ས་སྐྱ་པའི་མཁས་གྲུབ་ཁ་ཤས་ཀྱི་རྣམ་ཐར།

དཔལ་ལྡན་ས་སྐྱ་པ་ནི།  
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་མང་ཡུལ་ནས་དབུས་སུ་ཕེབས་ལམ་ས་སྐྱའི་ཐད་དུ་ཕེབས་པ་ན། ཇོ་བོས་ཕྱག་མཛུབ་གཏད་དེ་ས་འདིར་འཇམ་དབྱངས་ཀྱི་སྤྲུལ་བ་འདུན་འབྱུང་བར་ལུང་བསྟན་པ་བཞིན། ལྷ་ཡུལ་དུ་འཇམ་དབྱངས་སྤྲུལ་པ་སྤྱི་རིང༌། གཡུ་རིང༌། གཡུ་རི་སྟེ་གནམ་ལྷ་མཆེད་གསུམ་ནས། མ་སངས་གཡའ་སྤང་སྐྱེས་ཡན་ལྷ་ཡི་བརྒྱུད་པ་དང། དེ་ནས་ཁབ་ཀྱི་དོན་དུ་སྲིན་དང་འཁོན་པས་འཁོན་བར་སྐྱེས་ཞེས་འཁོན་གྱི་གདུང་མིང་དུ་ཆགས་པ་རིམ་ པར་བྱུང་བ་ལས། 
                ཕྱིས་འཁོན་དཀོན་མཆོག་རྒྱལ་པོས་རབ་བྱུང་དང་པོའི་ཆུ་གླང་སྤྱི་ལོ་༡༠༧༣ལོར་གདན་ས་ཐོག་མར་བཏབ་པས་དཔལ་ལྡན་ས་སྐྱ་པར་གྲགས། འཕགས་ཡུལ་
 དུ་རྣལ་འབྱོར་དབང་ཕྱུག་དཔལ་ལྡན་ཆོས་སྐྱོང་ལ་བདག་མེད་མས་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར། 
                ས་དྲུག་པའི་རྟོགས་པ་བརྙེས་ནས་གྲུབ་ཆེན་བིར་ཝ་པ་ཞེས་གྲགས་པ་ལས་རིམ་པར་བརྒྱུད་པ། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱིས་གྲུབ་ཆེན་ག་ཡ་དྷ་ར་དང་དཔའ་བོ་རྡོ་རྗེ་ལས་ལམ་འབྲས་ཀྱི་གཞུང་གདམས་ངག་ཡོངས་རྫོགས་ཞུས། 
              གྲུབ་ཆེན་མཚོ་སྐྱེས་པའི་གདམས་པ་སོགས་ལམ་སྐོར་ཕྱི་མ་བརྒྱད། སྒོ་དྲུག་ཆོས་འབྲེལ་བཅས་གསན་ནས་བོད་དུ་གནང་བ་མཁོན་དཀོན་མཆོག་རྒྱལ་པོས་གསན། དེའི་སྲས་ས་ཆེན་བླ་མ་ཀུན་དགའ་སྙིང་པོ་སྟེ་དེ་ཉིད་ལ་འཕགས་པ་འཇམ་དཔལ་གྱིས་ཞལ་གཟིགས་ཏེ་ཞེན་པ་བཞི་བྲལ་གྱི་གདམས་པ་གསན། ཡབ་ལས་ལམ་འབྲས་གསན་པ་དང༌། གཞན་ཡང་སེ་སྟོན་ཀུན་རིག་དང༌། མངའ་རིས་གསལ་བའི་སྙིང་པོ་རྣམ་གཉིས་ཀྱིས་འབྲོག་མི་ལས་ལམ་འབྲས་གསན་པ། སྔ་མས་ཞང་སྟོན་ཆོས་འབར་དང༌། ཕྱི་མས་སྤྱི་ཆུ་བ་དགྲ་ལྷ་འབར་ལ་གནང༌། དེ་གཉིས་ཀ་ལས་ཀྱང་ས་ཆེན་གྱིས་གསན་ཅིང༌། 
                              ཕྱིས་བི་རུ་པས་དམ་ཆོས་སྒོ་སྐྱེལ་གྱི་ཚུལ་དུ་དངོས་སུ་བྱོན་པ་ས་སྐྱར་ཟླ་གཅིག་ཏུ་བཞུགས་ནས་ལྕགས་རི་ལས་མི་འདའ་བའི་ཟབ་ཆོས་བཞི། རྒྱུད་སྡེ་དོན་གཉིས་ཀྱི་དབང་མན་ངག ལམ་འབྲས་ཉེ་བརྒྱུད་སྦས་བཤད་བཅས་གནང་བ་གསན། དགུང་ལོ་རེ་བརྒྱད་བཞུགས་ནས་བསྟན་པ་བསྐྱངས། ས་ཆེན་ལ་སྲས་བཞི་བྱུང་བའི་ཆེ་བ་ཀུན་དགའ་འབར་མ་གཱ་དྷར་སློབ་གཉེར་ལ་བྱོན་པ་དགུང་གྲངས་ཉེར་གཉིས་ལོན་སྐབས་སྐུ་གཤེགས། འབྲིང་པོ་བསོད་ནམས་རྩེ་མོ་དང༌། གྲགས་པ་རྒྱལ་མཚན་རྣམ་གཉིས་ལ་ལམ་འབྲས་ཀྱི་གདམས་ངག་སྩལ་ནས། སྔ་མས་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་སྤེལ་ནས་དགུང་ལོ་ཞེ་གཅིག་པར་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་ལ་གཤེགས། 
