རྒྱལ་པོ་གོ་པེ་ལ་སྲས་དང་བཙུན་མོར་བཅས་ལ་ཤིང་མོ་ཡོས་སོགས་ལ་གནང་བའི་བཀྲ་ཤིས་ཀྱི་ཚིགས་བཅད།

༼བ༽

༄༅། །རྒྱལ་པོ་གོ་པེ་ལ་སྲས་དང་བཙུན་མོར་བཅས་ལ་ཤིང་མོ་ཡོས་སོགས་ལ་གནང་བའི་བཀྲ་ཤིས་ཀྱི་ཚིགས་བཅད་རྣམས་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། ན་མོ་མཉྫུ་གྷོ་ཥཱ་ཡ། དཔལ་ལྡན་ས་གསུམ་གསལ་མཛད་པ། །བརྩེ་བའི་བདག་ཉིད་ཐམས་ཅད་མཁྱེན། །འཇིག་རྟེན་ཀུན་སྐྱོབ་བླ་ན་མེད། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ལོ། །གང་ཞིག་མངོན་མཐོའི་བདེ་བ་དང༌། །རྣམ་གྲོལ་བདེ་བ་བསྒྲུབ་པའི་གཞི། །མི་དབང་མཆོག་འདི་བརྟན་བྱའི་ཕྱིར། །རབ་ཏུ་ཤིས་པའི་ཚིག་འདི་བརྗོད། །དབང་ཆེན་ཆུ་གཏེར་ལྷུན་པོ་དང༌། །ཉི་མ་ཟླ་བ་རིན་ཆེན་ལྷའི། །ལྷ་ཁྱོད་ཡུན་རིང་ཞབས་བརྟན་ཞིང༌། །བཞེད་དོན་མ་ལུས་ཀུན་གྲུབ་ཤོག །ལྷག་བསམ་ཀུན་ནས་རྣམ་དག་ཅིང༌། །སྤྱོད་པའི་ཕྲིན་ལས་རྒྱ་ཆེ་བ། །འགྲོ་བ་ཀུན་གྱི་རྟེན་གྱུར་པའི། །ས་ཆེན་ཁྱོད་ནི་རྒྱལ་གྱུར་ཅིག །གཏིང་མཐའ་ཡས་པའི་བསོད་ནམས་ཆུ། །ཡོན་ཏན་རིན་ཆེན་དུ་མས་གཏམས། །བློ་གྲོས་ཀླུ་དབང་གིས་བསྟེན་པའི། །དཔལ་ལྡན་རྒྱ་མཚོ་རྒྱལ་གྱུར་ཅིག །རྣམ་པར་དག་པའི་རིགས་མཐོ་ཞིང༌། །དཔལ་འབྱོར་དཔག་བསམ་ཤིང་གིས་བརྒྱན། །ལྷ་ཚོགས་དཀོན་མཆོག་གུས་བསྟེན་པ། །རི་ཡི་རྒྱལ་པོ་རྒྱལ་གྱུར་ཅིག །དབང་ཕྱུག་བརྗེད་པའི་དཀྱིལ་འཁོར་ལས། །མཐུ་སྟོབས་ཚ་ཟེར་རབ་འཕྲོས་པས། །ཕས་རྒོལ་མུན་པའི་ཚོགས་འཇོམས་པ། །གསལ་བྱེད་ཁྱོད་ནི་རྒྱལ་གྱུར་ཅིག །བྱམས་པའི་དཀྱིལ་འཁོར་གསལ་བ་ལས། །ཕན་བདེའི་འོད་ཟེར་རབ་བཀྱེ་བས། །དབུལ་བའི་གདུང་བ་སེལ་བྱེད་པ། །རི་བོང་འཛིན་ཁྱོད་རྒྱལ་གྱུར་ཅིག །བསོད་ནམས་རྒྱ་མཚོར་ལེགས་འཁྲུངས་ཤིང༌། །མཛེས་ཤིང་ཡིད་འོང་དག་པའི་སྐུ། །བསྟེན་ན་དགོས་འདོད་ཀུན་འབྱུང་བ། །ཡིད་བཞིན་ནོར་བུ་རྒྱལ་གྱུར་ཅིག །རྒྱལ་དང་རྒྱལ་བའི་ཆོས་རྣམས་དང༌། །རྒྱལ་སྲས་རང་རྒྱལ་དགྲ་ལས་རྒྱལ། །སྲིད་ལས་རྣམ་རྒྱལ་བདེན་པའི་མཐུས། །རྒྱལ་བྱེད་ཚིག་འདི་འགྲུབ་གྱུར་ཅིག །རྒྱལ་སྲས་རྒྱལ་བར་བྱ་བའི་ཕྱིར། །ཚུལ་འདི་ཚུལ་ཁྲིམས་རྣམ་དག་ཅིང༌། །བློ་གསལ་བློ་གྲོས་འཇིགས་མེད་པ། །ཆོས་འཛིན་ཆོས་སྨྲ་འཕགས་པས་སྦྱར། །རྒྱལ་བུ་བྱང་ཆུབ་སེམས་དཔའ་གོ་པེ་ལ་བདེ་ལེགས་སུ་བྱ་བའི་ཕྱིར། ཤིང་མོ་ཡོས་ཀྱི་ལོ་གསར་པ་ཤར་བའི་ཚེ་སྦྱར་བའོ།།  །།ཨོཾ་སྭ་སྟི་སིདྡྷཾ། བསོད་ནམས་རྒྱ་མཚོའི་དབུས་སུ་ལེགས་པར་འཁྲུངས། །ཡེ་ཤེས་བཞི་ཡི་རིན་ཆེན་ལས་གྲུབ་ཅིང༌། །ཕྲིན་ལས་བཞི་ཡི་བང་རིམ་མཛེས་པ་ཅན། །རྒྱལ་པོ་ལྷུན་པོའི་རྒྱལ་པོ་ལ་ཕྱག་འཚལ། །རྣམ་དག་ཡིད་ཀྱི་ཆུ་གཙང་ལས་འཁྲུངས་པའི། །སྡེབ་སྦྱོར་སྤེལ་ལེགས་སྙན་ཚིག་ཟེའུ་འབྲུ་ཅན། །དགེ་ལེགས་བཅུད་ལྡན་མེ་ཏོག་ཕྲེང་བ་འདིས། །མི་དབང་སྲས་དང་བཙུན་མོར་བཅས་རྣམས་མཆོད། །རྡོ་རྗེ་ལྟ་བུར་རབ་ཏུ་མཁྲེགས་པ་དང༌། །པདྨ་རྒྱས་པ་ལྟ་བུར་མདངས་གསལ་ཞིང༌། །ལྷ་ཡི་ལུས་ལྟར་ཡིད་དུ་འོང་བ་དང༌། །རིག་པ་འཛིན་ལྟར་རྟག་ཏུ་ནད་མེད་ཅིང༌། །ཉི་མ་བཞིན་དུ་གཟི་བརྗིད་ཕུན་སུམ་ཚོགས། །ལྔ་པོ་དེ་ཡིས་ཁྱོད་སྐུ་བདེ་ལེགས་ཤོག །ཀ་ལ་པིངྐའི་དབྱངས་ལྟར་སྙན་པ་དང༌། །དྲང་སྲོང་མཆོག་ལྟར་རྟག་ཏུ་བདེན་པར་སྨྲ། །ཀུན་དགའི་རྔ་ལྟར་ཆོས་ཀྱི་སྒྲ་སྒྲོགས་ཤིང༌། །དབང་ཕྱུག་ལྟ་བུར་ཚིག་གི་མཆོག་རབ་གྲུབ། །འབྲུག་གི་སྒྲ་ལྟར་སྒྲ་གཞན་ཟིལ་གྱིས་གནོན། །ལྔ་པོ་དེ་ཡིས་ཁྱོད་གསུང་བརྒྱན་པར་ཤོག །ལྷུན་པོའི་རྒྱལ་པོ་ལྟ་བུར་བརྟན་པ་དང༌། །ནམ་མཁའ་བཞིན་དུ་ཤིན་ཏུ་རྒྱ་ཆེ་ཞིང༌། །རྒྱ་མཚོ་ལྟ་བུར་རབ་ཏུ་ཟབ་པ་དང༌། །དབྱངས་ཅན་ལྟ་བུར་བློ་མཆོག་དང་ལྡན་ཞིང༌། །ཚངས་པ་བཞིན་དུ་ཚད་མེད་བཞི་དང་ལྡན། །ལྔ་པོ་དེ་ཡིས་ཁྱོད་ཐུགས་བདེ་ལེགས་ཤོག །མི་གཡོའི་ཁམས་ལྟར་ཤིན་ཏུ་ཚེ་རིང་ཞིང༌། །ལྷ་ཡི་བླ་མ་ལྟ་བུར་ཡོན་ཏན་ལྡན། །རྣམ་ཐོས་བུ་ལྟར་འབྱོར་པ་ཕུན་སུམ་ཚོགས། །ཡིད་བཞིན་ནོར་ལྟར་འགྲོ་བའི་རེ་འདོད་སྐོང༌། །འཁོར་ལོས་སྒྱུར་ལྟར་ཕྱོགས་ལས་རྣམ་པར་རྒྱལ། །ལྔ་པོ་དེ་ཡིས་ལྷ་ཁྱོད་འབྱོར་པར་ཤོག །ཚོགས་ཅན་རབ་མཆོག་ལྟ་བུར་ཚུལ་ཁྲིམས་དག །ཆོས་འཕགས་ལྟ་བུར་ཏིང་འཛིན་མཆོག་དང་ལྡན། །གསང་བདག་བཞིན་དུ་མཐུ་སྟོབས་རྨད་བྱུང་ཞིང༌། །སྤྱན་རས་གཟིགས་ལྟར་སྙིང་རྗེའི་ངང་ཚུལ་ཅན། །འཇམ་དབྱངས་ལྟ་བུར་མཁྱེན་རབ་ཕུན་སུམ་ཚོགས། །ལྔ་པོ་དེ་ཡིས་མགོན་ཁྱོད་རྒྱལ་གྱུར་ཅིག །དཔལ་ལྡན་བླ་མ་འདྲེན་མཆོག་བླ་ན་མེད། །ཐུབ་དབང་ཡོན་ཏན་རྒྱ་མཚོའི་ཕ་རོལ་ཕྱིན། །དམ་ཆོས་ངེས་པར་འབྱུང་བ་མཆོག་གི་ལམ། །དགེ་འདུན་ཚོགས་མཆོག་ལྷ་མིས་མཆོད་པའི་གནས། །དེ་དག་ཀུན་གྱི་བདེན་པའི་བྱིན་རླབས་ཀྱིས། །ཇི་སྐད་སྨོན་ལམ་བཏབ་པ་འགྲུབ་པར་ཤོག །མི་དབང་རྒྱལ་སྲས་དཔལ་ལྡན་གོ་པེ་ལ། །སྲས་དང་བཙུན་མོ་ཕུན་སུམ་ཚོགས་བྱའི་ཕྱིར། །སྨོན་ལམ་བཟང་པོ་དཔལ་ལྡན་འཕགས་པས་སྦྱར། །དགེ་བ་གང་དེས་རྒྱལ་སྲས་རྒྱལ་གྱུར་ཅིག །རྒྱལ་བུ་བྱང་ཆུབ་སེམས་དཔའ་ཡབ་སྲས་བཙུན་མོ་དང་བཅས་པ་ལ། སྨོན་ལམ་གྱི་ཚིགས་སུ་བཅད་པ་འདི་དག ཆོས་སྨྲ་བའི་བཙུན་པ་འཕགས་པ་ཞེས་བྱ་བས་སྦྱར་ནས། མེ་ཕོ་འབྲུག་གི་ལོ་གསར་པ་ཤར་བའི་ཚེ། བཀྲ་ཤིས་པར་བྱ་བའི་ཕྱིར་ཕུལ་བའོ། །སྨོན་ལམ་གྱི་དངོས་གཞི་རྐང་པ་དྲུག་པའི་ཚིགས་སུ་བཅད་པ་ལགས། ཚིགས་སུ་བཅད་པ་དགུ་མཆིས།།  །།ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དཔལ་གྱི་འབྱུང་གནས་སྲིད་གསུམ་བླ་མ་དངོས་གྲུབ་གཏེར། །ཆེ་བའི་ཆེ་མཆོག་ལྷ་མི་རྣམས་ཀྱིས་གུས་བཏུད་པ། །འཕགས་པའི་གཙོ་བོ་ཐུབ་དབང་དེ་དང་དམ་པའི་ཆོས། །འདུས་པའི་མཆོག་གྱུར་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དད་དང་སྙིང་བརྩེ་རྣམ་པར་འབྱེད་པའི་གློ་གསལ་ཞིང༌། །བསྟན་པའི་རྩ་ལག་འགྲོ་བ་རྣམས་ཀྱི་གཉེན་གཅིག་པོ། །བསོད་ནམས་དབང་ཕྱུག་རྒྱལ་བའི་སྲས་པོ་གོ་པེ་ལ། །བདེ་ལེགས་བྱ་ཕྱིར་རབ་ཏུ་ཤིས་པའི་ཚིག་འདི་བརྗོད། །བཀྲ་ཤིས་གང་ཞིག་ཡེ་ཤེས་རིན་ཆེན་ལས་གྲུབ་ཅིང༌། །ཆོས་དབྱིངས་མཁའ་ལས་ལེགས་པར་བཤད་པའི་འོད་བཀྱེ་བས། །གདུལ་བྱའི་པདྨོ་ཀུན་ཏུ་རྒྱས་མཛད་བླ་མ་ཡི། །བཀྲ་ཤིས་དམ་པ་དེས་ཀྱང་དིང་འདིར་བདེ་ལེགས་ཤོག །བཀྲ་ཤིས་གང་ཞིག་ཚོགས་གཉིས་དཔལ་ལས་བྱུང་གྱུར་ཅིག །ཐུབ་པའི་དབང་པོ་སྐུ་གསུམ་དཔལ་འབྱོར་ལྷུན་གྱིས་གྲུབ། །རང་གཞན་དོན་བརྙེས་བདེ་བར་གཤེགས་པ་ཐམས་ཅད་ཀྱི། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་གང་ཞིག་རྐང་གཉིས་དབང་པོས་ལེགས་གསུངས་ཤིང༌། །ཐོག་མཐའ་བར་དགེ་རྣམ་པར་དཀར་ལ་མ་འདྲེས་པ། །ཞི་བ་ཆགས་བྲལ་ངེས་པར་འབྱིན་པ་དམ་ཆོས་ཀྱི། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་གང་ཞིག་ཀུན་མཁྱེན་རྒྱལ་པོའི་རྗེས་ཞུགས་ཤིང༌། །ཚུལ་ཁྲིམས་རྣམ་དག་ཡོན་ཏན་རིན་ཆེན་རྒྱན་གྱིས་མཛེས། །ལྷ་མིའི་མཆོད་གནས་འདུས་པའི་མཆོག་གྱུར་དགེ་འདུན་གྱི། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་གང་ཞིག་མཐུ་དང་རྫུ་འཕྲུལ་བསམ་ཡས་ཤིང༌། །བརྩེ་བའི་དབང་གིས་འཇིག་བྱེད་མི་བཟད་སྐུར་བསྟན་ནས། །བགེགས་ཚོགས་ཀུན་འཇོམས་རྡོ་རྗེ་ཆོས་སྐྱོང་ཐམས་ཅད་ཀྱི། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཆོས་ཀྱི་རྒྱལ་པོ་ཡོན་ཏན་མཐར་ཕྱིན་བདེན་པ་དང༌། །ཆོས་དབྱིངས་གང་ཞིག་འདུས་མ་བྱས་པའི་བདེན་པ་དང༌། །རྟེན་ཅིང་འབྲེལ་འབྱུང་སྣ་ཚོགས་མཐུ་ལྡན་བདེན་པ་ཡིས། །སྨོན་ལམ་རྣམ་དག་ཇི་སྐད་བཏབ་བཞིན་འགྲུབ་པར་ཤོག །རྒྱལ་བའི་སྲས་པོ་ཕྱོགས་རྣམས་ཀུན་ནས་རྒྱལ་བྱའི་ཕྱིར། །ཕྱོགས་བཅུའི་རྒྱལ་དང་རྒྱལ་བའི་སྲས་པོ་གང་ཡིན་པས། །བདག་གིས་བསམས་བཞིན་ལེགས་པར་དགོངས་ནས་མགྲིན་གཅིག་ཏུ། །ཤིས་པའི་དབྱངས་སྒྲ་རྣམ་ཀུན་མཆོག་ལྡན་སྒྲོགས་པར་ཤོག །དེ་སྐད་སྨྲ་དེ་ཤཱཀྱའི་བརྟུལ་ཞུགས་ལེགས་འཛིན་པ། །བློ་གྲོས་རྒྱལ་མཚན་དཔལ་ལྡན་བཟང་པོ་ཞེས་བྱ་ཡིས། །ལྟོས་འཕྱེའི་དབང་པོའི་གཅིག་པའི་གཅིག་ལ་ལེགས་སྦྱར་ནས། །མི་ཡི་དབང་པོ་གོ་པེ་ལ་ལ་ཕུལ་བའོ།།  །།ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །བཀྲ་ཤིས་ལས་བྱུང་བཀྲ་ཤིས་ཀྱིས་འཕགས་ཤིང༌། །བཀྲ་ཤིས་ལྷུན་གྲུབ་བཀྲ་ཤིས་དང་ཚུལ་ཅན། །བཀྲ་ཤིས་མཛད་པས་བཀྲ་ཤིས་ལེགས་བསྒྲུབ་པ། །བཀྲ་ཤིས་དམ་པའི་བཀྲ་ཤིས་དེང་འདིར་རྒྱལ། །དཔལ་ལྡན་བཀྲ་ཤིས་དམ་པས་ཡོངས་བཟུང་ཞིང༌། །དཔལ་འབྱོར་བཀྲ་ཤིས་རྨད་བྱུང་འོད་ཟེར་གྱིས། །དཔལ་གཞན་ཟིལ་གནོན་བཀྲ་ཤིས་རྒྱལ་བྱེད་པ། །དཔལ་ཁྱོད་བཀྲ་ཤིས་དུ་མས་རྒྱལ་གྱུར་ཅིག །རྒྱལ་བ་ཀུན་གྱི་བཀྲ་ཤིས་གཅིག་བསྡུས་པ། །ཆོས་རྗེ་རྟག་པའི་བཀྲ་ཤིས་གདུལ་བྱའི་དཔལ། །སྲིད་ཞིའི་བཀྲ་ཤིས་རྒྱ་མཚོ་འབྱུང་བའི་གནས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་ཡིད་འོང་དཔལ་གྱི་སྐུ་མངའ་བ། །གསུང་དབྱངས་བཀྲ་ཤིས་ཡན་ལག་དྲུག་ཅུས་བརྒྱན། །བཀྲ་ཤིས་མི་འགྱུར་བདེ་ཆེན་རོལ་པའི་ཐུགས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །གང་ཞིག་ཐོས་པས་ཐོག་མར་བཀྲ་ཤིས་ཤིང༌། །ཉེ་བར་བསམས་ན་གནས་སྐབས་བཀྲ་ཤིས་ལ། །བསྒོམས་ན་རྟག་པའི་བཀྲ་ཤིས་ལྷུན་གྲུབ་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཚུལ་ཁྲིམས་རྣམ་དག་བཀྲ་ཤིས་གཞི་བརྟན་ཞིང༌། །ཡོན་ཏན་རིན་ཆེན་བཀྲ་ཤིས་གཏེར་གྱིས་ཕྱུག །བརྟུལ་ཞུགས་བཟང་པོའི་བཀྲ་ཤིས་སྟོབས་འཆང་བ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་འོད་འབར་རིན་ཆེན་ལས་གྲུབ་པའི། །བཀྲ་ཤིས་རྒྱ་མཚོ་རྒྱལ་བས་བསྟེན་པ་ཡི། །ཞིང་ཁམས་རྒྱ་མཚོ་བཀྲ་ཤིས་དགེ་མཚན་ཅན། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འདོད་དགུའི་བཀྲ་ཤིས་དཔལ་གྱིས་འབྱོར་གྱུར་ཞིང༌། །སྐྱེ་དགུའི་བཀྲ་ཤིས་བྱེད་པ་འཇིག་རྟེན་རྗེ། །ལྷ་ཡི་མཆོག་དང་ཀླུ་དབང་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག །བཀྲ་ཤིས་མཆོག་གི་བཀྲ་ཤིས་ལེགས་བརྗོད་པའི། །བཀྲ་ཤིས་དེ་ཡི་ལྷ་ཁྱོད་བཀྲ་ཤིས་ཤིང༌། །ཕྱོགས་རྣམས་དུས་ཀུན་ཤིན་ཏུ་བཀྲ་ཤིས་གང༌། །བཞེད་བཞིན་བཀྲ་ཤིས་འགྲུབ་པའི་བཀྲ་ཤིས་ཤོག །རྒྱལ་སྲས་བཀྲ་ཤིས་དུ་མས་རྒྱལ་བྱའི་ཕྱིར། །བཀྲ་ཤིས་རྨད་བྱུང་བདེ་བར་གཤེགས་པའི་གསུང༌། །དམ་པའི་ཆོས་ཀྱི་བཀྲ་ཤིས་ཀྱིས་མཛེས་པ། །འཕགས་པ་ཞེས་བྱས་བཀྲ་ཤིས་རྣམ་པར་སྤེལ། །རྒྱལ་བུ་བྱང་ཆུབ་སེམས་དཔའ་གོ་པེ་ལ་ཡབ་སྲས་བཙུན་མོ་དང་བཅས་པ་བཀྲ་ཤིས་པར་བྱ་བའི་ཕྱིར། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། བཀྲ་ཤིས་ཀྱི་ཕྲེང་བ་རྣམ་པར་སྤེལ་བ་ཞེས་བྱ་བ། ཆོས་སྨྲ་བའི་བཙུན་པ་འཕགས་པས་ཉེ་བར་བསྡེབས་ནས། ས་ཕོ་རྟའི་ལོ་གསར་པ་ཤར་བའི་ཚེ་ཕུལ་བའོ།།  །།ཨོཾ་སྭ་སྟི་སིདྡྷཾ། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་བཀྲ་ཤིས་བཀྲ་ཤིས་ཀྱི་དབང་པོ་ཞེས་བྱ་བ། མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །གང་གི་ཞབས་པད་ཟེའུ་འབྲུའི་ཕྲེང་ལྡན་ལྷ་དང་ལྷ་མིན་ཀླུ་དབང་གིས། །ཀུན་ནས་དགའ་བའི་གཙུག་གི་ནོར་བུའི་འོད་ཟེར་དྲྭ་བས་ཆེར་གསལ་ཞིང༌། །འཕགས་པའི་དགེ་འདུན་རྒྱ་མཚོའི་དབུས་ན་ལེགས་བཤད་སེང་གེའི་སྒྲ་སྒྲོགས་པ། །རྒྱལ་བའི་དབང་པོ་སྐྱེ་དགུའི་སྒྲོན་མའི་གསུང་རབ་དྲི་མེད་ཕྱོགས་བཅུར་རྒྱལ། །བཀྲ་ཤིས་རྒྱ་མཚོ་ཡོན་ཏན་ནོར་བུའི་གཏེར་མངའ་བ། །གང་གི་དབང་གི་དབང་ཕྱུག་དམ་པའི་མཆོག་གྱུར་དེའི། །བཀྲ་ཤིས་རྨད་བྱུང་སྙན་ངག་ངག་གིས་ལེགས་བརྗོད་ཀྱིས། །འབྱུང་པོ་གང་དག་ཕྱོགས་འདིར་ལྷགས་རྣམས་གུས་པས་ཉོན། །གང་གི་ཞིང་ཁམས་དྲི་མེད་འདོད་ཡོན་བགྲང་ཡས་ཤིང༌། །འཕགས་མཆོག་རྣམས་དང་འགྲོ་བཟངས་དབང་པོས་ལེགས་བསྟེན་པས། །ཡོན་ཏན་དཔག་ཏུ་མེད་ཅེས་བྱ་བའི་ཞིང་ཁམས་ཀྱི། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བདུད་བཞི་ལས་རྒྱལ་ཕུན་སུམ་ཚོགས་བརྙེས་དེ་བཞིན་གཤེགས། །དགྲ་བཅོམ་དབང་པོ་ཡང་དག་རྫོགས་པ་རྣམ་སངས་རྒྱས། །ཚེ་དང་ཡེ་ཤེས་དཔག་ཏུ་མེད་ལྡན་རྣམ་ངེས་པ། །གཟི་བརྗིད་རྒྱལ་པོའི་བཀྲ་ཤིས་དམ་པས་བདེ་ལེགས་ཤོག །གང་གི་འོད་ཀྱིས་ཞིང་གི་ཁྱོན་ཀུན་གསལ་བྱེད་ཅིང༌། །མཚན་གྱི་དཔལ་དང་དཔེ་བྱད་བཟང་པོས་རྣམ་པར་སྤྲས། །པདྨ་རཱ་གའི་རི་བོ་ལྟ་བུར་བརྗིད་པའི་སྐུའི། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཚངས་དབང་དྲི་ཟའི་གླུ་ཡིས་ཉེ་བར་བསྒྲུན་མིན་པའི། །གསུང་དབྱངས་རྣམ་དག་ཡན་ལག་དྲུག་ཅུས་རབ་བརྒྱན་པའི། །དྲི་མེད་ཆོས་ཆར་རྒྱ་ཆེར་རབ་འབེབས་གསུང་མཆོག་གི །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །གདོད་ནས་རྣམ་དག་ཉེས་ཚོགས་ཚང་ཚིང་ཉེར་ཞི་ཞིང༌། །གཟུངས་དང་ཏིང་འཛིན་མངོན་པར་ཤེས་པས་མངོན་པར་རྩེན། །གཟིགས་པ་སྒྲིབ་མེད་ཐུགས་རྗེས་རོལ་པའི་ཐུགས་མངའ་བའི། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འགྱུར་མེད་ཚེ་དང་ཡེ་ཤེས་དཔག་ཏུ་མེད་མངའ་ཞིང༌། །ཡོན་ཏན་རིན་ཆེན་ཕྲིན་ལས་གསལ་བའི་འོད་རབ་འབྱིན། །ཚེ་ཡི་དཔལ་དང་ཡེ་ཤེས་དམ་པའི་མཆོག་སྩོལ་བའི། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །གསང་སྔགས་གང་གིས་འགྲོ་བའི་ཚེ་འཛིན་འབྱོར་པའི་དཔལ། །ཡིད་ལ་འདོད་དགུ་ཀུན་ནས་ལེགས་བསྒྲུབས་ཕུན་ཚོགས་ཀྱི། །ཕ་རོལ་ཕྱིན་བྱེད་གསུང་གི་གསང་བ་ལེགས་བསྡུས་པའི། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འགྲོ་བའི་རྩ་ལག་གཞན་དོན་དགྱེས་པའི་ངང་ཚུལ་ཅན། །རབ་ཏུ་དགའ་སོགས་ས་བཅུ་རྣམས་ལ་ལེགས་གནས་པའི། །རྒྱལ་སྲས་རྣམས་དང་རྡུལ་བྲལ་དགྲ་བཅོམ་ཚོགས་རྣམས་ཀྱི། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །གང་གིས་ཕྲིན་ལས་དགེ་བས་ལེགས་བསྡུས་ལྷ་མཆོག་དང༌། །གྲུབ་པ་རིག་འཛིན་ལྷ་མིན་མི་དང་ཀླུ་དབང་སོགས། །དཔལ་འབྱོར་གཉིས་ཀྱི་བདེ་ལ་དགའ་མགུར་ལོངས་སྤྱོད་པའི། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྒྱལ་བའི་དབང་པོ་ཚེ་དང་ཡེ་ཤེས་དཔག་མེད་པའི། །གསང་སྔགས་དབང་པོ་འཁོར་གྱི་དཀྱིལ་འཁོར་ཞིང་བཅས་ཀྱི། །བཀྲ་ཤིས་དབང་པོ་སྙན་ངག་ངག་གིས་ལེགས་སྤེལ་ནས། །མི་ཡི་དབང་པོ་དཔལ་དང་ལྡན་ལ་འཕགས་པས་འབུལ། །ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་བཀྲ་ཤིས་བཀྲ་ཤིས་ཀྱི་དབང་པོ་ཞེས་བྱ་བ། ལྕགས་མོ་བྱའི་ལོ་གསར་པ་ཚེས་པའི་ཚེ། འཕགས་པས་སྦྱར་བའོ།།  །།ཨོཾ་སྭ་སྟི་སིདྡྷཾ། འགྲོ་བའི་བླ་མ་ཡོན་ཏན་རིན་ཆེན་གཏེར། །སྙན་པའི་འོད་ཀྱིས་ས་གསུམ་རབ་གསལ་བའི། །ཞབས་པད་དྲི་མེད་སྤྱི་བོས་བླངས་བྱས་ནས། །མཆོག་ཏུ་ཤིས་པར་བྱེད་པའི་ཚིག་འདི་བརྗོད། །ནད་མེད་པ་དང་ཚེ་རིང་འབྱོར། །དབང་ཕྱུག་ཕུན་སུམ་ཚོགས་པ་དང༌། །ཞི་བའི་ཏིང་འཛིན་ཤེས་རབ་སྟེ། །དྲུག་པོའི་བཀྲ་ཤིས་གང་ལགས་པ། །མཁའ་དང་ལྷུན་པོ་རྒྱ་མཚོ་དང༌། །ཉི་མ་ཟླ་བ་ཡིད་བཞིན་གྱི། །ནོར་བུའི་དཔེ་དང་རབ་མཚུངས་པ། །ཀུན་ནས་ཤིས་པར་འགྱུར་བ་གསོན། །རང་གི་མངོན་པར་འདུ་བྱེད་རྣམ་སྤངས་ཤིང༌། །འདུ་བའི་རྡུལ་གྱིས་ཀུན་ནས་མ་གོས་ལ། །མི་མཐུན་ཕྱོགས་ཀྱི་རྐྱེན་གྱིས་མི་རྫི་བ། །ནམ་མཁའ་བཞིན་དུ་རྟག་ཏུ་ནད་མེད་ཤོག །གདོད་ནས་ལེགས་པར་བཤད་པའི་ལྷུན་སྟུག་ཅིང༌། །ལོགས་པར་སྒྲུབ་པའི་རླུང་གིས་མི་གཡོ་ལ། །མི་ནུབ་མི་འགྱུར་བསྐལ་པའི་བར་གནས་པ། །ལྷུན་པོ་ཇི་བཞིན་ཚེ་ཡང་བརྟན་གྱུར་ཅིག །ཟབ་ཅིང་རྒྱ་ཆེའི་འབྱོར་པ་མི་ཟད་པ། །མ་ལུས་སྐྱེ་དགུའི་ཉེར་འཚོ་ཉིད་གྱུར་ཅིང༌། །སྣ་ཚོགས་ཕན་བདེའི་ཆུ་འཛིན་རབ་འབྱིན་པ། །རྒྱ་མཚོ་ཇི་བཞིན་འབྱོར་པས་འབྱོར་གྱུར་ཅིག །གྲོལ་བ་ངན་པའི་སྨག་རུམ་རབ་འཇོམས་ཤིང༌། །འགྲན་ཟླ་རི་བོང་འཛིན་པའི་གཟི་བཅོམ་ནས། །སྙན་པའི་འོད་ཟེར་ཕྲེང་བས་ལྷམ་མེ་བ། །ཉི་མ་ཇི་བཞིན་དབང་ཕྱུག་ཕུན་ཚོགས་ཤོག །ཀུན་རྟོག་དྲྭ་བའི་གྲྭ་ཟུར་ཉེར་ཞི་ཞིང༌། །ཟག་མེད་བདེ་བ་དམ་པའི་ངང་བསིལ་བ། །རྟོགས་པའི་དཀྱིལ་འཁོར་ཡོངས་སུ་རྒྱས་གྱུར་པ། །ཟླ་རྒྱས་ཇི་བཞིན་ཏིང་འཛིན་གྱིས་ཞིར་གྱུར། །ཚུལ་དང་ཚུལ་མིན་འབྱེད་པའི་འོད་འབྱིན་ཅིང༌། །སྲིད་དང་ཞི་བའི་དགོས་འདོད་ཀུན་སྒྲུབ་པ། །བླ་ན་མེད་པའི་རྒྱན་གྱི་མཆོག་གྱུར་པ། །རིན་ཆེན་ཇི་བཞིན་ཤེས་རབ་མཚུངས་མེད་ཤོག །མངོན་མཐོའི་ཡན་ལག་གནས་ཡན་ལག །དོན་ཀུན་གྲུབ་པའི་ཡན་ལག་སྟེ། །བཞི་དང་གཅིག་གཅིག་གོ་རིམ་བཞིན། །ཁྱོད་ལ་ཤིས་པར་འགྱུར་བ་ལགས། །ཤིས་པར་བྱེད་པའི་ཚིགས་སུ་བཅད་པ། །ཡན་ལག་དྲུག་པ་ཞེས་བྱ་བ་འདི། །ཆུ་ཕོ་ཁྱིའི་ལོ་གསར་པ་ཤར་བའི་ཚེ། །འཕགས་པས་སྦྱར་ནས་མིའི་དབང་པོ་ལ་ཕུལ་བའོ།།  །།ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བདེ་ལེགས་རྒྱ་མཚོ་དཀོན་མཆོག་རིན་ཆེན་ལ། །དད་པ་རྒྱ་མཚོའི་འདུན་པས་ཕྱག་འཚལ་ནས། །སྐྱེ་དགུ་རྒྱ་མཚོའི་དཔལ་དུ་གྱུར་པ་ལ། །བཀྲ་ཤིས་རྒྱ་མཚོའི་ཤིས་པ་བརྗོད་པར་བྱ། །དཔལ་འབྱོར་རྒྱ་མཚོ་ཡོན་ཏན་ནོར་བུའི་གཏེར། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་གཅིག་བསྡུས་པ། །དངོས་གྲུབ་རྒྱ་མཚོ་བླ་མའི་ཚོགས་རྣམས་ཀྱི། །བཀྲ་ཤིས་རྒྱ་མཚོས་དེང་འདིར་བཀྲ་ཤིས་ཤོག །ཚོགས་གཉིས་རྒྱ་མཚོའི་དཔལ་ལས་འཁྲུངས་གྱུར་ཅིང༌། །ཡེ་ཤེས་རྒྱ་མཚོ་གཏིང་མཐའ་རབ་ཡངས་པ། །ཀུན་མཁྱེན་རྒྱ་མཚོའི་ཚོགས་རྣམས་ཐམས་ཅད་ཀྱི། །བཀྲ་ཤིས་རྒྱ་མཚོས་དེང་འདིར་བཀྲ་ཤིས་ཤོག །གསུང་རབ་རྒྱ་མཚོ་རྟོགས་པ་དམ་པ་ཡི། །རིན་ཆེན་རྒྱ་མཚོའི་གཏེར་གྱི་རྟེན་གྱུར་པ། །དམ་ཆོས་རྒྱ་མཚོའི་ཚོགས་རྣམས་ཐམས་ཅད་ཀྱི། །བཀྲ་ཤིས་རྒྱ་མཚོས་དེང་འདིར་བཀྲ་ཤིས་ཤོག །འདུས་པ་རྒྱ་མཚོའི་ཚུལ་ཁྲིམས་གཞི་བརྟེན་ཞིང༌། །ཡོན་ཏན་རྒྱ་མཚོ་སྐྱེ་དགུའི་ཉེར་འཚོ་མཆོག །དགེ་འདུན་རྒྱ་མཚོའི་ཚོགས་རྣམས་ཐམས་ཅད་ཀྱི། །བཀྲ་ཤིས་རྒྱ་མཚོས་དེང་འདིར་བཀྲ་ཤིས་ཤོག །བཀྲ་ཤིས་རྒྱ་མཚོའི་སྒྲ་དབྱངས་ལེགས་བསྒྲགས་པས། །སྐུ་ཚེ་རྒྱ་མཚོ་བཞིན་དུ་བརྟན་པ་དང༌། །དཔལ་འབྱོར་རྒྱ་མཚོ་ཆེ་ལྟར་རྒྱ་ཆེ་ཞིང༌། །བསྟན་པའི་རྒྱ་མཚོ་རྣམ་པར་རྒྱས་བྱེད་ཤོག །མཁྱེན་རབ་རྒྱ་མཚོའི་ཞབས་ལ་ལེགས་གཏུགས་ཤིང༌། །ཐོས་པ་རྒྱ་མཚོའི་ནོར་གྱིས་ཕྱུག་གྱུར་པ། །བློ་གྲོས་རྒྱ་མཚོས་རྒྱལ་མཚན་དཔལ་ཞེས་པས། །བཀྲ་ཤིས་རྒྱ་མཚོ་མཆོག་འདི་རྣམ་པར་བསྐྱིལ། །འདི་ནི་བཀྲ་ཤིས་རྒྱ་མཚོ་སྟེ། །དེ་ཉིད་བསྟོད་ཚིག་རྒྱ་མཚོའང་ཡིན། །བློ་གསལ་རྒྱ་མཚོའི་ཡིད་འཕྲོག་པས། །སྙན་ངག་རྒྱ་མཚོའང་འདི་ཉིད་ཡིན། །རྒྱལ་པོ་རྒྱལ་ཁམས་དང་བཅས་པ་བདེ་ལེགས་སུ་བྱ་བའི་ཕྱིར། བཀྲ་ཤིས་ཀྱི་རྒྱ་མཚོ་རྣམ་པར་བསྐྱིལ་པ་ཞེས་བྱ་བ་འདི། ཆུ་མོ་ཕག་གི་ལོ་གསར་པ་ཤར་བའི་ཚེ་བསྡེབས་ནས་ཕུལ་བའོ།།  །།ན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡ། གང་མཉེས་ན་ནི་རྒྱལ་བ་ཀུན་མཉེས་ཤིང༌། །དེ་མཉེས་ན་ནི་དངོས་གྲུབ་ཀུན་འབྱུང་བ། །བླ་མ་དམ་པ་བརྒྱུད་པར་བཅས་རྣམས་ཀྱི། །བཀྲ་ཤིས་དམ་པ་ཁྱེད་ལ་སྦྱིན་གྱུར་ཅིག །དེ་ཉིད་གཟིགས་པས་སྲིད་ལས་རྣམ་གྲོལ་ཞིང༌། །ཐུགས་རྗེ་ཆེན་པོས་ཞི་ལ་མི་གནས་པ། །ཕྱོགས་བཅུའི་རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་ཀྱི། །བཀྲ་ཤིས་དམ་པ་ཁྱེད་ལ་སྦྱིན་གྱུར་ཅིག །ཆགས་པ་མེད་པས་ཆགས་བྲལ་དུ་བྱེད་ཅིང༌། །བགྲོད་པ་གཅིག་ལམ་ཟབ་མོ་ཉེར་ཞི་བ། །དམ་ཆོས་རྒྱ་མཚོའི་ཚོགས་རྣམས་ཐམས་ཅད་ཀྱི། །བཀྲ་ཤིས་དམ་པ་ཁྱོད་ལ་སྦྱིན་གྱུར་ཅིག །ཚུལ་གནས་ཐོས་དང་ཏིང་ངེ་འཛིན་བརྩོན་པས། །རྒྱལ་བའི་ཡེ་ཤེས་རྒྱ་མཚོར་མངོན་གཞོལ་བ། །ཚོགས་ཀྱི་མཆོག་རབ་འཕགས་པའི་དགེ་འདུན་གྱི། །བཀྲ་ཤིས་དམ་པ་ཁྱེད་ལ་སྦྱིན་གྱུར་ཅིག །ལྷ་དང་གྲུབ་པ་རིག་འཛིན་དྲང་སྲོང་དང༌། །ཀླུ་དང་ལྷ་མིན་གནོད་སྦྱིན་དྲི་ཟ་སོགས། །བདེ་འགྲོའི་དབང་པོའི་ཚོགས་རྣམས་ཐམས་ཅད་ཀྱི། །བཀྲ་ཤིས་དམ་པ་ཁྱོད་ལ་སྦྱིན་གྱུར་ཅིག །ས་ཆུ་མེ་རླུང་ཉི་ཟླ་རིན་ཆེན་དང༌། །བུམ་བཟང་དཔག་བསམ་ཤིང་དང་སྨན་ལ་སོགས། །འབྱུང་དང་འབྱུང་བ་ལས་གྱུར་ཐམས་ཅད་ཀྱི། །བཀྲ་ཤིས་དམ་པ་ཁྱེད་ལ་སྦྱིན་གྱུར་ཅིག །ཁྱད་པར་འཕགས་པའི་བཀྲ་ཤིས་ཡིད་འོང་བ། །བསམ་པ་དགེ་བས་ཤིས་པ་བརྗོད་པ་ཡིས། །སྲས་བཅས་རྒྱལ་བའི་ཚོགས་རྣམས་ཀུན་གྱིས་ཀྱང༌། །འདི་ཡི་མཐུན་འགྱུར་ཀུན་ནས་གསུང་གྱུར་ཅིག །ཤིང་ཕོ་བྱི་བའི་ལོ་འདི་ལོ་རྣམས་ཀྱི། །ཐོག་མ་ཡིན་ཞེས་གཙུག་ལག་དག་ལས་འབྱུང༌། །འདི་ཉིད་ནས་བརྩམས་མི་དབང་ཡུམ་སྲས་བཅས། །བདེ་ལེགས་བྱ་ཕྱིར་བདག་གིས་དེ་སྐད་བརྗོད། །རྒྱལ་པོ་ཆེན་པོ་སྲས་དང༌། བཙུན་མོ་དང༌། རྒྱལ་རྒྱུད་དང༌། རྒྱལ་སྲིད་དང་བཅས་པ་ཐམས་ཅད་བདེ་ལེགས་སུ་བྱ་བའི་ཕྱིར། ཤིང་ཕོ་བྱི་བའི་ལོ་གསར་པ་ཤར་བའི་ཚེ། དགའ་སྟོན་གྱི་ཀུན་དགའ་ར་བར། བཀྲ་ཤིས་ཀྱི་དབྱངས་ཀུན་ནས་བསྒྲགས་པའི་དོན་དུ། འཕགས་པས་ཉེ་བར་བསྡེབས་ནས་རྒྱང་རིང་པོ་ནས་བསྐུར་བའོ།།  །།ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ཀྱི་རིན་ཆེན་ལས་འཁྲུངས་ཤིང༌། །ཚོགས་གཉིས་རྒྱ་མཚོའི་དཔལ་གྱིས་བསྐྲུན་གྱུར་པས། །དོན་གཉིས་བརྙེས་པའི་ཕྲིན་ལས་གྲུབ་པ་ཡི། །ཤཱཀྱའི་རྒྱལ་པོའི་བཀྲ་ཤིས་དེང་འདིར་ཤོག །སྲིད་ཞིའི་རླུང་གིས་རྣམ་པར་མི་བསྐྱོད་པའི། །ཆོས་དབྱིངས་ཡེ་ཤེས་ཕ་རོལ་སོན་གྱུར་ནས། །ཕྲིན་ལས་རྡོ་རྗེས་བདུད་དཔུང་ངེས་འཇོམས་པའི། །མི་བསྐྱོད་རྡོ་རྗེའི་བཀྲ་ཤིས་དེང་འདིར་ཤོག །འཚེ་བ་མེད་པ་ཕན་བདེའི་ངང་ཚུལ་ལ། །གཅིག་ཏུ་གོམས་པའི་བརྟུལ་ཞུགས་མཐར་ཕྱིན་པས། །ཚེ་དང་ཡེ་ཤེས་དཔག་མེད་ལེགས་བརྙེས་པའི། །ཚེ་དཔག་མེད་པའི་བཀྲ་ཤིས་དེང་འདིར་ཤོག །དམ་ཆོས་བདུད་རྩིའི་སྦྱོར་བ་དཔག་ཡས་ཀྱིས། །འགྲོ་བའི་སྡུག་བསྔལ་སེལ་བའི་ཐབས་བརྩོན་པས། །སྐྱེ་དགུའི་གཉེན་གཅིག་སྨན་པའི་བླར་གྱུར་པའི། །སྨན་གྱི་བླ་མའི་བཀྲ་ཤིས་དེང་འདིར་ཤོག །རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་ཐམས་ཅད་ཀྱི། །ཐུགས་རྗེ་བསྡུས་པའི་རྣམ་འཕྲུལ་ལས་བྱུང་བ། །ཕྲིན་ལས་ཆེན་པོ་འགག་མེད་རོལ་པ་ཅན། །ཐུགས་རྗེ་ཆེན་པོའི་བཀྲ་ཤིས་དེང་འདིར་ཤོག །འགྲོ་ལ་བྱམས་པས་བྱམས་པའི་ངང་ཚུལ་ཅན། །བརྩོན་པ་དམ་པས་ཀུན་ནས་མ་ཕམ་ཞིང༌། །ཕྱོགས་བཅུར་ཆོས་ཀྱི་འཁོར་ལོ་ལེགས་བསྐོར་བ། །བྱམས་མགོན་རྒྱལ་བའི་བཀྲ་ཤིས་དེང་འདིར་ཤོག །འགྲོ་བ་སྒྲོལ་མཛད་སྒྲོལ་མ་ཁྲོ་གཉེར་ཅན། །རྨེ་བརྩེགས་འཆོལ་པ་རྟ་མཆོག་ལ་སོགས་པའི། །ལྷ་དང་ལྷ་མོ་ཁྲོ་བོ་ཁྲོ་མོའི་ཚོགས། །འཕགས་པའི་རྣམ་འཕྲུལ་རྣམ་པར་བཀོད་རྣམས་དང༌། །འཇིག་རྟེན་སྐྱོང་བ་ཆེ་བའི་ཆེར་གྲགས་པ། །གོ་འཕང་སྣ་ཚོགས་ཚུལ་ཡང་སྣ་ཚོགས་ཞིང༌། །བསྟན་ལ་དགའ་བས་བསྟན་པ་རབ་བསྲུང་བའི། །བཀྲ་ཤིས་དམ་པས་དེང་འདིར་བཀྲ་ཤིས་ཤོག །རྒྱལ་བའི་ཕོ་བྲང་ལྷ་སའི་གཞལ་མེད་ཀྱི། །ཐུབ་པའི་དབང་པོ་སྲས་དང་སློབ་མ་དང༌། །འཁོར་དང་བཅས་པའི་བཀྲ་ཤིས་སྤེལ་བ་འདི། །རྒྱལ་པོ་ཁྱོད་ལ་འཕགས་པས་རིང་ནས་འབུལ། །ཤིང་མོ་གླང་གི་ལོ་གསར་པ་ཤར་བའི་ཚེ་བཀྲ་ཤིས་པར་བྱ་བའི་ཕྱིར། བོད་ཀྱི་སྤྲུལ་པའི་རྒྱལ་པོ་མང་པོ་བྱོན་པའི་གནས། སངས་རྒྱས་ཀྱི་བསྟན་པ་འཕེལ་བའི་གཞི། དཔལ་ལྷ་སའི་གཙུག་ལག་ཁང་དུ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་འདི་ཉེ་བར་སྤེལ་ནས་བསྐུར་བའོ།།  །།ཨོཾ་སྭ་སྟི་སིདྡྷཾ། ན་མཿཤྲཱི་མཱན་པ་ར་མ་གུ་ཙུ་ཙ་ར་ནཾ་ཀ་མ་ལཱ་ཡ། ཧེ་རུ་ཀ་དཔལ་ཡེ་ཤེས་མཁའ་འགྲོ་མ། །མཐུ་སྟོབས་དབང་ཕྱུག་དཔལ་ལྡན་རྩེ་མོའི་ཞབས། །རྗེ་བཙུན་གྲགས་པ་མཁྱེན་རབ་དབང་ཕྱུག་སོགས། །བླ་མ་རྣམས་ཀྱི་བཀྲ་ཤིས་དེང་འདིར་ཤོག །རྣམ་གཟིགས་གཙུག་ཏོར་ཅན་དང་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུངས་དཔལ། །ཤཱཀྱ་ཐུབ་སོགས་ཕྱོགས་བཅུ་དུས་གསུམ་གྱི། །སངས་རྒྱས་རྣམས་ཀྱི་བཀྲ་ཤིས་དེང་འདིར་ཤོག །མདོ་ཡི་སྡེ་དང་འདུལ་བ་མ་མོ་དང༌། །རྒྱུད་སྡེ་རྒྱ་མཚོའི་ཚོགས་དང་དེ་རྟོགས་པའི། །ཟབ་དང་རྒྱ་ཆེའི་ཆོས་ཚུལ་ཐམས་ཅད་ཀྱི། །བཀྲ་ཤིས་དམ་པས་དེང་འདིར་བདེ་ལེགས་ཤོག །ཚུལ་གནས་ཐོས་བསམ་སྒོམ་པས་མཛེས་རྣམས་དང༌། །རྒྱུན་ཞུགས་ཕྱིར་འོང་པ་དང་ཕྱིར་མི་འོང༌། །དགྲ་བཅོམ་རང་རྒྱལ་རྒྱལ་སྲས་ཐམས་ཅད་ཀྱི། །བཀྲ་ཤིས་དམ་པས་དེང་འདིར་བདེ་ལེགས་ཤོག །དབྱངས་དང་གསལ་བྱེད་བརྗོད་པ་ཀུན་གྱི་གཞི། །དེ་དག་ལས་བཏུས་གསང་སྔགས་རིག་སྔགས་དང༌། །གཟུངས་སྔགས་སྙིང་པོ་ཉེ་བའི་སྙིང་པོ་སོགས། །སྐུལ་བྱེད་སྔགས་ཀྱི་བཀྲ་ཤིས་དེང་འདིར་ཤོག །རྡོ་རྗེ་འཁོར་ལོ་པདྨ་རིན་ཆེན་དང༌། །སྣ་ཚོགས་རྡོ་རྗེ་རལ་གྲི་ཨུཏྤལ་སོགས། །དོན་ཆེན་མཚོན་བྱེད་ཕྱག་མཚན་ཐམས་ཅད་ཀྱི། །བཀྲ་ཤིས་དམ་པས་དེང་འདིར་བདེ་ལེགས་ཤོག །སྟུག་པོའི་ཞིང་དང་མི་མཇེད་བདེ་བ་ཅན། །མངོན་པར་དགའ་དང་ཡོན་ཏན་དཔག་མེད་སོགས། །རྒྱལ་བ་རྣམས་ཀྱིས་བསྟན་པའི་ཞིང་ཁམས་ཀྱི། །བཀྲ་ཤིས་དམ་པས་དེང་འདིར་བདེ་ལེགས་ཤོག །རྡོ་རྗེ་ཆོས་སྐྱོང་བ་དང་ཕྱོགས་སྐྱོང་དང༌། །ལྷ་དབང་ཀླུ་དབང་གནོད་སྦྱིན་ལྷ་མིན་དབང༌། །འཇིག་རྟེན་སྐྱོང་བ་ཆེ་བའི་ཆེ་རྣམས་ཀྱི། །བཀྲ་ཤིས་དམ་པས་དེང་འདིར་བཀྲ་ཤིས་ཤོག །ཡིད་བཞིན་ནོར་བུ་བུམ་བཟང་དཔག་བསམ་ཤིང༌། །འདོད་འཇོའི་བ་དང་གྲུབ་པའི་རལ་གྲི་དང༌། །རྫོགས་ལྡན་སྤྲིན་ཚོགས་འདོད་དགུ་སྦྱིན་བྱེད་པའི། །རྫས་མཆོག་རྣམས་ཀྱི་བཀྲ་ཤིས་དེང་འདིར་ཤོག །ས་དང་ཆུ་རླུང་མེ་དང་ཉི་ཟླ་དང༌། །སྨན་དང་ལོ་ཏོག་བསམ་གཏན་ལ་སོགས་པ། །འགྲོ་བའི་ཉེར་འཚོར་གྱུར་པ་ཐམས་ཅད་ཀྱི། །བཀྲ་ཤིས་དམ་པས་དེང་འདིར་བདེ་ལེགས་ཤོག །དེ་ལྟར་གསུང་རབ་རིན་ཆེན་གླིང་ལས་ཤིས་པའི་ཚིག་གི་ནོར་བུའི་ཚོགས། །བློ་གྲོས་དེད་དཔོན་དམ་པས་བླངས་གང་རྣམ་དཔྱོད་རྡོ་རྗེས་ཕུག་རྗེས་སུ། །ངག་གི་སྲད་བུས་ཉེ་བར་བརྒྱུས་པ་བདེ་ལེགས་གསལ་བའི་འོད་འབྱིན་པའི། །བཀྲ་ཤིས་རིན་ཆེན་ཕྲེང་བ་འདི་ནི་མི་དབང་ཉིད་ལ་འཕགས་པས་འབུལ། །མེ་ཕོ་སྟག་གི་ལོ་གསར་པ་ཤར་བ་བདེ་ལེགས་སུ་བྱ་བའི་ཕྱིར། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་འདི་དཔལ་ས་སྐྱར་རྣམ་པར་སྤེལ་ནས། དབང་ཕྱུག་དམ་པའི་ཕྱག་ཏུ་འཕགས་པས་རིང་ནས་བསྐུར་བའོ།།  །།ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྒྱལ་མཚན་རྩེ་མོའི་དབང་གི་རྒྱལ་པོ་ལྟར། །ལྷག་པའི་ལྷ་ཡི་གཙུག་གི་རྒྱན་གྱུར་ཅིང༌། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་བ། །བླ་མའི་བཀྲ་ཤིས་ཁྱེད་ལ་སྦྱིན་གྱུར་ཅིག །ཤར་གྱི་རི་རྩེར་སྐྱེ་དགུའི་སྒྲོན་མའི་དཔལ། །ཕུན་སུམ་ཚོགས་པ་འབར་བས་ལྷ་ངེད་ལྟར། །ཡོན་ཏན་ཕྲིན་ལས་འོད་སྟོང་འབར་བ་པོ། །རྒྱལ་བའི་བཀྲ་ཤིས་ཁྱེད་ལ་སྦྱིན་གྱུར་ཅིག །རྒྱུ་སྐར་ཁྲོད་ན་རྒྱུ་སྐར་བདག་པོའི་དཔལ། །ཡོངས་སུ་རྫོགས་པའི་དཀྱིལ་འཁོར་མཛེས་པ་ལྟར། །ཆགས་བྲལ་ཆགས་པ་སེལ་བའི་འོད་འབྱིན་པ། །ཆོས་ཀྱི་བཀྲ་ཤིས་ཁྱེད་ལ་སྦྱིན་གྱུར་ཅིག །རྒྱ་མཚོའི་གླིང་ན་སྣ་ཚོགས་རིན་ཆེན་གྱིས། །རྒྱ་མཚོའི་རྒྱལ་པོ་ཀུན་ནས་འབྱོར་པ་ལྟར། །རྒྱལ་བའི་འཁོར་གྱིས་འབྱོར་པར་གང་གྱུར་པ། །ཚོགས་ཀྱི་བཀྲ་ཤིས་ཁྱེད་ལ་སྦྱིན་གྱུར་ཅིག །སྐྱབས་གསུམ་རིན་ཆེན་ཅོད་པན་གྱིས་མཛེས་ཤིང༌། །བསླབ་གསུམ་རིན་ཆེན་དྲྭ་བའི་རྒྱན་གྱིས་སྤྲས། །སྲིད་གསུམ་འགྲོ་བའི་སྒྲོན་མ་མཆོག་གྱུར་པ། །བཤེས་གཉེན་རྣམས་ཀྱི་བཀྲ་ཤིས་སྦྱིན་གྱུར་ཅིག །དེ་ལྟར་བཀྲ་ཤིས་དམ་པ་ལས་བྱུང་ཞིང༌། །བཀྲ་ཤིས་ངོ་མཚར་རྨད་ཀྱིས་ཕུལ་གྱུར་པའི། །བཀྲ་ཤིས་བརྗོད་པས་དཔལ་དུ་འོས་པ་ཁྱོད། །རྟག་ཏུ་འགྲོ་བ་ཀུན་གྱི་དཔལ་གྱུར་ཅིག །ཁྱོད་ཀྱི་དཔལ་གྱི་གཟི་ཡིས་ཕྱོགས་ཀྱི་ཁོངས། །རྒྱ་མཚོའི་ཆུ་ཡིས་ས་ཡི་ཁྱོན་ལྟ་བུར། །ཁྱབ་པར་བྱས་ནས་འབྱུང་པོ་ཐམས་ཅད་ཀྱི། །རྟག་ཏུ་ཉེ་བར་འཚེ་བ་ཉིད་གྱུར་ཅིག །གླིང་བཞིར་བཅས་པའི་རྒྱ་མཚོའི་རྒྱ་ཁྱོན་ནི། །ཁོར་ཡུག་རི་ཡིས་ཀུན་ནས་བཅིངས་པ་ལྟར། །ལྷ་ཡི་དཔལ་དང་བཅས་པའི་རྒྱལ་སྲིད་ཀྱང༌། །སངས་རྒྱས་མཐུ་ཡིས་ཀུན་ནས་སྲུང་གྱུར་ཅིག །བཀྲ་ཤིས་འདི་ནི་དཔལ་གྱི་འབྱུང་གནས་ཏེ། །སྡེབ་སྦྱོར་བྱེད་པ་བློ་གྲོས་རྒྱལ་མཚན་དཔལ། །བཟང་པོ་ཉིད་ལགས་ལོ་གསར་བདེ་ལེགས་ཕྱིར། །དབང་ཕྱུག་དམ་པའི་དཔལ་ལ་གུས་པས་འབུལ། །ལོ་གསར་འདི་ནི་མེ་མོ་ཡོས་ལགས་ཏེ། །འཕགས་པའི་ཡུལ་དུ་རབ་བྱུང་ཞེས་བྱར་གྲགས། །རབ་བྱུང་འདི་ནི་ལོ་ཡི་ཐོག་མ་སྟེ། །འདི་ནས་བརྩམས་ཏེ་ཀུན་དུ་བདེ་ལེགས་ཤོག །མེ་མོ་ཡོས་བུའི་ལོ་གསར་པ་ཤར་བའི་ཚེ་བདེ་ལེགས་སུ་བྱ་བའི་ཕྱིར། དཔལ་ས་སྐྱའི་གཙུག་ལག་ཁང་དུ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་སྤེལ་ནས་མིའི་དབང་པོའི་ཕྱག་ཏུ་བསྐུར་བའོ།།  །།ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཇི་སྙེད་གཟིགས་པའི་མཁྱེན་པ་རྒྱ་ཆེ་ཞིང༌། །ཇི་བཞིན་མཁྱེན་པའི་ཡེ་ཤེས་རབ་ཟབ་ལ། །དམིགས་པ་མེད་པའི་ཐུགས་རྗེ་ཀུན་འཇུག་པ། །བླ་མ་མཆོག་ལ་བཏུད་ནས་ཤིས་པ་བརྗོད། །གང་ལས་ཕན་བདེའི་དཔལ་འབྱོར་ཀུན་འབྱུང་ཞིང༌། །སྲིད་ཞིའི་ཉེས་པ་མ་ལུས་དྲུངས་འབྱིན་པ། །དུས་གསུམ་རྒྱལ་བའི་མཛད་པ་ལེགས་བསྒྲུབ་པ། །མཚུངས་མེད་བླ་མའི་བཀྲ་ཤིས་དེང་འདིར་ཤོག །བྱང་ཆུབ་ལམ་གྱིས་བྱང་ཆུབ་བརྙེས་གྱུར་ཅིང༌། །ཀུན་དགའི་ཆོས་ཀྱི་དགའ་སྟོན་འགྱེད་མཛད་པ། །རྐང་གཉིས་དབང་པོ་ཟླ་གཉིས་མི་མངའ་བ། །རྒྱལ་བའི་བཀྲ་ཤིས་དམ་པས་རྒྱལ་གྱུར་ཅིག །གསུང་རབ་དམ་པ་དམ་པ་ལས་བརྒྱུད་ཅིང༌། །རྟོག་པ་དགེ་བ་དགེ་བའི་འབྱུང་གནས་མཆོག །ཞི་མཛད་ཞི་བར་གྱུར་པ་དམ་ཆོས་ཀྱི། །བཀྲ་ཤིས་དམ་པས་དེང་འདིར་བཀྲ་ཤིས་ཤོག །དམ་པས་དམ་པའི་ལམ་ལ་ཞུགས་གྱུར་ཅིང༌། །དགེ་བས་དགེ་བའི་གོ་འཕང་མཆོག་བསྒྲུབ་པར། །གཅིག་ཏུ་འདུན་པའི་འདུན་པ་རྣམ་དག་པ། །ཚོགས་ཀྱི་བཀྲ་ཤིས་དམ་པས་བཀྲ་ཤིས་ཤོག །ཆོས་དང་དམ་ཆོས་འཛིན་པ་གང་ཡིན་པ། །དེ་དག་སྐྱོང་ཞིང་སྐྱོང་བར་ཞལ་བཞེས་ནས། །སྒྲུབ་པོའི་འདོད་དོན་མ་ལུས་སྒྲུབ་མཛད་པ། །ཆོས་སྐྱོང་རྣམས་ཀྱིས་ཀུན་ནས་སྐྱོང་གྱུར་ཅིག །འཇིག་རྟེན་སྐྱོང་བ་འཇིག་རྟེན་དོན་གཉེར་ཞིང༌། །ཆེ་བའི་ཆེ་བར་ཀུན་ལ་གྲགས་གྱུར་ལ། །རྫུ་འཕྲུལ་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཅན། །འཇིག་རྟེན་སྐྱོང་བས་ལྷག་པར་སྐྱོང་གྱུར་ཅིག །རྒྱལ་པོ་སྲས་དང་བཙུན་མོ་སྲིད་བཅས་རྣམས། །རྒྱལ་བར་བྱ་ཕྱིར་འཕགས་པའི་བློ་གྲོས་ལས། །རྒྱལ་བའི་གསུང་གི་ཚུལ་དང་རྗེས་མཐུན་པར། །རྒྱལ་བར་བྱེད་པའི་ཤིས་པ་འདི་བྱུང་ངོ༌། །ས་ཕོ་འབྲུག་གི་ལོ་གསར་པ་ཤར་བའི་ཚེ་བཀྲ་ཤིས་པར་བྱ་བའི་ཕྱིར། བཀྲ་ཤིས་རྣམ་པར་སྤེལ་ནས་ཚིགས་སུ་བཅད་པ་འདི་དག་སྦྱར་ནས། རྒྱལ་པོ་ཡབ་ཡུམ་སྲས་དང་བཅས་པའི་སྤྱན་སྔར་བསྐུར་བ་འདི་ནི་ས་ཕོ་འབྲུག་གི་ལོ་སྨལ་པོའི་ཟླ་བ་ལ་འདམ་གྱི་སའི་ཆར་བྲིས་པ་ཕྱོགས་དང་དུས་ཐམས་ཅད་དུ་བཀྲ་ཤིས་པར་གྱུར་ཅིག།  །།ཨོཾ་སྭ་སྟི་སིདྡྷ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྒྱལ་བ་གང་ཞིག་འོད་དང་དཔལ་ཡོན་གྱི། །འབྱུང་གནས་དམ་པ་རྣམས་ལ་ཕྱག་འཚལ་ནས། །ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བ་ཡི། །བཀྲ་ཤིས་དམ་པ་འདི་ནི་བརྗོད་པར་བྱ། །མི་མཇེད་ཞེས་བྱའི་འཇིག་རྟེན་ཁམས་ཀྱི་མགོན། །དཔལ་དང་ལྡན་ཞིང་བརྩེ་བ་ཆེན་པོ་པ། །སྐྱོབ་པ་ཤཱཀྱ་ཐུབ་པ་ཞེས་བྱ་བའི། །བཀྲ་ཤིས་དམ་པས་དེང་འདིར་བཀྲ་ཤིས་ཤོག །ཤར་གྱི་ཕྱོགས་ཀྱི་རྒྱལ་བའི་ཞིང་ཁམས་ནི། །ཉོན་མོངས་ཐམས་ཅད་བསྐྱོད་པར་གང་བཞུགས་པ། །རྫོགས་པའི་སངས་རྒྱས་རྗེས་སྤྱད་ཅེས་བྱ་བའི། །བཀྲ་ཤིས་དམ་པས་དེང་འདིར་བཀྲ་ཤིས་ཤོག །ལྷོ་ཕྱོགས་མུན་པ་མུན་ནག་ཚོགས་བཅོམ་པར། །དང་པོ་སེམས་བསྐྱེད་ཡིད་མཛད་རྣམ་གྲགས་པ། །བསྙེངས་བྲལ་མངོན་པར་འཕགས་པའི་རྒྱལ་པོ་ཡི། །བཀྲ་ཤིས་དམ་པས་དེང་འདིར་བཀྲ་ཤིས་ཤོག །ནུབ་ཀྱི་ཕྱོགས་ཀྱི་ཐུབ་པའི་ཞིང་ཁམས་ནི། །ཀུན་ནས་ཡུལ་ཕེབས་ཞེས་བྱའི་ཆོས་ཀྱི་རྒྱལ། །ཐུབ་པ་འཁོན་དང་རྒྱགས་པ་རྣམ་གནོན་པའི། །བཀྲ་ཤིས་དམ་པས་དེང་འདིར་བཀྲ་ཤིས་ཤོག །བྱང་གི་ཕྱོགས་ན་རྣམ་པར་གནས་པའི་ཞིང༌། །སངས་རྒྱས་རྣམས་ཀྱི་སྤོབས་པ་ཅན་ཞེས་བྱ། །ཐུབ་པ་རིན་ཆེན་གཟུགས་བཀོད་འོད་གནོན་གྱི། །བཀྲ་ཤིས་དམ་པས་དེང་འདིར་བཀྲ་ཤིས་ཤོག །བྱང་ཤར་འཇིག་རྟེན་བདུད་ཀྱི་སྡེ་བཅོམ་པར། །བྱང་ཆུབ་ཤིང་དབང་དྲུང་དུ་རྣམ་འཕྲུལ་བ། །བདུད་དང་ཡིད་གཉིས་ཀུན་འཇོམས་རྣམ་གནོན་པའི། །བཀྲ་ཤིས་དམ་པས་དེང་འདིར་བཀྲ་ཤིས་ཤོག །ཤར་ལྷོའི་འཇིག་རྟེན་རྟག་ཏུ་སྣང་བ་ནི། །རྫོགས་པའི་སངས་རྒྱས་དང་པོ་སེམས་བསྐྱེད་པས། །ཕྱིར་མི་ལྡོག་པའི་འཁོར་ལོ་འབྱུང་དཔལ་གྱི། །བཀྲ་ཤིས་དམ་པས་དེང་འདིར་བཀྲ་ཤིས་ཤོག །ལྷོ་ནུབ་ཕྱོགས་ན་གནས་པའི་འཇིག་རྟེན་ཁམས། །གསེར་གྱི་དྲྭ་བས་གཡོགས་པའི་འགྲོ་བའི་མགོན། །རིན་ཆེན་གདུགས་འཕགས་སྣང་ཞེས་བྱ་བ་ཡི། །བཀྲ་ཤིས་དམ་པས་དེང་འདིར་བཀྲ་ཤིས་ཤོག །ནུབ་བྱང་མཚམས་སུ་བཀོད་པ་ཐུབ་པའི་ཞིང༌། །ཡོངས་དག་རབ་གནས་མངོན་འཕགས་ཞེས་བྱ་བར། །རྒྱལ་བ་བྱང་ཆུབ་སེམས་དཔའ་འདུལ་བ་ཡི། །བཀྲ་ཤིས་དམ་པས་དེང་འདིར་བཀྲ་ཤིས་ཤོག །སྟེང་གི་འཇིག་རྟེན་དམིགས་པ་མེད་པའི་དོན། །ཡིད་ལ་བྱེད་པ་ཅན་དུ་སྐྲག་མེད་པ། །མུན་བྲལ་ཏིང་འཛིན་མངོན་འཕགས་རྒྱལ་པོ་ཡི། །བཀྲ་ཤིས་དམ་པས་དེང་འདིར་བཀྲ་ཤིས་ཤོག །འོག་གི་ཞིང་ཁམས་ཡོན་ཏན་ཐམས་ཅད་ཀྱིས། །བརྒྱན་པར་དང་པོ་སེམས་བསྐྱེད་ཐེ་ཚོམ་ཀུན། །གཅོད་མཛད་ཉོན་མོངས་བསྐྱོད་ཅེས་བྱ་བ་ཡི། །བཀྲ་ཤིས་དམ་པས་དེང་འདིར་བཀྲ་ཤིས་ཤོག །གང་སྔོན་མཚན་མཆོག་འདི་དག་ཐོས་གྱུར་པའི། །སྲོག་ཆགས་སྟོང་དུ་ཚང་བ་དེ་དག་ཀུན། །གངྒཱ་ཀླུང་གི་བྱེ་སྙེད་ཚེ་རབས་སུ། །འཁོར་ལོས་སྒྱུར་བའི་དཔལ་རྒྱས་ཐོབ་པའི་མཐར། །བསྐལ་པ་གཅིག་ལ་ཞིང་ཁམས་གཅིག་ཉིད་དུ། །རིམ་གྱིས་སངས་རྒྱས་ཉིད་དུ་འགྱུར་བ་ནི། །དག་པའི་སྤྱན་གྱིས་བརྒྱན་པ་ཞེས་བྱའོ། །དེ་དག་ཀུན་གྱི་བཀྲ་ཤིས་དེང་འདིར་ཤོག །གཞན་ཡང་དུས་གསུམ་ཕྱོགས་བཅུའི་འཇིག་རྟེན་ན། །ཐུབ་པའི་དབང་པོ་སྲས་དང་སློབ་མར་བཅས། །ཆོས་དང་དཔལ་དང་འོད་ཀྱིས་ལྷམ་མེ་བ། །དེ་དག་ཀུན་གྱི་བཀྲ་ཤིས་དེང་འདིར་ཤོག །བཀྲ་ཤིས་མཆོག་གི་ཀུན་ནས་ཤིས་གྱུར་པའི། །བཀྲ་ཤིས་དམ་པའི་ཤིས་པ་བརྗོད་པ་འདི། །བཀྲ་ཤིས་དུ་མས་ཀུན་ནས་འབྱོར་གྱུར་པ། །བཀྲ་ཤིས་བརྟན་པ་ཉིད་ལ་འབུལ་ཞིང་མཆིས། །རྒྱལ་པོ་ཆེན་པོ། སྲས་དང༌། བཙུན་མོ། སྲིད་འབངས་དང་བཅས་པ་ཐམས་ཅད་བཀྲ་ཤིས་པར་བྱ་བའི་ཕྱིར། ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བ་ཞེས་བྱ་བའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་འདི། །འཕགས་པས་བསྡེབས་ནས་ས་མོ་སྦྲུལ་གྱི་ལོ་གསར་པ་ཤར་བའི་ཚེ་ཕུལ་བའོ།།  །།ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །བཀྲ་ཤིས་འབྱུང་གནས་ལ་བཏུད་དེ། །བཀྲ་ཤིས་ཀུན་གྱིས་ཤིས་བྱའི་ཕྱིར། །བཀྲ་ཤིས་རྣམ་པར་སྤེལ་བ་བརྗོད། །དག་སྣང་ཡུལ་གྱི་ཕོ་བྲང་དུ། །སྐལ་པ་བཞིན་དུ་སྣང་གྱུར་ཅིང༌། །མོས་པ་ཇི་བཞིན་འདྲེན་མཛད་པའི། །བླ་མའི་བཀྲ་ཤིས་དེང་འདིར་ཤོག །རྡོ་རྗེ་འཆང་དཔལ་བདག་མེད་མ། །བིརྺ་ཀྲྀཥྞ་ཌཱ་མ་པ། །གཉིས་སྤངས་ག་ཡ་དྷ་ར་དཔལ། །ཤཱཀྱ་ཡེ་ཤེས་ཀུན་རིག་དང༌། །ཆོས་འབར་རྗེ་བཙུན་སྙིང་པོའི་ཞབས། །རྩེ་མོའི་ཞབས་དང་རྒྱལ་མཚན་མཐའ། །ཆོས་རྗེ་བཟང་པོའི་ཞབས་སོགས་ཀྱི། །བཀྲ་ཤིས་དམ་པའི་བཀྲ་ཤིས་ཤོག །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། །གཉིས་མེད་དག་པ་གཉིས་ལྡན་ཞིང༌། །དུས་གསུམ་རྒྱལ་བ་ཀུན་བསྐྱེད་པའི། །ཆོས་སྐུའི་བཀྲ་ཤིས་དེང་འདིར་ཤོག །འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །བརྗོད་དུ་མེད་ཅིང་བགྲང་དུ་མེད། །རྣམ་དབྱེ་མེད་པའི་ཆོས་ཉིད་ཅན། །བསམ་མི་ཁྱབ་པའི་བཀྲ་ཤིས་ཤོག །སྟུག་པོ་བཀོད་པའི་ཞིང་ཁམས་སུ། །བདེ་ཆེན་ངེས་པ་ལྔ་ལྡན་ཞིང༌། །ཆོས་ལ་རྫོགས་པར་ལོངས་སྤྱོད་པའི། །བཀྲ་ཤིས་དམ་པའི་བཀྲ་ཤིས་ཤོག །བསམ་མི་ཁྱབ་པའི་གནས་བརྙེས་ཀྱང༌། །སྔོན་ལས་རྗེས་སུ་འབྲང་བའི་ཕྱིར། །རྒྱུ་ཡི་རྒྱུད་གྲངས་ཇི་སྙེད་པ། །དེ་སྙེད་རྣམས་ཀྱིས་བཀྲ་ཤིས་ཤོག །སྣ་ཚོགས་བཀོད་པའི་ཞིང་ཁམས་སུ། །སྣ་ཚོགས་རྣམ་པར་འཕྲུལ་པ་ཡི། །སྣ་ཚོགས་པ་ཡིས་དོན་མཛད་པའི། །སྤྲུལ་སྐུའི་བཀྲ་ཤིས་དེང་འདིར་ཤོག །ལོངས་སྤྱོད་རྫོགས་པ་གཅིག་ལས་ཀྱང༌། །གནས་ཡུལ་དུས་དང་རྣམ་པ་ཡིས། །རྣམ་པ་དུ་མར་རབ་སྣང་བ། །སྤྲུལ་པ་མང་པོའི་བཀྲ་ཤིས་ཤོག །རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་དང༌། །འོད་སྲུངས་ཤཱཀྱ་ཐུབ་མཆོག་དཔལ། །བྱམས་པ་སེང་གེ་རབ་གསལ་སོགས། །དུས་གསུམ་གཤེགས་པའི་རྫོགས་སངས་རྒྱས། །ཕྱོགས་བཅུ་དག་ན་བཞུགས་གྱུར་པའི། །རྐང་གཉིས་གཙོ་བོ་ཐམས་ཅད་ཀྱི། །བཀྲ་ཤིས་དམ་པའི་བཀྲ་ཤིས་ཤོག །རྣམ་སྣང་མི་བསྐྱོད་རིན་ཆེན་འབྱུང༌། །དཔག་མེད་དོན་ཡོད་གྲུབ་ལ་སོགས། །དཀྱིལ་འཁོར་ཀུན་གྱི་གཙོར་གྱུར་པ། །སྤྲུལ་པ་མཆོག་གི་བཀྲ་ཤིས་ཤོག །རྡོ་རྗེ་རིན་ཆེན་ཆོས་དང་ནི། །ལས་ཀྱི་སེམས་མ་ལ་སོགས་པ། །ཕྱག་རྒྱའི་གཟུགས་སུ་གང་གནས་ནས། །རྒྱལ་བ་མཉེས་པར་བྱེད་པ་དང༌། །གཟུངས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི། །གཙོ་མོ་ཉིད་དུ་གང་གྱུར་པ། །རིག་པའི་རྒྱལ་མོ་ཐམས་ཅད་ཀྱི། །བཀྲ་ཤིས་དམ་པའི་བཀྲ་ཤིས་ཤོག །བྱམས་པ་ས་ཡི་སྙིང་པོ་དང༌། །སྒྲིབ་པ་རྣམ་སེལ་ཀུན་ཏུ་བཟང༌། །ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ནམ་མཁའི་སྙིང་པོ་འཇམ་དབྱངས་སོགས། །སེམས་དཔའ་མཆོག་གི་ཚུལ་བཟུང་དང༌། །རང་གི་ས་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི། །བཀྲ་ཤིས་དམ་པའི་བཀྲ་ཤིས་ཤོག །སྒེག་མོ་ཕྲེང་བ་གླུ་མ་གར། །བདུག་སྤོས་མེ་ཏོག་མར་མེ་མ། །དྲི་ཆབ་མ་སོགས་མཆོད་པ་ཡི། །ལྷ་མོ་རྣམས་ཀྱི་བཀྲ་ཤིས་ཤོག །གཤིན་རྗེ་མཐར་བྱེད་ཤེས་མཐར་བྱེད། །པདྨ་མཐར་བྱེད་བགེགས་མཐར་བྱེད། །མི་གཡོ་འདོད་རྒྱལ་དབྱུག་སྔོན་ཅན། །སྟོབས་ཆེན་གཙུག་ཏོར་འཁོར་ལོས་སྒྱུར། །ཧཱུྃ་མཛད་ལ་སོགས་ཁྲོ་བོ་ཡི། །རྒྱལ་པོ་རྣམས་ཀྱི་བཀྲ་ཤིས་ཤོག །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང༌། །རྡོ་རྗེ་དྲིལ་བུ་ལ་སོགས་པའི། །ཕོ་ཉ་མངག་པ་ཐམས་ཅད་ཀྱི། །བཀྲ་ཤིས་དམ་པའི་བཀྲ་ཤིས་ཤོག །གདུང་བ་རྣམ་སེལ་ཡིད་མྱུར་སོགས། །བསེ་རུ་རྭ་ཡི་ཚུལ་འཛིན་དང༌། །དེ་བཞིན་ཚོགས་ན་སྤྱོད་པ་ཡི། །རང་རྒྱལ་རྣམས་ཀྱི་བཀྲ་ཤིས་ཤོག །ཀཽཎྜི་ནྱ་འོད་སྲུངས་དང༌། །ཤཱ་རིའི་བུ་དང་མཽང་གལ་སོགས། །དགྲ་བཅོམ་དབང་པོ་ཐམས་ཅད་ཀྱི། །བཀྲ་ཤིས་དམ་པའི་བཀྲ་ཤིས་ཤོག །འདོད་པར་ལན་ཅིག་ཕྱིར་འོང་དང༌། །གང་དག་ཕྱིར་མི་འོང་བ་དང༌། །རྒྱུན་ཞུགས་དེ་དག་ཞུགས་པ་དང༌། །འབྲས་བུར་གནས་པས་ཕྱེ་བ་སྟེ། །འཕགས་པའི་གང་ཟག་བརྒྱད་རྣམས་ཀྱི། །བཀྲ་ཤིས་དམ་པའི་བཀྲ་ཤིས་ཤོག །རྡོ་རྗེ་ནག་པོ་ཆེན་པོ་དང༌། །དཔལ་གྱི་ལྷ་མོ་ལ་སོགས་པ། །ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི། །བཀྲ་ཤིས་དམ་པའི་བཀྲ་ཤིས་ཤོག །ཕྱོགས་སྐྱོང་བ་དང་ལྷ་ཆེན་དང༌། །ཀླུ་དབང་གཟའ་དང་རྒྱུ་སྐར་སོགས། །འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱི། །བཀྲ་ཤིས་དམ་པའི་བཀྲ་ཤིས་ཤོག །དེ་ལྟར་བཀྲ་ཤིས་རྣམ་པར་སྤེལ་བ་འདི། །ས་བདག་སྲས་དང་བཙུན་མོར་བཅས་པ་རྣམས། །དགེ་བར་བྱ་ཕྱིར་ལྕགས་ཕོ་རྟ་ཡི་ལོ། །གསར་པ་ཤར་ཚེ་འཕགས་པ་ཞེས་བྱས་སྦྱར། །ཕྱོགས་དང་དུས་ཐམས་ཅད་དུ་བཀྲ་ཤིས་པར་གྱུར་ཅིག།  །།ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཆོས་ཉིད་གཟིགས་པ་སྒྲིབ་མེད་པའི། །ཆོས་ཀྱི་སྤྱན་དང་ལྡན་རྣམས་ལ། །ཆོས་ཀྱི་ཚུལ་བཞིན་ཕྱག་འཚལ་ནས། །ཆོས་བཞིན་ཤིས་པ་བརྗོད་པར་བྱ། །ཆོས་ཀྱི་དབང་ཕྱུག་ཀུན་རང་བཞིན། །ཆོས་ཀྱི་དཔལ་གྱིས་འབྱོར་གྱུར་ཞིང༌། །ཆོས་ལས་སྐྱེས་པ་ཀུན་སྐྱེད་པ། །ཆོས་རྗེ་བླ་མའི་བཀྲ་ཤིས་ཤོག །ཆོས་ཀྱི་དབྱིངས་ལས་བྱུང་གྱུར་ཞིང༌། །ཆོས་ཉིད་ཟབ་མོས་རབ་ཕྱེ་བས། །ཆོས་ཀྱི་མངའ་བདག་མཆོག་གྱུར་པ། །ཆོས་མཛད་རྣམས་ཀྱི་བཀྲ་ཤིས་ཤོག །ཆོས་ཀྱི་འབྱུང་གནས་ལས་བྱུང་བའི། །ཆོས་དོན་ཕུན་སུམ་ཚོགས་གྱུར་པས། །ཆོས་མིན་རྣམ་པར་སུན་འབྱིན་པའི། །ཆོས་ཀྱི་བཀྲ་ཤིས་དེང་འདིར་ཤོག །ཆོས་རྗེས་འབྲང་བའི་ཡིད་ལྡན་པ། །ཆོས་ཀྱི་རྗེ་ཡིས་རྗེས་བསྐྱངས་པས། །ཆོས་ཀྱི་རྒྱ་མཚོར་ཉེར་ཞུགས་པ། །ཆོས་ལྡན་རྣམས་ཀྱི་བཀྲ་ཤིས་ཤོག །ཆོས་ཀྱི་མངའ་དབང་བརྙེས་པ་གང༌། །ཆོས་ཀྱི་རྒྱལ་པོར་རབ་བསྒོས་ནས། །ཆོས་དང་ཆོས་འཛིན་ཀུན་སྲུང་བ། །ཆོས་སྐྱོང་རྣམས་ཀྱི་བཀྲ་ཤིས་ཤོག །ཆོས་ལམ་དགེ་བ་སྤྱད་པ་ཡིས། །ཆོས་ཚུལ་མངོན་པར་མཐོང་བ་ཡི། །ཆོས་ལྡན་འཇིག་རྟེན་སྐྱོང་བ་ཡིས། །ཆོས་བཞིན་བཀྲ་ཤིས་སྦྱིན་གྱུར་ཅིག །ཆོས་དབྱིངས་སྤྲོས་ལས་རྣམ་གྲོལ་ཡང༌། །ཆོས་ཅན་སྣ་ཚོགས་ཀུན་སྣང་བ། །ཆོས་རྣམ་གཉིས་ཀྱི་བདེན་པའི་མཐུས། །ཆོས་ཚུལ་འགྲོ་ལ་གསལ་གྱུར་ཅིག །ཆོས་དང་ཆོས་ཉིད་ཇི་སྙེད་དོན་རྣམས་ཇི་བཞིན་གང་གིས་ཐུགས་ཆུད་པས། །ཆོས་དང་ཆོས་མིན་རྣམ་དབྱེའི་ཕྱོགས་ལ་ཤིན་ཏུ་མཁས་པའི་ངང་ཚུལ་ཅན། །ཆོས་རྗེ་ཆོས་རྒྱལ་ས་སྐྱ་པ་ཞེས་གྲགས་པའི་འོད་ཟེར་གསལ་ལྡན་པའི། །ཆོས་དྲིན་ཆོས་བཞིན་ཉེ་བར་ཐོབ་པའི་ཆོས་འཛིན་འཕགས་པ་ཞེས་བྱས་སྦྱར། །འདི་ཡི་ཚིག་དང་དེ་བཞིན་དོན་གཉིས་ཀ །ཆོས་ཀྱི་ཚུལ་ཡིན་གཞན་ཡང་དེ་བཞིན་དུ། །ཆོས་ཉིད་ཟབ་མོའི་སྒོ་ལ་འཇུག་བྱེད་པས། །བཀྲ་ཤིས་འདི་ནི་ཆོས་ཀྱི་རྒྱ་མཚོ་ཡིན། །གང་དག་གིས་ནི་ཤིས་པ་འདི་བརྗོད་དང༌། །འདི་ཡིས་གང་ལ་ཤིས་པ་བྱས་གྱུར་པ། །དེ་དག་བཀྲ་ཤིས་རྒྱ་མཚོའི་དགེ་མཚན་གྱིས། །ཀུན་ནས་ཤིས་པར་འགྱུར་བ་སྙམ་དུའང་བསམ། །ལྕགས་མོ་ལུག་གི་ལོ་ནས་བརྩམས་ནས་སུ། །ལོ་རྣམས་ཐམས་ཅད་ཀུན་ནས་ཤིས་བྱའི་ཕྱིར། །བདག་གིས་བཀྲ་ཤིས་ཉེ་བར་བརྗོད་འདི་ལ། །རྒྱལ་བའི་ཚོགས་ཀྱིས་མཐུན་འགྱུར་བརྗོད་གྱུར་ཅིག །ལྕགས་མོ་ལུག་གི་ལོ་གསར་པ་ཤར་བ་བཀྲ་ཤིས་པར་བྱ་བའི་ཕྱིར། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་འདི་རྣམ་པར་སྤེལ་ནས་རྒྱལ་པོ་ཆེན་པོ་ལ་ཕུལ་བའོ། །ཕྱོགས་དང་དུས་ཐམས་ཅད་དུ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག།  །།ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྐྱོབ་པ་འོད་དང་རྫུ་འཕྲུལ་ཆེན་པོ་པ། །མངོན་པར་ཤེས་པ་སྒྲིབ་པ་མེད་པ་པོ། །མི་འགྱུར་མི་འགག་རྒྱུན་མི་འཆད་པ་ཅན། །སངས་རྒྱས་བཀྲ་ཤིས་ཁྱེད་ལ་སྦྱིན་གྱུར་ཅིག །མཚན་དང་མཐུན་པའི་དཔེ་བྱད་རབ་འབར་ཞིང༌། །དོན་དང་མཐུན་པའི་ཚིག་འབྲུ་རྣམ་དག་པ། །མཁྱེན་དང་མཐུན་པའི་བརྩེ་བ་ཆེན་པོ་པ། །སངས་རྒྱས་བཀྲ་ཤིས་ཁྱེད་ལ་སྦྱིན་གྱུར་ཅིག །ནམ་མཁའ་ཇི་བཞིན་འཇིག་རྟེན་མཐའ་ཡས་ཤིང༌། །འཇིག་རྟེན་ཇི་བཞིན་སེམས་ཅན་བགྲང་ཡས་ལ། །དེ་བཞིན་ཕྲིན་ལས་ཕ་མཐའ་ཡས་པ་པོ། །སངས་རྒྱས་བཀྲ་ཤིས་ཁྱེད་ལ་སྦྱིན་གྱུར་ཅིག །མངོན་པར་མཐོ་དང་ངེས་པར་འབྱིན་པའི་ལམ། །ངག་ཚིག་དྲི་མེད་སེང་གེའི་སྒྲ་དབྱངས་ཀྱིས། །བསྙེམས་བྲལ་ཀུན་ཏུ་རྣམ་པར་བསྒྲགས་པ་ཡི། །ཆོས་ཀྱི་བཀྲ་ཤིས་ཁྱེད་ལ་སྦྱིན་གྱུར་ཅིག །བརྟུལ་ཞུགས་བཟང་པོ་ཐོས་པའི་ནོར་ལྡན་དང༌། །དེ་བཞིན་འཕགས་པའི་གང་ཟག་བརྒྱད་རྣམས་དང༌། །རྒྱལ་སྲས་རྒྱལ་བའི་རྒྱ་མཚོར་ཉེར་གཞོལ་བ། །དགེ་འདུན་བཀྲ་ཤིས་ཁྱེད་ལ་སྦྱིན་གྱུར་ཅིག །རྡོ་རྗེ་ཆོས་སྐྱོང་ཆོས་ཀྱི་གཟི་ཡིས་ལྷམ། །འཇིག་རྟེན་སྐྱོང་བ་འཇིག་རྟེན་དཔལ་དང་ལྡན། །དྲང་སྲོང་དྲང་པོས་བརྟུལ་ཞུགས་ལྡན་རྣམས་ཀྱི། །བཀྲ་ཤིས་དམ་པས་སྐྱེ་དགུ་བཀྲ་ཤིས་ཤོག །ས་ཆུ་མེ་རླུང་ཉི་མ་ཟླ་བ་དང༌། །ནོར་བུ་དཔག་བསམ་ཤིང་དང་བུམ་བཟང་དང༌། །སྔགས་དང་སྨན་གྱི་དགེ་བའི་མཐུ་རྣམས་ཀྱིས། །སྣོད་དང་བཅས་པའི་སྐྱེ་དགུ་བདེ་ལེགས་ཤོག །ཆུ་ཕོ་སྤྲེའུའི་ལོ་གསར་པ་ཤར་བའི་ཚེ་བཀྲ་ཤིས་པར་བྱ་བའི་དོན་དུ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་འདི་དག་རྣམ་པར་སྤེལ་ནས། རྒྱལ་པོ་ཆེན་པོ་བཙུན་མོ་སྲས་དང་བཅས་པ་ལ། འཕགས་པས་ཕུལ་བ་འདི་ནི་ལྕགས་མོ་ལུག་གི་ལོ། །ཟླ་བ་བཅུ་གཉིས་པའི་ཚེས་བཅུའི་ཉིན་པར་ཤིང་ཀུན་གྱི་མཁར་དུ་སྦྱར་བའོ།།  །།ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དངོས་གྲུབ་འབྱུང་གནས་དཔལ་ལྡན་བླ་མ་དང༌། །སྐྱབས་མཆོག་དཀོན་མཆོག་གསུམ་ལ་ཕྱག་འཚལ་ནས། །རྒྱལ་པོ་རྒྱལ་སྲིད་བཅས་པ་བདེ་ལེགས་ཕྱིར། །བཀྲ་ཤིས་རྣམ་པར་བརྗོད་པ་འདི་ལ་གསོན། །གཉིས་མེད་ཡེ་ཤེས་རྒྱ་མཚོར་ཉེར་འཁྲུངས་ཤིང༌། །ཆོས་དབྱིངས་གཟིགས་པ་སྒྲིབ་པ་མེད་པ་ཅན། །སྦྱིན་པ་དམ་པའི་ཚུལ་ལ་དབང་འབྱོར་བ། །རབ་དགའི་ས་ལ་གནས་པའི་བཀྲ་ཤིས་ཤོག །སྒོ་གསུམ་དགེ་བའི་སྤྱོད་པ་ལྷུན་གྲུབ་པས། །སངས་རྒྱས་དགྱེས་པའི་བརྟུལ་ཞུགས་བཟང་ལྡན་ཞིང༌། །ཚུལ་ཁྲིམས་དག་པའི་ཚུལ་ལ་དབང་འབྱོར་པ། །དྲི་མེད་ས་ལ་གནས་པའི་བཀྲ་ཤིས་ཤོག །རྒྱལ་བའི་གསུང་རབ་རྒྱ་མཚོ་ཉེར་བཟུང་ནས། །ལུང་གི་ཆོས་ཀྱི་འོད་འབུམ་འགྱེད་མཛད་ཅིང༌། །བཟོད་པ་དམ་པའི་ཚུལ་ལ་དབང་འབྱོར་པ། །འོད་བྱེད་ས་ལ་གནས་པའི་བཀྲ་ཤིས་ཤོག །རྟོགས་པ་དམ་པའི་ཡེ་ཤེས་མེ་འབར་བས། །ཉེས་ཚོགས་ཚང་ཚིང་ཀུན་ནས་སྲེག་བྱེད་ཅིང༌། །བརྩོན་འགྲུས་དམ་པའི་ཚུལ་ལ་དབང་འབྱོར་པ། །འོད་འཕྲོའི་ས་ལ་གནས་པའི་བཀྲ་ཤིས་ཤོག །བྱང་ཆུབ་སྤྱོད་པ་ཤིན་ཏུ་རྨད་བྱུང་བས། །རང་གི་གདུལ་བྱ་ཡོངས་སུ་སྨིན་བྱེད་ཅིང༌། །བསམ་གཏན་དམ་པའི་ཚུལ་ལ་དབང་འབྱོར་པ། །སྦྱང་དཀའི་ས་ལ་གནས་པའི་བཀྲ་ཤིས་ཤོག །ཡང་དག་ཤེས་པས་ཞི་བ་མངོན་གྱུར་ཀྱང༌། །བརྩེ་བ་ཆེན་པོས་འགྲོ་ལ་རྗེས་ཆགས་ཤིང༌། །ཤེས་རབ་དམ་པའི་ཚུལ་ལ་དབང་འབྱོར་པ། །མངོན་གྱུར་ས་ལ་གནས་པའི་བཀྲ་ཤིས་ཤོག །འཁོར་བའི་ཆོས་ལས་རིང་དུ་འཕགས་གྱུར་ཅིང༌། །རྒྱལ་བའི་ཡེ་ཤེས་རྒྱ་མཚོར་ཉེར་གཞོལ་བ། །ཡང་དག་ཐབས་ཀྱི་ཚུལ་ལ་དབང་འབྱོར་པ། །རིང་སོང་ས་ལ་གནས་པའི་བཀྲ་ཤིས་ཤོག །མཉམ་པ་ཉིད་དུ་མངོན་པར་བྱང་ཆུབ་ནས། །སྲིད་ཞིའི་རྟོག་པས་རྣམ་པར་མི་བསྒུལ་ཞིང༌། །སྨོན་ལམ་དམ་པའི་ཚུལ་ལ་དབང་འབྱོར་པ། །མི་གཡོའི་ས་ལ་གནས་པའི་བཀྲ་ཤིས་ཤོག །སོ་སོ་ཡང་དག་རིག་པ་བཞི་བརྙེས་ནས། །ཆོས་ཀྱི་འཁོར་ལོ་ཀུན་ནས་ལེགས་བསྐོར་ཞིང༌། །སྟོབས་མཆོག་དམ་པའི་ཚུལ་ལ་དབང་འབྱོར་པ། །བློ་གྲོས་ལེགས་པར་གནས་པའི་བཀྲ་ཤིས་ཤོག །གཟུངས་དང་ཏིང་ངེ་འཛིན་ལ་མངའ་བརྙེས་ནས། །འོད་ཟེར་ཆེན་པོའི་དབང་བསྐུར་ལེགས་ཐོབ་ཅིང༌། །ཡེ་ཤེས་དམ་པའི་ཚུལ་ལ་དབང་འབྱོར་པ། །ཆོས་ཀྱི་སྤྲིན་ལ་གནས་པའི་བཀྲ་ཤིས་ཤོག །རྡོ་རྗེ་ལྟ་བུའི་རྡོ་རྗེའི་ཐུགས་བརྙེས་ནས། །གཉིས་སུ་མེད་པས་གཉིས་ལ་ལེགས་བཞུགས་པ། །རྫོགས་པའི་སངས་རྒྱས་རྫོགས་པའི་དཔལ་མངའ་བའི། །བཀྲ་ཤིས་དམ་པས་དེང་འདིར་བཀྲ་ཤིས་ཤོག །དེ་ལྟར་བཀྲ་ཤིས་རྣམ་པར་སྤེལ་བ་འདིས། །མི་དབང་སྲས་དང་སྲིད་སྡེར་བཅས་པ་ཀུན། །ཆུ་མོ་བྱ་ཡི་ལོ་ལ་བརྩམས་ནས་ཀྱང༌། །ཤིས་པར་བྱ་ཕྱིར་འཕགས་པས་རྣམ་པར་སྤེལ། །འདི་ཤིང་ཀུན་དུ།།  །།ཨོཾ་སྭ་སྟི་སིདྡྷཾ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ས་ལ་དབང་བ་མི་ཡི་རྗེ། །སྲས་དང་དེ་དག་བཙུན་མོར་བཅས། །རྒྱུད་བཅས་འབངས་དང་བཅས་རྣམས་ལ། །བཀྲ་ཤིས་དམ་པ་གསོལ་བར་བགྱི། །རང་རིག་རྫོགས་པའི་སངས་རྒྱས་སུ། །གང་གི་མཐུ་ཡིས་མངོན་བྱེད་པ། །བླ་མ་དམ་པ་ཐམས་ཅད་ཀྱི། །བཀྲ་ཤིས་ཁྱེད་ལ་སྦྱིན་གྱུར་ཅིག །ཕྱོགས་བཅུ་དག་གི་ཞིང་རྣམས་ན། །དུས་གསུམ་དུ་ནི་བཞུགས་གྱུར་པའི། །རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི། །བཀྲ་ཤིས་ཁྱེད་ལ་སྦྱིན་གྱུར་ཅིག །དེ་དག་ཀུན་གྱི་གསུང་རབ་དང༌། །དེ་དོན་བསྒོམས་པས་ཀུན་ཆུབ་པ། །ལུང་དང་རྟོགས་པའི་ཆོས་རྣམས་ཀྱི། །བཀྲ་ཤིས་ཁྱེད་ལ་སྦྱིན་གྱུར་ཅིག །རྐང་གཉིས་གཙོ་བོའི་དབང་རྣམས་ཀྱི། །ཐུགས་དང་ཆོས་ལས་འཁྲུངས་གྱུར་པ། །སྲས་དང་སློབ་མའི་ཚོགས་རྣམས་ཀྱི། །བཀྲ་ཤིས་ཁྱེད་ལ་སྦྱིན་གྱུར་ཅིག །ཆོས་སྐྱོང་ཆོས་ཀྱི་གཟི་ཡིས་ལྷམ། །ཆོས་མིན་རྣམ་པར་སུན་འབྱིན་པ། །རྡོ་རྗེ་ཆོས་སྐྱོང་ཐམས་ཅད་ཀྱི། །བཀྲ་ཤིས་ཁྱེད་ལ་སྦྱིན་གྱུར་ཅིག །གྲུབ་པ་རིག་འཛིན་ལྷ་ཡི་རྗེ། །ཀླུ་དབང་ལྷ་མིན་དབང་པོ་སོགས། །འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱི། །བཀྲ་ཤིས་ཁྱེད་ལ་སྦྱིན་གྱུར་ཅིག །ནོར་བུ་བུམ་བཟང་དཔག་བསམ་ཤིང༌། །འདོད་འཇོའི་བ་དང་གྲུབ་པའི་བཅུད། །སྨན་དང་སྔགས་སོགས་ཐམས་ཅད་ཀྱི། །བཀྲ་ཤིས་ཁྱེད་ལ་སྦྱིན་གྱུར་ཅིག །ཤིང་ཕོ་ཁྱི་ཞེས་བྱ་བ་ཡི། །ལོ་གསར་ཤར་བ་ནས་བརྩམས་ནས། །དུས་རྣམས་ཀུན་ཏུ་ཤིས་བྱའི་ཕྱིར། །བཀྲ་ཤིས་དགེ་སློང་འཕགས་པས་སྤེལ། །ཕྱོགས་དང་དུས་ཐམས་ཅད་དུ་བཀྲ་ཤིས་པར་གྱུར་ཅིག།  །།ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བླ་ན་མེད་པའི་བླ་མ་དང༌། །ཕྱག་བགྱིར་འོས་ལ་ཕྱག་འཚལ་ནས། །ཤིས་པ་ཀུན་གྱིས་ཤིས་བྱ་བ། །ཁྱོད་ནི་ཤིས་པས་ཤིས་པར་བགྱི། །རིག་སྟོང་ཟུང་འཇུག་ལས་བྱུང་ཞིང༌། །ཐབས་དང་ཤེས་རབ་མཐར་ཕྱིན་པས། །སྐུ་གཉིས་ཟུང་འཇུག་བརྙེས་པ་པོ། །སངས་རྒྱས་བཀྲ་ཤིས་དེང་འདིར་ཤོག །ཡེ་ཤེས་རྒྱ་མཚོ་ལས་བྱུང་བའི། །ལུང་གི་ལམ་གྱི་དཔལ་བསྐྱེད་ནས། །འགོག་པའི་བདེན་པས་ཉེར་ཞི་བ། །ཆོས་ཀྱི་བཀྲ་ཤིས་དེང་འདིར་ཤོག །བདག་དང་སེམས་ཅན་ཀུན་གྱི་སེམས། །ཉེ་བར་ཞི་བར་ཉེར་གཟིགས་ནས། །ཕྱིར་མི་ལྡོག་པའི་དཔལ་བརྙེས་པ། །དགེ་འདུན་བཀྲ་ཤིས་དེང་འདིར་ཤོག །ཆོས་ཁམས་རབ་ཏུ་ཞི་བ་ལས་བྱུང་ཞིང༌། །ཉེ་བར་ཞི་བས་ཞི་བའི་ལམ་བསྟན་པ། །ཞི་བ་རྒྱ་མཚོའི་འཁོར་གྱི་དཀྱིལ་འཁོར་ཅན། །རིན་ཆེན་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །སེམས་ཉིད་གདོད་ནས་འོད་གསལ་བ། །དྲི་མ་ཀུན་གྱིས་མ་རྙོགས་ཤིང༌། །ཐོག་མཐའ་མེད་ཅིང་གཡུང་དྲུང་བ། །ཁམས་ཀྱི་བཀྲ་ཤིས་དེང་འདིར་ཤོག །གདོད་ནས་ཉེ་བར་ཞི་བའི་དབྱིངས། །གློ་བུར་རྟོག་ལས་རྣམ་གྲོལ་ཞིང༌། །ཡོན་ཏན་རྒྱ་མཚོའི་རྟེན་གྱུར་པ། །བྱང་ཆུབ་བཀྲ་ཤིས་དེང་འདིར་ཤོག །སྲིད་པའི་ལམ་གྱིས་ཡོངས་བསྒྱུར་བས། །བྲལ་དང་རྣམ་པར་སྨིན་པ་ཡིས། །རང་དང་གཞན་གྱི་དོན་བརྙེས་པ། །ཡོན་ཏན་བཀྲ་ཤིས་དེང་འདིར་ཤོག །རྣམ་པར་མི་རྟོག་ལྷུན་གྱི་གྲུབ། །ཡུལ་དུས་རྣམ་པ་མཐའ་ཡས་པའི། །མཛད་པས་གདུལ་བྱའི་དོན་བསྒྲུབ་པ། །ཕྲིན་ལས་བཀྲ་ཤིས་དེང་འདིར་ཤོག །དྲི་བཅས་དེ་བཞིན་ཉིད་དང་དྲི་མ་མེད། །དྲི་མེད་སངས་རྒྱས་ཡོན་ཏན་རྒྱལ་བའི་མཛོད། །གང་ལ་དཀོན་མཆོག་དགེ་བ་གསུམ་འབྱུང་བ། །དོན་དམ་གཟིགས་པའི་ཡུལ་གྱི་བཀྲ་ཤིས་ཤོག །དེ་ལྟར་རིགས་དང་རིགས་ལས་བྱུང་བ་ཡི། །དཀོན་མཆོག་འཁོར་ལོའི་བཀྲ་ཤིས་རབ་བརྗོད་པས། །རྒྱལ་པོ་སྲས་དང་སྲིད་འབངས་བཅས་པ་ཀུན། །བཀྲ་ཤིས་ཕུན་སུམ་ཚོགས་ཤིང་ཞབས་བརྟན་ཤོག །ཤིང་མོ་ཕག་གི་ལོ་གསར་པ་ཤར་བ་ནས་བརྩམས་ནས་ཕྱོགས་དང་དུས་ཐམས་ཅད་བཀྲ་ཤིས་པར་བྱ་བའི་ཕྱིར། དཀོན་མཆོག་འཁོར་ལོའི་བཀྲ་ཤིས་རྣམ་པར་སྤེལ་བ་ཞེས་བྱ་བ་འདི། འབལ་གྱི་སའི་ཆར་དགེ་སློང་འཕགས་པས་སྤེལ་ནས་བསྐུར་བའོ།།  །།བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྣམ་པར་སྤེལ་བ་ཞེས་བྱ་བ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དངོས་གྲུབ་འབྱུང་གནས་དཔལ་ལྡན་བླ་མ་དང༌། །སྐྱོབ་མཆོག་དཀོན་མཆོག་གསུམ་ལ་ཕྱག་འཚལ་ནས། །རྒྱལ་པོ་སྲས་དང་སྲིད་སྡེར་བཅས་པ་ཀུན། །བདེ་ལེགས་བྱ་ཕྱིར་ཤིས་པ་འདི་བརྗོད་དོ། །བླ་མར་འོས་པ་གང་ཞིག་བླ་མ་དང༌། །མཆོད་འོས་བརྗོད་འོས་ཉིད་དུ་བཀུར་བགྱིས་པས། །དེ་ཡང་དེ་འདྲ་ཉིད་དུ་དེས་མཛད་པ། །བླ་མ་དམ་པའི་བཀྲ་ཤིས་དེང་འདིར་ཤོག །གང་གི་སྐུ་ནི་དཔལ་གྱིས་འབར་བ་སྟེ། །དེ་ཡི་གསུང་ཡང་བདེན་པའི་དཔལ་གྱིས་བརྗིད། །ཐུགས་ནི་མཁྱེན་བརྩེའི་དཔལ་གྱིས་ཕུན་ཚོགས་པ། །སངས་རྒྱས་དཔལ་གྱི་བཀྲ་ཤིས་དེང་འདིར་ཤོག །ཡི་གེ་ངག་ཚིག་རྣམ་པར་དག་པ་ཡིས། །མཚོན་དུ་མེད་པའི་དོན་ཡང་མཚོན་བྱེད་ན། །མཚོན་བྱ་ཀུན་ཏུ་མཚོན་པ་ཅི་སྨོས་པའི། །དམ་པའི་ཆོས་ཀྱི་བཀྲ་ཤིས་དེང་འདིར་ཤོག །རེ་རེས་ཀྱང་ནི་ལྷར་བཅས་ཟིལ་གནོན་ན། །འཚོགས་པའི་གཟི་ཡིས་སྨོས་ཀྱང་ཅི་འཚལ་བ། །ཉེ་བར་ཞི་བ་འདུས་པ་རྒྱ་མཚོའི་སྤྲིན། །ཚོགས་ཀྱི་དམ་པའི་བཀྲ་ཤིས་དེང་འདིར་ཤོག །རྡོ་རྗེ་ཆོས་སྐྱོང་རྡོ་རྗེའི་ངང་ཚུལ་ཅན། །གཅིག་པུ་སྲ་མཁྲེགས་རང་འདྲའི་སྡེ་དང་བཅས། །རྒྱལ་བ་མཆོད་ཅིང་རྒྱལ་སྲས་ལེགས་སྐྱོང་བ། །ཆོས་སྐྱོང་རྣམས་ཀྱི་བཀྲ་ཤིས་དེང་འདིར་ཤོག །ལྷ་དང་ལྷ་དབང་གྲུབ་པའི་རིག་འཛིན་དང༌། །ཀླུ་དང་ཀླུ་དབང་ལྷ་མིན་མིའམ་ཅི། །གནོད་སྦྱིན་འདབ་བཟངས་ཚོགས་རྗེ་ཚོགས་བདག་སོགས། །འཇིག་རྟེན་སྐྱོང་བའི་བཀྲ་ཤིས་དེང་འདིར་ཤོག །གང་ན་འཇིགས་མེད་སེང་གེའི་སྒྲ་སྒྲོགས་དང༌། །གང་དུ་མཐུ་ཆེན་གླང་པོའི་སྟོབས་འཆང་བ། །དེ་དག་ཀུན་གྱིས་གྲོལ་བའི་དྲེགས་བཅོམ་ནས། །དབང་ཕྱུག་དམ་པའི་དབང་ཕྱུག་སྐྱོང་གྱུར་ཅིག །འདི་ལྟར་མེ་ཕོ་བྱི་བའི་ལོ་གསར་པ་ཤར་བ་ནས་བརྩམས་ནས། དུས་ཐམས་ཅད་དུ་རྒྱལ་པོ་ཡབ་སྲས་བརྒྱུད་པ་དང་བཅས་ཤིང༌། སྲིད་འབངས་དང་བཅས་པ་བཀྲ་ཤིས་པར་བྱ་བའི་ཕྱིར། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་འདི། ཤིང་མོ་ཕག་གི་ལོ་སྨལ་པོའི་ཟླ་བའི་ཚེས་བཅུ་བཞིའི་ཉིན་པར་ཙོམ་མདོའི་གཙུག་ལག་ཁང་དུ་སྤེལ་ནས་བསྐུར་བའོ།།  །།ཨོཾ་སྭ་སྟི་སིདྡྷཾ། དོན་ཐམས་ཅད་གྲུབ་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཞེས་བྱ་བ། བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ། །དོན་གྲུབ་བསམ་པ་གྲུབ་པ་པོ། །ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །བླ་མའི་ཞབས་ལ་ཕྱག་འཚལ་ནས། །དོན་གྲུབ་ཤིས་པ་བརྗོད་པར་བྱ། །རྡོ་རྗེ་སློབ་དཔོན་ཡོན་ཏན་མཚོ། །དཔལ་ཀུན་གྱི་ནི་འབྱུང་གནས་ཏེ། །དོན་ཀུན་གྲུབ་པར་མཛད་པ་པོ། །བླ་མའི་བཀྲ་ཤིས་དེང་འདིར་ཤོག །ཚོགས་གཉིས་ཚོགས་ནི་རབ་བསགས་པས། །རང་གི་དོན་ཀུན་གྲུབ་གྱུར་ནས། །གཞན་གྱི་དོན་ཡང་འགྲུབ་མཛད་པ། །སངས་རྒྱས་བཀྲ་ཤིས་དེང་འདིར་ཤོག །རྒྱལ་བ་དོན་ཀུན་གྲུབ་པ་ཡི། །ཡེ་ཤེས་རