ལྷམ་བཟོ་དང་ཕྱུག་པོ།

ལྷམ་བཟོ་ཞིག་གིས་ཉིན་མཚན་ཀུན་ཏུ་གླུ་དབྱངས་ལེན་བཞིན་འདུགནམ་རྒྱུན་མི་རྣམས་ཁོང་དང་འཕྲད་པའམ་ཡང་ན་ཁོའི་གླུ་སྐད་ཐོས་དུས་སེམས་ལ་རང་དབང་མེད་པར་སྤྲོ་སྣང་ཞིག་སྟེར་ངེས།ཁོས་རང་ཉིད་ཀྱི་ལྷམ་བཟོའི་ལས་ཀ་ནི་རྒྱལ་པོ་མཛད་པ་ལས་ཀྱང་དགའ་སྣང་འདུག
  དེ་ལས་ལྡོག་པ་ཞིག་ནི།ཁོའི་ཁྱིམ་མཚེས་ནི་སྟོབས་འབྱོར་མངའ་ཐང་ལྡན་པའི་ཕྱུག་པོ་ཞིག་ཡིན།འོན་ཀྱང་དེས་གླུ་དབྱངས་ལེན་པ་སུས་ཀྱང་ཐོས་མ་མྱོང་ལ་མཚན་མོར་གཉིད་ཀྱང་སྐྱིད་པོ་མི་ཡོང་།ནམ་རྒྱུན་སྐྱ་རེངས་ཀྱི་དུས་སུ་གཉིད་མ་ལོག་ནས་འདུག་སྐབས།ཁྱིམ་མཚེས་ལྷམ་བཟོས་གླུ་སྐད་ཀྱིས་ཁོ་རང་བདེ་བར་སྡོད་པའི་དུས་ནི་དབེན་པར་གྱུར།
  ཕྱུག་པོ་དེས༼ཅིའི་ཕྱིར་གཉིད་འགུགས་ཀྱང་ཚོང་རྫས་ལྟར་བཙོང་མི་ཆོག་པ་རེད།༽ཅེས་གནམ་རྒན་མར་འཁང་ར་བྱས།
  ཉིན་ཞིག་ཕྱུག་པོས་ལྷམ་བཟོ་དེ་རང་ཁྱིམ་དུ་བོས་ནས༼སྐུ་ཞབས་ལགས།ཁྱོད་ལ་ལོ་གཅིག་གི་ཡོང་འབབ་སྒོར་མོ་ག་ཚོད་འདུག༽ཅེས་དྲིས།
  ༼སྐུ་ཞབས་ལགས།ཁྱེད་ཀྱིས་ང་ལ་ལོ་གཅིག་གི་ཡོང་འབབ་དྲིས་པ་ཨེ་ཡིན།ང་ལ་དེ་དག་བརྩི་སྲོལ་གཏན་ནས་མེད།ཉི་མ་རེ་རེ་བཞིན་དུས་ཚོད་སྐྱེལ་གྱིན་ཡོད།མདོར་ན་རྒྱུན་པར་ཟ་རྒྱུ་ཡོད་གི༽ཞེས་དགོད་བཞིན་དེ་ལྟར་བཤད།
  ༼གྲོགས་པོ་ལགས།དེ་ན་ཁྱེད་ལ་ཉིན་རེར་སྒོར་མོ་ག་ཚོད་ཀྱི་ཡོང་འབབ་འདུག༽ཅེས་དྲིས།
  ༼ཐེངས་རེར་མང་ཙམ་གདའ།ཐེངས་རེར་ཉུང་ཤས་ཙམ།འོན་ཀྱང་ལོ་རེའི་ནང་གི་ཉིན་འགའ་ལ་ང་ཚོས་ཉོ་འཚོང་བྱེད་མི་ཆོག་པ་མ་གཏོགས།དེ་མིན་ཡོངས་འབབ་བཟང་པོ་འདུག༽ཅེས་བཤད།
  ཕྱུག་པོའི་དྲང་གཏམ་དེས་ལྷམ་བཟོ་མཚར་སྣང་སྐྱེས་སུ་བཅུག
༼དེ་རིང་ནས་བཟུང་ངས་ཁྱོད་ལ་སྒོར་མོ་འཛད་མེད་ཅིག་སྦྱིན།གསེར་སྒོར་བརྒྱ་འདི་སྔོན་ལ་ཁྱེར་ནས་བེད་སྤྱོད་བྱོས༽ཞེས་བཤད།
ལྷམ་བཟོས་རང་ཉིད་ལ་འཇིག་རྟེན་གྱི་རྒྱུ་ནོར་ཡོད་དོ་ཅོག་ཐོབ་སོང་བསམས་ནས་དགའ་ཚོར་ཆེན་པོ་སྐྱེས།
ལྷམ་བཟོ་ཕྱིར་རང་ཁྱིམ་དུ་བསླེབས་ནས་གསེར་སྒོར་དེ་རང་ཁྱིམ་གྱི་ཕུག་པ་རུ་མནན་ལ་དེ་དང་ལྷན་དུ་རང་གི་དགོད་སྒྲ་ཡང་མནན་ནོ། །
རྒྱུ་རྟ་ཙམ་ལ་སྡུག་རྟ་ཙམ་ཞེས་པའི་ཁ་དཔེ་ལྟར་ཉིན་དེ་ནས་བཟུང་ལྷམ་བཟོ་སྡུག་བསྔལ་གྱིས་མནན་ནས་གླུ་སྐད་ཀྱང་འཇགས་སོང་ལ།གཉིད་དང་རིང་དུ་གྱེས་ནས་སེམས་ཁུར་དང་འཁྲུལ་སྣང་།སྐྲག་སྣང་སོགས་མདུན་དུ་བསུས།
ཉིན་དཀར།མིག་ཟུང་ཁྱིམ་ཕུག་ལ་ཅེར་ནས་ལུས།མཚན་མོ་རྐུན་མ་འོང་བར་སེམས་ཁུར་བྱས་ནས་ཐ་ན་ཙི་གུའི་སྒྲ་གྲག་པ་ཙམ་ལའང་སྙིང་ཆུང་འཕར་ལྡང་བྱེད་བཞིན་གནས།
ཉིན་ཞིག་ལྷམ་བཟོ་ཕྱུག་པོ་ཚང་ལ་སོང་ནས༼ཉིད་ཀྱི་གསེར་སྒོར་བརྒྱ་པོ་ཕར་ལ་སྤྲད།བདག་གི་གཉིད་དང་གླུ་སྐད་ཚུར་ལ་དགོས༽ཞེས་བཤད་དོ།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*