                                ཕྱི་མ་རྟེན་ཚངས་སྤྱོད་དགེ་བསྙེན་དུ་མཛད། ཕྱིས་སུ་ས་ཆེན་གྱི་ཡེ་ཤེས་སྐུས་རྗེས་སུ་བཟུང་ནས་ལབ་འབྲས་ཉེ་བརྒྱུད་ཀྱང་བབས། དགུང་ལོ་བདུན་ཅུ་བར་དུ་བསྟན་པ་རྒྱ་ཆེར་བསྐྱངས་ནས་དག་ཞིང་དུ་གཤེགས་སོ། ས་ཆེན་གྱི་སྲས་ཆུང་བ་མཁོན་དཔལ་ཆེན་འོད་པོ་ཆེ་ནི། ཡབ་དང་གཅེན་རྣམ་གཉིས་བསྟེན་ནས་ལུང་རྟོགས་ཀྱི་ཡོན་ཏན་དཔག་མེད་མངའ་ཞིང་དགུང་ལོ་ང་བཞི་པར་གཤེགས།
                               དེ་ཉིད་ཀྱི་སྐུ་སྲས་འཇམ་དཔལ་དབྱངས་དངོས་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་འཁྲུངས། བཅོ་ལྔ་ཡན་རྗེ་བཙུན་གྲགས་པ་རྒྱལ་མཚན་ལས་གསན་བསམ་མཛད། དེ་ནས་ཡེ་ཤེས་སྐུ་ཅན་དབྱིག་གཉེན་དང༌། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་སོགས་འཕགས་བོད་ཀྱི་མཁས་གྲུབ་དུ་མ་ལས་གསན་བསམ་མཛད་ཅིང་བསྙེན་པར་རྫོགས། རྒྱ་ནག་གོ་དན་རྒྱལ་པོས་དབུ་བླར་བཀུར་ཞིང་རྒྱ་བོད་ཀྱི་ཡུལ་གྲུ་ཀུན་ཏུ་རྒྱལ་བསྟན་བཤད་སྒྲུབ་ཀྱི་སྣང་བས་ཁྱབ་པར་སྤེལ་ནས་བདུན་ཅུ་པར་རྒྱ་ནག་ཏུ་སྐུ་གཤེགས། 
                               ས་པཎ་གྱི་གཅུང་ཟངས་ཚ་བསོད་ནམས་རྒྱལ་མཚན་ནི་མཁས་གྲུབ་ཀྱི་ཡོན་ཏན་དཔག་མེད་མངའ་ཞིང་ས་སྐྱའི་ལྕགས་རི་བཞེངས་པ་སོགས་བསྟན་པ་ལ་ཕྱག་རྗེས་ཆེ། དེའི་སྲས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ནི། རྗེ་ས་པཎ་གྱིས་མཚན་གསོལ་བ་ལྟར་ཐུགས་རབ་ཆེ་བས་འཕགས་པར་གྲགས། དགོང་ལོ་བཅུ་བདུན་པར་ཧོར་ཡུལ་དུ་ཕེབས་ནས་རྗེ་ཁུ་བོས་བསྟན་འཛིན་གྱི་བདག་པོར་མངའ་གསོལ་ཞིང༌། བཅུ་དགུ་པར་ཧོར་སེ་ཆེན་གན་གྱི་རྒྱལ་པོས་དབང་ཞུས། ཏི་ཤྲཱི་མངའ་གསོལ་ཏེ་བོད་ཁྲི་སྐོར་བཅུ་གསུམ་དབང་ཡོན་དུ་ཕུལ། དགུང་ལོ་སོ་གསུམ་པར་སླར་གོང་མས་གདན་འདྲེན་ཞུས་ནས་བོད་ཆོལ་ཁ་གསུམ་ཕུལ། སངས་རྒྱས་ཀྱི་བསྟན་པས་འཛམ་གླིང་ཁྱབ་པར་སྐྱོང༌། དགུང་ལོ་ཞེ་དྲུག་པར་གཤེགས། 
                                གཅུང་པོ་འགྲོ་མགོན་ཕྱག་ན་མཐུ་སྟོབས་དང་རྫུ་འཕྲུལ་དཔག་མེད་མངའ་ཞིང་གོང་མས་བོད་སྤྱིའི་དཔོན་དུ་བསྐོས་ནས་ཆོས་སྲིད་སྐྱོང༌། རྩ་དགུ་པར་གཤེགས། དེ་དག་ལས་ས་ཆེན་ཀུན་དགའ་སྙིང་པོ་དང༌། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན་གསུམ་རྟེན་དཀར་ཆས་སུ་བཞུགས་པས་དཀར་པོ་རྣམས་གསུམ་དང། ས་པཎ་དང་ཆོས་རྒྱལ་འཕགས་པ་གཉིས་ངུར་སྨྲིག་གར་བསྒྱུར་དམར་པོ་རྣམ་གཉིས་ཏེ་གོང་མ་རྣམ་ལྔར་གྲགས། 
                                  རིགས་གསུམ་རྣམ་འཕྲུལ་ནི། ས་ཆེན་སྤྱན་རས་གཟིགས་དང༌། ས་པཎ་སོགས་འཇམ་དབྱངས༌། འགྲོ་མགོན་ཕྱག་ན་ཕྱག་རྡོར་སྤྲུལ་པར་གསུངས་སོ། འཇམ་དབྱངས་བདུན་བརྒྱུད་སློབ་དཔོན་པདྨའི་ལུང་ལྟར་ན། གོང་མ་ལྔ་དང༌། ཟངས་ཚ་བ། ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས་བཅས་ལ་བཞེད་ཅིང༌། ས་སྐྱ་དཔལ་ལྡན་བླ་མའི་སློབ་བརྒྱུད་ཐ་དད་གྱེས་པ་ལས་ངོར་རྫོང་ཚར་གསུམ་ལས་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ནི། བདག་ཆེན་ཀུན་དགའ་རིན་ཆེན་གྱི་སྲས་སུ་སྐུ་འཁྲུངས་ཤིང་ཤར་ཆེན་ཡེ་ཤེས་རྒྱལ་མཚན་གྱི་ཐུགས་སྲས་ཐུ་བོར་གྱུར་ཞིང་ངོར་ཨེ་ཨཾ་ཆོས་ལྡན་གྱི་གདན་ས་བཏབ། ཕྱིས་གྲུབ་ཆེན་བུདྡྷ་པ་ལས་ལམ་འབྲས་གསན་ཅིང་དེ་ལས་བརྒྱུད་པར་ངོར་ལུགས་སུ་གྲགས། 
                                    རྫོང་པ་ཀུན་དགའ་རྒྱལ་མཚན་ནི། ཤར་ཆེན་པ་དང༌། ཐེག་ཆེན་ཆོས་རྗེའི་ཐུགས་སྲས་སུ་གྱུར། བླ་བྲང་རྫོང་ཆུང་པའི་རྗེས་འབྲང་མཛད་པས་ས་སྐྱས་བསྟན་འཛིན་ངོར་རྫོང་གཉིས་སམ་སྔགས་ལ་མཁས་པ་ཀུན་དགའ་རྣམ་གཉིས་སུ་གྲགས། འདི་པའི་རྗེས་འབྲང་མུས་སྲད་པ་རྡོ་རྗེ་རྒྱལ་མཚན་དང༌། དབུས་ཀྱི་གོང་དཀར་པ་སོགས་བྱུང༌། གོང་དཀར་རྡོ་རྗེ་གདན་གྱི་ཆོས་སྡེ་འདེབས་མཁན་ཆོས་རྗེ་ཀུན་དགའ་རྣམ་རྒྱལ་ནི། བྲག་ཐོག་པ་བསོད་ནམས་བཟང་པོ་སོགས་བཤེས་གཉེན་མང་དུ་བསྟེན་ཅིང་མཁས་གྲུབ་ཆེན་པོར་གྱུར། སྔགས་འཆང་གཟུངས་ཀྱི་དཔལ་བ་ལ་བརྒྱུད་པའི་ལམ་འབྲས་གསན་པས་རྫོང་དུ་གྲགས། 
                                  རྡོ་རིང་ཀུན་སྤངས་ཀུན་བཟང་ཆོས་ཀྱི་ཉི་མ་ལས་ལམ་འབྲས་གསན་པའི་ཚར་ཆེན་བློ་གསལ་རྒྱ་མཚོའི་ ཐུགས་སྲས་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་དང༌། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་གཉིས་ནས་བརྒྱུད་པ་ལ་ལམ་འབྲས་ཚར་ལུགས་སུ་གྲགས་པ་བཅས་བྱུང་བའོ། གཞན་ཡང་ངོར་གྱི་བརྒྱུད་འཛིན་བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་དང༌། མདོ་ལ་མཁས་པ་གཡག་རོང་རྣམ་གཉིས། མདོ་སྔགས་གཉིས་ཀ་ལ་མཁས་པ་གོ་ཤཱཀ་གཉིས་སོགས་མཁས་པར་གྲངས་ལས་འདས་པ་གདུང་བརྒྱུད་དང་བཅས་པ་བྱོན་པས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཕྲིན་ལས་ད་ལྟའི་བར་ཕྱོགས་མཐར་རྒྱས་ བཞིན་པ་ལགས་སོ།
གདོང་མཁན་པས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*