙེན་གནས་ཏེ་དེའི་ཡན་ལག་མ་ཚང་ན་བར་མར་འགྱུར་བས་ཡན་ལག་བརྒྱད་པོ་ཚང་བར་ནི་ནོད་དོ། །ལེན་དུས་ནི་ནང་པར་སྔ་དྲོ་ཟན་མ་ཟོས་པའི་དུས་སོ། །ཡུལ་ནི་གཞན་ལས་སོ། །བོད་ན་ཅིག་ཅར་ལེན་པ་ནི་ཡུལ་དཀོན་པས་རུང་མཐུན་བྱས་པའོ་ཞེས་གསུངས། འགྲེལ་པར། ཆོས་བརྒྱད་ལ་རྟག་ཏུ་གནས་པར་བྱའོ་ཞེས་ཁས་བླངས་པ་དེ་ནི་ཟན་ཟོས་ཀྱང་ནོད་དོ་ཞེས་གསུངས་པས། རྒྱ་གར་ན་ཡང་ཡོད་པར་མངོན་ལ་ལེན་པར་ངེས་པའི་སེམས་ཀྱིས་ཐོབ་པས་ནང་བར་སྐྱེ་ཡང་ཟན་ཟོས་ནས་ལེན་པ་ནི་གསལ་བར་བྱ་བའི་ཕྱིར་ཞེས་འཆད་དོ། །རང་ལས་འབོགས་རྐྱེན་མེད་པའམ་རྐྱེན་ཡོད་ཀྱང་མི་འདའ་བར་བྱ་བའི་ཕྱིར་གཞན་ལས་ནོད་པར་བཤད་ལ། དེ་འདུལ་བ་ལས་དགེ་སློང་ལས་ལེན་པར་བཤད། གནས་འཇོག་གི་མདོ་ལས་དེ་ལས་གཞན་ལས་ཀྱང་བླང་བར་བཤད། བསྡུ་བར་བསྟན་པ་མི་ལྡན་པར་འགྱུར་བ་དང་གཞན་ལ་རག་ལས་པར་བསྟན་པའི་ཕྱིར་དུ་རབ་ཏུ་བྱུང་བའི་སྡོམ་པ་གཞན་ལས་ལེན་ཅིང་ཁྱིམ་པའི་ནི་རང་ལས་ཀྱང་བླང་ངོ་ཞེས་གསུངས་སོ། །དགེ་བསྙེན་སྡོམ་བརྒྱད་དུ་དགེ་བསྙེན་ཡང་དགེ་བསྙེན་ལས་བླང་བར་བཤད། བླང་ཚུལ་དེ་རྣམས་ལས་གཞན་དུ་བླངས་པ་ནི་བར་མ་ཙམ་མོ། །གཉིས་པ་ནི། རང་བཞིན་གྱི་ཁ་ན་མ་ཐོ་བ་སྤོང་བ་ཚུལ་ཁྲིམས་ཀྱི་ཡན་ལག་བཞི་དང་། དྲན་པ་གནས་པས་བག་ཡོད་པར་བྱེད་པའི་ཡན་ལག་ལྔ་པ་གཅིག་པུ་དང་། དེ་བཞིན་དུ་སྐྱོ་བ་དང་རྗེས་སུ་མཐུན་པ་སྤྱོད་ཚུལ་བརྟུལ་ཞུགས་ཀྱི་ཡན་ལག་ཕྱི་མ་གསུམ་སྟེ་བརྒྱད་དུ་ངེས་ཏེ་གོ་རིམ་བཞིན་ནོ། །ཡན་ལག་ཕྱི་མ་གཉིས་མེད་ན་ཅི་ཉེས་ཤེ་ན། དང་པོ་དང་རྗེས་སུ་མཐུན་པའི་ཆོས་ལས་ཉམས་པར་འགྱུར་ཏེ། ཆང་འཐུངས་པ་ན་བྱ་བ་དང་བྱ་བ་མིན་པ་དང་ཕྱི་དྲོའི་ཁ་ཟས་ཀྱིས་བསྙེན་གནས་དང་སྐྱོ་བའི་དྲན་པ་ཉམས་པར་འགྱུར་ལ། ལྷག་མས་ནི་དྲེགས་པར་འགྱུར། དེ་ལས་འཆལ་ཚུལ་རྒྱངས་མི་རིང་ངོ་། །གསུམ་པ་ནི། ལུང་ལས་བསྙེན་གནས་གསོ་སྦྱོང་དུ་བཤད་པས་དགེ་བསྙེན་ལས་གཞན་ལ་བསྙེན་གནས་ཡོད་དམ་མེད་ཅེ་ན། དགེ་བསྙེན་ལས་གཞན་པའི་ཁྱིམ་པ་ལའང་གསུམ་ལ་སྐྱབས་སུ་སོང་སྟེ་ལེན་ན་བསྙེན་གནས་ཡོད་མོད་ཀྱི་འོན་ཀྱང་སྐྱབས་སུ་མ་སོང་བ་དང་ལེན་པ་བརྗེད་པ་དང་མ་བྱས་པའི་མི་ཤེས་པ་ལ་མེད་དོ། །གསུམ་པ་ལ་ལྔ་སྟེ། ལུང་གི་དོན་བཤད་པས་དགེ་བསྙེན་ཐམས་ཅད་སྡོམ་ལྡན་དུ་བསྟན། དེ་ལ་ནང་འགལ་སྤོང་བ། ཞར་ལ་སྡོམ་པ་ཆེ་ཆུང་གི་ཁྱད་པར། སྐྱབས་གནས་ཀྱི་ཁྱད་པར། ཡན་ལག་གི་ཁྱད་པར་རོ། །དང་པོ་ནི། མདོ་ལས། མིང་ཆེན་ཁྱིམ་པ་གོས་དཀར་པོ་བགོས་པ་ཕོའི་དབང་པོ་དང་ལྡན་པ་ཞིག་གསུམ་ལ་སྐྱབས་སུ་འགྲོ་ཞིང་བདག་ལ་དགེ་བསྙེན་དུ་གཟུང་དུ་གསོལ་ཞེས་སྨྲ་ན། འདི་ཙམ་གྱིས་དགེ་བསྙེན་ནོ་ཞེས་པ་དེ་ཅི་སྡོམ་པ་མེད་པའི་དགེ་བསྙེན་ཡང་དག་ཡོད་དམ་ཞེ་ན། ཉི་འོག་པ་ན་རེ། ཡོད་དེ་དེ་ཙམ་གྱིས་དགེ་སློང་གི་གཡོག་བྱེད་པས་སྒྲ་དོན་ཐོབ་པར་བསམ་པའོ། །ཁ་ཆེ་བ་ན་རེ། མེད་དེ་འོན་ཀྱང་མདོའི་དོན་ནི་བདག་ལ་དགེ་བསྙེན་ཉིད་དུ་བཟུང་དུ་གསོལ་དེང་ཕྱིན་ཆད་སྲོག་གཅོད་པ་སྤོང་ངོ་ཞེས་ཁས་བླངས་པས་འདིའི་སྡོམ་པ་སྐྱེ་སྟེ་སྤོག་གཅོད་སྲོང་ངོ་ཞེས་ཏེ། གསོད་པ་ལ་སོགས་པ་ལྔ་སྤོང་ངོ་ཞེས་པའི་སྒྲ་མི་མངོན་པར་བྱས་པའོ། །འོ་ན་བསླབ་པའི་གཞི་བསྟན་པ་དོན་མེད་དོ་ཞེ་ན། སྡོམ་པ་ཐོབ་ཀྱང་། སྲུང་མཚམས་ཤེས་པར་བྱ་བའི་ཕྱིར་ཏེ། དཔེར་ན་དགེ་སློང་དང་དགེ་ཚུལ་གྱི་སྡོམ་པ་བརྗོད་པ་གསུམ་པའི་ཆ་ཐ་མ་ལ་ཐོབ་ཀྱང་བསླབ་པའི་གཞི་བརྗོད་པ་བཞིན་ནོ། །ཤུགས་ཀྱིས་ནི་ཉི་འོག་པའམ་མདོ་སྡེ་པས་དགེ་བསྙེན་གྱི་སྡོམ་པ་ཐོབ་པ་བསླབ་པ་བརྗོད་པ་ལ་ལྟོས་པར་མངོན་ཏེ། དེ་ལྟར་འདོད་པ་ནི་ལུང་མཐོང་བ་མེད་དོ་ཞེས་བློ་བརྟན་གསུང་ངོ་། །གཉིས་པ་ནི། གལ་ཏེ་དགེ་བསྙེན་ཐམས་ཅད་ཡན་ལག་ལྔ་ཆར་གྱིས་བསྡོམ་པ་ཡིན་ན། མདོ་ལས་བཙུན་པ་ཇི་ཙམ་གྱིས་ན་སྣ་གཅིག་སྤྱོད་པ་ནས་ཡོངས་སུ་རྫོགས་པའི་བར་ལའོ་ཞེས་ཞུས་ནས། ལན་དུ་མིང་ཆེན་སྲོག་གཅོད་པ་སྤངས་ཏེ་སླར་ལོག་པ་ནི་སྣ་གཅིག་སྤྱོད་པ་དང་། སོགས་པ་བསླབ་པའི་གཞི་གཉིས་སྲུང་བ་ཕྱོགས་གཅིག་དང་གསུམ་མམ་བཞི་སྲུང་བ་ཕལ་ཆེར་དང་། ལྔ་ཆར་སྲུང་བ་ཡོངས་སུ་རྫོགས་པར་སྤྱོད་པའི་དགེ་བསྙེན་ཞེས་གསུངས་པ་ཇི་ལྟ་བུ་ཞེ་ན། དང་པོར་ལྔ་ཆར་ཐོབ་པས་ཡོངས་རྫོགས་དེ་ཉིད་ཕྱིས་ཡན་ལག་ཁ་ཅིག་ཉམས་ཀྱང་ལྷག་མ་དེ་དང་དེ་བསྲུང་བ་ལ་དགོངས་ནས་སྣ་གཅིག་སྤྱོད་པ་ལ་སོགས་པར་གསུངས་སོ་ཞེས་ཟེར་རོ། །གྲག་ཅེས་པ་སློབ་དཔོན་དེ་ལ་མ་རངས་པ་སྟེ། ཁྱོད་ཀྱིས་དེ་ལྟ་བུ་ཚུལ་ཁྲིམས་ཉམས་པའི་དབང་དུ་བྱས་ནས་ཞུ་བ་ཉིད་ཀྱང་མི་འཐད་ན་ལན་ལྟ་ཅི་སྨོས་ཏེ། གང་ཟག་ཉོན་མོངས་པ་མང་བ་རྣམས་ཀྱི་འཆལ་ཚུལ་གྱི་རྐྱེན་བྱེད་པས་ཆོས་བསྟན་པས་དོན་མིན་པ་ལ་སྦྱོར་བར་འགྱུར་བའི་ཕྱིར་ཏེ། གཞན་ཡང་ཞུ་ལན་ནི་མི་ཤེས་པ་ལ་བྱེད་པ་ལས་གང་སྤྱོད་པ་བསྲུང་ལ་མི་སྤྱོད་པ་མི་སྲུང་ཞེས་པ་སུས་མི་ཤེས་ཏེ་ཤེས་ཟིན་པ་ལ་ཞུ་ལན་མི་འཐད་ཅིང་། དེ་ནི་རབ་བྱུང་ལ་ཡང་ཡོད་པས་སྣ་གཅིག་སྤྱོད་པ་ལ་སོགས་པ་གསུངས་པར་འགྱུར་རོ། །གཞན་ཡང་སྲོག་གཅོད་སྤོང་ཞེས་པ་མདོ་གང་ནས་ཀྱང་མི་འབྱུང་ལ་བདེན་པ་མཐོང་བའི་མདོ་ལས། ནམ་འཚོའི་བར་དུ་སྲོག་དང་བསྡོས་པས་སྐྱབས་སུ་སོང་བ་མངོན་པར་རབ་ཏུ་དྭང་བ་ཞེས་པ་ལ་འཁྲུལ་བའོ། །དེས་ན་དགེ་བ་གོང་མ་ལ་སྤྲོ་བར་བྱ་བ་དང་། དེ་ཙམ་ཡང་དོན་ཆེ་བས་སྡོམ་པ་མེད་པ་དང་མ་ཚང་བ་ཡང་དགེ་བསྙེན་དུ་གསུངས་སོ། །སྤྱིར་གསུང་རབ་ལས་དགེ་བསྙེན་བདུན་གསུངས་ཏེ། སྐྱབས་གསུམ་འཛིན་པ། སྣ་གཅིག སྣ་འགའ། ཕལ་ཆེར་སྤྱོད་པ། ཡོངས་རྫོགས་དང་། ཚངས་སྤྱོད་དང་། བསྙེན་གནས་ཡན་ལག་བརྒྱད་ཇི་སྲིད་འཚོའི་བར་དུ་སྲུང་བ་གོ་མའི་དགེ་བསྙེན་ནོ། །དང་པོ་ལྔ་ནི་མིང་ཆེན་གྱི་མདོ། དྲུག་པ་ལུང་རྣམ་འབྱེད་དང་། དྲག་ཤུལ་ཅན་དང་། ཚེ་དང་ལྡན་པ་མོའུས་ཞུས་པ་ལས་བཤད། བདུན་པ་ཀུན་ཏུ་རྒྱུ་སེན་རིངས་ཀྱི་མདོར་བཤད། ཁ་ཆེ་བ་ནི་བདུན་པ་འདི་མི་འདོད་དོ། །གསུམ་པ་ནི། ཡན་ལག་མང་ཉུང་དང་དུས་རིང་ཐུང་ལ་ལྟོས་པ་ཡང་ཡོད་ལ། གཙོ་བོར་ནི་ཆུང་ངུ་ལ་སོགས་པ་ཀུན་སློང་དྭང་བ་དང་མ་ཆགས་པ་ལ་སོགས་པའི་ཡིད་ཇི་ལྟ་བ་བཞིན་ཏེ། དེས་ན་དགྲ་བཅོམ་པའི་སྡོམ་པ་ཆུང་བྱིས་པའི་ཆེ་བ་དང་། དགེ་སློང་གི་ཆུང་ལ་དགེ་བསྙེན་གྱི་ཆེ་བ་ལ་སོགས་པ་སྲིད་དོ། །བཞི་པ་ནི། གང་ཞིག་གསུམ་གྱི་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དེ་གང་ཐོབ་པས་སངས་རྒྱས་སུ་བྱེད་ཅིང་ཐ་སྙེད་འདོགས་པའི་ཆོས་མི་སློབ་པའི་ལམ་ཆོས་སྐུ་དང་། གང་ཞིག་དགེ་འདུན་ལ་སྐྱབས་སུ་འགྲོ་བ་དེ་འཕགས་པའི་གང་ཟག་ནི་དགེ་བདུན་ཡིན་ལ་དེར་བྱེད་པའི་ཆོས་སངས་རྒྱས་ལས་གཞན་པའི་སློབ་པ་དང་མི་སློབ་པའི་ལམ་གཉིས་ཀ་དང་། གང་ཞིག་ཆོས་ལ་སྐྱབས་སུ་འགྲོ་བ་དེ་ནི་རང་གཞན་གྱི་རྒྱུད་ཀྱི་ཉོན་མོངས་དང་དུཿཁ་ཞི་བའི་མྱ་ངན་ལས་འདས་པ་ལ་སྟེ། དེ་ནི་ཚིག་སྡེབས་པའི་ངོར་ཐ་མར་སྨོས་སོ། །སངས་རྒྱས་དང་དགེ་འདུན་གྱི་རྟེན་གང་ཟག་གི་ནི་ཟག་བཅས་ཡིན་པས་སྐྱབས་གནས་མིན་ཞེས་སོ། །སློབ་དཔོན་དེ་ལྟར་ན་ལམ་མངོན་དུ་མ་བྱས་པ་ན་སངས་རྒྱས་དང་དགྲ་བཅོམ་མིན་པ་དང་འཕགས་པ་མིན་པར་འགྱུར་ཞིང་དགེ་སློང་དུ་བྱེད་པའི་ཚུལ་ཁྲིམས་ཁོ་ན་དགེ་སློང་དུ་འགྱུར་རོ་ཞེས་བརྗོད་ནས། ཆོས་ནི་འདི་དང་མཐུན་ལ་སངས་རྒྱས་དང་དགེ་འདུན་གྱི་རྟེན་གྱི་གང་ཟག་དེ་གཉིས་སུ་བཞེད་དོ། །ངོ་བོ་ནི་འཇིགས་པ་ལས་ཐར་པའི་ཆེད་དུ་ཡུལ་ཁྱད་པར་ཅན་ལ་བསྟེན་པར་ཁས་ལེན་ཅིང་བློ་གཏོད་པ་ཡིན་ལ། འབྲེལ་པར་ངག་གི་རིག་བྱེད་དུ་བཤད་པ་ནི། ནོད་པའི་དུས་ཀྱི་དབང་དུ་བྱས་པའོ། །སྐྱབས་ཀྱི་དོན་ནི་དེ་ལ་བརྟེན་ནས་དུཿཁ་ཐམས་ཅད་ལས་གཏན་དུ་ངེས་པར་ཐར་བར་བྱེད་པའོ། །ལྔ་པ་ལ་གསུམ་སྟེ། ལོག་གཡེམ། བརྫུན། མྱོས་འགྱུར་སྤོང་བ་ཡན་ལག་ཏུ་འཇོག་པའི་རྒྱུ་མཚན་ནོ། །དང་པོ་ནི། སྡོམ་པ་གཞན་ལ་མི་ཚངས་སྤྱོད་སྤོང་བ་ཡན་ལག་ཏུ་བཞག་ལ། དགེ་བསྙེན་ལ་ལོག་གཡེམ་སྤོང་བ་ཡན་ལག་དུ་བཞག་པའི་རྒྱུ་ཅི་ཡིན་ཞེ་ན། ལོག་གཡེམ་ནི་གཞན་གྱི་ཆུང་མ་སུན་ཕྱུང་ཞིང་ངན་སོང་གི་རྒྱུར་གྱུར་པས་འཇིག་རྟེན་ན་ཡང་ཤིན་ཏུ་སྨད་པའི་ཕྱིར་དང་ཁྱིམ་པས་སྡོམ་སླ་བའི་ཕྱིར་དང་། འཕགས་པའི་ཚེ་རབས་གཞན་དུ་ཡང་ལོག་གཡེམ་མི་བྱེད་པའི་སྡོམ་པ་ཐོབ་པའི་ཕྱིར་དང་། མི་ཚངས་སྤྱོད་ནི་དེ་ལྟར་མིན་པས་སོ། །ཅི་དགེ་བསྙེན་གྱིས་ཕྱིས་ཆུང་མ་ལེན་ན་སྡོམ་པ་མི་ཉམས་སམ་ཞེ་ན། མི་ཉམས་ཏེ། སྡོམ་པ་ནི་ལོག་གཡེམ་སྤོང་ངོ་ཞེས་ཇི་ལྟར་ཁས་བླངས་པ་བཞིན་དུ་འཐོབ་ཀྱི་རྒྱུད་འདི་ལ་མི་ཚངས་སྤྱོད་སྤོང་ཞེས་ཁས་བླངས་པ་མིན་པས་སོ། །ཡང་ན་བུད་མེད་ཀྱི་རྒྱུད་འདི་ལས་གཞན་ལ་འཁྲིག་པ་མི་བྱའོ་ཞེས་ཁས་མ་བླངས་པའི་ཕྱིར་རང་གི་ཆུང་མ་ནི་ཁས་བླངས་པ་དང་འགལ་བ་མེད་པས་སྡོམ་པ་ཉམས་པ་མིན་ནོ་ཞེས་སོ། །གཉིས་པ་ནི། ཡང་བརྫུན་སྤོང་བ་ཁོ་ན་ཡན་ལག་ཏུ་བཞག་པ་ཅི་ཞེ་ན། ཉེས་པ་ཆེ་ཞིང་སྤོང་སླ་བ་ནི། བརྫུན་སྨྲ་ཤིན་ཏུ་སྨད་ཕྱིར་དང་། །སླ་ཕྱིར་མི་བྱེད་ཐོབ་ཕྱིར་དང་། །དགོས་པ་ལྷག་པོ་ནི་བསླབ་པ་ཐམས་ཅད་ལས་འདས་པར་གྱུར་པ་ན་ཕྱིར་བཅོས་པའི་ཡན་ལག་ཏུ་བྱས་པའི་ཕྱིར། འདི་ལྟར་ཉེས་པ་གླེང་བའི་ཚེ་དེ་རང་གི་སྤང་བྱ་མིན་ན་རྫུན་དུ་སྨྲ་བས་བསླབ་པ་ལས་ཐལ་ཞིང་འདའ་བར་འགྱུར་ལ། དེ་སྤོང་བར་བསྟན་པས་ཉེས་པ་ལན་གཉིས་སུ་གྱུར་ན་མི་རུང་ངོ་སྙམ་ནས་ཕྱིར་བཅོས་པའི་དགོས་པ་ཡོད་པའི་ཕྱིར་རོ། །གསུམ་པ་ནི། ཡང་འདི་ལ་ཐུབ་པའི་བཀས་བཅད་ཅིང་བཀག་པའི་ཁ་ན་མ་ཐོ་བ་རྣམས་ལས་མྱོས་འགྱུར་སྤོང་བ་ཁོ་ན་བཞག་པ་ཅི་ཞེ་ན། རྒྱུ་སྔར་གྱི་གསུམ་པོ་དང་མྱོས་འགྱུར་གྱི་དྲན་པ་ཉམས་ནས་ཉེས་སྤྱོད་ལ་འཇུག་པར་འགྱུར་བས་ཡན་ལག་གཞན་བསྲུང་བའི་ཕྱིར་དུའོ། །ཕལ་ཆེན་པ་ཆང་འཐུང་བ་རང་བཞིན་གྱི་ཁ་ན་མ་ཐོ་བར་འདོད། མངོན་པ་བ་བཅས་པའི་ཁ་ན་མ་ཐོ་བར་འདོད་ལ། འདི་ཡི་དགག་བྱའི་གཙོ་བོ་ནི་ཤེས་པ་ཉོན་མོངས་པ་ཡིན་ལ། གཉེན་པོའི་བློས་ཀྱང་བཏུང་བར་ནུས་པའི་ཕྱིར་རོ། །འདི་གཉིས་ཀྱི་ཁྱད་པར་ལ་སློབ་དཔོན་ནི་སེམས་ཉོན་མོངས་ཅན་ཁོ་ནས་སྤྱོད་པ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ལ། འདི་ནི་ཉོན་མོངས་ཅན་མིན་པའི་བློས་ཀྱང་སྤྱོད་པར་ནུས་སོ་ཞེས་གསུངས་སོ། །གཉིས་པ་གང་ལས་ཐོབ་པ་ལ་གཉིས་ཏེ། སྡོམ་པ་གསུམ་གྱི་ཁྱད་པར། དེའི་ནང་གསེས་ཀྱི་ཁྱད་པར་རོ། །དང་པོ་ནི། ཅི་སྡོམ་པ་གསུམ་པོ་འདི་དག་གཞི་གང་ལས་གཅིག་ཐོབ་པ་དེ་ལས་ལྷག་མ་ཡང་འཐོབ་བམ་ཞེ་ན། མ་ངེས་ཏེ། འདོད་པར་གཏོགས་པ་སོ་ཐར་གྱི་སྡོམ་པ་ནི་སྤང་བྱ་སྦྱོར་དངོས་མཇུག་གསུམ་པོ་ཐམས་ཅད་ལས་གཉེན་པོའི་སྦྱོར་བ་ལ་སོགས་པ་ཐོབ་ཅིང་། གཉིས་ཀ་ནི་བཅས་པ་དང་རང་བཞིན་དང་སེམས་ཅན་ཡིན་མིན་ལས་ཏེ་གོ་རིམ་བཞིན་དུ་མི་སྦྱར་གྱི། སེམས་ཅན་ལས་རང་བཞིན་སྲོག་གཅོད་དང་བཅས་པ་བུད་མེད་ལ་རེག་པ་ལ་སོགས་པ་དང་། སེམས་ཅན་མིན་པ་ལས་རང་བཞིན་གསེར་སོགས་རྐུ་བ་དང་བཅས་པ་རྩྭ་གཅོད་པ་སོགས་འཐོབ་བོ། །ཕུང་ཁམས་སྐྱེ་མཆེད་ད་ལྟར་བ་དག་ལས་འཐོབ་པར་འགྱུར་གྱི་སེམས་ཀྱི་རྗེས་འབྲང་མིན་པས་འདས་མ་འོངས་ལས་མིན་ནོ། །བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ནི་ཆོས་ཉིད་ཀྱིས་ཐོབ་པས་སེམས་ཅན་དང་སེམས་ཅན་མིན་པ་དངོས་གཞི་ཁོ་ན་ལས་དེ་སྤོང་བ་འཐོབ་ཀྱི་སྦྱོར་མཇུག་ལས་མིན་ན་བཅས་པ་ལས་ལྟ་ཅི་སྨོས། སེམས་ཀྱི་རྗེས་འབྲང་ཡིན་པས་དུས་ནི་ཐམས་ཅད་ལས་འཐོབ་བོ། །དེས་ན་དང་པོའི་གཞི་ཡིན་པ་དེ་ཕྱི་མའི་ཡང་ཡིན་ནམ་ཞེ་ན། མུ་བཞི་སྟེ། དང་པོ་ད་ལྟར་གྱི་སྦྱོར་བ་མཇུག་དང་བཅས་པ་དང་། གཉིས་པ་འདས་མ་འོངས་ཀྱི་དངོས་གཞི་དང་། གསུམ་པ་ད་ལྟར་གྱི་དངོས་གཞི་དང་། བཞི་པ་འདས་མ་འོངས་ཀྱི་སྦྱོར་མཇུག་དང་བཅས་པའོ། །གཉིས་པ་ནི། ཅི་སྡོམ་པ་དང་སྡོམ་མིན་དེ་དག་སེམས་ཅན་ཐམས་ཅད་དང་ཡན་ལག་ཐམས་ཅད་དང་རྒྱུ་ཐམས་ཅད་ལས་ཐོབ་བམ་འོན་ཏེ་དབྱེ་བ་ཡོད་ཅེ་ན། སྡོམ་པ་ནི་གཞི་སེམས་ཅན་དང་སེམས་ཅན་མིན་པ་ཐམས་ཅད་ལས་འཐོབ་སྟེ་དགེ་བའི་བསམ་པས་འཇུག་པར་ནུས་པས་སོ། །ཡན་ལག་ལ་ནི་དབྱེ་བ་ཡོད་དེ། དགེ་སློང་གི་བདུན་དང་། གཞན་གྱི་བཞི་སྤོང་བས་སོ། །འོན་ཀྱང་རིས་བརྒྱད་པོ་སོ་སོ་ལ་གཞི་ངེས་པ་དང་། ཡན་ལག་ངེས་པ་དང་། ཡུལ་དང་དུས་ངེས་པ་ལྔ་པོ་གང་རུང་དང་མི་ལྡན་ན་སྡོམ་པར་མི་འགྱུར་རོ། །རྒྱུ་ལ་ཡང་དབྱེ་བ་ཡོད་དེ། དགེ་བའི་རྩ་བ་གསུམ་རྒྱུར་འདོད་ན་ཐམས་ཅད་ལས་དང་ཀུན་སློང་སེམས་པའང་ཆེ་འབྲིང་ཆུང་གསུམ་རྒྱུར་འདོད་ན་གསུམ་པོ་གཅིག་ཆར་མི་རུང་བས་རེ་རེས་འཐོབ་བོ། །གཉིས་པ་སྡོམ་མིན་ཐོབ་ཚུལ་ལ་གཉིས་ཏེ། གང་ལས་ཐོབ་པ། ཇི་ལྟར་ཐོབ་པའོ། །དང་པོ་ནི། སྡོམ་པ་མིན་པ་ནི་གཞི་སེམས་ཅན་ཡིན་མིན་ཐམས་ཅད་དང་ཡན་ལག་བདུན་པོ་ཀུན་ལས་འཐོབ་སྟེ། སྒོ་ཐམས་ཅད་ནས་ནོད་པ་ལ་ཞུགས་པ་ཡིན་པས་ངེས་པ་ལྔ་བྲལ་དགོས་སོ། །རྒྱུ་ནི་རྩ་བ་གསུམ་དང་སེམས་པ་གང་དུ་འདོད་ཀྱང་ལྷན་ཅིག་ཏུ་འགལ་བས་ཐམས་ཅད་ལས་འཐོབ་པ་མིན་ནོ། །སློབ་དཔོན་ནི་དེ་ལྟར་ན་བཤན་པ་སོགས་ལ་ཡང་སྡོམ་མིན་མེད་པར་འགྱུར་ཏེ་རང་གི་ཕ་མ་གསོད་འདོད་མེད་པའི་ཕྱིར་རོ། །འོ་ན་རྟ་ལུག་སོགས་ཀྱང་ཕ་མར་གྱུར་པ་ན་གསོད་འདོད་མེད་པས་དེ་ལས་སྡོམ་མིན་མི་ཐོབ་པར་འགྱུར་རོ། །ཡང་བཤན་པ་མ་བྱིན་ལེན་མི་བྱེད་པ་ཡང་ཡོད་པས་ཇི་ལྟར་ཡན་ལག་ཀུན་ལས་སྡོམ་མིན་འཐོབ་ཅེས་འགོག་གོ །གཉིས་པ་ནི། སྡོམ་པ་མིན་པ་ནི་དེའི་རིགས་སུ་སྐྱེས་པ་རྣམས་ནི་ཐོབ་སླ་སྟེ། ལོག་པའི་བསམ་པ་ངེས་པར་ཡོད་པས་རང་གི་བྱ་བའམ་སྦྱོར་བ་བྱས་པ་ཙམ་ལས་ཐོབ་ལ། གཞན་གྱི་རིགས་སུ་སྐྱེས་པ་ནི་འཐོབ་དཀའ་སྟེ་རྒྱལ་པོ་སོགས་ལ་བདག་འཚོ་བ་འདིས་འཚོ་བར་བྱའོ་ཞེས་ཞུས་ཏེ་ཁས་ལེན་ཅིང་། དེ་ལྟར་གྱིས་ཞེས་གནང་བ་ལས་ལོག་པའི་བསམ་པ་ངེས་པར་རྙེད་ནས་བྱ་བ་བྱས་པ་ལས་འཐོབ་པར་འགྱུར་རོ། །གསུམ་པ་བར་མའི་ཐོབ་ཚུལ་ནི། སྡོམ་པ་སྡོམ་མིན་གྱི་ལྷག་མ་བར་མའི་རྣམ་པར་རིག་བྱེད་མིན་པ་དང་། རིག་བྱེད་ནི་ཞིང་སྟེ་ཡུལ་དེ་ལ་འབུལ་བའི་བསམ་པ་དང་རིག་བྱེད་དང་། སངས་རྒྱས་ལ་ཕྱག་མ་བྱས་པར་ཟན་མི་ཟ་སྙམ་པའི་ཡིད་དམ་ལེན་པ་དང་། བྱ་བ་ལ་གུས་པས་དགེ་མི་དགེའི་བསམ་པ་དྲག་པོས་བསླངས་ཏེ་ལས་བྱེད་པས་འཐོབ་བོ། །གསུམ་པ་རྒྱུ་གང་གིས་གཏོང་བ་ལ། སྡོམ་པ། སྡོམ་མིན། བར་མའི། དེ་གསུམ་ལས་གཞན་པའི་གཏོང་རྒྱུའོ། །དང་པོ་ལ་སོ་ཐར་གྱི། བསམ་གཏན་གྱི། ཟག་མེད་ཀྱི་གཏོང་རྒྱུའོ། །དང་པོ་ནི། སོ་སོར་ཐར་པ་ནི་དབང་པོ་རྣམས་འདུལ་བ་ཡིན་ལ་དེའི་གཏོང་རྒྱུ་ནི་མི་བརྡ་འཕྲོད་པའི་དྲུང་དུ་བསླབ་པའི་གཞི་རྣམས་ཞེ་ཐག་པ་ནས་ངོ་བོ་དང་རྟེན་ལ་སོགས་པ་གང་ཡང་རུང་བའི་སྒོ་ནས་ཕུལ་ན་གཏོང་སྟེ། དང་པོ་སྤོང་ངོ་ཞེས་པའི་ཚེ་ཡང་དག་པར་བླངས་པ་དང་འགལ་བའི་རིག་བྱེད་བསྐྱེད་པའི་ཕྱིར་རོ། །ཤི་འཕོས་པས་གཏོང་སྟེ་སྦྱོར་བ་བྱས་པའི་རྟེན་བོར་བའི་ཕྱིར། ལེན་པའི་རྟེན་ཉམས་པའི་ཕྱིར་ན་མཚན་གཉིས་ཅིག་ཅར་འབྱུང་བ་དང་། ཤིང་འགྱེལ་བ་ལྟར་གཞི་སྐྱེས་ཐོབ་ཀྱི་དགེ་བ་ཆད་པའི་ཕྱིར་ན་དགེ་བའི་རྩ་བ་ཆད་པ་དང་། བསྡུ་བ་ལས་ཁྱིམ་པའི་སྡོམ་པ་ནི་སྲུང་མི་ནུས་སོ་སྙམ་དུ་མི་མཐུན་པའི་བསམ་པ་སྐྱེས་པ་ཙམ་གྱིས་གཏོང་ལ་དེ་ལ་གཏོང་རྒྱུ་དེ་རྣམས་མི་འབྱུང་བ་ཡང་དེའི་སྔར་མི་མཐུན་པའི་བསམ་པ་སྐྱེ་བ་ལ་དགོངས་པར་བཤད་དོ། །བསྙེན་གནས་ནི་མཚན་མོ་འདས་པ་ལས་ཀྱང་གཏོང་སྟེ་བླངས་པའི་འཕེན་པ་ཟད་པའི་ཕྱིར་རོ། །མདོ་སྡེ་པ་དང་ཉི་འོག་པ་ཁ་ཅིག་རྩ་བའི་ལྟུང་བ་བཞི་པོ་གང་རུང་བྱུང་བར་གྱུར་པ་ལས་དགེ་སློང་དང་དགེ་ཚུལ་གྱི་སྡོམ་པ་གཏོང་བར་སྨྲ་སྟེ། རྒྱུད་ངོ་ཚ་ཁྲེལ་མེད་ཤས་ཆེན་པོས་གང་བའི་ཕྱིར་དང་། ལུང་ལས་ཀྱང་དགེ་སློང་མིན་པར་བཤད་པས་སོ། །གཞན་གོས་དམར་བའི་སྡེ་པ་དག་ནི་དམ་པའི་ཆོས་ནུབ་པ་ལས་གཏོང་སྟེ། བསླབ་པའི་མཚམས་ཐམས་ཅད་དང་ལས་ཀྱི་མཐའ་རྣམས་མེད་པར་འགྱུར་བའི་ཕྱིར་ཞེས་ཟེར་རོ། །དེ་ནི་གསར་པ་མི་ཐོབ་པ་ཙམ་ཡིན་གྱི་རྙིང་པ་གཏོང་བར་མི་འདོད་དོ། །ཁ་ཆེ་བ་རྣམས་ནི་རྩ་བའི་ལྟུང་བ་བྱུང་བ་ལ་སྡོམ་པ་མི་གཏོང་སྟེ། བུ་ལོན་ཡང་ཆགས་ལ་ནོར་ཡང་ཡོད་པའི་མི་བཞིན་དུ་ཚུལ་ལྡན་དང་ཚུལ་འཆལ་གཉིས་སུ་འདོད་ལ། བུ་ལོན་འཇལ་ན་ནོར་ཅན་ཡིན་གྱི་བུ་ལོན་ཅན་མིན་པ་བཞིན་དུ་རྩ་ལྟུང་བཤགས་ན་ཚུལ་ལྡན་ཡིན་གྱི་ཚུལ་འཆལ་མིན་པར་བཞེད་དོ། །ཤེས་བྱེད་ལ་རིགས་པ་ནི། རྩ་ལྟུང་གཅིག་གིས་ཐམས་ཅད་གཏོང་ངམ་རིམ་གྱིས་གཏོང་། དང་པོ་མི་རིགས་ཏེ། ཇི་ལྟར་ཕྱོགས་གཅིག་ཉམས་པ་ཡིས། །མཐའ་དག་ཉམས་པར་མི་འགྱུར་བཞིན། །ཞེས་པ་ལྟར་གཅིག་བླངས་པས་ཀུན་བླངས་པར་མི་འགྱུར་བ་བཞིན་ནོ། །ལུང་ནི་ཞུ་བ་ལས་གཅིག་ལ་ཕམ་པ་ལྔ་འབྱུང་བར་བཤད་པས་ཀྱང་ཤེས་ཏེ། ཕམ་པ་སྔ་མས་སྡོམ་པ་གཏོང་ན་ཕམ་པ་ཕྱི་མ་མི་འབྱུང་བས་སོ། །ཕྲན་ཚེགས་ལས་ཟག་པ་ཟད་པའི་ཚེ་སྔོན་གྱི་གྲལ་དུ་འདུག་པར་བྱའོ་ཞེས་བཤད་པས་ཀྱང་གྲུབ་སྟེ། སྡོམ་པ་མེད་ན་སྔོན་གྱི་གྲལ་མི་རུང་བས་སོ། །ཡང་དགེ་སློང་ཚུལ་ཁྲིམས་འཆལ་བས་དགེ་སློང་མ་ལ་རྗེས་སུ་སྟོན་ན་ལྟུང་བྱེད་འབྱུང་བར་བཤད་པས་ཀྱང་གྲུབ་སྟེ། སྡེ་ལྔ་ནི་དགེ་སློང་ཁོ་ན་ལ་གཞག་པའི་ཕྱིར་རོ། །དྲུག་མཚན་དྲུག་པའི་མདོར་ལམ་སུན་འབྱིན་པའི་དགེ་སློང་བཤད་པ་དང་། རབ་བྱུང་གི་གཞི་ལས་བྱ་རོག་བསྐྲད་དང་སུན་འབྱིན་དང་ཞེས་ཚུལ་ཁྲིམས་འཆལ་པ་རབ་ཏུ་མི་འབྱུང་བར་བཤད་པས་སོ། །དེས་ན་འདི་ནི་རྩ་ལྟུང་བྱུང་ལ་འཆབ་སེམས་མ་སྐྱེས་པའི་དབང་དུ་བྱས་ཀྱི་འཆབ་སེམས་སྐྱེས་ན་བཤགས་པ་ཙམ་གྱིས་མི་འདག་པས་ཚུལ་ལྡན་དུ་ཇི་ལྟར་འགྱུར། མདོ་སྡེ་པས་དེ་དགག་པ་ལ་སྒྲུབ་བྱེད་མེད་པ་དང་། གནོད་བྱེད་ཡོད་པ་གཉིས་ལས། དང་པོ་ནི། སྟོན་པས་ཤིང་རྟ་ལའི་མགོ་བོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་བ་སོགས་དཔེར་མཛད་ནས་ཕྱོགས་གཅིག་ཉམས་པས་མཐའ་དག་ཉམས་པར་བཤད་པ་དང་། དང་པོ་གཉིས་ཀྱི་ལན་གཞན་དུ་སྟོན་ལ། གསུམ་པའི་དོན་ནི། ངན་སོང་དུ་ལྟུང་བར་བྱེད་པ་ཙམ་ལ་དགོངས་ལ། བཞི་པ་ནི། ས་བོན་རུལ་བ་དང་མཚེའུ་སྐམ་བོ་ཞེས་པ་ལྟར་ཤ་ཚུགས་ཙམ་ལུས་པ་ལ་དགོངས་ཏེ། དེ་ཉིད་ལས་གཟུགས་ཅན་བཞིན་སྤྱོད་ལམ་སུན་འབྱིན་ཞེས་གསུངས་སོ། །ལྔ་པ་ནི། འཆབ་སེམས་སྐྱེས་པའི་ཕམ་པ་ནི་རྒྱུད་ངོ་ཚ་ཁྲེལ་མེད་ཤས་ཆེན་པོས་ཉམས་པར་བྱས་པའི་སྡོམ་པའི་སྐལ་བ་མེད་པ་སྟེ་བསླབ་པ་ཕུལ་བ་ཡང་རབ་ཏུ་མི་འབྱིན་ཏོ། །གཉིས་པ་གནོད་བྱེད་ལ། ལུང་གཞི་ལས། དང་པོ་དེ་དག་ལས་གང་ཡང་རུང་བ་ཞིག་བྱས་ན་དགེ་སློང་མ་ཡིན་ནོ་ཞེས་གསུངས་སོ། །ཡང་འདུལ་བའི་གླེང་གཞི་གཉིས་པའི་སྡོམ་ལས་རྩ་ལྟུང་བྱུང་ཞིང་ཚུལ་ཁྲིམས་འཆལ་བ་ལ་དགེ་འདུན་གྱི་ཟས་ཁམ་གཅིག་གནས་མལ་ལ་གོམ་པ་གཅིག་འདོར་བ་ཡང་མ་གནང་སྟེ་ལོངས་སྤྱོད་ཐམས་ཅད་ལས་བཀར་བའི་ཕྱིར་རོ། །ཡང་གསོ་སྦྱོང་གི་དུས་སུ་ཚུལ་ཁྲིམས་འཆལ་བ་ཞིག་བྱུང་ནས་མདོ་མི་གསུང་བ་ལ། མོའུ་འགལ་གྱི་བུས་དེ་བསྐྲད་ནས་ཞུས་པས། དེ་ལྟ་བུ་བྱུང་ན་ཁྱོད་ཀྱིས་ཐོན་ཅིག་ངས་གཏོན་ན་དེའི་མགོ་ཚལ་པ་བདུན་དུ་འགས་པར་འགྱུར་རོ་ཞེས་དང་། དགེ་སློང་མིན་མ་དགེ་སློང་དུ། །སྨྲ་བའི་སྲིད་ལྟ་བསལ་བར་གྱིས། །སྙིང་པོ་མེད་པར་འདོར་བར་གྱིས། །ཤིང་རུལ་དག་ནི་སྤང་བར་གྱིས། །ཞེས་གསུངས་སོ། །གལ་ཏེ་རྩ་ལྟུང་བྱུང་ཡང་དགེ་སློང་ཡིན་ན་དེ་ལྟ་བུའི་དགེ་སློང་དེ་ལ་ཕྱག་འཚལ་ལོ་ཞེས་སློབ་དཔོན་གྱིས་བསྟིངས་ཚིགས་སོ། །གཉིས་པ་ནི། བསམ་གཏན་དུ་གཏོགས་པའི་དགེ་བ་གཟུགས་ཅན་ཡིན་མིན་ཀུན་ནི་གོང་འོག་ཏུ་སྐྱེའི་ས་འཕོས་པ་དང་དེའི་སྙོམས་འཇུག་ལས་ཉམས་པས་ཏེ་རྒྱུ་གཉིས་པོ་དག་གིས་གཏོང་ལ། ཤི་བས་ཅུང་ཟད་གཏོང་སྟེ། འོག་ཏུ་འཕགས་མིན་ཤི་བས་སོ་ཞེས་དང་། གོང་དུ་དངོས་གཞི་མ་ཐོབ་པའི་ཉེར་བསྡོགས་ཤི་བས་གཏོང་བར་བཤད་དོ། །དེ་བཞིན་དུ་གཟུགས་མེད་དུ་གཏོགས་པ་ཡང་ས་འཕོས་ཉམས་པ་དག་གིས་གཏོང་ངོ་། །གསུམ་པ་ནི། འཕགས་པ་ཟག་མེད་ཀྱི་སྡོམ་པ་ནི་ཞུགས་པའི་ལམ་འབྲས་བུ་ཐོབ་པ་དང་། རྟུལ་པོའི་ལམ་དབང་པོ་སྦྱངས་པ་དང་། ལམ་ཕྱི་མ་ཉམས་པ་ལས་གཏོང་ངོ་། །གཉིས་པ་ནི། སྡོམ་པ་མིན་པ་ནི་སྡོམ་པ་དང་པོ་གཉིས་གང་རུང་ཐོབ་པ་དང་ཤི་བ་དང་མཚན་གཉིས་ཅིག་ཅར་དུ་བྱུང་བ་ལས་གཏོང་ལ། དེ་ཡང་སོ་ཐར་དགེ་སློང་གིས་བདུན་ཆར་གཏོང་ངོ་། །ལྷག་མས་བཞི་གཏོང་གསུམ་བར་མར་འགྱུར་བ་དང་། བར་མ་དགེ་བའི་ལས་ཀྱི་ལམ་ཐོབ་ཀྱང་སྡོམ་མིན་བར་མ་མི་དགེ་བར་འཕོ་སྟེ། འོན་ཀྱང་གཏོང་རྒྱུར་མི་སྨོས་པ་ནི་ལྡོག་པ་གཏོང་ཡང་དངོས་པོ་མི་གཏོང་བས་ཞེས་འཆད་དོ། །འོ་ན་བསྙེན་གནས་ཀྱི་སྡོམ་མིན་གཏོང་བ་དེ་མཚན་མོ་འདས་པ་དང་སླར་ལྡོག་གམ་འབད་པ་བྱ་དགོས་ཤེ་ན། ཁ་ཅིག་འདོད་པའི་རིག་བྱེད་ལ་ལྟོས་པས་སྦྱོར་བ་ལ་ལྟོས་ཞེས་ཟེར། གཞན་དག་གཏན་དུ་སྤོང་བའི་བློ་མེད་པས་སླར་སྐྱེ་སྟེ་ལྕགས་འབར་བ་ཕྱུང་བ་ཙམ་གྱིས་སྔོན་པོར་འགྱུར་བ་བཞིན་ནོ་ཞེས་སྨྲའོ། །དེས་ན་ནད་རྙིང་འདོར་བ་སྨན་ལ་ལྟོས་པ་ལྟར་སྡོམ་མིན་མི་བྱ་བར་ཐག་བཅད་ཀྱང་སྡོམ་པ་མ་ཐོབ་པར་མི་གཏོང་ངོ་། །གསུམ་པ་ནི། བར་མ་ནི་མདོའི་འགྲོས་ལྟར་འཕེན་བྱེད་དད་པ་དང་ཉོན་མོངས་ཀྱི་ཤུགས་ཆད་པ་དང་། འདི་སྲིད་དུ་ཞེས་པ་ལྟ་བུ་བླངས་པ་འཆད་པ་དང་། བླངས་པ་ལྟར་མ་བྱས་པའི་བྱ་བ་ཆད་པ་དང་། གང་ལས་ཐོབ་པའི་ཡུལ་མེད་པས་དོན་ཆད་པ་དང་། ཤི་སྟེ་ཚེ་ཆད་པ་དང་། བར་མ་དེ་དག་དགེ་བ་ནི་གཞི་དགེ་བའི་རྩ་བ་ཆད་པ་ལས་གཏོང་ལ། མི་དགེ་བ་ནི་སྡོམ་པ་ཐོབ་པས་ཀྱང་གཏོང་ངོ་། །རྒྱུ་དྲུག་པོ་དེ་ལས་ཞིང་ལས་ཐོབ་པ་ནི་དོན་ཚེ་རྩ་བ་ཆད་པས་གཏོང་ལ། ལེན་པ་ནི་ཤུགས་ཆད་པ་ལས་གཞན་ལྔ་དང་། གུས་པས་ནི་དོན་ཤུགས་ཚེ་ཆད་པས་གཏོང་ངོ་། །བཞི་པ་ནི། དེ་དག་གིས་ཞར་ལ་གཟུགས་ཅན་མིན་པ་ཡང་བཤད་ན། འདོད་པར་གཏོགས་པའི་དགེ་བ་གཟུགས་ཅན་མིན་པ་ནི་དགེ་རྩ་ཆད་པ་དང་། ས་གོང་མ་དག་ཏུ་སྐྱེས་པ་ལས་གཏོང་ལ། ཡིད་མི་བདེ་ནི་འདོད་ཆགས་དང་བྲལ་བས་ཀྱང་གཏོང་བར་བཤད་དོ། །ཁམས་གསུམ་པའི་ཉོན་མོངས་པ་ཅན་གཟུགས་ཅན་མིན་པ་མཚུངས་ལྡན་དང་ཐོབ་པ་དང་། མཚན་ཉིད་དང་བཅས་པ་ནི་རང་རང་གི་གཉེན་པོ་མཐོང་སྒོམ་གྱི་ལམ་སྐྱེས་པས་རྣམ་པར་ཉམས་པར་འགྱུར་རོ། །བཞི་པ་རྟེན་གང་ལ་ལྡན་པ་ནི། སྡོམ་པ་དང་སྡོམ་མིན་དེ་དག་སེམས་ཅན་གང་ལ་ཡོད་ཅེ་ན། རང་བཞིན་གྱི་དབང་པོ་མེད་པའི་ཟ་མ་དང་ཡོད་ཀྱང་དགའ་བའི་དོན་བྱེད་མི་ནུས་པས་མ་ནིང་དང་། བདེ་བ་ཆུང་བས་ཉམས་པའི་མཚན་གཉིས་པ་དང་། སྡིག་པའི་བསམ་པ་ཅན་མིན་པས་སྒྲ་མི་སྙན་མ་གཏོགས་པའི་གླིང་གསུམ་གྱི་མི་སྐྱེས་པ་དང་བུད་མེད་རྣམས་ལ་སྡོམ་པ་མིན་པ་ཡོད་ལ། ངན་སོང་ལ་མེད་དེ། སྡིག་པའི་བསམ་པ་མི་བརྟན་པས་ལས་ཆེན་པོ་མི་སློང་བ་དང་། དང་པོ་ནས་རྒྱུད་ངོ་ཚ་ཁྲེལ་མེད་དང་ལྡན་པ་དང་། སྡོམ་པ་གང་ལ་ཡོད་པ་དེ་ལ་ཡོད་ལ་སྡོམ་པ་མེད་པའི་ཕྱིར། རྒྱུ་དེའི་ཕྱིར་མཚན་གཉིས་པ་ལ་ཡང་མེད་དོ། །ལྷ་ལ་ཡང་མེད་དེ། ལས་འབྲས་མངོན་འགྱུར་བ་དང་སྡིག་པའི་བསམ་པ་ཅན་མིན་པས་སོ། །སྡོམ་པའང་དེ་བཞིན་ཡིན་ལ། ལྷ་ལའང་ཡོད་པས་འགྲོ་བ་གཉིས་ན་སྟེ། གཞན་ལ་མེད་པ་ནི་སྒྲ་མི་སྙན་དང་ངན་སོང་ནི་རྣམ་སྨིན་གྱི་སྒྲིབ་པ་ཤས་ཆེ་བས་ཏིང་ངེ་འཛིན་མི་སྐྱེ་བས་ཕྱི་མ་གཉིས་མེད་ལ། ཟ་མ་སོགས་ནི་སོ་སོར་བརྟགས་པ་མི་བཟོད་པ་དང་། རྟེན་གཉིས་ཀའི་ཉོན་མོངས་ཤས་ཆེ་བ་དང་། ངོ་ཚ་ཁྲེལ་ཡོད་མེད་པས་སོ་ཐར་མེད་ལ། རྒྱུ་དེ་དང་འདུལ་བར་དེ་ལྟར་གསལ་བར་བཤད་པས་ངན་སོང་དང་སྒྲ་མི་སྙན་པའི་རྟེན་ལའང་སོ་ཐར་མེད་དོ། །ཀླུ་ལ་བསྙེན་གནས་ཡོད་པར་བཤད་པ་ནི་བར་མའི་ལེགས་སྤྱད་ཙམ་ལ་དགོངས་སོ། །བསྡུ་བར་ཀླུ་ལ་བསམ་པ་མ་མཉམ་ན་དགེ་བསྙེན་གྱི་སྡོམ་པ་སྐྱེ་ཞིང་བསོད་ནམས་མཉམ་ཡང་སྒྲ་དོན་མི་ཐོབ་ལ་བསྙེན་གནས་ཀྱི་སྒྲ་ཡང་ཐོབ་པར་བཤད། དེ་ཡང་མི་རྣམས་ལ་སྡོམ་པ་གསུམ་ཆར་ཡོད་དུ་རུང་ལ། འདོད་པ་དང་གཟུགས་སུ་སྐྱེས་པའི་ལྷ་རྣམས་ལ་བསམ་གཏན་ལས་སྐྱེས་པའི་སྡོམ་པ་ཡོད་དུ་རུང་བ་དང་ངེས་པར་ཡོད་ཅིང་། ཟག་མེད་ཀྱི་སྡོམ་པ་ནི་དེ་དག་ལས་གཙོ་བོ་གཅིག་པ་དང་ལྟ་བའི་གནས་ཡིན་པས་བསམ་གཏན་ཁྱད་པར་ཅན་དུ་སྐྱེས་པ་ཚངས་ཆེན་དང་། སོ་སྐྱེར་ངེས་པ་འདུ་ཤེས་མེད་པའི་སེམས་ཅན་མ་གཏོགས་པའི་འདོད་གཟུགས་ཀྱི་ལྷ་ལ་ཡོད་ཅིང་། གཟུགས་མེད་ནའང་འཕགས་པ་ལ་ལྡན་པའི་སྒོ་ནས་ཡོད་ལ། དེ་ཡང་གནས་གཙང་མ་པ་ལ་ངེས་ཡོད་དང་། གཞན་ལ་ཡོད་རུང་ཙམ་མོ། །གཉིས་པ་མདོ་ལས་བྱུང་བའི་ལས་ཀྱི་རྣམ་གྲངས་བཤད་པ་ལ། འདི་དག་ནི་ཕལ་ཆེར་གསུམ་ཚན་གསུམ་པའི་སྡོམ་ཚིག་ལས་བྱུང་བ་སྟེ། དེ་ལ་གཉིས་ཏེ། ཐུན་མོང་དུ་བཤད་པ། སོ་སོར་བཤད་པའོ། །དང་པོ་ལ་ངོ་བོ་རྒྱུ་འབྲས་ཀྱི་དབྱེ་བ། རྟེན་གྱི་སྒོ་ནས་དབྱེ་བ། རྒྱུ་འབྲས་ཉིད་ཀྱི་སྒོ་ནས་དབྱེ་བའོ། །དང་པོ་ལ་ཡང་གཉིས་ཏེ། ལས་གསུམ་དུ་གསུངས་པའི་དོན། ལས་བཞིར་གསུངས་པའི་དོན་ནོ། །དང་པོ་ལ་དགེ་སོགས་ཀྱི་དོན། བསོད་ནམས་སོགས་ཀྱི་དོན། ཡོན་བོ་སོགས་ཀྱི་དོན་ནོ། །དང་པོ་ནི། མདོ་ལས་ལས་ནི་གསུམ་སྟེ་དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་ནོ་ཞེས་གསུངས་པ་ནི། ལས་གང་ཞིག་འབྲས་བུ་མཐོ་རིས་དང་ཐར་པའི་བདེ་བ་ཅན་གྱི་ཟག་བཅས་ཟག་མེད་ནི་དགེ་བ་དང་། འབྲས་བུ་མི་བདེ་བ་ཅན་ནི་མི་དགེ་བ་དང་། དེ་གཉིས་ལས་གཞན་རྣམ་སྨིན་མེད་པ་ནི་གཞན་ལུང་མ་བསྟན་ཡིན་ནོ། །གཉིས་པ་ནི། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། ཡང་མདོ་ལས་བསོད་ནམས་ཀྱི་ལས། བསོད་ནམས་མིན་པའི་ལས། མི་གཡོ་བའི་ལས་གསུམ་གསུངས་སོ། །ཡང་མདོ་ལས་བདེ་བ་མྱོང་བར་འགྱུར་བ་དང་། ལ་སོགས་པ་དུཿཁ་དང་བཏང་སྙོམས་མྱོང་འགྱུར་གསུམ་གསུངས་སོ། །གཉིས་པ་བཤད་པ་ལ། བསོད་ནམས་སོགས་དང་། བདེ་བ་མྱོང་འགྱུར་སོགས་སོ། །དང་པོ་ནི། བསོད་ནམས་ཀྱི་ལས་ནི་འདོད་ཁམས་ཀྱི་དགེ་བའི་ལས་ཡིན་ལ། བསོད་ནམས་མ་ཡིན་པ་དེ་ལས་ལྡོག་པ་མི་དགེ་བའོ། །མི་གཡོ་བ་ནི་ཁམས་གོང་མ་གཉིས་ལས་སྐྱེས་པའི་ལས་ཏེ། གང་གི་ཕྱིར་ན་ས་དང་རྟེན་གང་དུ་སྨིན་པར་འགྱུར་བའི་ལས་བསགས་པ་དེ་ནི་དེ་དག་ཏུ་ལས་ཀྱིས་འབྲས་བུ་སྨིན་པའི་ཕྱིར་རྣམ་སྨིན་མི་གཡོ་བའི་ཕྱིར་རོ། །འདོད་པའི་ས་ལ་ནི་ལྷའི་རྟེན་ལ་བདེ་བ་དང་ལོངས་སྤྱོད་སོགས་མྱོང་བར་འགྱུར་བའི་ལས་དེ་ཉིད། ལས་དང་ཉོན་མོངས་དང་སྨོན་ལམ་ལ་སོགས་པ་རྐྱེན་གཞན་གྱིས། འདོད་པའི་འགྲོ་བ་གཞན་དུ་སྨིན་པར་འགྱུར་བས་འགྲོ་བ་ཡང་གཡོ་སྟེ། མདོ་ལས། བྲམ་ཟེ་སྦྱིན་པ་བྱས་པ་ཞིག་ལྷར་སྐྱེ་བ་ལས་གླང་པོ་ཆེ་མཛེས་པ་ཞིག་མཐོང་སྟེ་དེར་སྨོན་པས་ས་སྲུང་གི་བུར་གྱུར་པ་ལྟ་བུའོ། །གནས་ཀྱང་གཡོ་སྟེ། འགྲེལ་པར། ལྷའི་རིགས་གཞན་ཡང་གཞན་དུ་སྨིན་པར་འགྱུར་རོ་ཞེས་སོ། །གོང་མ་གཉིས་ནི་གནས་གཞན་དུ་མི་གཡོ་ལ། དེ་ཡང་རྫོགས་བྱེད་ཀྱི་དབང་དུ་བྱས་ཀྱི་འཕེན་བྱེད་ནི་འདོད་པར་ཡང་མི་གཡོ་བའོ། །མདོ་ལས་བསམ་གཏན་གསུམ་གཡོ་བར་བཤད་པ་ནི་ཏིང་ངེ་འཛིན་སྐྱོན་དང་བཅས་པ་ལ་གཡོ་བར་གསུངས་པ་ཙམ་མོ། །རྟེན་འབྲེལ་མདོ་འགྲེལ་ལས། གོང་མའི་དགེ་བ་བསོད་རྣམས་ཀྱི་ལས་སུ་བཤད་ཀྱང་འདིར་སྤྱི་མིང་བྱེ་བྲག་ལ་བཏགས་པའམ་གོང་མ་ལ་ཆོས་ལྷག་པོ་ཡོད་པས་མཚོན་པའོ། །གཉིས་པ་ནི། མྱོང་འགྱུར་གསུམ་བཤད། དེ་མྱོང་འགྱུར་ལྔར་བསྟན། སྐབས་ཀྱི་མྱོང་འགྱུར་གཏན་ལ་དབབ་པའོ། །དང་པོ་ནི། རང་ལུགས་དང་། གཞན་ལུགས་སོ། །དང་པོ་ནི། འདོད་པ་ནས་བསམ་གཏན་གསུམ་པའི་བར་ས་བཞིའི་དགེ་བ་ཟག་བཅས་ནི་བདེ་བ་མྱོང་འགྱུར་ཡིན་ལ། དེ་ཡན་ཆད་ས་ལྔའི་དགེ་བ་ཟག་བཅས་ནི་སྡུག་མིན་བདེ་མིན་ཏེ་བཏང་སྙོམས་མྱོང་བར་འགྱུར་བའོ། །སྡུག་བསྔལ་མྱོང་བར་འགྱུར་བ་ནི་འདོད་པ་འདིའི་མི་དགེའོ། །འབྲས་བུ་ཚོར་བ་གསུམ་པོ་དེ་ཡང་ཡུལ་རྟེན་དང་བཅས་པའོ། །གཉིས་པ་ནི། བཞི་པའི་འོག་ནའང་བཏང་སྙོམས་མྱོང་འགྱུར་གྱི་ལས་ཡོད་དོ་ཞེས་ཁ་ཅིག་ཟེར་ཏེ། གང་གི་ཕྱིར་ན་བསམ་གཏན་ཁྱད་པར་ཅན་ན་ལས་ཀྱི་རྣམ་སྨིན་བཏང་སྙོམས་མེད་ན་དེ་ན་བདེ་སྡུག་ཀྱང་མེད་པས་རྣམ་སྨིན་གཏན་མེད་པར་འགྱུར་བ་ལས་རྣམ་སྨིན་ཡོད་པའི་ཕྱིར་དང་། སྔ་ཕྱི་མེད་པར་ལས་གསུམ་གྱི་རྣམ་སྨིན་སྨིན་པར་འདོད་ཅིང་འདོད་པ་ཁམས་ལས་གཞན་དུ་དེ་གསུམ་གྱི་རྣམ་སྨིན་དུས་གཅིག་ཏུ་སྨིན་པ་མེད་པའི་ཕྱིར། གཉིས་པ་ནི། ཚོར་བ་སྐྱེ་བ་ཙམ་གྱི་ངོ་བོ་ཉིད་ཀྱིས་མྱོང་འགྱུར་དང་། དེའི་གྲོགས་རེག་པ་མཚུངས་ལྡན་གྱི་མྱོང་འགྱུར་དང་། ཡུལ་རྣམས་ལ་དམིགས་ནས་ཚོར་བ་སྐྱེ་བས་དམིགས་པ་མྱོང་བ་དང་ནི་ལས་རྣམས་ནི་ཚོར་བའི་རྒྱུ་ཡིན་པས་རྣམས་སྨིན་མྱོང་འགྱུར་དང་། མངོན་སུམ་དུ་ནི་གྱུར་པའི་མྱོང་བ་ཚོར་བ་ཡིན་པ་ལས་ཚོར་བ་གང་མངོན་སུམ་དུ་ནི་གྱུར་པ་དེ་བྱེ་བྲག་ཏུ་མྱོང་བར་འགྱུར་བས་རྣམ་པ་ལྔ་ཡིན་ནོ། །གསུམ་པ་ལ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། མྱོང་འགྱུར་གྱི་ལས་དེ་ཡང་མྱོང་བར་ངེས་པ་དང་མ་ངེས་པ་གཉིས་སོ། །རྒྱས་པར་བཤད་པ་ལ། དབྱེ་བ་སྤྱིར་བསྟན། དེ་དག་ཁྱད་པར་དུ་བཤད། བྱེ་བྲག་མྱོང་ངེས་ཀྱི་དོན་གཏན་ལ་ཕབ་པའོ། །དང་པོ་ལ། རང་བཞིན་གྱི་ལུགས་གཉིས། དང་པོ་ནི། མཐོང་བའི་ཆོས་ཚེ་འདིའི་སྨད་དང་། ལ་སོགས་པ་ཕྱི་མར་སྐྱེས་ནས་དང་། དེའི་ཕྱི་མ་ལ་སོགས་པ་ལ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་གསུམ་ཡོད་པའི་ཕྱིར་ན་ངེས་པ་གསུམ་དང་། མ་ངེས་པ་སྟེ་བཞིའོ། །མདོ་སྡེ་པ་ནི་དེ་ལྟར་རྣམ་སྨིན་འགོ་རྩོམ་པ་ཙམ་ཡིན་གྱི་རྫོགས་པར་མ་ངེས་ཏེ། གལ་ཏེ་དེས་ན་ལས་སྟོབས་ཅན་རྣམ་སྨིན་ཆུང་བར་འགྱུར་རོ་ཞེས་ཟེར། བྱེ་སྨྲ་ནི་འབྲས་བུ་མྱུར་བུལ་ཕྱིའི་ས་བོན་ལྟར་ཆོས་ཀྱི་ནུས་པའི་ཁྱད་པར་ཡིན་གྱི། སྟོབས་ཆེ་བ་མྱུར་ཆུང་བ་བུལ་བ་ནི་མ་ཡིན་ནོ་ཞེས་བཞེད་དེ། དཔེར་ན་ལྕམ་པ་ཟླ་བ་ཕྱེད་གཉིས་ནས་སྨིན། ནས་ཟླ་བ་དྲུག་ནས་སྨིན་པ་བཞིན་ནོ། །དེས་ན་མཐོང་ཆོས་ལ་མྱོང་འགྱུར་དེ་ཙམ་ལ་རྣམ་སྨིན་རྫོགས་པར་འདོད་དོ། །ཁ་ཅིག་ལས་ངེས་པ་གསུམ་དང་རྣམ་སྨིན་དང་གནས་སྐབས་མ་ངེས་པ་གཉིས་ཏེ་རྣམ་པ་ལྔ་ཞེས་ཟེར། གཞན་རྟོག་གེས་ཐ་སྙད་བྱེད་པའི་དཔེ་སྟོན་པ་དག་རྣམ་སྨིན་ངེས་ལ་གནས་སྐབས་མ་ངེས་པ། དེ་ལས་ལོག་པ། གཉིས་ཀ་ངེས་པ་དང་། གཉིས་ཀ་མ་ངེས་པ་སྟེ་མུ་ནི་བཞིའོ་ཞེས་ཟེར་ཏེ། དེ་ལྟར་ན་ལས་བརྒྱད་དུ་འགྱུར་ཏེ། མྱོང་ངེས་གསུམ་ལ་གནས་སྐབས་དང་རྣམ་སྨིན་གཉིས་ཀ་ངེས་པ། གནས་སྐབས་ངེས་ཀྱང་རྣམ་སྨིན་མ་ངེས་པ་དང་། མ་ངེས་པ་ལའང་གཉིས་ཀ་མ་ངེས་པ་དང་། གནས་སྐབས་མ་ངེས་པ་གཉིས་གཉིས་ཡོད་པས་སོ། །གཉིས་པ་ལ། ལས་གང་གིས་རིས་མཐུན་འཕེན་པ། ཁམས་གང་ན་ལས་འཕེན་རྫོགས་དུ་ཡོད་པའོ། །དང་པོ་ནི། ལས་བཞི་ལས་དང་པོས་སྔར་འཕངས་ཟིན་པ་ཚེ་དེ་ཉིད་ལ་རྫོགས་པར་བྱེད་ལ་གཞན་གསུམ་གྱིས་སྐྱེ་བ་གཞན་གྱི་རིས་མཐུན་འཕེན་པར་བྱེད་ཅིང་རྫོགས་པར་བྱེད་དོ། །གཉིས་པ་ལ་སྤྱིར་བསྟན་དམིགས་ཀྱི་བསལ་བ། བར་སྲིད་ན་ལས་འཕེན་དུ་ཡོད་པའོ། །དང་པོ་ནི། ཡང་ཁམས་དང་འགྲོ་བ་ཐམས་ཅད་ན་ནི་ལས་བཞིའི་འཕེན་པ་བཞི་ཆར་ཡོད་དོ། །གཉིས་པ་ནི། འོན་ཀྱང་དམྱལ་བ་ན་ནི་མི་དགེ་བའི་ལས་འཕེན་བཞི་ཆར་ཡོད་ཀྱང་། དགེ་བའི་ནི་འབྲས་བུ་རྣམ་སྨིན་ཡིད་དུ་འོང་བ་མེད་པས་ཕྱི་མ་གསུམ་ཁོ་ན་ཡོད་ཅིང་། དམྱལ་བ་ལས་གཞན་པའི་འགྲོ་བ་བཞི་པོ་ན་དགེ་མི་དགེའི་འཕེན་པ་མ་བཀག་པ་ཉིད་ཀྱིས་གཉིས་ཀའི་འཕེན་པ་བཞི་པོ་ཡོད་དེ་བདེ་སྡུག་སྤེལ་མར་མྱོང་བས་མཐོང་ཆོས་ལ་མྱོང་བ་དགེ་མི་དགེ་གཉིས་ཀས་འཕེན་ནོ། །ས་དང་པོ་བརྒྱད་པོ་གང་རུང་ལས་འདོད་ཆགས་དང་བྲལ་བ་བརྟན་པའི་བྱིས་པ་དག་རེ་ཞིག་མི་ཉམས་པས་དེར་སྐྱེས་ནས་མྱོང་བའི་ལས་མི་བྱེད་ཅིང་ལྷག་མ་གསུམ་ནི་བཞི་ཀ་བྱེད་དོ། །འཕགས་པ་ནི་ས་གང་ལ་འདོད་ཆགས་དང་བྲལ་བ་དེར་སྐྱེས་ནས་མྱོང་འགྱུར་མི་བྱེད་པར་མ་ཟད། ལན་གྲངས་གཞན་དུའང་མྱོང་བའི་ལས་མི་བྱེད་ལ། ལས་ལྷག་མ་གཉིས་བྱེད་ཅིང་། མི་བརྟན་པ་ཉམས་པ་ནི་འདོད་པའི་རྟེན་ཅན་དུ་ངེས་པས་ཐམས་ཅད་བྱེད་དོ། །འདོད་པ་དང་སྲིད་རྩེ་ལས་གྲོལ་བའི་ཕྱིར་མི་འོང་དང་། དགྲ་བཅོམ་པ་ནི་ཉམས་བཞིན་དུ་འཆི་བ་མེད་པས་མི་བརྟན་ཡང་ལས་དེ་གཉིས་བྱེད་པ་མིན་ནོ། །གསུམ་པ་ནི། སྲིད་པ་བར་མ་པས་འདོད་ཁམས་ཀྱི་མངལ་སྒོང་གཉིས་སུ་འགྲོ་ན། བར་སྲིད་དང་། མངལ་དང་བཙས་པའི་གནས་སྐབས་ལྔ་ལྔ་སྟེ་བཅུ་གཅིག་ལ་ངེས་པ་དང་མ་ངེས་པའི་འཕེན་པ་རྣམ་པ་ཉི་ཤུ་རྩ་གཉིས་བྱེད་ལ། ངེས་པ་བཅུ་གཅིག་པོ་དེ་ནི་མཐོང་ཆོས་ལ་འབྲས་བུ་མྱོང་བའི་ལས་ཡིན་ཏེ། གནས་སྐབས་བཅུ་གཅིག་པོ་དེ་ནི་ལས་གཅིག་གིས་འཕངས་པའི་རིས་མཐུན་གྱི་ཚེ་གཅིག་ཁོ་ན་ཡིན་པའི་ཕྱིར་རོ། །བློ་མི་གསལ་བས་ལས་གཞན་གཉིས་ནི་མི་བྱེད་དོ། །གསུམ་པ་བྱེ་བྲག་མྱོང་ངེས་ཀྱི་དོན་གཏན་ལ་དབབ་པ་ལ། མྱོང་ངེས་སྤྱིར་བསྟན། མཐོང་ཆོས་མྱོང་འགྱུར་བྱེ་བྲག་ཏུ་བཤད། ལས་འབྲས་མྱོང་ཚུལ་གཞན་བསྟན་པའོ། །དང་པོ་ནི། ཀུན་སློང་གི་སྒོ་ནས་ཉོན་མོངས་དྲག་པོའམ། རབ་ཏུ་དྭང་བ་དྲག་པོས་བྱས་པ་དང་། ཞིང་གི་སྒོ་ནས་ཡོན་ཏན་གྱི་ཞིང་དཀོན་མཆོག་ལ་ཕན་གནོད་བྱས་པ་དང་། སྦྱོར་བའི་སྒོ་ནས་དགེ་སྡིག་རྒྱུན་ཆགས་སུ་བྱས་པ་གང་ཡིན་པ་དང་། ཅི་འདྲ་ཡང་རུང་སྟེ་ཕ་མ་གསོད་པའི་ལས་གང་ཡིན་པ་དེ་ནི་མྱོང་ངེས་ཀྱི་ལས་སོ། །གཉིས་པ་ལ། དངོས་དང་། ཞིང་གི་ཁྱད་པར་རོ། །དང་པོ་ནི། མཐོང་ཆོས་ལ་འབྲས་བུ་མྱོང་བ་ཅན་གྱི་ལས་ནི་ཞིང་གི་ཁྱད་པར་ལས་དགེ་སློང་ཞིག་གིས་དགེ་འདུན་ལ་ཁྱེད་ཅག་ནི་བུད་མེད་དོ་ཞེས་པས་ཚེ་དེ་ལ་བུད་མེད་དུ་གྱུར་པ་དང་། བསམ་པའི་ཁྱད་པར་ལས་ནི་རང་ལ་དཔགས་ཏེ་ཉུང་རུམ་པ་ལོང་བ་ཞེས་པས་གླང་ལྔ་བརྒྱའི་རླིག་པ་འབྱིན་པ་མཐོང་ནས་སྙིང་རྗེ་དྲག་པོ་སྐྱེས་ཏེ་ཐར་བར་བྱས་པས་མཚན་སོར་ཆུད་པ་ལྟ་བུའོ། །ཡང་ས་དེའི་འདོད་ཆགས་དང་གཏན་དུ་བྲལ་བ་དག་ཕྱིས་དེར་མི་སྐྱེ་བའི་ཕྱིར་གནས་སྐབས་མ་ངེས་ཀྱང་རྣམ་སྨིན་ངེས་པ་གང་ཡིན་པ་ཡང་མཐོང་ཆོས་ལ་མྱོང་བ་སྟེ། འདོད་པའི་ཕྱིར་མི་འོང་ལ་འདོད་པ་མྱོང་ངེས་ཀྱི་ལས་ཡོད་པ་ཚེ་དེ་ལ་མྱོང་བ་ལྟ་བུ་སྟེ། སྔོན་བྱས་ན་མཐོང་ཆོས་བཏགས་པ་བ་དང་འདིར་བྱས་ན་མཚན་ཉིད་པའོ། །གཉིས་པ་ནི། དེའི་ཞིང་ནི་སངས་རྒྱས་ལ་སོགས་པ་དགེ་འདུན་དང་གཞན་ཡང་གང་ཟག་ལྔ་སྟེ། གང་དག་མྱང་འདས་ལ་སླར་ལོག་པ་ལྟར་སེམས་མཆོག་ཏུ་ཞི་བ་ཐོབ་པའི་འགོག་པ་ལས་ལངས་པ་དང་། སེམས་ཅན་ལ་ཕན་པའི་བསམ་པ་དང་འབྲེལ་ཞིང་དེའི་བསོད་ནམས་བརྟན་པོས་འགོས་པའི་བྱམས་པ་ལས་ལངས་པ་དང་། སེམས་ཅན་ཚད་མེད་ལ་ཉོན་མོངས་མེད་པར་འདོད་པའི་བསམ་པ་དང་དེའི་བསོད་ནམས་ཀྱིས་འགོས་པ་ལས་ལངས་པ་དང་། མཐོང་སྒོམ་གྱི་སྤང་བྱ་ཀུན་སྤངས་པའི་གནས་གྱུར་གསར་པ་དང་ལྡན་པའི་མཐོང་ལམ་དང་། དགྲ་བཅོམ་པའི་འབྲས་བུ་ལས་ལངས་མ་ཐག་པ་དེ་རྣམས་ལ་ཕན་གནོད་བྱས་པ་ཡི་འབྲས་བུ་ཡིད་དུ་འོང་བ་དང་མི་འོང་བ་འཕྲལ་ཚེ་འདི་ཉིད་དུ་མྱོང་བར་འགྱུར་ཏེ། འཕགས་པ་བར་པ་གཉིས་ནི་མཐོང་སྤང་གི་གནས་འགྱུར་ནི་རྙིང་ལ་སྒོམ་སྤང་གི་གནས་གྱུར་ནི་མ་རྫོགས་པས་དེ་ལྟ་མིན་ནོ། །གསུམ་པ་ལ་སེམས་ཚོར་མྱོང་ཚུལ། ལུས་ཚོར་མྱོང་ཚུལ་སེམས་གཡེངས་རུང་རྟེན་དང་བཅས་པའོ། །དང་པོ་ནི། རྣམ་པར་རྟོག་པ་མེད་པ་བསམ་གཏན་ཁྱད་པར་ཅན་ནས་སྲིད་རྩེའི་བར་གྱི་དགེ་བའི་ལས་ཀྱི་རྣམ་སྨིན་གྱི་གཙོ་བོ། ཚོར་བ་ནི་ལུས་ཚོར་རྟོགས་བཅས་སུ་ངེས་པས་སེམས་ཀྱི་ཚོར་བ་ཁོ་ནར་འདོད་དོ། །གཉིས་པ་ནི། ཡིད་མི་བདེ་རྣམ་སྨིན་མིན་པས་མི་དགེ་བའི་འབྲས་བུ་ནི་ལུས་ཀྱི་ཚོར་བ་ཡིན་པས་འདོད་པ་དང་བསམ་གཏན་དང་པོའི་དགེ་བའི་རྣམ་སྨིན་ལུས་སེམས་གཉིས་ཀར་སྟོན་ནོ། །གསུམ་པ་ནི། སེམས་གཡེངས་བ་སྨྱོན་པའི་སེམས་དང་། རྣམ་པར་གཡེངས་པ་ཉོན་མོངས་ཅན་ལ་མུ་བཞི་ལས། སྨྱོན་པ་ནི་ཡིད་ཀྱི་སེམས་ལ་འབྱུང་གི་སྒོ་ལྔ་ལ་མིན་ཏེ་མི་རྟོགས་པས་སོ། །དེའི་རྒྱུ་ནི་སྔོན་རྫས་སོགས་ཀྱིས་གཞན་སྨྱོ་བར་བྱས་པའི་ལས་ཀྱི་རྣམ་སྨིན་ལས་སྐྱེས་པ་དང་། སེམས་ཅན་སྐྲག་པར་བྱེད་པ་དང་། མི་མིན་པའི་གནོད་པ་དང་། འབྱུང་བ་ཆ་མི་མཉམ་པ་དང་། མྱ་ངན་མི་བཟད་པའི་རྐྱེན་གྱིས་འགྱུར་རོ། །རྟེན་ནི་དགེ་བའི་ལས་ཀྱི་མཐུས་སྒྲ་མི་སྙན་ན་མེད་ལ་དེ་མིན་པ་འདོད་པ་དང་ལྡན་པའི་འགྲོ་བ་ལྔ་རྣམས་ལ་ཡོད་དེ། སངས་རྒྱས་མིན་པའི་འཕགས་པའང་འབྱུང་བ་ཆ་མི་མཉམ་པའི་སྨྱོ་བ་ཡོད་ན་འདོད་པ་གཞན་ན་ཅི་སྨོས་སོ། །གསུམ་པ་ཡོན་པོ་སོགས་ཀྱི་དོན་ནི། མདོ་ལས། ཡོན་པོ་གསུམ་དང་སྐྱོན་གསུམ་དང་སྙིགས་མ་གསུམ་གསུངས་པ་ནི་སྒོ་གསུམ་གྱི་ལས་གྱ་གྱུ་ཞིང་དྲང་པོ་མིན་པའི་གཡོ་ལས་སྐྱེས་པ་དང་། ཉེས་པ་ཆེ་བའི་ཞེ་སྡང་དང་། དགའ་བས་འཇུག་པའི་འདོད་ཆགས་ལས་སྐྱེས་པ་ནི་དགེ་བའི་རྫས་སུ་མི་རུང་བའོ། །དཔེར་ན་ཚོན་གྱི་སྙིགས་མ་ནོར་དུ་མི་རུང་བ་ལྟར་རོ། །དེ་ཡང་ས་ལས། འདོད་ཆགས་ཉེས་པ་ཆུང་ཞིང་འབྲལ་བུལ་བ་དང་། ཞེ་སྡང་བཟློག་པ་དང་། གཏི་མུག་ཉེས་པ་ཆེ་ཞིང་འབྲལ་བུལ་བར་བཤད་དོ། །གཉིས་པ་ལས་བཞིར་གསུངས་པའི་དོན་ལ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། དཀར་ནག་ལ་སོགས་པའི་བྱེ་བྲག་གིས་ཡང་ལས་ནི་རྣམ་བཞིའོ། །གཉིས་པ་ལ་ལས་བཞི་སྤྱིར་བསྟན། ཟག་མེད་བྱེ་བྲག་ཏུ་བཤད། གཞན་ལུགས་དགག་པའོ། །དང་པོ་ནི། མི་དགེ་བ་ནི་གཅིག་ཏུ་ཉོན་མོངས་ཅན་དང་རྣམ་སྨིན་ཡིད་དུ་མི་འོང་བ་ཡིན་པ་དང་། གཟུགས་ཀྱི་དགེ་བ་ནི་རྒྱུ་མི་དགེ་བ་དང་འབྲས་བུ་དུཿཁ་དང་མ་འདྲེས་པ་དང་། འདོད་པར་གཏོགས་པའི་དགེ་བ་ཉིད་ནི་ངོ་བོ་དང་ཚོགས་པ་མི་དགེ་བ་དང་མི་འདྲེ་ཡང་རྒྱུད་གཅིག་ལ་རྒྱུ་མི་དགེ་བ་དང་འབྲས་བུ་དུཿཁ་དང་འདྲེ་བས་ན་གོ་རིམ་བཞིན་དུ་ལས་དང་རྣམ་སྨིན་གཉིས་ཀ་གནག་པ་དང་། གཉིས་ཀ་དཀར་བ་དང་། དཀར་གནག་གཉིས་ཀའི་ལས་དང་གསུམ་མོ། །ལས་དེ་གསུམ་ཀ་ཟད་པར་བྱེད་པ་ནི་ཟག་མེད་ཀྱི་ལས་ཏེ། མི་གནག་ཅིང་མི་དཀར་ལ་རྣམ་སྨིན་མེད་ལ་ལས་ཟད་པར་འགྱུར་བའི་ལས་ཞེས་གསུངས་ལ། མི་དཀར་ཞེས་པ་རྣམ་སྨིན་མེད་པ་ལ་དགོངས་ཀྱི། མདོ་ལས་གཅིག་ཏུ་དཀར་ཞིང་དགེ་ལ་ཁ་ན་མ་ཐོ་བ་མེད་པ་ཞེས་སོ། །གཟུགས་མེད་པ་དཀར་པོ་མི་སྟོན་པ་ནི་རྒྱུ་ལུས་ངག་ཡིད་གསུམ་གྱི་ལས་དང་འབྲས་བུ་སྲིད་པ་བཞི་པོ་ཚང་བ་དཀར་པོ་ཡིན་ལ་དེ་ན་མ་ཚང་བས་སོ་ཞེས་བྱེ་སྨྲ་འདོད་ལ། སློབ་དཔོན་ནི་མདོ་གཞན་ལས་དེའི་དགེ་བ་ཡང་དཀར་པོ་འབྱུང་སྟེ། དཀར་ལ་རྣམ་སྨིན་དཀར་བའི་ལས་ཚུལ་ཁྲིམས་ལྔ་དང་བརྒྱད་དང་བཅུ་དང་བསམ་གཏན་དང་ཚད་མེད་དང་གཟུགས་མེད་བཞིའོ། །ཞེས་དང་། ཡང་དེ་གང་ཞེ་ན། གཟུགས་མེད་བཞིའོ་ཞེས་སོ། །གཉིས་པ་ནི། ཅི་ཟག་མེད་ཀྱི་ལས་ཐམས་ཅད་འདི་གསུམ་ཟད་བྱེད་ཡིན་ནམ་ཞེ་ན། མིན་གྱི། མཐོང་ལམ་ཆོས་བཟོད་བཞི་དང་འདོད་པ་ལ་འདོད་ཆགས་དང་བྲལ་བར་བྱེད་པ་ཡི་སྒོམ་ལམ་ཟག་མེད་བར་ཆད་མེད་ལམ་བརྒྱད་ཀྱི་སེམས་པ་གང་ཡིན་པ་སྟེ་སེམས་པ་རྣམ་པ་བཅུ་གཉིས་པོ་དེ་ནི་ནག་པོ་ཟད་པར་བྱེད་པའི་ལས་ཡིན་ལ། དེའི་བར་ཆད་མེད་ལམ་དགུ་པའི་སེམས་པ་གང་ཡིན་པ་དེ་ནི་དཀར་པོ་དགེ་བ་ནག་པོ་མི་དགེ་བ་དགུ་པ་ཟད་བྱེད་ཡིན་ཞིང་དཀར་པོའི་ལས་ནི་བསམ་གཏན་བཞི་ལ་འདོད་ཆགས་དང་བྲལ་བར་བྱེད་པའི་ལམ་ཟག་མེད་བར་ཆད་མེད་ལམ་དགུ་སྐྱེས་པའི་ཐ་མ་བཞིའི་སེམས་པས་ཏེ། དེ་དག་གིས་ཀྱང་དགེ་བའི་ངོ་བོ་མི་སྤོང་བར་དེ་དག་ལ་དམིགས་པའི་ཉོན་མོངས་སྤོང་ངོ་། །གོང་མར་ནི་ཆོས་བཟོད་བཞིས་ངན་འགྲོའི་རྒྱུའི་ལས་དང་སྒོམ་ལམ་གྱི་སྤང་ལམ་གྱིས་ཐམས་ཅད་དུ་འགྲོ་བའི་རྒྱུའི་ལས་ཟད་པར་བྱེད་དེ། ལས་ཀྱི་ཉོན་མོངས་པ་ཡང་སྤང་དགོས་པའི་ཕྱིར་ཞེས་བཞེད་དོ། །གསུམ་པ་གཞན་ལུགས་ནི། སློབ་དཔོན་གཞན་ནི་དམྱལ་བ་ཉི་ཚེ་བ་ན་རྫོགས་བྱེད་དགེ་བ་སྲིད་ཀྱང་ཆེན་པོའི་འཕེན་རྫོགས་གཉིས་ཀ་མི་དགེ་བ་ཡིན་པས་དེ་མྱོང་བར་འགྱུར་བ་ནག་པོ་དང་འདོད་པའི་འགྲོ་བ་གཞན་བཞི་པོ་མྱོང་འགྱུར་གྱི་ལས་ནི་འཕེན་རྫོགས་དགེ་མི་དགེ་གཉིས་ཡོད་པས་དཀར་ནག་གཉིས་སུ་རིག་པ་སྟེ་བལྟའོ། །ལྷག་མ་གཉིས་མཐུན་ནོ་ཞེས་ཟེར་ཡང་གཞན་དག་ནི་འདོད་པའི་མཐོང་བས་སྤང་བྱ་ནི་དགེ་བ་དང་མ་འདྲེས་པར་གནག་ལ། འདོད་པ་ལས་སྐྱེས་པའི་གཞན་སྒོམ་སྤང་ནི་སྤྱིར་རིགས་ལ་དགེ་མི་དགེ་གཉིས་ཀ་ཡོད་པས་དཀར་གནག་འདྲེས་མ་སྟེ། མཐོང་སྤང་འཇིག་མཐར་དང་སྒོམ་སྤང་མ་བསྒྲིབས་པ་བཏང་སྙོམས་སུ་བྱས་པའོ་ཞེས་འཆད་དོ། །གཉིས་པ་རྟེན་གྱི་སྒོ་ནས་དབྱེ་བ་ལ་གཉིས་ཏེ། ལས་གསུམ་དུ་བསྟན། དེ་ལས་བཅུར་དབྱེ་བའོ། །དང་པོ་ལ་ཐུབ་པ་གསུམ། གཙང་བྱེད་གསུམ། ཉེས་སྤྱད་གསུམ། ལེགས་སྤྱད་གསུམ་མོ། །དང་པོ་ནི། མདོ་ལས་ཐུབ་པའི་ལས་གསུམ་ཞེས་འབྱུང་བ་གང་ཞེ་ན། མི་སློབ་པའི་ལུས་ངག་ཉིད་ཟག་བཅས་ཐུབ་པ་མིན་པས་སྤོང་བ་བདུན་ནི་ཐུབ་པའི་ལུས་དང་ངག་ཅེས་བྱ་ལ། ཡིད་ནི་ཟག་མེད་ཡིན་པས་ལས་ལ་མི་ལྟོས་པར་ཐུབ་པ་སྟེ། དེ་ཡང་མདོར་སྐུ་དང་གསུང་གི་ཕྲིན་ལས་རབ་ཏུ་ཞི་བ་ཞེས་པས་ཡིད་ཀྱང་རབ་ཏུ་ཞི་བར་རྗེས་སུ་དཔག་པའོ་ཞེས་གསུངས་སོ། །དེའི་མཚན་ཉིད་ནི་ཉོན་མོངས་ཐམས་ཅད་དང་བྲལ་བའོ། །གོང་མར་ནི་སློབ་མི་སློབ་གཉིས་ཀའི་ལས་ལ་བཤད་དོ། །གཉིས་པ་ནི། སྒོ་གསུམ་གྱི་ལེགས་སྤྱད་གསུམ་པོ་ཐམས་ཅད་ནི་གཙང་བྱེད་རྣམ་པ་གསུམ་ཡིན་ལ། མཚན་ཉིད་ནི་སྡིག་པའི་དྲི་མ་གཙང་བར་བྱེད་པ་སྟེ་ཟག་བཅས་ཀྱི་རེ་ཞིག་དང་ཟག་མེད་ཀྱི་གཏན་དུའོ། །གསུམ་པ་ནི། ལུས་ཀྱིས་ལས་དང་། སོགས་པ་ངག་དང་ཡིད་ཀྱི་ལས་མི་དགེ་བ་ནི་ཉེས་པར་སྤྱད་པ་གསུམ་དུ་འདོད་ལ། བརྣབ་སེམས་ལ་སོགས་པ་གསུམ་ཉོན་མོངས་པ་ཡིན་པས་ལས་མིན་ཡང་ཡིད་ཀྱི་ཉེས་པར་སྤྱད་པ་གསུམ་སྟེ་སྒྲ་དོན་ཐོབ་པར་བསམ་པའོ། །བཞི་པ་ནི། ཉེས་སྤྱད་ལས་བཟློག་པ་སྒོ་གསུམ་གྱི་ལས་དགེ་བ་དང་བརྣབ་སེམས་མེད་པ་སོགས་ནི་ལེགས་པར་སྤྱད་པ་ཡིན་ནོ། །གཉིས་པ་དེ་ལས་བཅུར་དབྱེ་བ་ལ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། ལེགས་སྤྱད་དང་ཉེས་སྤྱད་དེ་དག་ལས་ཐམས་ཅད་སྤང་བླང་དཀའ་བས་གཙོ་བོར་གང་སྤང་ཞིང་བླང་བ་ཤེས་པའི་ཕྱིར་ཆེ་ལོང་བསྡུས་ནས་ནི་ལས་ཀྱི་ལམ་བཅུར་གསུངས་ཏེ། དེ་ཡང་ཅི་རིགས་པར་ལེགས་སྤྱད་ལས་དགེ་བ་དང་། ཉེས་སྤྱད་ལས་མི་དགེ་བ་བཅུ་བསྡུས་པས་ལུས་ངག་གི་ལས་ལམ་མིན་པ་དང་སྦྱོར་མཇུག་དང་ཡིད་ཀྱི་སེམས་པ་མ་བསྡུས་ལ། མི་དགེ་བ་བཅུར་ངེས་པ་ནི་གཞན་གྱི་སྲོག་ལོངས་སྤྱོད་ཆུང་མ་དོན་གྲུབ་པ་བློ་མཐུན་པ་བློ་བདེ་བ་དོན་དང་ལྡན་པ་ལ་གནོད་པའི་ལུས་ངག་གི་བདུན་དང་། ཟང་ཟིང་དང་མི་འཇིགས་པ་དང་ཆོས་ཀྱི་སྦྱིན་པའི་གེགས་སུ་གྱུར་པ་ཡིད་ཀྱི་གསུམ་ཉེས་པ་ཆེ་བས་བཤད་ལ། གོ་རིམ་ནི་སྡེ་ཚན་གསུམ་ནི་རྟོགས་སླ་རིམ་དང་། ལུས་ངག་གི་ནང་ཚན་ཉེས་པ་ཆེ་རིམ་དང་། ཡིད་ཀྱི་གསུམ་དུག་གསུམ་གྱི་རིམ་པར་བསྟན་ཏེ། དེ་ཡང་ཡུལ་ཚོར་བ་གསུམ་གྱི་རིམ་པ་ཡིན་ལ་དེ་ནི་བདེ་བ་མཆོད་འོས་དང་དུཿཁ་གསལ་བས་སྔར་བསྟན་ནོ། །དགེ་བ་བཅུ་ནི་མི་དགེ་བ་ལས་ལྡོག་པས་གྲངས་ན་གོ་རིམ་གྲུབ་བོ། །གཉིས་པ་བཤད་པ་ལ། ལས་ལམ་དངོས། ལས་ལམ་གྱི་འབྲས་བུ། ལོག་འཚོ་ལོགས་སུ་སྨོས་པའི་རྒྱུ་མཚན་ནོ། །དང་པོ་ལ། རིག་བྱེད་ཡིན་མིན་དུ་དབྱེ། རྩ་བ་གསུམ་གསུམ་དུ་བསྟན། མཐར་འབྱིན་སོགས་གསུམ་དུ་བསྟན། མི་དགེ་བའི་ལས་ལམ་སོ་སོའི་མཚན་ཉིད། ལས་ལམ་དུ་དང་སེམས་པ་ལྷན་ཅིག་འཇུག་པ། འགྲོ་བ་གང་ན་ལས་ལམ་དུ་ཡོད་པའོ། །དང་པོ་ལ། དངོས་གཞིའི། སྦྱོར་བའི། མཇུག་གི་ཁྱད་པར་རོ། །དང་པོ་ནི། ལུས་ངག་གི་ལས་དེ་དག་ལས་མི་དགེ་བ་དྲུག་ནི་གཞན་ལ་བཅོལ་ཀྱང་འགྲུབ་པས་རིག་བྱེད་མེད་པ་སྲིད་ལ། རྣམ་པར་རིག་བྱེད་མིན་པ་ནི་ངེས་པར་ཡོད་ལ། ལོག་གཡེམ་གཅིག་པུ་ནི་གཞན་ལ་བཅོལ་བས་མི་རྫོགས་ཏེ་ལས་ཀྱི་ལམ་ཡིན་པས་རང་གིས་བྱེད་པར་ངེས་པའི་ཕྱིར་རིག་བྱེད་ཡིན་མིན་གཉིས་ཡོད་དོ། །དྲུག་པོ་དེ་དག་ཀྱང་རང་གི་བྱེད་ཅིང་དེའི་ཚེ་དངོས་གཞི་མཐར་ཕྱིན་ན་གཉིས་ཀར་ངེས་སོ། །འདོད་པའི་ལུས་ངག་གི་དགེ་བ་བདུན་ནི་བླངས་པ་ཁོ་ན་ཡིན་པས་རིག་བྱེད་ཡིན་མིན་རྣམ་པ་གཉིས་སུ་ངེས་ལ། ཏིང་ངེ་འཛིན་ལས་སྐྱེས་པའི་སྡོམ་པ་གཉིས་ནི་ཆོས་ཉིད་ཀྱིས་ཐོབ་པས་རྣམ་པར་རིག་བྱེད་མིན་པ་ཁོ་ནའོ། །གཉིས་པ་ནི། དེ་དག་གི་ཉེར་བསྡོགས་རྣམས་ནི་བྱ་བ་བྱེད་པ་ལ་ལྟོས་པས་རྣམ་པར་རིག་བྱེད་དུ་ངེས་ལ། སེམས་དྲག་པོས་བྱེད་ན་རྣམ་པར་རིག་བྱེད་མིན་པ་ཡོད་པར་འགྱུར་བའམ། ཞན་པས་བྱེད་ན་སློང་མི་ནུས་པས་མིན་ལ། གསུམ་པ་ནི། དེ་ལས་བཟློག་པ་ནི་མཇུག་ཡིན་ཏེ་མ་བཏང་གི་བར་དུ་རིག་བྱེད་མིན་པ་ཡོད་ངེས་ཀྱི་དངོས་གཞི་དང་མཐུན་པའི་བྱ་བ་བྱེད་ན་རིག་བྱེད་ཀྱང་ཡོད་ལ་མི་བྱེད་ན་མེད་དོ། །གཉིས་པ་ནི། མདོ་ལས་མི་དགེ་བ་བཅུ་དུག་གསུམ་ལས་སྐྱེས་པར་གསུངས་པ་དེ་དངོས་ཀྱི་དབང་དུ་བྱས་སམ་ཞེ་ན། མ་ཡིན་གྱི། ལུས་ངག་གི་བདུན་གྱི་སྦྱོར་བ་ནི་ཀུན་སློང་མི་དགེ་བའི་རྩ་བ་གསུམ་ལས་སྐྱེས་པ་ལ་དགོངས་ཏེ། སྲོག་གཅོད་འདོད་ཆགས་ལས་སྐྱེས་པ་ནི་ཤ་ལ་སོགས་པ་འདོད་དེ་བདག་དང་མཛའ་བོ་བསྐྱབ་པའི་ཕྱིར་གསོད་པ་དང་། ཞེ་སྡང་ལས་སྐྱེས་པ་ནི་དགྲ་དང་ཞེས་འགྲས་ཏེ་འཁོན་ནས་ངེས་པར་དབྱུང་བར་བྱ་བས་གསོད་པ་དང་། གཏི་མུག་ལས་སྐྱེས་པ་ནི་མཆོད་སྦྱིན་དང་། པར་སིག་པ་དག་ཕ་མ་རྒས་པ་དང་། ནད་ཚབས་ཆེ་བ་གསད་ན་ཆོས་སུ་འགྱུར་རོ་ཞེས་བསོད་ནམས་ཀྱི་བློས་གསོད་པའོ། །མ་བྱིན་པར་ལེན་པ་ལ་ཡང་གང་ཞིག་དོན་དུ་གཉེར་བའམ་བདག་དང་མཛའ་བོ་བསྐྱབ་པའི་ཕྱིར་དུ་རྐུ་བ་དང་། འཁོན་ནས་དབྱུང་བས་རྐུ་བ་དང་། མི་དགྲུངས་པ་ཆད་པས་གཅོད་པ་དང་། བྲམ་ཟེ་དག་ནོར་ཐམས་ཅད་ཚངས་པས་བུ་ཐུ་བོ་བྲམ་ཟེ་ལ་ཕོག་སྟེ་བྲམ་ཟེ་རྒུད་པའི་ཚེ་རྐུ་བ་ཆོས་སུ་བཤད་ཅེས་རྐུ་བ་དང་། ལོག་ལྟས་བླངས་པ་ཐམས་ཅད་དོ། །ལོག་གཡེམ་ཡང་བདག་དང་མཛའ་བོ་བསྐྱབས་པ་དང་། བུད་མེད་དེ་ཉིད་ལ་ཆགས་པ་དང་། ཁྱོ་དང་འཁོན་ཞུགས་པས་དབྱུང་བས་དང་། པར་སིག་པ་དག་མ་ལ་ཉལ་པོ་བྱེད་པ་དང་། བུད་མེད་ནི་གཏུན་དང་ལམ་ལ་སོགས་པ་ལྟར་ཐུན་མོང་ངོ་ཞེས་པས་བྱེད་པའོ། །བརྫུན་ལ་སོགས་པའི་དང་པོ་གཉིས་འདྲ་ལ། གསུམ་པ་ནི། རྒྱལ་པོ་བཞད་གད་ལྡན་དང་བུད་མེད་དང་། །བག་མ་ལེན་པའི་ཚེ་དང་གསོད་པ་དང་། །ནོར་རྐུན་འཕྲོག་ཚེ་བརྫུན་བྱས་གནོད་བྱེད་དོ། །བརྫུན་ལྔ་ལྟུང་བར་འགྱུར་བ་མིན་ཞེས་བཤད། །ཅེས་དང་། །ལོག་ལྟས་བསླངས་པ་ཐམས་ཅད་དང་། །བསྟན་བཅོས་ངན་པ་སྨྲ་བའི་ཚིག་བཀྱལ་ལྟ་བུའོ། །ཡང་ན་རྙེད་བཀུར་གྱི་ཆེད་དང་། གནོད་ལན་གྱི་ཆེད་དང་། འདི་ལ་སྐྱོན་ཅི་ཡང་མེད་དོ་ཞེས་བརྫུན་ལ་སོགས་པ་སྨྲ་བ་བཞིན་ནོ། །ཡིད་ཀྱི་གསུམ་ནི་དུག་གསུམ་པོ་དེ་ཡི་མཇུག་ཐོགས་ལས་བྱུང་བའི་ཕྱིར་བརྣབ་སེམས་ལ་སོགས་པ་གསུམ་ནི་མི་དགེ་བའི་རྩ་བ་གསུམ་ལས་སྐྱེས་པ་ཡིན་ནོ། །ལོག་ལྟ་ཡང་རྙེད་བཀུར་ལ་ཆགས་པ་དང་། དགྲ་ལ་སྡང་བ་དང་། ཉེས་པ་མེད་པར་ཤེས་ནས་འཛིན་པ་ཡོད་དོ་ཞེས་སྔ་རབས་པ་དག་གསུང་ངོ་། །མདོ་ལས་དགེ་བ་རྩ་བ་གསུམ་ལས་སྐྱེ་བར་གསུངས་པ་ནི་སྦྱོར་བ་ཕྱག་འཚལ་བ་ལ་སོགས་པ་དང་། དངོས་གཞི་བརྗོད་པ་གསུམ་པའི་ཚེ་དང་། མཇུག་དེ་ནས་མ་བཏང་གི་བར་རྣམས་སེམས་དགེ་བས་སློང་ཞིང་། དེ་རྩ་བ་གསུམ་དང་ངེས་པར་ལྡན་པས་འདོད་ཆགས་མེད་པ་ཞེ་སྡང་མེད་པ་གཏི་མུག་མེད་པ་གསུམ་ཆར་ཚང་བ་ལས་སྐྱེས་སོ། །གསུམ་པ་ལ། ཉོན་མོངས་གང་གིས་མཐར་འབྱིན་པ། གང་གི་གཞི་གང་ཡིན་པ། དངོས་གཞིར་འགྱུར་བའི་ཚད་དོ། །དང་པོ་ནི། གསོད་པ་དང་གནོད་སེམས་དང་ཚིག་རྩུབ་པོ་གསུམ་ནི་ཞེ་སྡང་གིས་ནི་མཐར་ཕྱིན་པར་བྱེད་ལ། ལོག་གཡེམ་དང་བརྣབ་སེམས་དང་མ་བྱིན་ལེན་གསུམ་ནི་ཆགས་པ་ཡིས་ནི་རྫོགས་པར་བྱེད། ལོག་པར་ལྟ་བ་ནི་གཏི་མུག་གིས་རྫོགས། ལྷག་མ་གསུམ་ནི་གསུམ་ཆར་གྱི་རྫོགས་པར་འདོད་དོ། །གཉིས་པ་ནི། བཞི་པོ་དེ་ཡི་གཞི་ནི་རིམ་བཞིན་སེམས་ཅན་དང་ལོངས་སྤྱོད་དང་མིང་དང་གཟུགས་དང་ཕུང་པོ་ལྔ་དང་མིང་གི་ཚོགས་སོ། །གསུམ་པ་ནི། ཅི་གསད་བྱ་དང་དུས་མཉམ་པའམ་དེའི་སྔར་གསོད་བྱེད་ཤི་ན་ལས་ལམ་དངོས་ཡོད་དམ་མེད་ཅེ་ན། གསད་བྱ་ལས་སྔ་བ་དང་དུས་མཉམ་དུ་གསོད་བྱེད་ཤི་བ་ལ་ནི་སྦྱོར་བ་བྱས་ཤིང་འབྲས་བུ་རྫོགས་ཀྱང་གསོད་པའི་ལས་ལམ་དངོས་གཞི་མེད་དེ། སེམས་ཅན་ཤི་བའི་དུས་ཀྱི་རིག་བྱེད་དང་རིག་བྱེད་མིན་པ་དངོས་ཡིན་ལ། དེའི་ཚེ་སྦྱོར་བ་བྱེད་པའི་ལུས་ཞིག་ནས་སྐྱེ་བ་ཕྱི་མའི་ལུས་གཞན་སྐྱེས་པའི་ཕྱིར། དེ་ཡང་སྦྱོར་བ་བྱས་པའི་ལུས་རྟེན་ཉིད་ལ་དངོས་གཞི་གྲུབ་དགོས་པའི་དོན་ནོ། །ཤི་བས་སྡོམ་པ་གཏོང་བ་ལྟར་ལུས་གཞན་གྱིས་སྦྱོར་བ་བྱས་པས་ནི་གཞན་ལ་དངོས་གཞི་མི་གྲུབ་ལ། ཊཱི་ཀར་དངོས་གཞི་སྔོན་དུ་འགྲོ་བའི་མཇུག་ཀྱང་མེད་པར་མངོན་ནོ་ཞེས་བཤད། ཡང་མང་པོས་དམག་ལ་སོགས་པ་བྱས་ཏེ་གཅིག་གིས་ཕ་རོལ་གྱི་སྲོག་གཅད་ན་དེ་དང་སུ་ཞིག་ལྡན་ཞེ་ན། ཐམས་ཅད་བྱེད་པ་པོ་བཞིན་དུ་ལྡན་ཏེ་དོན་གཅིག་ལ་ཞུགས་པའི་ཕྱིར་རོ། །བཞི་པ་ལ། མཚན་ཉིད་དངོས། ལས་ལམ་གྱི་སྒྲ་དོན། ལོག་ལྟའི་བྱེད་ལས་སོ། །དང་པོ་ལ། ལུས་ཀྱི། ངག་གི ཡིད་ཀྱི་ལས་ཀྱི་མཚན་ཉིད་དོ། །དང་པོ་ལ། སྲོག་གཅོད། མ་བྱིན་ལེན། འདོད་ལོག་གོ །དང་པོ་ནི། སྲོག་གཅོད་པ་ནི་འདི་གསོད་ཅེས་བསམ་བཞིན་དུ་སྦྱོར་བ་བྱས་པ་དང་གསད་བྱ་མ་ནོར་དགོས་ཏེ། བསམ་སྦྱོར་ལོག་ན་དངོས་གཞིར་མི་འགྱུར་བའི་ཕྱིར་རོ། །རང་གསད་ན་སྦོམ་པོར་བཤད་པས་རང་ལས་གཞན་གསད་པའོ། །དེ་ཡང་གསད་བྱ་སྔོན་ལ་ཤི་བ་གཅིག་དགོས་སོ། །གཞན་གྱིས་ཁྲིད་པ་ལ་ཕྱིས་དོན་གཅིག་པའི་བློ་སྐྱེས་ན་ལྡན་ནོ། །འདི་ནི་བཅོལ་བས་རྫོགས་པ་གཞན་དང་དགེ་བ་ལ་ཡང་མཚུངས་སོ། །གཞན་ལ་བཅོལ་བ་ན་ངག་དང་མཐུའམ་དྲང་སྲོང་ཁྲོས་པ་སོགས་ཡིད་ཀྱིས་འགྲུབ་ཀྱང་རིགས་ཕལ་ཆེར་ལུས་ལ་བརྟེན་པས་ལུས་ཀྱི་ལས་སོ། །གཉིས་པ་ནི། མ་བྱིན་པར་ལེན་པ་ནི་བསམ་བཞིན་དུ་གཞན་གྱི་ནོར་མཐུས་དངོས་སུ་འཕྲོག་པའམ་འཇབ་བུས་མ་ཚོར་བར་བདག་གིར་བྱེད་པ་སྟེ། བུ་ལོན་དང་གཏམ་པ་ལ་དོར་བྱེད་པ་དང་གཡོ་སྒྱུས་བསླང་ན་དངོས་གཞིའོ། །བསྡུ་བར། ཞེ་སྡང་གིས་གཞན་གྱི་རྫས་སྲེག་པ་སོགས་ནི་རྐུ་བ་དང་འདྲ་བའམ་དེ་ལས་སྡིག་པ་ཆེ་བར་བཤད། མཆོད་རྟེན་ལ་ཕུལ་བ་བརྐུས་པ་སྦོམ་པོར་བཤད་པ་ནི་ལྷག་མེད་མྱང་འདས་ལ་དགོངས་སོ། །བདག་པོ་མེད་པའི་གཏེར་རྐུ་བ་ཡང་ངོ་། །རབ་བྱུང་ཤི་བའི་ནོར་ནི་གསོལ་བའི་ལས་བྱས་ན་མཚམས་ནང་གི་དགེ་འདུན་དང་། མ་བྱས་ན་སངས་རྒྱས་ཀྱི་སློབ་མ་ཐམས་ཅད་ལས་སོ། །གསུམ་པ་ནི། ལོག་པར་གཡེམ་པ་ནི་བགྲོད་པར་བྱ་བ་མིན་པ་ལ་འགྲོ་བར་འདོད་པ་ཡིས་འགྱུར་ལ། དབྱེ་ན་རྣམ་པ་བཞི་སྟེ། བགྲོད་བྱ་མིན་པ་དང་པོ་གཞན་གྱིས་བཟུང་བ་དང་། གཉིས་པ་མ་དང་བུ་མོ་དང་། གསུམ་པ་ཕ་མ་དང་འབྲེལ་པ་བདུན་བརྒྱུད་ཚུན་ཆད་དང་། བཞི་པ་རང་གི་ཡིན་ཡང་ཡན་ལག་མིན་པ་ཁ་དང་བཤང་ལམ་དང་། ཡུལ་མིན་པ་སྣང་བ་དང་མཆོད་རྟེན་དང་གཙུག་ལག་ཁང་དང་། དུས་མིན་པ་སྦྲུམ་པ་དང་ནུ་ཞོ་འཐུང་བ་དང་བསྙེན་གནས་ལ་གནས་པའོ། །བསྡུ་བར། ཚོད་མིན་པ་ལྔ་ལས་ལྷག་པར་སྤྱོད་པ་ཡང་བཤད། ཡང་ན་དང་པོ་གསུམ་གཅིག་དུ་བྱས་ལ་རང་གི་ཆུང་མའི་གསུམ་སྟེ་བཞིའོ། །མ་ནོར་བ་ཞེས་སྦྱར་ཏེ་གཞན་གྱི་ལ་རང་གིར་ཤེས་ན་ལས་ལམ་དུ་མི་འགྱུར། རང་གི་ལ་གཞན་གྱི་ཤེས་ན་ཁ་ཅིག་གཞན་གྱི་ལ་སྦྱོར་བ་བྱས་ཤིང་ལོངས་སྤྱོད་པས་འགྱུར་རོ་ཞེས་ཟེར། ཁ་ཅིག་སྦྱོར་བ་གཞན་དུ་བྱས་པས་མི་འགྱུར་ཏེ་སྲོག་གཅོད་བཞིན་ནོ་ཞེས་ཟེར་རོ། །དགེ་སློང་མ་སུན་ཕྱུང་ན་སུ་ལས་ལོག་གཡེམ་ཡིན་ཞེ་ན། དབྱེ་བ་དང་པོ་ལྟར་ན་རྒྱལ་པོས་མི་བཟོད་པས་དེ་ལས་སམ། གཉིས་པ་ལྟར་ན་རང་གི་ཆུང་མ་ངེས་པ་ལ་གནས་པ་ལྟར་དུས་མིན་པའོ། །གཞོན་ནུ་མ་ལ་ནི་གང་ལ་བྱིན་པ་དང་། དེ་མེད་ན་ཕ་མ་སོགས་ཀྱིས་བསྲུངས་པ་དང་། ཐ་ན་རྒྱལ་པོ་ལས་སོ། །གཉིས་པ་ངག་ལ་བཞི་ལས། དང་པོ་ལ། ལས་ལམ་དངོས། ཞར་ལ་མཐོང་ཐོས་བཤད་པའོ། །དང་པོ་ནི། བརྫུན་ཚིག་ནི་འདུ་ཤེས་དོན་ཇི་ལྟར་གནས་པ་ལས་གཞན་དུ་བསྒྱུར་ནས་སྨྲ་བའི་ཚིག་གི་དོན་ཕ་རོལ་པོས་མངོན་པར་གོ་བ་སྟེ། མ་གོ་བ་དང་ནོར་བ་ནི་ངག་བཀྱལ་ལོ། །ངག་གི་བཞི་ཡང་ལུས་ཀྱི་བརྡ་བྱེད་པ་དང་གསོ་སྦྱོང་གི་བརྫུན་ལྟ་བུ་ཡིད་ཀྱིས་བྱས་པ་ཡང་ཡོད་དོ། །གཉིས་པ་ནི། དེ་ལ་མདོ་ཐ་དད་པ་ལས་ཐ་སྙད་བཅུ་དྲུག་འབྱུང་སྟེ། མཐོང་དང་མ་མཐོང་ཐོས་མ་ཐོས། །རྟོགས་དང་མ་རྟོགས་ཤེས་མ་ཤེས། །ཇི་བཞིན་སྨྲ་བ་འཕགས་པ་ཡི། །ཐ་སྙད་བཟློག་པ་བྱིས་པའི་ཡིན། །ཞེས་པ་ལ་དེ་དག་གི་གཞི་མཐོང་བ་ལ་སོགས་པ་ནི། མིག་གི་ཤེས་པ་དང་། རྣ་བའི་ཤེས་པ་དང་། ཡིད་ཀྱི་རྣམ་ཤེས་དང་། སྣ་ལྕེ་ལུས་གསུམ་གྱི་རྣམ་ཤེས་ཀྱིས་ཉམས་སུ་མྱོང་བ་གང་ཡིན་པ་དེ་རིམ་པ་བཞིན་དུ་མཐོང་བ་དང་ཐོས་པ་དང་རྣམ་པར་ཤེས་པ་དང་རྟོགས་པར་བཤད་དོ། །གསུམ་གཅིག་ཏུ་བྱེད་པ་ནི་ཤི་བ་ལ་ཡང་མཐའ་ཞེས་དང་། ལུང་མ་བསྟན་ཡང་ཐ་མ་ཞེས་སྒྲ་ཉེ་བས་ཤི་བ་དང་འདྲ་སྟེ་དྲི་རོ་རེག་གསུམ་དགེ་མི་དགེ་མེད་པའི་ལུང་མ་བསྟན་དུ་འདྲ་བས་ཤེས་པ་གསུམ་ཕྱོགས་གཅིག་ཏུ་རྟོགས་པ་ཞེས་བྱའོ། །ཡང་ན་དེ་གསུམ་གྱིས་ཡུལ་དང་ཕྲད་ནས་འཛིན་པར་འདྲ་བས་རྟོགས་པ་ཞེས་པ་གཅིག་ཏུ་བྱའོ། །གོང་མར་ནི་མཐོང་རྟོགས་ཤེས་གསུམ་ཐོས་སོགས་ཀྱིས་རིགས་པ་རིམ་བཞིན་བཤད་དོ། །གཉིས་པ་ནི། ཕྲ་མ་ནི་ཕ་རོལ་མཛའ་བོ་དང་དབྱེ་བར་བྱ་བའི་ཕྱིར་མ་ནོར་བར་ཉོན་མོངས་ཅན་གྱི་སེམས་ཀྱིས་ཀུན་ནས་བསླངས་པ་སྟེ་འདི་ནི་ཀུན་ལ་སྦྱར་ཞིང་ཚིག་དོན་གོ་བའོ། །གསུམ་པ་ནི། ཚིག་རྩུབ་པོ་ནི་ཉོན་མོངས་ཅན་གྱིས་མ་ནོར་བར་མི་སྙན་པའི་ཚིག་སྨྲས་པ་གོ་བའོ། །བཞི་པ་ནི། །ཉོན་མོངས་ཅན་གྱི་ཚིག་སྔ་མ་གསུམ་དང་གཞན་ཀུན་ཀྱང་ངག་བཀྱལ་བ་ཡིན་ལ། སྡེ་པ་གཞན་ནི། གསུམ་པོ་དེ་ལས་གཞན་པའི་ཚིག་ཉོན་མོངས་ཅན་ཏེ། ལོག་འཚོ་ཅན་གྱི་ཁ་གསག་དང་། ཆགས་པ་ཅན་གྱི་གླུ་དང་། བཞད་གད་འདོད་པས་ཟློས་གར་དང་། གཅིག་གིས་བྱས་པ་ལ་གཅིག་གིས་ཞུགས་པས་ན་དེ་སྐད་ཅེས་བྱའོ། །ཕྱི་རོལ་པའི་ལྟ་བ་ལ་ཞེན་ནས་དེ་སྟོན་པའི་བསྟན་བཅོས་ངན་པ་འདོན་པ་དང་། སྨྲེ་སྔགས་དང་འདུ་འཛིའི་གཏམ་ལ་སོགས་པ་བཞིན་ནོ། །གསུམ་པ་ནི། བརྣབ་སེམས་ནི་མཐུའམ་འཇབ་བུའང་རུང་ལོག་པ་མི་རིགས་པས་གཞན་གྱི་ནོར་ལ་བདག་གིར་བྱེད་པར་འདོད་པའི་ཆགས་པའོ། །གནོད་སེམས་ནི་སེམས་ཅན་ལ་ཕུང་བ་དང་བརླག་པར་སེམས་པའི་སྡང་བའོ། །ཚིག་སྡེབ་པའི་ཕྱིར་ལས་དགེ་མི་དགེ་མེད་པར་ལྟ་བ་སོགས་ལས་འབྲས་དང་འཕགས་པ་ལ་སྐུར་པ་འདེབས་པ་སོགས་ལོག་པར་ལྟ་བ་ཡིན་ནོ། །གཉིས་པ་ལས་ལམ་གྱི་སྒྲ་དོན་ནི། ལས་ལམ་བཅུ་པོ་འདི་ལ་ཡིད་ཀྱི་གསུམ་ནི་ལས་མིན་ཡང་སེམས་པ་འཇུག་པའི་སྒོ་ལམ་ཡིན་པས་ལས་ཀྱི་ལམ་དང་། བདུན་ལུས་ངག་གི་ལས་ཀྱང་ཡིན་ལ། རང་གི་ཀུན་སློང་གི་སེམས་པ་འཇུག་པའི་ལམ་ཡང་ཡིན་པས་ལས་ཀྱི་ལམ་སྟེ། མདོ་སྡེ་པ་ནི་སེམས་པ་བསམ་པའི་ལས་ཀྱང་ཡིན་ལ། བདེ་འགྲོའམ་ངན་འགྲོའི་ལམ་ཡང་ཡིན་པས་བཅུ་ཆར་ལས་ལམ་དུ་བཞེད་དོ། །གསུམ་པ་ལོག་ལྟའི་བྱེད་ལས་ལ། ཆད་ལྟས་དགེ་རྩ་གཅོད་པ། ཆད་པའི་ངོ་བོ། ཆད་པ་མཚམས་སྦྱོར་ཚུལ་ལོ། །དང་པོ་ནི། མི་དགེ་བ་བཅུ་ཆར་དགེ་བ་སྤྱོད་པ་དང་འགལ་བ་ཡོད་ཀྱང་མེད་པར་ལྟ་བ་ཁོ་ནས་དགེ་བའི་རྩ་བ་གཅོད་དེ། དགེ་བའི་འཇུག་པ་ཐམས་ཅད་དང་འགལ་བས་སོ། །མདོ་ལས་དུག་གསུམ་གྱིས་གཅོད་པར་བཤད་པ་ནི། དེ་དག་གིས་ལོག་ལྟ་དྲངས་ནས་གཅོད་པ་ལ་དགོངས་ཏེ། རྐུན་པོའི་སྦར་བའི་མེས་གྲོང་བསྲེགས་པ་ལ་རྐུན་པོས་གྲོང་བསྲེགས་ཞེས་པ་ལྟ་བུའོ། །དེ་ཡང་ལོག་ལྟ་སྐྱེས་པའི་ཚེ་ཁམས་གོང་དང་འདོད་པའི་དགེ་བ་སྦྱོར་བྱུང་ནི་སྔར་ནས་ཉམས་ཟིན་པས་དངོས་སུ་གཅད་པར་བྱར་མེད་པས་འདོད་པར་གཏོགས་པའི་དགེ་བ་སྐྱེས་ནས་ཐོབ་པ་ཁོ་ན་དངོས་སུ་གཅོད་ཅིང་། ཐོབ་པ་ཐག་བསྲིང་བ་ལ་དགོངས་ནས་གདགས་པར་ལོག་ལྟས་ཁམས་གསུམ་པའི་དགེ་རྩ་གཅོད་པར་བཤད་དོ། །ལོག་ལྟ་གཞན་ནི་དགེ་བའི་འཇུག་པ་ཐམས་ཅད་དང་མི་འགལ་བས་མི་གཅོད་ལ། རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པ་གང་རུང་ངམ་ཁ་ཅིག་གཉིས་ཀས་གཅོད་ལ། དེ་ཡང་སྐལ་བ་མཉམ་མི་མཉམ་གྱི་ཁམས་ལ་དམིགས་པ་ཀུན་གྱིས་སོ། །ཇི་ལྟར་ཞེ་ན། ཁ་ཅིག་མཐོང་སྤང་ལྟར་དགེ་བ་དགུ་ཅིག་ཆར་གཅོད་པར་འདོད་ཀྱང་ལོག་ལྟ་ཆེ་འབྲིང་དགུས་དགེ་བ་དགུ་རིམ་གྱིས་གཅོད་དོ། །རྟེན་གང་ལ་གཅོད་ཅེ་ན། འཆལ་བའི་ཤེས་རབ་བརྟན་ཞིང་སྡིག་པའི་བསམ་པ་ཅན་ལས་འབྲས་མངོན་སུམ་དུ་གྱུར་པ་ཞིག་གིས་གཅོད་པས་གླིང་གསུམ་གྱི་མིའི་ནང་དུའོ། །དེའི་ནང་ནས་ཀྱང་སྐྱེས་པ་དང་བུད་མེད་ཀྱིས་གཅོད་དོ། །དེ་ཡང་སྲེད་པ་སྤྱད་པས་མིན་གྱིས་ལྟ་བ་སྤྱད་པས་སོ། །སྒྲ་མི་སྙན་པ་དང་ངན་སོང་བ་དང་ལྷའི་རྟེན་ལ་མ་ཡིན་ཏེ་སྒྲུབ་བྱེད་གསུམ་དང་རིམ་བཞིན་སྦྱར་རོ། །གོང་མར་ལྷ་ཚེ་རིང་པོའི་རྟེན་ལ་ལོག་ལྟ་སྐྱེས་ཏེ་གཅོད་པར་བཤད་པ་ནི་གོང་ན་མི་དགེ་བ་མེད་པས་ལོག་ལྟའི་ཉེ་རྒྱུས་ཉམས་པ་ལ་འདོད་དགོས་སོ། །གཉིས་པ་ནི། ཆད་པ་དེའི་ངོ་བོ་ནི་དགེ་རྩའི་ཐོབ་པ་མི་ལྡན་པ་སྟེ་དགེ་བའི་མ་ཐོབ་པའོ། །གསུམ་པ་ནི། དགེ་རྩ་ཆད་པ་མཚམས་སྦྱོར་བ་ནི་ཆད་པ་དག་ལས་འབྲས་ལ་ཐེ་ཚོམ་དང་ཡོད་པར་ངེས་སོ་སྙམ་པའི་ཡང་དག་པའི་ལྟ་བས་དགེ་བའི་ཐོབ་པ་འདྲེན་ཞིང་མཚམས་སྦྱོར་རོ། །དེ་དག་གིས་དགེ་བ་སྐྱེས་ཐོབ་དགུས་ཐོབ་པ་ཅིག་ཅར་འདྲེན་ཞིང་མངོན་དུ་རིམ་གྱི་འགྱུར་ཏེ། ནད་མེད་ནས་སྟོབས་རིམ་གྱིས་རྙེད་པ་བཞིན་ནོ། །སྤྱིར་དགེ་རྩ་ཆད་པ་དང་མཚམས་མེད་བྱས་པ་ལ་མུ་བཞི་ལས། མུ་དང་པོ་ནི། མུ་སྟེགས་སྟོན་པ་རྟོག་གེ་པ་དྲུག་དང་རྗེས་སུ་སྒྲོགས་པ་དྲུག་གོ །གཉིས་པ་ནི། རྒྱལ་པོ་མ་སྐྱེས་དགྲ་ལྟ་བུའོ། །གསུམ་པ་ནི། ལྷས་བྱིན་ལྟ་བུའོ། །བཞི་པ་ནི། འོ་སྐོལ་ལྟ་བུའོ། །དེ་ལ་མུ་གཉིས་པ་མཚམས་མེད་བྱས་པའི་ཚེ་འདི་ལ་སྦྱོར་བ་མིན་ཏེ་ལྟ་བ་དང་ཚུལ་ཁྲིམས་གཉིས་ཀ་ཉམས་པས་སོ། །གཞན་གྱིས་ནི་ཚེ་འདི་ལ་ཡང་སྦྱོར་ནུས་སོ། །ལྔ་པ་ལ། མི་དགེ་བ་དང་། དགེ་བ་དུ་དང་ལས་ལམ་ལྷན་ཅིག་ཏུ་འཇུག་པའོ། །དང་པོ་ནི། མི་དགེ་བ་བརྒྱད་ཀྱི་བར་དག་དང་སེམས་པ་གཅིག་ཆར་ལྷན་ཅིག་ཏུ་འབྱུང་སྟེ། གཅིག་དང་ལྷན་ཅིག་ཏུ་འཇུག་པ་ནི་ཡིད་ཀྱི་གསུམ་པོ་གང་རུང་གཅིག་མངོན་དུ་གྱུར་པ་དང་། གཉིས་དང་འཇུག་པ་ནི་གནོད་སེམས་ཀྱིས་སྲོག་གཅོད་པ་དང་། གསུམ་དང་འཇུག་པ་ནི་གནོད་སེམས་ཀྱིས་སྲོག་གཅོད་པ་དང་མཉམ་དུ་ནོར་འཕྲོག་པ་དང་། བཞི་དང་འཇུག་པ་ནི་དེ་གསུམ་དང་མཉམ་དུ་བརྫུན་སྨྲ་བ་དང་། ལྔ་དང་དྲུག་དང་བདུན་དང་འཇུག་པ་ནི་དེ་བཞིའི་སྟེང་དུ་ཕྲ་མ་ཚིག་རྩུབ་ངག་བཀྱལ་སྨྲ་བའོ། །བརྒྱད་དང་ལྷན་ཅིག་འཇུག་པ་ནི་གནོད་སེམས་ཀྱིས་སྲོག་གཅོད་སོགས་དྲུག་ལ་སྦྱོར་བ་རང་གིས་བྱས་ནས་གཞན་ལ་བཅོལ་ཏེ། འདོད་ལོགས་རང་གིས་བྱས་ཏེ་མཉམ་དུ་མཐར་ཕྱིན་པའོ། །དགུ་དང་བཅུ་དང་ནི་མིན་ཏེ་ཡིད་ཀྱི་གསུམ་ལྷན་ཅིག་ཏུ་མི་འབྱུང་ཞིང་དེ་གསུམ་དང་འདོད་ལོག་བཅོལ་བས་མི་རྫོགས་པས་སོ། །གཉིས་པ་ནི། དགེ་བ་ནི་གཉིས་ནས་བཅུའི་བར་དག་དང་ལྷན་ཅིག་འབྱུང་ལ། དེ་ཡང་བར་མ་ལ་སྲིད་ཀྱང་སྡོམ་པའི་སྤོང་བ་ནི་ཡིད་ཀྱི་དང་པོ་གཉིས་ལྷན་ཅིག་པར་ངེས་པས་གཅིག་དང་བརྒྱད་དང་ལྔ་དང་ནི་མིན་ཏེ། ལུས་ངག་གི་སྤོང་བ་ནི་བཞིའམ་བདུན་པ་ཡིན་པས་སོ། །དེས་ན་གཉིས་དང་འཇུག་པ་ནི་ངེས་རྟོགས་མེད་པའི་ཕྱིར་སྒོ་ལྔའི་རྣམ་ཤེས་དགེ་བ་ཙམ་དང་། གཟུགས་མེད་ལ་བརྟེན་པའི་ཟད་མི་སྐྱེ་ལ་གནས་པ་ནི་ལྟ་བ་མིན་པར་ཡིད་ཀྱི་དང་པོ་གཉིས་དང་། ཡིད་ཤེས་དགེ་བ་ཙམ་ལ་གནས་ན་ཡིད་ཀྱི་གསུམ་དང་། དགེ་བ་ལས་གཞན་པའི་སེམས་ཀྱིས་དགེ་བསྙེན་དང་དགེ་ཚུལ་གྱི་བར་གྱི་སྡོམ་པ་ལེན་ན་སྤོང་བ་བཞི་དང་། སྒོ་ལྔའི་རྣམ་ཤེས་དགེ་བས་དེ་དག་ལེན་ན་དྲུག་དང་། སྡོམ་པ་དེ་དག་ཡིད་ཤེས་དགེ་བས་ལེན་པའམ་སེམས་དང་པོས་དགེ་སློང་ལེན་པ་ན་བདུན་དང་། སེམས་གཉིས་པས་དེ་ལེན་པ་དང་བསམ་གཏན་ཟག་མེད་ཀྱི་ཟད་མི་སྐྱེ་ཤེས་ལ་དགུ་དང་། སེམས་གསུམ་པས་དེ་ལེན་པ་དང་ཟད་མི་སྐྱེས་བར་ཤེས་པ་ལས་གཞན་པའི་སྤོང་བདུན་དང་ལྡན་པའི་མཉམ་གཞག་ན་བཅུ་དང་ལྷན་ཅིག་འབྱུང་ངོ་། །དྲུག་པ་ལ། འགྲོ་བ་གང་ན་མི་དགེ་བ་དུ་ཡོད་པ། དགེ་བ་དུ་ཡོད་པའོ། །དང་པོ་ནི། དམྱལ་བ་ན་ནི་སྨྲེ་སྔགས་འདོན་པའི་བཀྱལ་པ་དང་ཕན་ཚུན་བརྒྱད་བཀག་བྱེད་པའི་ཚིག་རྩུབ་དང་། གཅིག་ལ་གཅིག་སྡུག་ཚིག་ཟ་བའི་གནོད་སེམས་མངོན་གྱུར་ལ། ཐོབ་པ་ཡང་ཡོད་པར་ངེས་པས་མངོན་གྱུར་དང་ལྡན་པ་རྣམ་པ་གཉིས་སོ། །ཆགས་ཡུལ་མེད་པ་དང་ལས་འབྲས་མངོན་དུ་གྱུར་པས་བརྣབ་སེམས་དང་ལོག་ལྟ་མངོན་གྱུར་མེད་ཀྱང་གཉེན་པོ་མ་སྐྱེས་པས་ལྡན་པ་ཡོད་ལ། གཞན་མེད་དེ་ལས་མ་ཟད་པར་རྐྱེན་གྱིས་མི་འཆི་བ་དང་། རྫས་དང་བུད་མེད་གཟུང་བར་མེད་པ་དང་། ངག་གི་གཞན་གཉིས་ལ་དགོས་པ་མེད་པ་དང་བྱེ་ཟིན་པས་སོ། །སྒྲ་མི་སྙན་ན་ཡིད་ཀྱི་གསུམ་ལྡན་པ་ཡོད་ཀྱི་མངོན་གྱུར་མེད་དེ། འཛིན་པ་མེད་པ་དང་། རྒྱུད་འཇམ་ཞིང་ཀུན་ནས་མནར་སེམས་ཀྱི་གཞི་དགུ་མེད་པ་དང་། སྡིག་པའི་བསམ་པ་ཅན་མིན་པས་སོ། །སྒྲ་མི་སྙན་དེ་ན་བདུན་པ་ངག་བཀྱལ་པ་དངོས་སུ་ཡང་ཡོད་དེ། ཆགས་པས་གླུ་ལེན་པས་སོ། །ཚེ་ངེས་པ་དང་རྫས་དང་བུད་མེད་གཟུང་བ་མེད་པ་དང་། ངག་གི་གསུམ་ལ་དགོས་པ་མེད་པ་དང་། སྡིག་པའི་བསམ་པ་ཅན་མིན་པས་གཞན་མེད་དོ། །འོ་ན་སྐྱེས་མ་ཐག་ཏུ་མས་དོར་བས་མ་ལ་སོགས་པར་མ་ངེས་པར་ལོག་གཡེམ་དུ་འགྱུར་རོ་ཞེ་ན། མིན་ཏེ། འཁྲིག་པ་སྤྱོད་པར་འདོད་ནས་དཔག་བསམ་གྱི་ཤིང་དྲུང་དུ་ཁྲིད་པ་ན་བགྲོད་པར་འོས་ན་ཤིང་གིས་བསྒྲིབས་ཏེ་ཉལ་པོ་བྱེད། མི་འོས་ན་མི་བསྒྲིབས་པས་གཏོང་བའི་ཕྱིར་རོ། །འདོད་པའི་རྟེན་གཞན་ན་ནི་མི་དགེ་བ་བཅུ་ཆར་དངོས་དང་ཐོབ་པ་གཉིས་ཀ་ཡོད་དེ། མི་ལ་སྡོམ་མིན་དང་བར་མའི་མི་དགེ་བ་ཡོད། གཞན་ལ་བར་མའི་མི་དགེ་བ་ཡོད། ལྷ་ནི་ནང་མི་གསོད་ཀྱང་འགྲོ་བ་གཞན་གསོད་ཅིང་། ཁ་ཅིག་ལྷ་ཡང་མགོ་དང་རྐེད་པ་གཅད་ན་འཆིའོ་ཞེའོ། །འཁོར་ལོ་སྒྱུར་བ་འབྱུང་བ་ན་མི་ལ་ཡང་བཅུ་ཆར་མེད་ལ་དེའི་ཚེ་གླུ་ལེན་པ་ནི་ངེས་འབྱུང་གིས་སོ། །གཉིས་པ་ནི། ཡིད་ཀྱི་དགེ་བ་གསུམ་པོ་ནི་ཁམས་དང་འགྲོ་བ་ཐམས་ཅད་ན་རྙེད་པ་དང་མངོན་གྱུར་གཉིས་ཀའི་སྒོ་ནས་ཡོད་ལ། ལུས་ངག་ནི་གཟུགས་མེད་ཀྱི་འཕགས་པ་དང་། འདུ་ཤེས་མེད་པའི་སེམས་ཅན་ལ་རྙེད་པའི་སྒོ་ནས་རིམ་པ་བཞིན་ཟག་མེད་དང་བསམ་གཏན་གྱི་སྡོམ་པའི་སྤོང་བདུན་ཡོད་ལ། གཟུགས་མེད་པ་དང་སེམས་མེད་པས་མངོན་དུ་མི་འགྱུར་རོ། །དེ་དག་གི་ལྷག་མར་བྱས་པའི་ཁམས་དང་འགྲོ་བ་ཐམས་ཅད་ན་ཐོབ་པར་མ་ཟད་མངོན་དུ་གྱུར་པའི་སྒོ་ནས་ཀྱང་ཡོད་དེ། ཡི་དྭགས་དང་དུད་འགྲོ་ལ་བར་མའི་དགེ་བ་ཡོད། གཟུགས་ན་མཉམ་གཞག་གི་སྡོམ་པ་གཉིས་ཡོད་ལ་འདོད་པའི་ལྷ་མི་ལ་སྡོམ་པ་དང་བར་མ་གཉིས་ཀ་ཡོད་དོ། །འོན་ཀྱང་དམྱལ་བཅས་སྒྲ་མི་སྙན་ནི་མ་གཏོགས་ཏེ། ལེན་པ་དང་ཏིང་ངེ་འཛིན་མེད་པས་སོ། །གཉིས་པ་ནི། ལས་བཅུ་པོ་ཐམས་ཅད་ཀྱིས་བདག་པོ་དང་རྒྱུ་མཐུན་དང་རྣམ་སྨིན་གྱི་འབྲས་བུ་འབྱིན་པར་འདོད་དེ། དགེ་བ་ལ་བྲལ་འབྲས་དང་གཉིས་ཀ་ལ་སྐྱེས་བུ་བྱེད་པ་ཡོད་ཀྱང་དོན་གྱིས་གོ་བས་སམ། ཁ་ཅིག དགེ་མི་དགེ་ལ་སྤྲོ་བ་དང་སྐྱོ་བར་འགྱུར་བ་དག་སྟོན་པ་སྐྱེས་བུས་བྱེད་པ་ནི་གཉིས་ཀའི་མཇུག་ཏུ་གཉིས་ཀ་འབྱུང་བས་སྤྲོ་བ་དང་སྐྱོ་བའི་རྒྱུ་མིན་པས་མ་བསྟན་ལ་དེས་ན་བྱེད་པ་རྒྱུ་མཐུན་ཡང་མ་སྨོས་སོ་ཞེས་ཟེར་རོ། །དེ་ལ་མི་དགེ་བའི་རྣམ་སྨིན་ཆེ་འབྲིང་ཆུང་གསུམ་གྱིས་ངན་སོང་དུ་སྐྱེ་ལ། མདོ་ཁ་ཅིག་ལས་ཆུང་ངུས་འབྲས་བུ་ཡི་དྭགས་སུ་བཤད་པ་ལྷ་ལྟ་བུའི་དཔལ་མྱོང་བའམ། ཡང་ན་རིན་ཆེན་ཕྲེང་བར་བཤད་པ་ལྟར་ཀུན་སློང་ལ་དགོངས་སོ། །རྒྱུ་མཐུན་ལ་བྱེད་པ་རྒྱུ་མཐུན་ནི་ཕྱི་མ་རྣམས་སུ་དེ་དག་བྱེད་འདོད་པའོ། །མྱོང་བ་རྒྱུ་མཐུན་ནི་བརྒྱ་ལ་མི་སྐྱེ་ནའང་། རིན་ཆེན་ཕྲེང་བར། གསོད་པ་ཡིས་ནི་ཚེ་ཐུང་འགྱུར། །རྐུ་བ་ཡིས་ནི་ལོངས་སྤྱོད་ཕོངས། །བྱི་བོ་བྱེད་པས་དགྲ་དང་བཅས། །རྫུན་དུ་སྨྲ་བས་སྐུར་པ་མང་། །ཕྲ་མ་ཡིས་ནི་བཤེས་དང་འབྱེད། །རྩུབ་པོ་ཉིད་ཀྱིས་མི་སྙན་ཐོས། །མ་འབྲེལ་བ་ཡིས་ཚིག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བཤད། །ལོག་པ་ལྟ་བས་ལྟ་ངན་ཉིད། །ཅེས་བཤད་ལ། འགྲེལ་པར་ཡིད་ཀྱི་དུག་གསུམ་ཤས་ཆེ་བར་འགྱུར་རོ་ཞེས་བཤད། བདག་འབྲས་ནི་རིམ་བཞིན། ཕྱི་རོལ་གཟི་ཆུང་གནོད་མང་དང་། །རྡུལ་འཁྲིགས་དྲི་ང་མཐོ་དམན་དང་། །ཚྭ་སྒོ་ཅན་སོགས་དུས་ལོག་དང་། །འབྲས་བུ་ཕྲ་ཁ་ཆུང་ངུའང་མེད། །ཕྱི་རོལ་དངོས་པོ་འགྱུར་བ་ནི། །མི་དགེ་བཅུ་ཡི་བདག་འབྲས་སོ། །ཞེས་གསུངས་སོ། །སློབ་དཔོན་ནི་རང་རྒྱུད་ལ་ཡོད་པ་རྣམ་སྨིན་དང་མེད་པ་བདག་འབྲས་གཉིས་སུ་འདུས་ཀྱང་འདྲ་བའི་ཁྱད་པར་ལ་རྒྱུ་མཐུན་དུ་བཞག་གོ་ཞེས་གསུངས་སོ། །དེ་ལྟར་འབྱིན་པའི་རྒྱུ་མཚན་ནི་སྦྱོར་བའི་ཚེ་ལུས་ངག་གིས་གནོད་པའམ་ཡིད་ཀྱིས་ཕན་པའི་གེགས་བྱེད་པས་གཞན་སྡུག་བསྔལ་བར་བྱས་པའི་ཕྱིར་རྣམ་སྨིན་དང་། དངོས་གཞི་བསད་པ་ལ་སོགས་པའི་ཕྱིར་རྒྱུ་མཐུན་དང་། རྒྱུ་དེ་གཉིས་ཀྱིས་མཇུག་གཟི་བརྗིད་མེད་པར་བྱས་པའི་ཕྱིར་བདག་འབྲས་དང་གསུམ་མོ། །གཞན་དགུ་ལ་ཡང་སྦྱར་རོ། །དགེ་བའི་རྣམ་སྨིན་ནི་ཆུང་འབྲིང་གསུམ་གྱིས་རིམ་བཞིན་མི་དང་འདོད་པའི་ལྷ་དང་གོང་མའི་ལྷར་སྐྱེ་ལ། རྒྱུ་མཐུན་དང་བདག་འབྲས་ནི་བཟློག་ལ་སྦྱར་ཏེ་ཟག་མེད་ལ་ནི་བྲལ་བ་དང་སྐྱེས་བུ་བྱེད་པར་འདོད་དོ། །གསུམ་པ་ལོག་འཚོ་ལོགས་སུ་སྨོས་པའི་རྒྱུ་མཚན་ནི། མདོ་ལས། ལོག་པའི་ངག་དང་ལས་ཀྱི་མཐའ་དང་ལོག་པའི་འཚོ་བའོ་ཞེས་གསུངས་པའི་ལོག་འཚོ་གང་ཞེ་ན། ལུས་དང་ངག་གི་ལས་ཆགས་པ་ལས་སྐྱེས་པ་ནི་ལོག་འཚོ་ཡིན་ལ། ཞེ་སྡང་དང་གཏི་མུག་ལས་སྐྱེས་པའི་ངག་དང་ལུས་ཀྱི་ལས་ནི་སྔ་མ་གཉིས་སོ། །དགའ་བས་འཇུག་པའི་ཆགས་པས་བསླངས་པའི་ལས་ལས་སེམས་བསྲུང་ཞིང་འཚོ་བ་དག་པར་སྦྱང་དཀའ་ལ་ཉེས་པ་ཆེ་བས་འབད་དེ་སྤང་དགོས་སོ་ཞེས་ཤེས་པའི་ཕྱིར་ལོགས་ཤིག་ཏུ་བསྟན་ཏོ། །ཁ་ཅིག་ནི། གལ་ཏེ་བདག་དགའ་བའི་གླུ་གར་སོགས་ལོག་འཚོར་མི་རིགས་པས་ཡོད་བྱད་ལ་ཆགས་པས་བསླངས་པའི་ལུས་ངག་གི་ལས་ཁོ་ན་ལོག་འཚོའོ་ཞེས་པ་རིགས་པ་མིན་ཏེ་ཚུལ་ཁྲིམས་ཀྱི་ཕུང་པོའི་མདོ་དང་འགལ་བའི་ཕྱིར་ཏེ། དེ་ཉིད་ལས། དབྱུག་གུ་གསུམ་པ་ཁ་ཅིག་དད་པས་བྱིན་པ་ལ་ལོངས་སྤྱོད་ནས་གླང་པོ་འཐབ་པ་ལ་སོགས་པ་ལྟད་མོ་སྣ་ཚོགས་ལ་ལྟ་བ་དང་། གླང་པོའི་སྒྲ་ལ་སོགས་པ་ཉན་པས་བརྩོན་པ་སྤོང་བའོ་ཞེས་ཡོ་བྱད་ལ་ཆགས་པས་མ་བསླངས་ཀྱང་ལོག་པའི་ཡུལ་སྤྱོད་པས་ལོག་འཚོར་བཞག་གོ །གསུམ་པ་རྒྱུ་འབྲས་ཉིད་ཀྱི་སྒོ་ནས་དབྱེ་བ་ལ། ལས་གང་འབྲས་བུ་གང་དང་ལྡན་པ། ལས་གང་རྒྱུ་གང་གིས་བྱེད་པ། ལས་འཕེན་རྫོགས་ཀྱི་ཁྱད་པར་རོ། །དང་པོ་ལ་ལས་གང་ལ་འབྲས་བུ་དུ་དང་ལྡན། ཕན་ཚུལ་ལས་འབྲས་དུ་དང་ལྡན་པའོ། །དང་པོ་ལ། སྤོང་ལམ་ལ་དུ་ལྡན། སྤོང་ལམ་མིན་པ་ལ་དུ་དང་ལྡན་པའོ། །དང་པོ་ནི། དྲིར་བཅས་སྤོང་བའི་ལམ་བར་ཆད་མེད་པ་དག་གི་ལས་ནི་ལྔ་ཀ་ཡིས་འབྲས་བུ་དང་བཅས་ཏེ། རང་གི་སའི་རྣམ་སྨིན་དང་། ཏིང་ངེ་འཛིན་ལས་སྐྱེས་པའི་རྒྱུ་མཐུན་དང་། འོག་སའི་ཉོན་མོངས་སྤང་བའི་བྲལ་བ་དང་། དེས་དྲངས་པའི་རྣམ་གྲོལ་ལམ་དང་ལྷན་ཅིག་པའི་ཆོས་དང་། ལམ་མ་འོངས་པ་འགོག་པ་ཐོབ་པ་སྐྱེས་བུ་བྱེད་པ་དང་། དུས་མཉམ་པ་དང་ཕྱིས་བྱུང་གི་འདུས་བྱས་བདག་འབྲས་སོ། །དྲི་མེད་སྤོང་ལམ་ནི་རྣམ་སྨིན་བོར་བ་བཞི་ཡིས་འབྲས་བུར་བཅས་པ་ཡིན་ནོ། །གཉིས་པ་ནི། ཟག་བཅས་སྤོང་ལམ་ལས་གཞན་དགེ་དང་མི་དགེ་གང་ཡིན་པའང་བྲལ་བར་བོར་བ་བཞི་དང་བཅས་ཤིང་། ཟག་པ་མེད་པའི་སྤོང་ལམ་གྱི་ལྷག་མ་དང་ལུང་བསྟན་མིན་པ་གང་ཡིན་པ་ནི་དེ་གཉིས་བོར་བ་གསུམ་གྱིས་འབྲས་བུར་བཅས་སོ། །གཉིས་པ་ལ། དགེ་བ་སོགས། འདས་པ་སོགས། རང་ས་སོགས། སློབ་པ་སོགས། མཐོང་སྤང་སོགས་དུ་དང་ལྡན་པའོ། །དང་པོ་ནི། དགེ་བའི་འབྲས་བུ་དགེ་བ་ནི་རྣམ་སྨིན་གྱི་རྒྱུར་རུང་ཡང་དེའི་འབྲས་བུ་མིན་པས་བཞི་དང་། སོགས་པ་མི་དགེ་བ་ནི་སྐྱེས་བུ་བྱེད་པ་དང་བདག་འབྲས་གཉིས་དང་། དེ་བཞིན་དུ་ལུང་མ་བསྟན་ནི་རྒྱུ་མཐུན་དང་བྲལ་བ་བོར་བས་གསུམ་མོ། །མི་དགེ་བའི་འབྲས་བུ་དགེ་བ་ནི་སྐྱེས་བདག་གཉིས་དང་ནི། སོགས་པ་མི་དགེ་བ་ནི་རྣམ་སྨིན་དང་བྲལ་བ་བོར་བ་གསུམ་དང་། ལུང་མ་བསྟན་ནི་བྲལ་བ་བོར་བ་བཞི་སྟེ་རིམ་པ་བཞིན་ནོ། །དེ་ཡང་མི་དགེ་བའི་ཀུན་འགྲོ་བསྒྲིབས་ལ་ལུང་མ་བསྟན་ནི་རྒྱུ་མཐུན་བསྐྱེད་དོ། །ལུང་མ་བསྟན་མིན་པའི་འབྲས་བུ་དགེ་བ་དང་། ལ་སོགས་པ་མི་དགེ་བ་དང་ལུང་མ་བསྟན་དེ་དག་ནི་རིམ་བཞིན་སྐྱེས་བདག་གཉིས་དང་རྣམ་སྨིན་དང་བྲལ་བ་བོར་བའི་གསུམ་དང་གསུམ་མོ། །གཉིས་པ་ནི། འདས་པའི་ལས་ཀྱི་འབྲས་བུ་དུས་གསུམ་ཐམས་ཅད་ཀྱིས་བསྡུས་པས་དུས་གསུམ་པོ་གང་ཡིན་ཡང་བྲལ་བ་བོར་བ་བཞི་བཞིར་མཐུན་པ་ཡིན་ཏེ། མ་འོངས་པ་ནི་ཆོད་པའི་སྐྱེས་བུ་བྱེད་པ་ཁོ་ནའོ། །བར་མ་ད་ལྟར་བ་ཡི་འབྲས་བུ་མ་འོངས་པའང་བཞི་པོ་དེ་ཉིད་དང་། བར་མ་ཉིད་ཡིན་ན་སྐྱེས་བདག་གཉིས་ཡིན་ལ། མ་སྐྱེས་པའི་འབྲས་བུ་མ་འོངས་པ་ནི་རྒྱུ་མཐུན་ཡང་མེད་པས་གསུམ་ཡིན་ནོ། །གསུམ་པ་ནི། རང་གི་ས་པ་ཟག་བཅས་ལ་ནི་བྲལ་བ་སས་མ་བསྡུས་པས་བཞི་དང་། ཟག་མེད་ལ་གསུམ་ཡིན་ལ། གཞན་གྱི་ས་པས་ཟག་མེད་ནི་ས་ཐ་དད་པ་ཡང་སྐལ་མཉམ་གྱི་རྒྱུ་ཡིན་པས་གསུམ་དང་། ཟག་བཅས་སྲེད་པས་བར་བཅད་པས་རྣམ་སྨིན་དང་རྒྱུ་མཐུན་མེད་པའི་ཕྱིར་གཉིས་སོ། །བཞི་པ་ནི། སློབ་པའི་འབྲས་བུ་སློབ་པ་དང་། སོགས་པ་མི་སློབ་པ་ནི་རྣམ་སྨིན་དང་བྲལ་བ་བོར་བ་དང་། གཉིས་ཀ་མིན་པ་ནི་རྣམ་སྨིན་དང་རྒྱུ་མཐུན་བོར་བ་གསུམ་གསུམ་ཡིན་ལ། མི་སློབ་པའི་ལས་ཀྱི་འབྲས་བུ་སློབ་པ་ཡི་ཆོས་ནི་བདག་འབྲས་གཅིག་པུ་དང་། ལ་སོགས་པ་མི་སློབ་པ་ནི་རྣམ་སྨིན་དང་བྲལ་བ་ལས་གཞན་གསུམ་དང་། གཉིས་མིན་ནི་ལྡང་བའི་སེམས་བྱུང་སྐྱེས་བུ་བྱེད་པ་དང་བདག་འབྲས་གཉིས་སོ། །དེ་ལས་གཞན་པ་སློབ་པ་དང་། སོགས་པ་མི་སློབ་པ་གཉིས་མིན་གྱི་འབྲས་བུ་ནི་རིམ་བཞིན་སྐྱེས་བདག་གཉིས་གཉིས་དང་ལྔའོ། །ལྔ་པ་ནི། མཐོང་བས་སྤང་བྱའི་འབྲས་བུ་མཐོང་སྤང་དེ་ཉིད་ནི་རྣམ་སྨིན་དང་བྲལ་བ་བོར་བ་གསུམ་དང་། ལ་སོགས་པ་སྒོམ་སྤང་ནི་ཀུན་འགྲོའི་རྒྱུ་མཐུན་ཡོད་པས་བྲལ་བ་བོར་བ་བཞི་དང་། སྤང་བྱ་མིན་པའི་བདག་པོ་གཅིག་པུའོ། །སྒོམ་པས་སྤང་བར་བྱ་བའི་ལས་ཀྱི་འབྲས་བུ་མཐོང་སྤང་དང་སྒོམ་སྤང་དང་སྤང་བྱ་མིན་པ་དེ་དག་ནི་རིམ་བཞིན་སྐྱེས་བདག་གཉིས་དང་བྲལ་བ་བོར་བ་བཞི་དང་། །སྐྱེས་བདག་བྲལ་བ་གསུམ་མོ། །སྤང་བྱ་མིན་པའི་འབྲས་བུ་མཐོང་སྤང་དང་སྒོམ་སྤང་དང་སྤང་བྱ་མིན་པ་དེ་དག་ནི་བདག་པོ་གཅིག་པུ་དང་། སྐྱེས་བདག་གཉིས་དང་རྣམ་སྨིན་བོར་བ་བཞི་སྟེ་གོ་རིམ་བཞིན་ནོ། །གཉིས་པ་ནི། བསྟན་བཅོས་ལས་རིགས་པ་མིན་པས་བསྐྱེད་པའི་ལས་ནི་ཚུལ་མིན་ཡིད་བྱེད་ལས་བྱུང་བས་ཉོན་མོངས་ཅན་དག་ཡིན་ལ། ཁ་ཅིག་དེར་མ་ཟད་འགྲོ་འདུག་ལ་སོགས་ཆོ་ག་ཇི་སྐད་བཤད་པ་ལས་ཉམས་པའང་ཡིན་ཞེའོ། །ལྡོག་པ་ནི་རིགས་པས་བསྐྱེད་པའོ། །གསུམ་པ་ནི། ཅི་ལས་གཅིག་དང་དུ་མས་སྐྱེ་བའང་གཅིག་དང་དུ་མ་འཕེན་ནམ་གཞན་དུའང་འཕེན་ཞེ་ན། སེམས་པ་གཅིག་གིས་འཕངས་པའི་ལས་ཀྱི་རྒྱུ་མཐུན་གཅིག་གིས་སྐྱེ་བ་ཕུང་པོའི་རྒྱུན་གཅིག་ཁོ་ན་འཕེན་ཏེ་གཞན་དུ་ན་ཕུང་པོ་བཞིའམ་ལྔ་མ་ཚང་བ་དང་། རོ་སྟོད་རོ་སྨད་མ་ཚང་བ་ལ་སོགས་པ་རིས་མཐུན་དུམ་བུར་གྲུབ་པར་འགྱུར་བ་ལས་མ་དམིགས་པའི་ཕྱིར་རོ། །འོ་ན་གནས་བསྟན་མ་འགགས་པས་རང་རྒྱལ་གཅིག་ལ་བསོད་སྙོམས་ཕུལ་ཏེ་བདག་ནི་བསོད་སྙོམས་གཅིག་པུ་དེས་སུམ་ཅུ་རྩ་གསུམ་དུ་ལན་བདུན་དང་ད་ལྟ་ཤཱཀྱ་ཕྱུག་པོ་གྱུར་ཏོ་ཞེས་པ་ཇི་ལྟ་བུ་ཞེ་ན། གཞི་དེ་ལ་སེམས་པ་མི་འདྲ་བ་བརྒྱད་བྱུང་བའོ། །གོང་མ་པ་ནི་ལས་སྟོབས་ཆེ་ན་གཅིག་གིས་ཀྱང་དུ་མ་དང་། ཆུང་ན་དུ་མས་ཀྱང་གཅིག་འཕེན་ལ་འོན་ཀྱང་ཟླ་དང་བཅས་པས་དུམ་བུར་མི་འགྲུབ་བོ་ཞེས་སོ། །སྐྱེ་བ་གཅིག་པོ་དེའི་ཁྱད་པར་ཡོངས་སུ་རྫོགས་པར་བྱེད་པ་ནི་མིར་འདྲ་ཡང་དབང་པོ་དང་ཁ་དོག་དང་དབྱིབས་ལ་སོགས་པ་དུ་མར་སྣང་བའི་ཕྱིར་ལས་དུ་མ་ཡིན་ཏེ་སོལ་བ་གཅིག་པུས་སྐྱ་རིས་བྲིས་ནས་ཚོན་རྩི་དུ་མས་རྫོགས་པ་བཞིན་ནོ། །འོ་ན་དབང་པོ་དྲུག་འཕེན་བྱེད་ཀྱི་འབྲས་བུ་ཡིན་པས་ཚང་བར་རིགས་སོ་ཞེ་ན། དང་པོ་འཕངས་ཀྱང་རྫོགས་བྱེད་ཀྱི་གེགས་བྱས་སོ་ཞེས་ཊཱི་ཀར་བཤད་དོ། །འཕེན་བྱེད་ལས་ཁོ་ན་ཡིན་ནམ་ཞེ་ན། རྣམ་སྨིན་དང་བཅས་པ་གཞན་ཡང་ཡིན་ཏེ་འོན་ཀྱང་སེམས་མེད་པའི་སྙོམས་པར་འཇུག་པ་གཉིས་པོ་དག་ལས་དང་ལྷན་ཅིག་མི་འབྱུང་སྟེ། སྔར་བཞི་པ་དང་སྲིད་རྩེའི་བར་ཆད་མེད་ལམ་གྱིས་འཕངས་ཟིན་པའི་ཕྱིར། འཕེན་བྱེད་མ་ཡིན་ལ་འཕེན་བྱེད་ཀྱི་ཐོབ་པའང་ཤིང་ལྗོན་པའི་ཕྱི་ཤུན་ལྟར་ཐོབ་བྱ་དང་འབྲས་བུ་ཐ་དད་པའི་ཕྱིར་འཕེན་བྱེད་མིན་ནོ། །དེར་མ་ཟད་སྦྱོར་ལམ་དང་འཕགས་ལམ་ཐམས་ཅད་འཕེན་བྱེད་མིན་ནོ། །གཉིས་པ་ལས་སོ་སོར་བཤད་པ་ལ། སྤང་བྱ་སྒྲིབ་པ་གསུམ། བསྟེན་བྱ་བསོད་ནམས་བྱ་བའི་གཞི་གསུམ། ཆ་མཐུན་དགེ་བ་གསུམ་བཤད་པའོ། །དང་པོ་ལ་སྒྲིབ་པ་གསུམ་གྱི་ངོ་བོ། གང་ན་སྒྲིབ་པ་གང་ཡོད་པ། ལས་སྒྲིབ་བྱེ་བྲག་དུ་བཤད་པའོ། །དང་པོ་ནི། མདོ་ལས་སྒྲིབ་པ་གསུམ་ཞེས་གསུངས་པ་གང་ཞེ་ན། འགྲོ་བ་གཞན་གྱི་བར་མཚམས་མེད་པར་དམྱལ་བར་འགྲོ་བས་མཚམས་མེད་པའི་ལས་ཏེ། མ་དང་ཕ་དང་དགྲ་བཅོམ་གསོད་པ་དང་། དགེ་འདུན་གྱི་དབྱེན་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་ལྔ་རྣམས་ལས་སྒྲིབ་དང་། ཉོན་མོངས་པ་མངོན་གྱུར་དྲག་པོའམ་རྣོ་བ་དང་རྒྱུན་རིང་ཤས་ཆེ་བ་གཉིས་ལས་ཕྱི་མ་ཉོན་སྒྲིབ་སྟེ་གཉེན་པོའི་སྐབས་མི་རྙེད་པས་སོ། །ངན་འགྲོ་གསུམ་དང་འདུ་ཤེས་མེད་པའི་སེམས་ཅན་དང་སྒྲ་མི་སྙན་པ་རྣམས་ནི་རྣམ་སྨིན་གྱི་སྒྲིབ་པ་སྟེ་དེ་གསུམ་ནི་འཕགས་ལམ་དང་དེའི་སྦྱོར་བ་ལ་སྒྲིབ་པའི་སྒྲིབ་པ་གསུམ་དུ་འདོད་དོ། །གཉིས་པ་ནི། མཚམས་མེད་པ་ནི་རང་བཞིན་གྱིས་ཁྲིམས་ཅན་ཡིན་པ་དང་བསྟན་པ་མེད་པས་སྒྲ་མི་སྙན་དེ་མ་གཏོགས་པའི་གླིང་གསུམ་དག་གི་ནི་མི་ཁོ་ན་ལ་ཡོད་ཅིང་། དེ་ཡང་སྐྱེས་པ་དང་། བུད་མེད་ཁོ་ན་ལ་ཡོད་ཀྱི་ཟ་མ་སོགས་ལ་ཡོད་པར་མི་འདོད་དོ། །སྤྱིར་མེད་པ་ནི་སྡོམ་པའི་རྟེན་དུ་མེད་པའི་ཕྱིར་དང་། ཕ་མ་བསད་པའི་མཚམས་མེད་དུ་མི་འགྱུར་བ་ནི་ཕ་མས་ནི་ཐར་པ་དང་མཐུན་པའི་ལུས་ཚང་བར་མ་སྐྱེད་པ་དང་། ཚེ་འདིའི་བྱམས་པ་ཆུང་བས་ཕན་པ་ཆུང་བའི་ཕྱིར་དང་། བུ་ཚ་ནི་མཚན་གཉིས་རྒྱུ་མཚན་དུ་བྱས་ནས་ངོ་ཚ་དང་ཁྲེལ་ཡོད་ཤས་ཆུང་བའི་ཕྱིར་རོ། །རྒྱུ་དེ་གཉིས་ཀྱིས་ཡི་དྭགས་དང་དུད་འགྲོའི་ཕ་མ་གསད་ཀྱང་མཚམས་མེད་དུ་མི་འགྱུར་ལ། སྤྱིར་ངན་སོང་གསུམ་ཆར་ན་སྡོམ་མིན་མེད་པའི་རྒྱུས་མེད་དོ། །བཙུན་པ་ནི། རྟ་ཅང་ཤེས་ལྟར་བློ་གསལ་བ་རྣམས་ལ་འགྱུར་རོ་ཞེས་སོ། །ལྷ་ལ་ནི་ལས་འབྲས་མངོན་དུ་གྱུར་པས་མེད་ལ། མིའི་ཡང་ཕ་མ་མི་མིན་པ་ལ་མི་འགྱུར་ཏེ་འགྲོ་བ་མི་མཐུན་པས་བྱམས་པ་དང་ངོ་ཚ་ཆུང་བས་སོ། །ལྷག་མ་གཉིས་ནི་འགྲོ་བ་ལྔ་ཆར་དག་ན་ཡོད་དེ། ཐམས་ཅད་ལ་ཉོན་མོངས་ཤས་ཆེ་བ་སྲིད་པ་དང་། ངན་སོང་སོགས་ནི་རྣམ་སྨིན་གྱི་ངོ་བོ་ཡིན་པས་སོ། །གསུམ་པ་ལ་མཚམས་མེད་བཤད། དེ་དང་ཉེ་བ་བཤད་པའོ། །དང་པོ་ལ། མཚམས་མེད་དངོས། དེའི་ལས་འབྲས། ལས་འབྲས་ཀྱི་ཞར་བྱུང་ངོ་། །དང་པོ་ལ་དགེ་འདུན་གྱི་དབྱེན། མཚམས་མེད་ཀྱི་གྲངས་ངེས། མཚམས་མེད་གཞན་གྱི་གཞི་ངོས་གཟུང་བའོ། །དང་པོ་ལ་གང་ཟག་གང་ལ་ལྡན་པ། འཁོར་ལོའི་དབྱེན་བཤད་པ། ལས་ཀྱི་དབྱེན་བཤད་པ། འཁོར་ལོའི་དབྱེན་མི་འབྱུང་བའི་དུས་སོ། །དང་པོ་ལ་དབྱེན་གང་ལ་ལྡན། བརྫུན་གང་ལ་ལྡན་པའོ། །དང་པོ་ནི། དགེ་འདུན་གྱི་དབྱེན་དགེ་འདུན་སྡེ་གཉིས་ཐུགས་རྩེ་མི་འཕྲོད་པར་བྱེད་པའི་རང་བཞིན་ལྡན་པ་མིན་པའི་འདུ་བྱེད་ཀྱི་ཆོས་སངས་རྒྱས་ཀྱི་འཁོར་ལ་ཡོད་པས་ཉོན་མོངས་པ་ཅན་མིན་ལ། འབྱེད་པ་པོའི་འཁོར་དགེ་རྩ་ཆད་པ་ལ་ཡོད་པས་ལུང་བསྟན་དགེ་བ་ཡང་མིན་པས་མ་བསྒྲིབས་པའོ། །དབྱེན་དེ་དང་ཕྱོགས་གཉིས་ཀྱི་དགེ་འདུན་ཡང་དག་པར་ལྡན་གྱི་མཚམས་མེད་ཡིན་པས་འབྱེད་པ་པོ་མི་ལྡན་ནོ། །གཉིས་པ་ནི། དབྱེན་དེ་ཡི་ཁ་ན་མ་ཐོ་བའི་ངོ་བོ་ནི་ཆེན་པོའི་བརྫུན་ཏེ་དེ་དང་འབྱེད་པ་པོ་ཡང་དག་པར་ལྡན་ནོ། །འདི་མི་ཆོས་བླ་མའི་བརྫུན་དུ་འཆད་ཀྱང་བརྫུན་གཞན་ཡིན་ནོ་ཞེས་གསུངས་སོ། །དེའི་འབྲས་བུ་ནི་བར་གྱི་བསྐལ་པར་མནར་མེད་པར་སྨིན་པར་འགྱུར་ལ། གཞན་བཞི་ནི་དམྱལ་བར་ངེས་ཀྱང་མནར་མེད་དུ་མ་ངེས་སོ། །འོ་ན་ཆོས་སྲེད་ཀྱིས་ཕ་མ་དགྲ་བཅོམ་པ་བསད་པ་ལྟ་བུའི་མཚམས་མེད་དུ་མ་བྱས་པའི་འབྲས་བུ་གཅིག་ཅར་སྨིན་ན་གཅིག་དང་དུ་མ་བྱས་པ་ཁྱད་པར་མེད་དུ་འགྱུར་ཞིང་། རིམ་གྱིས་མྱོང་ན་མཚམས་མེད་དུ་མི་འཐད་ལ་རྒྱུད་གཅིག་ལས་མེད་པས་དམྱལ་བ་དུ་མ་གཅིག་ཆར་མི་འགྲུབ་བོ་ཞེ་ན། མཚམས་མེད་ལྷག་པས་ལུས་ཆེ་ཞིང་གཞོན་ཤ་ཅན་ལ་གནོད་པ་ཉིས་འགྱུར་ལ་སོགས་པ་ལྷག་པར་འགྱུར་ཏེ། དེ་ཡང་སྔ་མ་འཕེན་བྱེད་ཕྱི་མ་རྫོགས་བྱེད་དོ་ཞེས་སོ། །མདོ་སྡེ་པ་ནི་ཕྱི་མ་ལ་སོགས་པར་མྱོང་ཡང་དམྱལ་བ་བརྒྱུད་པ་ཡིན་པས་མཚམས་དང་བཅས་པ་མིན་ནོ་ཞེས་འཆད་དོ། །གཉིས་པ་འཁོར་ལོའི་དབྱེན་ནི། སངས་རྒྱས་ལ་འགྲན་པས་དགེ་སློང་དང་། སྲེད་སྤྱད་ཀྱིས་ལམ་གཞན་སྟོན་མི་ནུས་པས་ལྟ་བ་སྤྱད་པ་དང་། ཚུལ་ཁྲིམས་འཆལ་བ་ངག་མི་བཙུན་པས་ཚུལ་ཁྲིམས་དང་ལྡན་པས་འབྱེད་དོ། །སངས་རྒྱས་ཀྱི་གཟི་བརྗིད་མི་བཟོད་པ་དང་བཀའ་བཙན་པས་བཞུགས་པའི་ཡུལ་ལས་གཞན་དུའོ། །འཕགས་པ་ནི་ལུང་རྟོགས་ཀྱི་ཆོས་མངོན་དུ་གྱུར་པས་དེ་དང་འདྲ་བ་འབྱེད་མི་ནུས་པས་བྱིས་པ་རྣམས་འབྱེད་ཅིང་། སངས་རྒྱས་ལས་གཞན་ལ་སྟོན་པ་དང་དེའི་ལམ་ལས་གཞན་པ་ལྷས་བྱིན་གྱིས་བརྟུལ་ཞུགས་ལྔ་ལ་བཟོད་ཅིང་དང་དུ་ལེན་པ་ནི་བྱེ་བའི་ཚད་དོ། །དུས་ནི་ཞག་གཅིག་རང་སར་མི་གནས་ཀྱི་ནམ་མ་ལངས་བར་འདུམ་པར་ངེས་ཏེ། དོན་ཆེན་པོ་ལས་ཉམས་པ་དང་མཆོག་ཟུང་གཅིག་གིས་བསྡུ་མ་ནུས་པས་སོ། །ངེས་ཚིག་ནི་དེ་ལྟ་བུ་ནི་དགེ་འདུན་བྱེ་བས་དེའི་དབྱེན་དང་། ལམ་དུ་འཇུག་པའི་གེགས་སུ་གྱུར་པས་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་ཕྱེ་བའི་ཕྱིར་དེའི་དབྱེན་དུའང་འདོད་ལ། གནས་ནི་འགྲན་ཟླ་སངས་རྒྱས་གཞན་ན་མེད་པས་འཛམ་བུའི་གླིང་ཁོ་ན་ཡོད་ཅིང་། ཕྱོགས་གཉིས་ན་དགེ་སློང་བཞི་བཞི་དང་འབྱེད་པ་པོ་སྟེ་དགུ་ཡན་ཆད་ཀྱིས་འགྲུབ་བོ། །གསུམ་པ་ནི། མཚམས་ནང་གཅིག་ཏུ་བློ་མི་མཐུན་པས་བསླབ་པ་སྦྱིན་པ་ལ་སོགས་པའི་ལས་གཉིས་བྱས་པས་དབྱེན་དུ་འགྱུར་བ་ནི་གང་ན་བསྟན་པ་ཡོད་པའི་གླིང་གསུམ་ན་ཡོད་ལ། དེ་ནི་ཕྱོགས་གཉིས་ཀྱི་བཞི་བཞི་སྟེ་བརྒྱད་དག་ཡན་ཆད་ཀྱིས་འགྲུབ་བོ། །འབྱེད་པ་པོར་རློམ་པ་མེད་པའམ་ཁྱིམ་པས་ཀྱང་འགྲུབ་བོ། །ཞེས་འཆད་དོ། །འདི་མཚམས་མེད་མིན་ནོ། །བཞི་པ་ནི། དང་པོ་ཆོས་འཁོར་བསྐོར་ནས་རིང་པོ་མ་ལོན་པ་དང་། མཐའ་མྱ་ངན་ལས་འདའ་ཁ་གཉིས་ལ་དགའ་བ་དང་སྐྱོ་བར་བློ་གཅིག་པ་དང་། བར་དུ་བསྟན་པ་ལ་ཚུལ་ཁྲིམས་ཀྱི་སྐྱོན་བཟང་བྱིན་གྱིས་མི་ཚངས་པར་སྤྱོད་པ་དང་། ལྟ་བའི་སྐྱོན་དགེ་སློང་འཆི་ལྟས་ཀྱིས་སངས་རྒྱས་ཀྱི་བར་དུ་གཅོད་པའི་ཆོས་གསུངས་པར་ལོག་པར་གོ་བའི་སྔ་རོལ་དང་། སྡུམ་བྱེད་མཆོག་ཟུང་གཅིག་གི་སྔ་རོལ་དང་། འགྲན་ཟླ་མེད་པས་ཐུབ་པ་ནོངས་པའི་རྗེས་དང་། མཚམས་གཅིག་གི་ནང་དུ་མི་མཐུན་པར་གནས་པ་བྱེ་བའི་དོན་ཡིན་པས་མཚམས་ཆེ་ཆུང་མ་བཅད་པ་དག་སྟེ་དུས་དྲུག་ཏུ་ཡང་འཁོར་ལོའི་དབྱེན་ནི་མི་འབྱུང་ངོ་། །གཉིས་པ་མཚམས་མེད་ཀྱི་གྲངས་ངེས་པ་ནི། ཞིང་དང་བསམ་པ་དང་སྦྱོར་བའི་ཁྱད་པར་གྱིས་རྒྱུ་གསུམ་དང་ལྡན་པའི་སྡིག་པ་ཆེན་པོ་ནི་ལྔར་ངེས་ཏེ། ཕ་མ་ནི་ཐར་པ་ཐོབ་པའི་ལུས་བསྐྱེད་པས་ཕན་འདོགས་པ་དང་ཕྱི་མ་གསུམ་ནི་ཡོན་ཏན་གྱི་ཞིང་། བསམ་པས་སྤངས་ཤིང་སྦྱོར་བས་དང་པོ་གསུམ་སྲོག་གནས་པ་དང་། བཞི་པ་མཐུན་པ་མེད་པར་བྱས་པ་དང་། ལྔ་པ་མེད་པར་བྱ་མི་ནུས་ཀྱི་སྦྱོར་བ་བྱས་པའི་ཕྱིར་རོ། །གསུམ་པ་མཚམས་མེད་ཀྱི་གཞི་གཞན་ངོས་གཟུང་བ་ནི། ཕ་མ་མཚན་གཞན་དུ་གྱུར་པའི་སྐྱེས་པ་དང་བུད་མེད་བསད་ཀྱང་མཚམས་མེད་དུ་འགྱུར་ཏེ། བསྟན་བཅོས་ལས་མ་དགྲ་བཅོམ་མ་མིན་པའི་བུད་མེད་གསད་ན་མཚམས་མེད་དུ་འགྱུར་བ་ཡོད་དམ་ཞེ་ན། ཡོད་དེ་ཕ་མཚན་གྱུར་པ་གསད་ནའོ་ཞེས་དང་། ལྡོག་པ་ཡང་བཤད་དོ། །བུད་མེད་གཅིག་ལས་ནུར་ནུར་པོ་ཟག་སྟེ་གཅིག་གི་མངལ་དུ་བླུགས་ན་གང་མཚམས་མེད་ཀྱི་གཞི་ཡིན་ཞེ་ན། གང་གི་ཟླ་མཚན་ལས་བྱུང་བར་བྱེད་པའི་བུད་མེད་དང་པོ་ནི་དེའི་མ་ཡིན་ཏེ་ལུས་ཀྱི་རྒྱུའི་བདག་པོ་ཡིན་པས་སོ། །གཉིས་པའང་བྱ་བ་ཞུ་ཞིང་གསད་ན་གཞན་པས་ལྕིའོ། །ཕ་མ་ལ་སྦྱོར་བ་བྱས་ནས་དེ་ལས་གཞན་གསད་ནའང་མི་འགྱུར་ལ། གཞན་ལ་སྦྱོར་བ་བྱས་ནས་ཕ་མ་གསད་ནའང་མི་འགྱུར་ཏེ། མ་ཁྲིའུའི་འོག་ན་ཡོད་པ་གསད་པ་དང་། ཁྲུས་པ་སྤྱི་ཁྱེར་གྱི་བུས་སྦྲང་བུ་ལ་སྦྱོར་བ་བྱས་ནས་ཕ་བསད་པ་ལྟ་བུའོ། །སངས་རྒྱས་ནམ་ཡང་བཀྲོངས་པར་མི་ནུས་པས་སྐུ་ལ་བརྡེགས་པར་སེམས་པས་མཚམས་མེད་དུ་འགྱུར་རོ་ཞེ་ན། མིན་ཏེ། དེ་ཙམ་ནི་སྤངས་པ་མིན་པས་གནོད་པའི་བསམ་པ་ཆུང་བའི་ཕྱིར་རོ། །སློབ་པའི་ཚེ་བསྣུན་ནས་དེའི་འོག་ཏུ་དགྲ་བཅོམ་པར་གྱུར་པ་གསད་པ་ལ་མཚམས་མེད་དུ་འགྱུར་བ་མིན་ཏེ། དགྲ་བཅོམ་པ་ལ་སྦྱོར་བ་མ་བྱས་པས་སོ། །གཉིས་པ་དེའི་ལས་འབྲས་ལ། འབྲས་བུ་ཐོབ་མི་ཐོབ་ཀྱི་ཁྱད་པར། ལས་ལྕི་ཡང་གི་ཁྱད་པར་རོ། །དང་པོ་ནི། མཚམས་མེད་ཀྱི་སྦྱོར་བ་བྱས་ཏེ་དེ་ལས་མ་ལྡོག་པ་ལ་བསམ་པ་ཤིན་ཏུ་འགལ་བས་འདོད་ཆགས་དང་བྲལ་བ་དང་འབྲས་བུ་ཐོབ་པ་མི་སྲིད་ལ། ལས་ལམ་གཞན་གྱི་སྦྱོར་བ་བྱས་ཀྱང་ལམ་སྐྱེ་བ་སྲིད་དེ། ཤཱཀྱ་བཙོན་མ་ཞེས་བྱ་བ་རྔོན་པས་འཚོ་བ་ལ་སྟོན་པས་ཆོས་བསྟན་པས་བུ་དང་བཅས་པས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པ་བཞིན་ནོ། །གཉིས་པ་ནི། ཆོས་དང་ཆོས་མིན་པར་ཤེས་བཞིན་དུ་དགེ་འདུན་དབྱེ་བའི་ཕྱིར་བརྫུན་སྨྲ་བ་ཉེས་སྤྱད་ཐམས་ཅད་ཀྱི་ནང་ན་ཁ་ན་མ་ཐོ་བ་རབ་ཏུ་ཆེ་བར་འདོད་དེ། སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ལ་བསྣུན་པའི་ཕྱིར་དང་། དེ་མ་འདུམ་གྱི་བར་དུ་དཀར་པོའི་ཕྱོགས་ཀྱི་སོ་སྐྱེ་ཐམས་ཅད་ཀྱི་ཡིད་འཁྲུགས་ཤིང་དྲན་པ་ཉམས་ནས་མཐོ་རིས་དང་བྱང་གྲོལ་གྱི་ལམ་གྱི་བར་དུ་གཅོད་པའི་ཕྱིར། རྣམ་སྨིན་ཡང་བསྐལ་པ་གཅིག་ཏུ་མནར་མེད་པར་སྐྱེའོ། །ཆོས་སྐུའི་དོན་ནི་ཆོས་བསྟན་པས་བྱང་སེམས་ལ་ཆོས་སྐུ་འབྱུང་བའམ། སྟོན་པ་ཉིད་ཀྱིས་ལམ་མམ། དེའི་སྟོབས་ཀྱི་བྱུང་བའི་ལམ་གྱི་གེགས་སུ་གྱུར་པའོ། །ལྷག་མ་བཞིའི་ནང་ནས་གཉིས་པ་ཡང་ཞིང་། ལྔ་པ་གསུམ་པ་དང་པོ་རྣམས་ལྕིའོ། །འོ་ན་མདོར། ཉེས་པ་གསུམ་ལས་ཡིད་ཀྱི་ཉེས་པ་ཆེ་བ་དང་། མི་དགེ་བ་བཅུ་ལས་ལོག་ལྟ་ཆེ་བར་བཤད་པ་དང་འགལ་ལོ་ཞེ་ན། མཚམས་མེད་ལྔ་དང་ལས་གསུམ་དང་མི་དགེ་བ་བཅུ་བཞིར་བཞག་པའམ། རྣམ་སྨིན་དམྱལ་བར་སྐྱེ་བ་དང་། བདག་འབྲས་སྐྱེ་བོ་ཕལ་མོ་ཆེ་འཆི་བ་དང་། སྐྱེས་བུ་བྱེད་པ་དགེ་རྩ་གཅོད་པ་ལ་དགོངས་སོ། །གསུམ་པ་ཞར་བྱུང་ནི། འཇིག་རྟེན་པའི་དགེ་བ་གཞིར་བྱས་ལ་སྲིད་རྩེའི་སེམས་པ་རྣམ་སྨིན་གྱི་འབྲས་བུ་རབ་ཏུ་ཆེ་སྟེ་བསྐལ་ཆེན་བརྒྱད་ཁྲིར་མཐོ་རིས་སུ་སྨིན་པས་སོ། །བྲལ་བ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཀུན་སྦྱོར་ཐམས་ཅད་ཟད་པ་ཐོབ་པ་དང་། སྐྱེས་བུ་བྱེད་པ་ནི་འཇིག་རྟེན་ཆོས་མཆོག་གིས་མཐོང་ལམ་འདྲེན་པས་ཆེའོ། །གཉིས་པ་དེ་དང་ཉེ་བ་བཤད་པ་ལ། ཉེ་བ་ལྔའི་ངོ་བོ། ཞར་ལ་ལམ་གསུམ་གྱི་གེགས་བཤད་པ། ཡུལ་གྱི་ཁྱད་པར་ངེས་གནས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཅི་མཚམས་མེད་ཁོ་ནས་དམྱལ་བར་སྐྱེའམ་ཞེ་ན། དེ་དང་ཉེ་བས་ཀྱང་སྐྱེ་སྟེ་ཁྱད་པར་ནི་ཕྱི་མ་ཁོ་ནར་མ་ངེས་པའམ་ངེས་ཀྱང་དུས་ཐུང་བ་དང་དུཿཁ་ཆུང་བའོ་ཞེས་སོ། །དབྱེ་བ་ལམ་ལ་བརྟེན་པའི་སྡིག་པར་འདྲ་བས་རང་གི་མ་དགྲ་བཅོམ་མ་ལོག་གཡེམ་གྱིས་སུན་དབྱུང་བར་བྱས་པ་དང་། བྱང་ཆུབ་སེམས་དཔའ་ངེས་གནས་བསད་པ་དང་། འཕགས་པ་སློབ་པ་གསོད་པ་དང་། དགེ་འདུན་གྱི་ཞལ་དུ་འདུ་བའི་སྒོ་ནས་ནང་མ་གཅིག་གི་འཚོ་བ་འཕྲོག་པ་དང་། ནར་མར་འདུ་བ་ཞེས་དབྱིག་བཤེས་ཀྱིས་བཤད། བཞི་པོ་དག་མཚམས་མེད་པ་དང་ཆ་འདྲ་སྟེ། ལྔ་པ་ནི་མཆོད་པའི་རྟེན་སྐུ་གཟུགས་དང་སྐུ་གདུང་དང་ལུང་གི་ཆོས་འཇིག་པར་བྱེད་པ་ཡིན་ནོ། །གཉིས་པ་ནི། སྦྱོར་ལམ་བཟོད་པ་འཐོབ་པ་ལ་ངན་སོང་དུ་སྐྱེ་ངེས་ཀྱི་ལས་དང་། ཕྱིར་མི་འོང་བ་འཐོབ་པ་ལ་འདོད་པ་མྱོང་ངེས་ཀྱི་ལས་དང་། དགྲ་བཅོམ་ཐོབ་པ་ལ་ཁམས་གསུམ་དུ་སྐྱེ་ངེས་ཀྱི་ལས་ཀྱི་གེགས་ཤིན་ཏུ་བྱེད་དེ། ཡུལ་གཞན་དུ་འཕོ་ན་བུ་ལོན་པ་ལྡང་བ་བཞིན་ནོ། །གསུམ་པ་ལ། ངེས་གནས་སྤྱིའི་རྣམ་གཞག་བྱེ་བྲག་ཏུ་སྟོན་པས་སྔོན་ཇི་ལྟར་མཛད་པའོ། །དང་པོ་ལ། དྲིས་ཏེ་བསྟན། དེ་ཉིད་བཤད་པའོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་ངེས་གནས་ཞེས་པ་གང་ནས་བཟུང་སྟེ་བྱང་ཆུབ་སེམས་དཔའ་ངེས་གནས་ཡིན་ཞེ་ན། གང་ཕན་ཆད་ནས་མཚན་བཟང་པོ་སོ་གཉིས་ཀྱི་རྣམ་པར་སྨིན་པའི་ལས་བྱེད་པ་ངེས་གནས་སོ། །གཉིས་པ་ལ་ཅི་ཙམ་ནས་ཡོན་ཏན་གང་དང་ལྡན། མཚན་རྣམས་སྨིན་པའི་ཚུལ། མཚན་གྱི་རྒྱུའོ། །དང་པོ་ནི། དེ་ཕན་ཆད་རྟག་ཏུ་བདེ་འགྲོ་དང་དེར་ཡང་རིགས་མཐོ་བར་སྐྱེ་བ་དང་། དབང་པོ་ཚང་བ་དང་། ཕོ་ཁོ་ནར་འགྱུར་བ་དང་། ཚེ་རབས་དྲན་པ་དང་། གཞན་དོན་དུ་དུཿཁ་དང་ལོག་སྒྲུབ་ཀྱིས་མི་སྐྱོ་བས་འཚང་རྒྱ་བའི་དུས་ལས་ཕྱིར་མི་ལྡོག་པའོ། །གཉིས་པ་ནི། དེ་ནི་བློ་གསལ་བས་འཛམ་བུ་གླིང་གི་ཕོར་གྱུར་པ་ཉིད་ཀྱིས་འཕེན་ལ། ཡུལ་སྟོན་པ་མངོན་དུ་གྱུར་པ་དང་། ངོ་བོ་སངས་རྒྱས་ལ་དམིགས་པའི་སེམས་པ་ཁོ་ན་སྟེ་རང་གཞན་ལ་དམིགས་པའི་ཕུང་པོ་ལྔ་ཡང་ཡིན་ཞིང་། དེ་ཡང་ཐོས་བྱུང་དམན་ལ་སྒོམ་བྱུང་འདོད་པའི་རྟེན་ལ་མི་སྨིན་པས་བསམ་པ་ལས་བྱུང་བ་དང་དུས་བསྐལ་པ་བརྒྱ་ལུས་པ་དག་ནས་འཕེན་ལ་སྟོན་པ་འདི་ནི་བརྩོན་འགྲུས་ཆེ་བས་དགུ་བཅུ་རྩ་གཅིག་ནས་འཕངས་སྟེ། མདོ་ལས། གྲོང་དཔོན་ངས་ནི་འདི་ནས་བཟུང་སྟེ་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་ཡང་དག་པར་རྗེས་སུ་དྲན་ཏེ་ཞེས་དེ་ཚུན་ཆད་རང་བཞིན་གྱིས་ཚེ་རབས་དྲན་པར་གསུངས་སོ། །གསུམ་པ་ནི། མཚན་རེ་རེའང་བསོད་ནམས་བརྒྱ་ལས་སྐྱེས་ལ། བསོད་ནམས་ཀྱི་ཚད། ཁ་ཅིག་ངེས་པ་ལ་གནས་པ་ལ་སེམས་ཅན་ཐམས་ཅད་ཀྱིས་སྦྱིན་པའི་བསོད་ནམས་ཙམ་མོ་ཞེས་དང་། ཁ་ཅིག་སྟོང་གསུམ་འཆགས་པའི་ལས་ཙམ་མོ་ཞེས་དང་། ཁ་ཅིག་སངས་རྒྱས་ཁོ་ནས་མཁྱེན་ཏོ་ཞེས་སོ། །བརྒྱ་ནི་ཁ་ཅིག་ན་རེ། སངས་རྒྱས་ཀྱི་སྐྱེ་བའི་སྐུ་མཚན་སོ་གཉིས་དང་། ཆོས་ཀྱི་སྐུ་མ་འདྲེས་པ་བཅོ་བརྒྱད་དེ་ལྔ་བཅུ་ལ་དམིགས་པའི་སེམས་པ་ལྔ་བཅུ་དང་། བདག་ཀྱང་དེ་འདྲ་བར་གྱུར་ཅིག་སྙམ་པ་ལ་ལྔ་བཅུ་སྟེ་བརྒྱའམ། ཁ་ཅིག་འདོད་པ་ཉི་ཤུ། གཟུགས་ཁམས་བཅུ་དྲུག གཟུགས་མེད་བཞི། གྲང་དམྱལ་བརྒྱད་དེ་བཞི་བཅུ་ཞེ་བརྒྱད་ཀྱི་སེམས་ཅན་ལ་སྙིང་རྗེའི་སེམས་པ་ཞེ་བརྒྱད་དང་། སངས་རྒྱས་ཀྱིས་སེམས་ཅན་དེ་དག་བཀྲོལ་ལོ་སྙམ་དུ་སེམས་པ་གཅིག་དང་། བདག་ཀྱང་དེ་འདྲ་བར་གྱུར་ཅིག་སྙམ་པ་གཅིག་སྟེ་ལྔ་བཅུ་ལན་གཉིས་མངོན་སུམ་དུ་བྱས་པས་བརྒྱའམ། མི་དགེ་བ་བཅུ་སྤོང་བ་ལ་དངོས་གཞི་དག་པ་དང་། སྦྱོར་བ་དག་པ་དང་། རྣམ་རྟོག་གིས་མ་སྨས་པ་དང་། དྲན་པས་ཟིན་པ་དང་། མྱ་ངན་ལས་འདས་པར་བསྔོས་པ་ལས་སངས་རྒྱས་ཏེ་སྙམ་པ་ལྔ་བཅུ་དང་། བདག་ཀྱང་དེ་འདྲར་གྱུར་ཅིག་སྙམ་པ་ལྔ་བཅུ་སྟེ་བརྒྱའོ། །གང་སྤེལ་ལས་ལྔ་བཅུ་ཕྲག་གཉིས་འཕེན་བྱེད་དང་རྫོགས་བྱེད་དོ་ཞེས་བཤད་དོ། །སྤྱིར་བསོད་ནམས་ཀྱི་འགྱུར་ནི་མདོ་ལས་ཞིང་བཅུའི་ཉན་རང་གི་དགེ་བས་ཐུབ་པའི་བ་སྤུའི་བུ་ག་གཅིག་དང་། དེ་ཀུན་གྱིས་སངས་རྒྱས་ཀྱི་དཔེ་བྱད་གཅིག་དང་། དེ་ཀུན་གྱིས་སངས་རྒྱས་ཀྱི་མཚན་གཅིག་དང་། དེ་སུམ་ཅུ་སྟོང་གིས་མཛོད་སྤུ་གཅིག་དང་། དེ་འབུམ་གྱིས་གཙུག་ཏོར་དང་། དེ་འབུམ་གྱིས་གསུང་ཆོས་ཀྱི་དུང་འགྲུབ་པ་ལ་སོགས་པ་བཤད་དོ། །གཉིས་པ་བྱེ་བྲག་ཏུ་སྟོན་པས་མཛད་ཚུལ་ལ། གྲངས་མེད་གང་གི་ཐ་མར་སངས་རྒྱས་གང་བྱུང་ཚུལ། ཕར་ཕྱིན་གང་དུས་གང་ལ་རྫོགས་པའོ། །དང་པོ་ནི། སྟོན་པ་འདིས་གྲངས་མེད་གསུམ་དུ་ཚོགས་བསགས་ན་གྲངས་མེད་གང་ལ་སངས་རྒྱས་ཇི་སྙེད་བསྙེན་བཀུར་ཞེ་ན། གྲངས་མེད་དང་པོ་ལ་སངས་རྒྱས་བདུན་ཁྲི་ལྔ་སྟོང་། གཉིས་པ་ལ་བདུན་ཁྲི་དྲུག་སྟོང་། གསུམ་པ་ལ་བདུན་ཁྲི་བདུན་སྟོང་ལའོ། །དེ་ཡང་གྲངས་མེད་གསུམ་གྱི་ཐ་མར་བྱུང་བ་ནི་གསུམ་པའི་ཐ་མར་རྣམ་གཟིགས་དང་། གཉིས་པའི་ཐ་མར་མར་མེ་མཛད་དང་། དང་པོའི་ཐ་མར་རིན་ཆེན་གཙུག་ཏོར་ཅན་ནོ། །ཐམས་ཅད་ཀྱི་དང་པོར་བྱུང་བ་ནི་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཡིན་ལ། དེའི་དྲུང་དུ་སྟོན་པ་འདིས་རྫ་མཁན་སྣང་བྱེད་དུ་གྱུར་པ་ན་བདག་ཀྱང་འདི་འདྲ་བའི་རྣམ་པ་ཁོ་ནར་འཚང་རྒྱ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །ཐེག་ཆེན་པ་ནི། གྲངས་མེད་རེ་རེ་ལ་ཡང་སངས་རྒྱས་གྲངས་མེད་ལ་བསྙེན་བཀུར་བྱས་ཞེས་འབྱུང་གི་གྲངས་འདི་ལྟ་བུ་མ་བྱས་སོ། །ལུང་ལས་ནི། སངས་རྒྱས་ཤཱཀྱ་ཐུབ་པ་ནས། །འདྲེན་པ་ཡུལ་འཁོར་སྐྱོང་གི་བར། །ཞེས་དང་། སངས་རྒྱས་ལེགས་མཛད་ནས་བཟུང་སྟེ། །དབང་པོ་རྒྱལ་མཚན་ཐུབ་པའི་བར། །ཞེས་དང་། སངས་རྒྱས་མར་མེ་མཛད་ནས་ནི། །རྒྱལ་བ་འོད་སྲུང་བར་དག་ཏུ། །ཞེས་འབྱུང་ངོ་། །གཉིས་པ་ནི། ཞིང་མི་འདམ་པར་ཀུན་ལ་ཕྱི་ནང་གི་དངོས་པོ་ཐམས་ཅད་ལན་དང་རྣམ་སྨིན་ལ་མི་རེ་བར་སྙིང་རྗེ་ཡིས་སྦྱིན་པར་བྱེད་པས་སྦྱིན་པ་རྫོགས་ལ། འདོད་པའི་འདོད་ཆགས་དང་བཅས་བཞིན་དུ་ཡན་ལག་བཅད་ཀྱང་སེམས་མི་འཁྲུགས་པས་བཟོད་པ་དང་། ལུས་ངག་གི་ཉེས་སྤྱོད་མི་བྱེད་པས་ཚུལ་ཁྲིམས་ཀྱི་དང་། སངས་རྒྱས་སྐར་རྒྱལ་རིའི་ཕུག་ན་ཟད་པར་མེའི་ཏིང་ངེ་འཛིན་ལ་བཞུགས་པ་ལ་རྐང་པ་ཡ་གཅིག་གིས་བསྒྲེངས་ཏེ་ཞག་བདུན་གྱི་བར་དུ་ཚིགས་བཅད་གཅིག་གིས་བསྟོད་ཅིང་བསྐོར་བ་བྱས་པས་བརྩོན་འགྲུས་ཀྱི་ཕར་ཕྱིན་དང་བསྐལ་པ་དགུ་ཡང་བཟླུམས་ཏེ། བྱང་ཆུབ་པའི་སྔ་རོལ་དེ་མ་ཐག་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཚེ་བསམ་གཏན་དང་བློ་ཤེས་རབ་རྫོགས་སོ། །གཉིས་པ་བསྟན་བྱ་བསོད་ནམས་བྱ་བའི་གཞི་ལ། ཐུན་མོང་གི་ངེས་ཚིག སོ་སོའི་རང་བཞིན། ཆོས་སྦྱིན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། མདོ་ལས་སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམ་པ་ལས་བྱུང་བ་གསུམ་གསུངས་པ་དེ་ཇི་ལྟར་བསོད་ནམས་བྱ་བའི་གཞི་ཡིན་ཞེ་ན། གསུམ་པོ་འབྲས་བུ་ཡིད་དུ་འོང་བ་ཅན་གྱི་བསོད་ནམས་དང་། བྱ་བ་ལས་དང་། ལས་སེམས་པ་དེའི་གཞི་ཡིན་པ་ནི་དཔེར་ན་ལས་ཀྱི་ལམ་བཞིན་དུ་ཅི་རིགས་པ་སྟེ། སྦྱིན་པ་ལས་བྱུང་བ་ནི་ཕུང་པོ་ལྔས་ལུས་ངག་གི་ལས་གསུམ་ཆར་དང་སེམས་པ་དང་པོ་གཉིས་དང་དེའི་ལྷན་ཅིག་པའི་ཆོས་བསོད་ནམས་ཁོ་ན་ཡིན་ལ། ཚུལ་ཁྲིམས་ལས་བྱུང་བ་ནི་འདོད་པའི་ལུས་ངག་གི་སྤོང་བ་སྟེ་གསུམ་ཀ་དང་། བསྒོམ་བྱུང་གི་བྱམས་པ་སོགས་ནི་བསོད་ནམས་དང་དེའི་ལྷན་ཅིག་པའི་སེམས་པ་འཇུག་པས་དེའི་གཞི་ཡིན་ཞིང་། ལྷན་ཅིག་པའི་སེམས་པ་དང་སྡོམ་པ་ནི་དང་པོ་གཉིས་དང་གཞན་ནི་དང་པོ་ཁོ་ནའོ། །གསུམ་དུ་ངེས་པ་ནི་མཐོ་རིས་ཀྱི་ལོངས་སྤྱོད་དང་ལུས་དང་ཐར་པ་སྒྲུབ་པའམ། ལོངས་སྤྱོད་དང་འདོད་པ་དང་གོང་མའི་ལུས་སྒྲུབ་པའོ་ཞེས་སོ། །གཉིས་པ་ལ། སྦྱིན་བྱུང་བཤད། གཞན་གཉིས་བསྟན་པའོ། །དང་པོ་ལ། སྦྱིན་པའི་ངོ་བོ། དབྱེ་བ། ཁྱད་པར་རོ། །དང་པོ་ནི། སྦྱིན་པ་གང་ཞེ་ན། སྦྱིན་བྱ་ལ་སྦྱིན་པར་གྲགས་པ་ཡང་ཡོད་མོད་ཀྱི་འདིར་ནི་གང་གིས་སྦྱིན་པར་བྱེད་པ་དེ་སྦྱིན་པའོ། །བསམ་པ་འཇིགས་པ་དང་ལན་ལ་རེ་བ་སོགས་ཀྱིས་སྦྱིན་པ་དགེ་བར་མི་འགྱུར་བས། ཁྱད་པར་གྱི་ཞིང་ལ་མཆོད་པ་དང་མཉམ་པ་དང་དམན་པ་ལ་ཕན་གདགས་པར་འདོད་པ་ཡིས་སྦྱིན་པ་དེ་གང་ཞེ་ན། ལག་པ་བརྐྱང་བ་དང་ལོང་ཞིག་ལ་སོགས་པ་ལུས་ངག་གི་ལས་དང་བསམ་པ་ཀུན་སློང་དང་བཅས་པ་སྟེ། དེའི་མྱོང་བ་རྒྱུ་མཐུན་ནམ་བདག་འབྲས་ནི་ལོངས་སྤྱོད་ཆེན་པོ་འབྱུང་བར་ཅན་ཏེ། དེ་ལ་ལོངས་སྤྱོད་པ་ནི་རྣམ་སྨིན་ནོ། །གཉིས་པ་ནི། འཕགས་པ་ཆགས་བྲལ་ལས་གཞན་པས་མཆོད་རྟེན་ལ་ཕུལ་བ་བདག་ཁོ་ནའི་དོན་དུ་སྦྱིན་པ་དང་། ཆགས་བྲལ་གཉིས་ཀྱིས་སེམས་ཅན་ལ་བྱིན་པ་མཐོང་ཆོས་མ་གཏོགས་གཞན་ཁོ་ནའི་དོན་གྱི་ཕྱིར་དུ་སྦྱིན་པ་དང་། སྔ་མས་སེམས་ཅན་ལ་སྦྱིན་པ་གཉིས་ཀའི་དོན་དུ་སྦྱིན་པ་དང་ཕྱི་མས་མཆོད་རྟེན་ལ་ཕུལ་བ་གཉིས་ཀའི་དོན་དུ་མིན་པའི་ཕྱིར་སྦྱིན་པའོ། །གསུམ་པ་ལ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ཡི་རྣམ་སྨིན་ཁྱད་པར་དུ་གྱུར་པ་ནི་སྦྱིན་བདག་དང་དངོས་པོ་དང་ཞིང་གི་ཁྱད་པར་གསུམ་ལས་སོ། །གཉིས་པ་ལ། ཁྱད་པར་དངོས། དེ་ལས་འཕྲོས་པའོ། །དང་པོ་ལ། སྦྱིན་བདག་གི དངོས་པོའི། ཞིང་གི་ཁྱད་པར་རོ། །དང་པོ་ནི། སྦྱིན་བདག་ཁྱད་འཕགས་ནི་དད་པ་དང་། སོགས་པ་འཕགས་ནོར་བདུན་ལྡན་གྱི་སྦྱིན་པའི་འབྲས་བུ་ཁྱད་པར་དུ་འཕགས་པར་འགྱུར་ཏེ། ཞིང་ལ་གུས་པ་དང་། སོགས་པ་རང་གི་ལག་གིས་དང་། དུས་སུ་སྦྱིན་པ་དང་། ཞིང་དང་དངོས་པོ་ལ་མི་གནོད་པར་སྦྱིན་པར་བྱེད་པ་དེའི་ཕྱིར་རང་ལ་བཀུར་སྟི་དང་ལོངས་སྤྱོད་རྒྱ་ཆེན་པོ་ལ་རང་དབང་བའི་ས་དང་དགོས་པའི་དུས་ལས་མི་འདའ་བར་དང་རྐུན་པོ་སོགས་ཀྱིས་བར་ཆད་མེད་པར་རྙེད་དོ། །གཉིས་པ་ནི། ཁ་དོག་དང་། ལ་སོགས་པ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པའི་དངོས་པོ་བྱིན་ན་དེ་ལས་འབྲས་བུ་ཡང་རིམ་པ་བཞིན། གཟུགས་བཟང་བ་དང་སྙན་གྲགས་དང་ལྡན་པ་དང་ཡིད་དགའ་བ་དང་ཤིན་ཏུ་གཞོན་ཤ་ཅན་དང་། དུས་སུ་རེག་ན་བདེ་བའི་ལུས་སུ་འགྱུར་རོ། །གསུམ་པ་ལ་སྤྱིར་བསྟན། སྦྱིན་པའི་མཆོག ཞིང་གི་བྱེ་བྲག་གོ །དང་པོ་ནི། མདོ་ལས། ཀུན་དགའ་བོ་དུད་འགྲོ་ལ་བྱིན་ན་བརྒྱ་དང་། ཚུལ་ཁྲིམས་འཆལ་བའི་མི་ལ་བྱིན་ན་སྟོང་འགྱུར་དུ་རེ་བར་བྱའོ་ཞེས་པ་ལྟར་འགྲོ་བ་དང་ནད་པ་སོགས་སྡུག་བསྔལ་བའི་ཞིང་དང་། ཕ་མ་སོགས་ཕན་འདོགས་པའི་ཁྱད་པར་དང་ཚུལ་ཁྲིམས་ཅན་ལ་འབུམ་འགྱུར་དང་། འཕགས་པ་ལ་བྱིན་ན་ཚད་མེད་པར་བཤད་པས་ཡོན་ཏན་གྱི་ཁྱད་པར་རྣམས་ཀྱི་ཞིང་ཁྱད་པར་འཕགས་སོ། །གཉིས་པ་ནི། སྦྱིན་པའི་མཆོག་ནི་གྲོལ་བ་དགྲ་བཅོམ་པས་ཞིང་ཡང་གྲོལ་བ་ནང་ལ་བྱིན་པ་དང་། གཉིས་ཀ་མ་གྲོལ་ཡང་བྱང་ཆུབ་སེམས་དཔའ་ཡིས་སུ་ལ་བྱིན་ཡང་མཆོག་སྟེ་སངས་རྒྱས་དང་སེམས་ཅན་གྱི་དོན་དུ་བྱིན་པས་སོ། །དེ་མ་གཏོགས་པའི་སྦྱིན་པ་བརྒྱད་གསུངས་པའི་ནང་ནས་བརྒྱད་པ་མཆོག་ཡིན་ནོ། །བརྒྱད་པ་གང་ཞེ་ན། སྦྱིན་པ་དམ་པས་མདོར་བསྟན་པ་དང་། སེམས་ཀྱི་རྒྱན་རྫུ་འཕྲུལ། སེམས་ཀྱི་ཡོ་བྱད་འཕགས་ལམ་བརྒྱད། རྣལ་འབྱོར་གྱི་ཚོགས་ཞི་ལྷག་གཉིས་དོན་གྱི་མཆོག་མྱང་འདས་ཞེས་སམ། གང་སྤེལ་ལས། དང་པོ་འདྲ་ལ་གཞན་རྣམས་དད་སོགས་ཀྱིས་འདྲེན་པ་དང་། སེར་སྣའི་དྲི་མ་སེལ་བ་དང་། སྙོམས་འཇུག་གི་བདེ་བ་ཐོབ་པ་དང་། མྱ་ངན་འདས་ཞེས་སམ། རྟོག་གེ་འབར་བར། ཚོགས་སྦྱོར་གཉིས་དང་། རྒྱུའི་ས་བདུན་དང་། དག་ས་དང་། སངས་རྒྱས་སོ་ཞེས་སོ། །བརྒྱད་ནི་ཉེ་བ་དང་།༡ འཇིགས་པ་དང་༢། བདག་ལ་བྱིན་པས་དང་།༣ སྦྱིན་པར་འགྱུར་བས་དང་།༤ ཕ་མེས་ཀྱི་སྦྱིན་གནས་ཡིན་པས་དང་།༥ མཐོ་རིས་དང་།༦ གྲགས་པའི་དོན་དུ་བྱིན་པ་དང་།༧  སྔ་མ་དང་བརྒྱད་ལས། དང་པོ་བདུན་ནི་དམིགས་པ་དང་བཅས་པས་དམན་ནོ། །གསུམ་པ་ནི། འཕགས་པ་ལ་བྱིན་ན་ཚད་མེད་པར་གསུངས་མོད་ཀྱི། འཕགས་པ་མིན་པ་ལྔ་ལ་བྱིན་པ་ཡང་ཚད་མེད་པ་ཡོད་དེ། ཕ་མ་དང་། ནད་པ་དང་། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བྱེད་པས་ཕན་པའི་ཞིང་ཆོས་སྨྲ་བ་དང་། རྒྱལ་བུ་དོན་གྲུབ་ལྟ་བུ་སྐྱེ་མཐའི་བྱང་ཆུབ་སེམས་དཔའ་རྣམས་ཕྱི་མ་ཕྱི་མ་མཆོག་སྟེ་དེ་རྣམས་ལ་ཡོན་ཕུལ་བའི་འབྲས་བུ་ནི་འབུམ་འགྱུར་ལ་སོགས་པ་གཞལ་དུ་མེད་པ་ཡིན་ནོ། །གཉིས་པ་དེ་ལས་འཕྲོས་པ་ལ། ལྕི་ཡང་གི་ཁྱད་པར། བསགས་མ་བསགས་ཀྱི་ཁྱད་པར། ལོག་རྟོག་དགག་པའོ། །དང་པོ་ནི། རྒྱུ་དྲུག་གིས་ཏེ། མཇུག་ནི་རྗེས་ལ་བྱེད་པའི་རྒྱུན་དང་། ཞིང་ཡུལ་དང་། གཞི་ནི་ལས་ལམ་དང་སྦྱོར་བ་ནི་དེའི་དོན་དུ་ལུས་ངག་གི་ལས་བྱེད་པ་དང་། མཐར་ཕྱིན་པར་བྱེད་པའི་སེམས་པ་བསམ་པ་ནི་སྦྱོར་བའམ་གཞན་ན་ཡང་རུང་བའི་ཀུན་སློང་སྟེ་དེ་དག་ཆུང་ན་ལས་ཀྱང་ཆུང་ལ་ཆེ་ན་ཆེ་བས་རྣམ་སྨིན་གནས་པའི་ཕྱིར་ཡིན་ལ་རྒྱུ་རེ་རེས་ལྕི་བ་ཡང་ཡོད་ལ་ཐམས་ཅད་དང་ལྡན་ན་ཆེས་ལྕི་བའོ། །གཉིས་པ་ནི། མདོ་ལས་ལས་བྱས་པ་དང་བསགས་པ་ཞེས་པའི་བསགས་པ་གང་ཞེ་ན། བློ་སྔོན་དུ་མ་བཏང་བ་མ་ཡིན་པའི་ཕྱིར་བསམ་བཞིན་དུ་བྱས་པ་དང་། ལས་གང་གིས་སྐྱེ་བ་འགྲུབ་པའི་ལས་དེ་རྫོགས་པར་བྱས་པ་དང་། བྱས་ནས་མི་འགྱོད་པ་དང་ཕྱིས་འཆགས་པ་ལ་སོགས་པ་བྱས་པ་དང་། འགལ་བའི་གཉེན་པོ་མེད་པ་དང་། ཡི་རང་བའམ་ངོ་ཚ་ཁྲེལ་མེད་ལ་སོགས་པའི་འཁོར་དང་གནས་སྐབས་མ་ངེས་ཀྱང་རྣམ་པར་སྨིན་པ་ངེས་པ་དྲུག་ནི་ལས་བསགས་པའི་ལས་ཞེས་བྱ་ལ། བཟློག་པ་ནི་བྱས་པ་ཙམ་མོ། །གསུམ་པ་ལ། ལེན་པ་མེད་ཀྱང་བསོད་ནམས་འབྱུང་བ། ཞིང་ངན་ཡང་འབྲས་བུ་འདོད་པ་འབྱུང་བའོ། །དང་པོ་ནི། ཤར་ནུབ་རི་པའི་སྡེ་པ་དག་མཆོད་རྟེན་ལ་ཕུལ་བ་ལ་ལོངས་སྤྱོད་པ་མེད་པས་ཇི་ལྟར་བསོད་ནམས་ཐོབ་ཅེ་ན། མཆོད་རྟེན་ལ་ཕུལ་བ་ལ་ལོངས་སྤྱོད་པ་ལས་བྱུང་བའི་བསོད་ནམས་འབྱུང་བ་མེད་ཀྱང་བསམ་པ་བཟང་པོས་བཏང་བའི་རྒྱུ་ལས་བྱུང་བའི་བསོད་ནམས་འབྱུང་སྟེ་དཔེར་ན་ལེན་པ་མེད་ཅིང་གཞན་ལ་དངོས་སུ་ཕན་གདགས་པ་མེད་ཀྱང་བྱམས་སོགས་ཚད་མེད་དང་ཡང་དག་པའི་ལྟ་བ་བསྒོམ་པ་ལ་རང་གི་སེམས་ཀྱི་མཐུས་བསོད་ནམས་འབྱུང་བ་བཞིན་ནོ། །གཉིས་པ་ནི། གཅེར་བུ་པ་དག་ཞིང་བཟང་པོ་ལ་འབྲས་བུ་ཡིད་དུ་འོང་བ་ལྟར་ངན་པ་ལ་ཡིད་དུ་མི་འོང་བའོ་ཞེས་སོ། །རྐུན་པོ་སོགས་ངན་པའི་ཞིང་ལ་ཕན་པའི་བསམ་པས་བྱིན་པ་ལའང་འབྲས་བུ་བྱུང་ན་ཡིད་དུ་འོང་བ་ཁོ་ན་འབྱུང་སྟེ། དགེ་བ་ཡིན་པས་སོ། །ཁྱབ་པ་ནི་སྤྱིར་རྒྱུ་ལས་འབྲས་བུ་མི་འཁྲུལ་བ་མཐོང་བའི་ཕྱིར་རོ། །གཉིས་པ་གཞན་གཉིས་བསྟན་པ་ལ། སོ་སོའི་རང་བཞིན། གཉིས་ཀའི་འབྲས་བུ། ཚངས་པའི་བསོད་ནམས་སོ། །དང་པོ་ལ་ཚུལ་ཁྲིམས་དང་། བསྒོམ་པའོ། །དང་པོ་ནི། འཆལ་བའི་ཚུལ་ཁྲིམས་ནི་རང་བཞིན་གྱི་མི་དགེ་བ་རིག་བྱེད་དང་རིག་བྱེད་མིན་པའི་གཟུགས་ཡིན་ལ། དེ་སྤོང་བ་འདོད་པའི་ཚུལ་ཁྲིམས་ཏེ་རིག་བྱེད་ཡིན་མིན་གཉིས་སོ། །དེར་མ་ཟད་སངས་རྒྱས་ཀྱིས་བསླབ་པའི་གཞིར་བཅས་པ་ཕྱི་དྲོའི་ཟས་སྤོང་བའི་རིག་བྱེད་ཡིན་མིན་གཉིས་ཀྱང་སྔ་མའི་ཡན་ལག་ཏུ་གྱུར་པའི་ཚུལ་ཁྲིམས་སོ། །དེ་རྣམ་པར་དག་པ་ནི་ཡོན་ཏན་བཞི་ལྡན་ཏེ། འཆལ་བའི་ཚུལ་ཁྲིམས་དངོས་ཀྱི་འཕན་མ་བྱུང་བ་སྟེ་ཉམས་པར་མ་བྱས་པ་དང་། དེའི་རྒྱུ་ཉོན་མོངས་ཀྱིས་འཕན་མ་བྱུང་བ་དང་། དེ་དག་གི་གཉེན་པོ་དྲན་པ་ཉེར་གཞག་བརྟེན་པ་དང་། ཐར་པར་བསྔོས་པས་ཞི་བ་ལ་བརྟེན་པའོ། །གཉིས་པ་ནི། བསམ་གཏན་གཟུགས་མེད་ཀྱི་མཉམ་པར་གཞག་པ་ཏིང་ངེ་འཛིན་དང་དེ་དང་ལྷན་ཅིག་པའི་དགེ་བ་ཟག་བཅས་ཟག་མེད་ནི་བསྒོམ་པ་སྟེ་སེམས་ལ་ཏིང་ངེ་འཛིན་གྱི་ཡོན་ཏན་རྣམས་ཆེས་བསྒོ་ཞིང་དེའི་རང་བཞིན་དུ་བྱེད་པའི་ཕྱིར་རོ། །གཉིས་པ་གཉིས་ཀའི་འབྲས་བུ་ནི་མཐོ་རིས་ཀྱི་དོན་དུ་སྦྱིན་པ་ཡང་འགྲོ་མོད་ཀྱི་ངན་འགྲོའི་གཉེན་པོ་ཡིན་པས་ཚུལ་ཁྲིམས་གཙོ་ལ། ཚུལ་ཁྲིམས་ཡང་བརྒྱུད་ནས་ཉོན་མོངས་འབྲལ་བྱེད་ཡིན་ཡང་། དངོས་སུ་བར་ཆད་མེད་ལམ་གྱིས་འབྲལ་བར་བྱེད་པས་དེའི་དོན་དུ་བསྒོམ་པ་གཙོ་བོ་ཡིན་ནོ། །གསུམ་པ་ཚངས་པའི་བསོད་ནམས་ནི། མདོ་ལས། གང་ཟག་བཞིའི་ཚངས་པའི་བསོད་ནམས་བསྐྱེད་དོ་ཞེས་པའི་ཚངས་པའི་བསོད་ནམས་གང་ཞེ་ན། བྱེ་སྨྲ་ནི་མཚན་རྣམ་པར་སྨིན་པའི་ལས་དང་མཉམ་པར་འདོད་ལ། སྔོན་གྱི་སློབ་དཔོན་ནི་སྔར་མ་བྱས་པའི་སར་སངས་རྒྱས་ཀྱི་སྐུ་གདུང་གི་མཆོད་རྟེན་བྱེད་པ་དང་། ཕྱོགས་བཞིའི་དགེ་འདུན་ལ་ཀུན་དགའ་རྭ་བ་འབུལ་ཅིང་དེར་གཙུག་ལག་ཁང་རྩིག་པ་དང་། སངས་རྒྱས་ཀྱི་ཉན་ཐོས་བྱེ་བ་བསྡུམས་པ་དང་བྱམས་པ་བསྒོམ་པའོ། །དང་པོ་གཉིས་སྦྱིན་པ་དང་ཐ་མ་གཉིས་བསྒོམ་པའི་ཕྱོགས་ཡིན་པར་འཆད། དེ་བཞི་ཚངས་པ་མདུན་ན་འདོན་གྱི་བསོད་ནམས་དང་འདྲ་བ་སྟེ་དང་པོ་གསུམ་འདོད་པ་ཁོ་ན་ཡིན་ཡང་བར་གྱི་བསྐལ་པ་བཞི་བཅུའི་བར་དུ་འདོད་པའི་མཐོ་རིས་སུ་ཚེ་མཐུད་ཅིང་སྐྱེ་བས་དགའ་བར་གནས་པའི་ཕྱིར། མཐོ་རིས་ནི་འདོད་པའི་ལྷའོ་ཞེས་གང་སྤེལ་ལས་སོ། །གསུམ་པ་ཆོས་སྦྱིན་ནི། མདོ་ལས། སྦྱིན་པ་གཉིས་འབྱུང་བའི་ཟང་ཟིང་ནི་བཤད་ཟིན་ལ། ཆོས་ཀྱི་སྦྱིན་པ་ནི་ཀུན་སློང་ཉོན་མོངས་པ་ཅན་མིན་པས་བསྟན་བྱ་མདོ་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་ཚུལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པ་ནིའོ། །རྙེད་བཀུར་སོགས་ཀྱི་ཆེད་དུ་སྟོན་ན་རང་གི་བསོད་ནམས་ཉམས་པར་བྱེད་དོ། །གསུམ་པ་ཆ་མཐུན་དགེ་བ་གསུམ་ནི། བསོད་ནམས་ཆ་མཐུན་ནི་རྣམ་སྨིན་ཡིད་དུ་འོང་བ་དང་། ཐར་པ་ཆ་མཐུན་ནི་གང་སྐྱེས་ན་མྱ་ངན་ལས་འདས་པ་ཐོབ་ཅིང་དེ་ཡོད་པའི་རྟགས་འཁོར་འདས་ཀྱི་སྐྱོན་ཡོན་ཐོས་ན་སྤུ་ཟིང་བྱེད་པ་སོགས་དང་། ངེས་འབྱེད་ཆ་མཐུན་ནི་འོག་ནས་འཆད་པའི་དྲོ་བ་ལ་སོགས་པ་ཟག་བཅས་དགེ་བ་གསུམ་མོ། །གསུམ་པ་ཆོས་ཀྱི་རྣམ་གྲངས་ཁ་ཅིག་བསྟན་པས་མཇུག་བསྡུ་བ་ནི། རིགས་པ་སྟེ་སློབ་པའི་ཐབས་ཀྱིས་རབ་ཏུ་བཅུག་པའི་སྒོ་གསུམ་གྱི་ལས་རྣམ་པ་གསུམ་ལས་ལུས་ཀྱི་ཀུན་སློང་སེམས་དང་སེམས་བྱུང་དང་བཅས་པ་ནི་འཇིག་རྟེན་པའི་ཡིག་འབྲུ་དང་། རྟགས་བྱེད་པ་དང་། ངག་གི་ལས་གཅིག་གཉིས་ལ་སོགས་པ་བགྲང་བ་དང་། ཚིག་བཅད་སྡེབ་པའི་སྙན་ངག་དང་། ཡིད་ཀྱི་ལས་གྲངས་སྡོམ་པའམ་ཡིད་ཀྱི་བགྲང་བར་བྱེད་པའི་ལས་ཏེ་གོ་རིམ་བཞིན་ནོ། །ཐར་པའི་གེགས་བྱེད་པས་བསྒྲིབས་པ་དང་། གནག་ཅིང་འཕགས་པས་བོར་བས་ངན་པ་དང་། དམ་པས་སྨད་པས་ཁ་ན་མ་ཐོ་བ་དང་བཅས་པ་ནི་ཉོན་མོངས་ཅན་ཆོས་ཀྱི་རྣམ་གྲངས་དང་། དྲི་མེད་ཀྱི་དགེ་བ་ནི་དག་པའི་མུར་ཐུག་པས་གྱ་ནོམ་དང་འདུས་བྱས་ཀྱི་དགེ་བ་ནི་བདེ་བ་སྐྱེད་ཅིང་ཡང་ཡང་དུ་གོམས་པར་བྱ་བས་བསྟེན་བྱ་སྟེ། མི་དགེ་བ་དང་ལུང་མ་བསྟན་ལ་འབྲས་བུ་བདེ་བ་མེད་ཅིང་འདུས་བྱས་ནི་གོམས་པར་མི་རུང་བས་བསྟེན་བྱ་མིན་ནོ། །ཆོས་གཞན་ཐམས་ཅད་ནི་གོང་མ་དང་བཅས་པ་སྟེ་ཐར་པ་མྱང་འདས་ནི་བླ་ན་མེད་པའོ། །ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་གཞུང་དོན་རབ་ཏུ་གསལ་བའི་ཉི་མ་ལས་བསྟན་པའི་གནས་བཞི་པ་བཤད་ཟིན་ཏོ།།  ༈  །།ལྔ་པ་ཕྲ་རྒྱས་བསྟན་པ་ལ། སྤང་བྱ་ཕྲ་རྒྱས་ཀྱི་རང་བཞིན། སྤོང་བྱེད་གཉེན་པོའི་རང་བཞིན། སྤངས་པའི་འབྲས་བུ་ཡོངས་ཤེས་སོ། །དང་པོ་ལ། མཚམས་སྦྱར་བའི་སྒོ་ནས་མདོར་བསྟན། ཕྲ་རྒྱས་ཉིད་གཏན་ལ་དབབ་པའོ། །དང་པོ་ནི། ལས་དེ་དག་གང་ལས་བྱུང་དེ་ཁོ་ནས་འཇིག་རྟེན་སྐྱེད་དམ་ཞེ་ན། ལས་དེ་དག་ཕྲ་རྒྱས་ཀྱི་དབང་གིས་བསགས་ཤིང་བདེན་པ་མཐོང་བ་ལ་འཕེན་པ་མེད་པས། ལས་དང་ཕྲ་རྒྱས་མེད་པར་སྲིད་པ་མངོན་པར་འགྲུབ་མི་ནུས་ཤིང་། དགྲ་བཅོམ་པ་ལ་ལས་ཡོད་ཀྱང་སྲེད་དང་བྲལ་ལ་ཡང་སྲིད་མེད་པས་སྲིད་པའི་རྩ་བ་ཕྲ་རྒྱས་ཏེ། ལས་ནི་སོ་སོར་ངེས་པའི་རྒྱུ་ཉེར་ལེན་ཡིན་ལ། ཉོན་མོངས་ནི་ཐུན་མོང་གི་རྒྱུ་ལྷན་ཅིག་བྱེད་རྐྱེན་ཡིན་པས་ཕྱོགས་རེ་ནས་གཉིས་ཀ་གཙོ་ཡང་ཉོན་མོངས་ཅན་མེད་ན་འཁོར་བ་ཙམ་མི་འགྲུབ་ཅིང་གཏན་དུ་བ་ཡིན་པས་སོ། །དེའང་གང་སྤེལ་ལས། སྐྱེ་བའི་ཤིང་རྟ་སྐྱེ་བོ་བྱིས་པ་ཡིས། །ཞོན་ཅིང་ཉོན་མོངས་ལས་ཀྱི་འཕང་ལོ་ཅན། །དེ་ནི་ཉོན་མོངས་འཕང་ལོ་དེ་ཉམས་ན། །ལས་ཀྱི་འཕང་ལོ་གཅིག་པུ་འཁོར་མ་ཡིན། །ཞེས་དང་། བསྟན་བཅོས་ལས་ཀྱང་། ཉོན་མོངས་པ་འཇུག་པ་ནི་བྱ་བ་བཅུ་བྱེད་དེ། རྩ་བ་བརྟན་བྱེད་རྒྱུན་གནས་བྱེད། །ཞིང་དུ་རྒྱུ་མཐུན་ལས་སྲིད་སྒྲུབ། །རང་གི་ཚོགས་འཛིན་དམིགས་ལ་རྨོངས། །རྣམ་ཤེས་རྒྱུན་ཁྲིད་དགེ་ལས་གཡོ། །ཁམས་ལས་མི་འདའ་འཆིང་བས་ཁྱབ། །ཅེས་པའི་བྱ་བ་ལྔ་པ་དང་བརྒྱད་པས་སྲིད་པ་གཉིས་ཀྱི་རྩ་བར་བསྟན་ལ། བཅུ་པོ་དེ་ཉིད་གནས་འདིར་བསྟན་ནོ། །གཉིས་པ་ལ་ཕྲ་རྒྱས་ཀྱི་དབྱེ་བ། ཕྲ་རྒྱས་ཀྱི་སྐྱེ་ཚུལ། རྣམ་གྲངས་སོགས་ཀྱིས་བཤད་པའོ། །དང་པོ་ལ་ངོ་བོའི་དབྱེ་བ། རྣམ་པའི་དབྱེ་བ། སེམས་ཕྲ་རྒྱས་དང་བཅས་པའི་དབྱེ་བའོ། །དང་པོ་ལ། དབྱེ་བ་དངོས། སྤང་བྱ་གཉིས་ཀྱི་ངེས་པ། ལྟ་བ་དང་ང་རྒྱལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་རྩ་བའི་སྒོ་ནས་དྲུག་ཆགས་པའི་དབྱེ་བས་བདུན། ལྟ་བའི་དབྱེ་བས་བཅུ། ཁམས་བཅས་གྲངས་ཀྱིས་གོ་བརྒྱད་དུ་དབྱེ་བའོ། །དང་པོ་ནི། སྲིད་པའི་རྩ་བ་ཕྲ་རྒྱས་དེའང་དབྱེ་ན་དྲུག་སྟེ། མཚན་ཉིད་ནི་ཉེར་ལེན་གྱི་ཕུང་པོ་ལ་ཞེན་པའི་འདོད་ཆགས་དང་། དེ་བཞིན་ཞེས་པ་འདོད་ཆགས་གང་ལ་རྒྱས་པ་ལ་ལྷག་མ་ཡང་རྒྱས་པར་སྟོན་ལ། དེ་ལ་མནར་སེམས་པའི་ཁོང་ཁྲོ་དང་། དེ་ལ་རློམ་ཞིང་ཁེངས་པའི་ང་རྒྱལ་དང་། བདེན་པ་ལ་རྨོངས་པའི་མ་རིག་པ་དང་། དེ་ལ་ལོག་པར་རྟོག་པའི་ལྟ་བ་དང་། དེ་ལ་རྩེ་གཉིས་སུ་འཇུག་པའི་ཐེ་ཚོམ་ཡིན་ནོ། །གྲངས་ངེས་པ་ནི། སའི་སྟོད་འགྲེལ་ལས། བཟའ་བྱ་ཡུལ་ཚོར་བ་གསུམ་དང་། ཟ་བ་པོ་སེམས་ཅན་དང་། ཕྱིན་ཅི་ལོག་སྤངས་པ་ལ་ལོག་ཞུགས་དུག་གསུམ་དང་། ང་རྒྱལ་དང་། ལྟ་བ་ཐེ་ཚོམ་ཞེས་བཤད་དོ། །གཉིས་པ་ནི། དེ་དྲུག་ཀྱང་འདོད་པའི་འདོད་ཆགས་དང་སྲིད་པའི་འདོད་ཆགས་གཉིས་སུ་དབྱེ་བས་བདུན་ཚན་བདུན་པའི་མདོ་ལས་བདུན་དུ་བཤད་དོ། །དེ་ལ་འདོད་ཡོན་ལྔ་ལ་གཙོ་བོར་དམིགས་པས་དང་པོ་ཡིན་ལ། ཁམས་གོང་མ་གཉིས་ལས་སྐྱེས་པ་ནི་སྲིད་པའི་འདོད་ཆགས་ཏེ། དེ་གཉིས་གཅིག་ཏུ་སྡོམ་པའི་རྒྱུ་ནི་སྣོད་ལ་སོགས་པའི་ཁ་ཕྱི་བལྟ་ཅུང་ཟད་ཡོད་ཀྱང་ཕལ་ཆེར་སྙོམས་འཇུག་ལུས་རྟེན་དང་བཅས་པ་ལ་ཆགས་པས་ཁ་ནང་དུ་བལྟས་པའི་ཕྱིར་དང་། ཟག་པའི་སྐབས་སུ་ལུང་མ་བསྟན་དང་མཉམ་གཞག་གི་ས་པར་འདྲ་བའི་ཕྱིར་ཞེས་པའང་སྦྱར་རོ། །དེ་ལོགས་སུ་བཞག་པའི་དགོས་པ་ནི། ཕྱི་རོལ་པ་ཁ་ཅིག སྙོམས་འཇུག་བརྒྱད་པོ་ལ་དགེ་སྦྱོང་ཚུལ་གྱི་འབྲས་བུ་བཞིར་འདུ་ཤེས་པའམ། འོས་པ་པ་དག་ཐར་པ་ནི་ཚངས་པའི་འཇིག་རྟེན་ན་གདུགས་དཀར་པོ་ཁ་གྱེན་ལ་བསྟན་པ་ལྟ་བུ་འདོད་པ་དང་། ཁ་ཅིག་འདུ་ཤེས་མེད་པ་ལ་སྟེ། དེར་ཐར་པའི་འདུ་ཤེས་དང་རྒྱུ་ལ་ལམ་དུ་འཛིན་པ་བཟློག་པའི་ཕྱིར་བཤད་པའམ། ཡང་ན་ཁམས་དེ་གཉིས་ལ་ཐར་པའི་འདུ་ཤེས་འཇུག་པར་འདྲ་བས་གཅིག་ཏུ་བསྟན་ཞེས་སོ། །སློབ་དཔོན་ནི། སྲིད་པ་སྟེ། སྙོམས་འཇུག་རྟེན་དང་བཅས་པའི་རོ་མྱང་བའི་འདོད་ཆགས་ཡིན་གྱི་འདོད་པའི་ཡོན་ཏན་རོ་མྱོང་བ་མིན་པར་སྟོན་པའོ་ཞེས་གསུངས་སོ། །གསུམ་པ་ནི། མངོན་པ་ལས་ལྟ་བའི་ཕྲ་རྒྱས་ལྔ་སྟེ། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་ལྟ་བ་དང་། སྐུར་བ་འདེབས་པ་ལོག་ལྟ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ལྟ་བ་མིན་པ་ལྔ་སྟེ་བཅུ་བཤད་དོ། །ལྟ་བ་ལྔར་ངེས་པ་ནི་ས་འགྲེལ་ལས། ཤེས་བྱ་དང་ལྟ་བ་དང་སྤྱོད་པ་ལ་ལོག་ཞུགས་གསུམ་ལས། དང་པོ་ལའང་སྤྱི་དང་ཁྱད་པར་ལ་སྒྲོ་འདོགས་པ་དང་པོ་གཉིས། གཉིས་པ་ལ་གཉིས་པ་གསུམ་པ་ལ་སྒྲོ་འདོགས་པ་ཕྱི་མ་གཉིས་སོ། །བཞི་པ་ནི། བཅུ་པོ་དེ་དག་དུཿཁ་ལ་བཅུ་དང་ཀུན་འབྱུང་དང་འགོག་པ་ལ་ལྟ་བ་དང་པོ་གཉིས་དང་ལྔ་པ་སྟེ། གསུམ་མ་གཏོགས་པ་བདུན་བདུན་དང་། ལམ་ལ་ལྟ་བ་དང་པོ་གཉིས་མ་གཏོགས་པ་བརྒྱད་དེ་སོ་གཉིས་ནི་འདོད་ཁམས་ན་ཡོད། དེ་ཡང་སྡུག་བསྔལ་ལ་སོགས་པ་བདེན་བཞི་མངོན་སུམ་དུ་མཐོང་བས་རིམ་པ་བཞིན་དུ་སྤོང་བར་བྱེད་ལ། བཅུ་ལས་ལྟ་བ་ལྔ་དང་ཐེ་ཚོམ་ནི་བདེན་པ་ལ་ལོག་ཞུགས་ཁོ་ནར་ངེས་ལ། ལྷག་མ་བཞི་ནི་སྒོམ་པས་སྤང་བྱ་ཡིན་ཏེ། ཤེས་བྱ་རང་མཚན་ལ་ལོག་ཞུགས་དག་ཡོད་པས་སོ། །དེ་ལྟར་ན་འདོད་པ་ན་མཐོང་སྒོམ་གྱིས་སྤང་བྱ་ཕྲ་རྒྱས་སོ་དྲུག་གོ །ཀུན་ནས་མནར་སེམས་པའི་གཞི་དགུ་མེད་ཅིང་རྣམ་པ་འཇུག་ཚུལ་ཉིད་ཀྱི་མི་དགེ་བར་འགྱུར་བས་ཁོང་ཁྲོ་ལྔ་མ་གཏོགས་པ་སྔར་བཤད་པ་དེ་དག་ཉིད་གཟུགས་ཁམས་ན་ཡོད་པ་དེ་དག་དགུ་དང་དྲུག་དྲུག་བདུན་ཞེས་སྦྱར་རོ། །གཞུང་འདིས་ཐོབ་པ་དང་མངོན་འགྱུར་གཉིས་ཀ་མེད་པར་འདོད་ལ། གོང་མ་བས་འདོད་པའི་ས་བོན་ཡོད་ཀྱང་ཁམས་གོང་གི་ས་བོན་དང་མངོན་འགྱུར་མེད་པར་འདོད་དོ། །གཟུགས་མེད་ཀྱང་དེ་ཁོ་ན་དང་འདྲ་སྟེ་སུམ་ཅུ་སོ་གཅིག་རེ་རེའོ། །དེ་ལྟར་ན་ཁམས་ཀྱི་གསུམ་དང་། རེ་རེ་ལ་རིས་ཀྱི་ལྔ་དང་། རེ་རེ་ཡང་ཉོན་མོངས་པའི་ངོ་བོ་ཐ་དད་པས་དགུ་བཅུ་གོ་བརྒྱད་དུ་མངོན་པ་ལས་བཤད་པར་འདོད་དེ། ཀུན་བཏུས་ལས་ལྟ་བ་ལ་དབྲི་བསྣན་མེད་པར་མཐོང་སྤང་བརྒྱ་རྩ་བཅུ་གཉིས་དང་། འཇིག་མཐར་ལྷན་སྐྱེས་སྒོམ་སྤང་ཡིན་པས་སྒོམ་སྤང་བཅུ་དྲུག་བཤད་ལ། བསྡུ་བར་བདེན་པ་ཕྱི་མ་གསུམ་ལ་ལྟ་བ་དང་པོ་གཉིས་དོར་ནས་མཐོང་སྤང་དགུ་བཅུ་རྩ་བཞིར་བཤད་ཅིང་། འདི་གཉིས་ཀྱི་ཁྱད་པར། བྲང་ཏི་ན་རེ། སེམས་ཙམ་པ་དང་མདོ་སྡེ་པའི་ལུགས་ཡིན་ཞེས་བཞེད་ཀྱང་། རྣམ་པ་འགལ་བ་ཙམ་དང་དངོས་སུ་འགལ་བ་ལ་དགོངས་ཞེས་མ་ཧཱ་གསུང་ངོ་། །གཉིས་པ་ལ་མཐོང་སྤང་ཁོ་ན་ཡིན་པ། སྤང་བྱ་གཉིས་ཀ་ཡིན་པ། སྒོམ་སྤང་ཁོ་ན་ཡིན་པའོ། །དང་པོ་ནི། མཐོང་སྤང་དུ་བཤད་པ་དེ་དག་བདེན་པ་མཐོང་བ་ཁོ་ནས་སྤོང་ངམ་ཞེ་ན། བྱེ་བྲག་ཡོད་དེ། སྲིད་རྩེ་ལས་སྐྱེས་པའི་བཟོད་པ་བཞི་ཡི་གཞོམ་བྱ་མཐོང་སྤང་དག་ནི་མཐོང་བས་སྤང་བྱ་ཉིད་དུ་ངེས་ལ། གཉིས་པ་ནི། ས་ལྷག་མ་བརྒྱད་ལས་སྐྱེས་པའི་བཟོད་པས་གཞོམ་བྱ་ནི་མཐོང་ལམ་དང་སྒོམ་ལམ་གཉིས་ཀྱིས་ཅི་རིགས་པར་སྤོང་སྟེ་འཆིང་བ་ཀུན་ལྡན་གྱི་འཕགས་པས་མཐོང་ལམ་དང་བྱིས་པས་གོང་མའི་ཉེར་བསྡོགས་ཀྱིས་མཐོང་སྒོམ་གྱི་སྤང་བྱ་ཆིག་དྲིལ་དུ་སྤོང་བའི་ཚེ་འཇིག་རྟེན་པའི་སྒོམ་ལམ་གྱིས་སྤོང་བས་སོ། །འོན་ཀྱང་བདེན་པ་ལ་ལོག་ཞུགས་ཀྱི་མཚན་ཉིད་ཡོད་པས་མཐོང་སྤང་དུ་གཞག་གོ །གོང་མ་བ་ནི་བྱིས་པས་མཐོང་སྤང་བདེན་པ་ལ་མི་དམིགས་པས་མི་སྤོང་ལ་སྒོམ་སྤང་ཡང་མགོ་གནོན་པར་ཟད་ཀྱི་རྩ་བ་ནས་མི་སྤོང་བར་བཤད་དོ། །བྱེ་སྨྲ་ནི་སྒོམ་སྤང་མ་སྤངས་པར་གོང་མར་མི་བསྐྱེད་ཅིང་གོང་མའི་སེམས་མ་ཐོབ་པ་ལྟར་མཐོང་སྤང་ཡང་དེ་དང་འདྲ་བར་འདོད་དོ། །གསུམ་པ་ནི། བཟོད་པས་གཞོམ་བྱ་མིན་པ་སྒོམ་སྤང་ནི་བདེན་པ་ལ་ལོག་ཞུགས་མིན་པས་སྒོམ་ལམ་ཁོ་ནས་སྤོང་། གསུམ་པ་ལ། ལྟ་བའི་དབྱེ་བ། ང་རྒྱལ་གྱི་དབྱེ་བའོ། །དང་པོ་ལ། ལྟ་བ་ལྔའི་ངོ་བོ། མཆོག་འཛིན་གཉིས་པ་ལ་རྩོད་སྤོང་། འཕྲོས་དོན་ཕྱིན་ཅི་ལོག་གི་རྣམ་གཞག་གོ །དང་པོ་ནི། སྔར་གྱི་ལྟ་བ་ལྔའི་ངོ་བོ་གང་ཞེ་ན། ཉེར་ལེན་གྱི་ཕུང་པོ་ལྔ་ལ་དམིགས་ནས་རྣམ་ཤེས་ལ་བྱེད་པ་པོའི་བདག་དང་གཞན་བཞི་ལ་དབང་བསྒྱུར་བྱའི་བདག་གིའམ། མིང་ལ་བདག་དང་གཟུགས་ལ་བདག་གིར་ལྟ་བ་དང་། བདག་ཏུ་གཟུང་བའི་དངོས་པོ་དེ་ཉིད་ལ་དམིགས་ནས་དེ་ཉིད་སྔ་མ་ནས་འདི་དང་འདི་ནས་ཕྱི་མར་འཇུག་གོ་ཞེས་རྟག་པ་དང་། དེ་མེད་དོ་ཞེས་ཆད་པར་ལྟ་བ་དང་། བདེན་པ་དག་མེད་པར་ལྟ་བ་ནི་ལོག་ལྟ་སྟེ་ལྟ་བ་ལྔ་ཆར་ལོག་པ་ཡིན་ཡང་། མར་དྲི་ང་ཞེས་པ་ལྟར་འདི་ལོག་ཚབས་ཆེ་བས་སོ། །ལྟ་བ་སོགས་དམན་པ་ཟག་བཅས་ཐམས་ཅད་ལ་མཆོག་སོགས་སུ་ལྟ་བ་དང་། དབང་ཕྱུག་སོགས་འཇིག་རྟེན་གྱི་རྒྱུ་མིན་པ་ལ་རྒྱུ་དེར་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ཁོ་ན་ཐར་ལམ་མིན་པ་ལ་ལམ་དེར་ལྟ་བ་སྟེ། མཆོག་འཛིན་གཉིས་ཀྱི་བར་གྱི་སོགས་སྒྲ་ཕྱིས་པས་སོ། །དེ་དག་ནི་ལྟ་བ་ལྔའི་ངོ་བོ་ཡིན་ནོ། །གཉིས་པ་ནི། གལ་ཏེ་རྒྱུ་མིན་ལ་རྒྱུར་ལྟ་བ་བརྟུལ་ཞུགས་མཆོག་འཛིན་ཡིན་ན། དབང་ཕྱུག་ལ་སོགས་པ་རྒྱུ་མིན་པ་ལ་རྒྱུར་མངོན་པར་ཞེན་པའི་ལྟ་བ་ལྔ་པ་ཀུན་འབྱུང་མཐོང་སྤང་དུ་འགྱུར་རོ་ཞེ་ན། དེ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཉིད་ཡིན་ཏེ། དེ་དག་ལ་རྟག་པ་དང་བདག་ཏུ་ཕྱིན་ཅི་ལོག་པ་ཡིས་རྒྱུར་འཛིན་རབ་ཏུ་འཇུག་ལ། དུཿཁ་མཐོང་བ་ན་དེ་དག་མི་རྟག་བདག་མེད་དུ་མ་ཤེས་ན་ཉི་ཚེ་བར་འགྱུར་ལ་ཤེས་ན་རྒྱུར་འཛིན་ཡང་བཟློག་པ་དེའི་ཕྱིར་རོ། །ལྟ་བ་དང་པོ་གཉིས་བདེན་པ་ཕྱི་མ་གསུམ་ལ་མི་འཇུག་པ་ཡང་དེས་གྲུབ་སྟེ། འཇིག་ལྟ་ནི་བདག་ཏུ་ལྟ་ཞིང་མཐར་འཛིན་ཡང་དེས་བསླངས་པ་དང་། རྟག་པར་འཛིན་པ་སོགས་ཀྱི་དུཿཁ་མཐོང་སྤང་ལོག་པ་ན་དེ་དག་ཀྱང་ལོག་ཟིན་པས་སོ། །གསུམ་པ་ནི། བདག་རྟག་ཕྱིན་ཅི་ལོག ཅེས་པ་དེ་གཉིས་སུ་ཟད་དམ་ཞེ་ན། མ་ཟད་དེ། ལྟ་བ་གསུམ་ལས་ཕྱིན་ཅི་ལོག་བཞི་ཚན་དུ་གཞག་སྟེ། མཐར་འཛིན་པའི་ཕྱོགས་གཅིག་ལས་རྟག་ལྟ་དང་། ལྟ་བ་མཆོག་འཛིན་ལས་བདེ་བ་དང་གཙང་བ་དང་། འཇིག་ཚོགས་ལ་ལྟ་བ་ལས་བདག་ཏུ་ལྟ་བ་ཕྱིན་ཅི་ལོག་ཡིན་ལ། བདག་གིར་ལྟ་བ་ནི་མདོ་ལས་མི་འབྱུང་བས་ཕྱིན་ཅི་ལོག་མིན་པའམ། ཁ་ཅིག་བདག་ཅེས་གང་རུང་དང་བདག་གི་ཞེས་འབྲེལ་བ་ཅན་དུ་བསྟན་པ་དོན་གཅིག་ཅེས་སོ། །འདི་གསུམ་ཁོ་ན་ཕྱིན་ཅི་ལོག་ཏུ་བཞག་པའི་རྒྱུ་ནི་ཡུལ་ལ་གཅིག་ཏུ་ཕྱིན་ཅི་ལོག་པའི་ཕྱིར་དང་། ངེས་པར་རྟོག་པ་དང་། སྒྲོ་འདོགས་པའི་རྒྱུ་གསུམ་ཚང་བའི་ཕྱིར། ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱིས་ཅུང་ཟད་འདག་པས་ལྟ་བ་ལྔ་པ་དང་ཉོན་མོངས་ཅན་གཞན་དང་སྐུར་འདེབས་ཀྱི་ལྟ་བ་ལ་རྒྱུ་གསུམ་རིམ་བཞིན་མེད་དོ། །འོ་ན་མདོ་ལས་སེམས་དང་འདུ་ཤེས་ཕྱིན་ཅི་ལོག་ཅེས་གསུངས་པ་ཇི་ལྟ་བུ། དེ་ལ་ངེས་རྟོག་མེད་དོ་ཞེ་ན། རང་ལ་མེད་ཀྱང་ལྟ་བ་དེ་དང་མཚུངས་པར་ལྡན་པའི་དབང་གིས་དེར་གཞག་ལ། ཚོར་བ་ལ་སོགས་ལ་མ་བཤད་པ་ནི་འཇིག་རྟེན་ན་མ་གྲགས་ཤིང་དེ་གཉིས་ལ་གྲགས་སོ། །ཡང་ན་སེམས་གཙོ་བོ་ཡིན་ཞིང་འདུ་ཤེས་ནི་ཡུལ་གཅོད་པས་ལྟ་བ་དང་འདྲ་བས་སོ་ཞེས་གསུངས་སོ། །དེས་ན་ཕྱིན་ཅི་ལོག་སོ་གཉིས་པོ་ཐམས་ཅད་མཐོང་སྤང་ཡིན་ལ། སྡེ་པ་གཞན་ནི་གཙང་བདེའི་སེམས་དང་འདུ་ཤེས་ལྟ་བ་དང་མཚུངས་པར་མི་ལྡན་པའི་སྒོམ་སྤང་ཡང་ཡོད་དེ། སློབ་པ་ཆགས་བཅས་བུད་མེད་ལ་གཙང་བ་དང་། འཁྲིག་པ་ལ་བདེ་བར་འཛིན་པའི་ཕྱིར་ཞེས་ཟེར་རོ།                  རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*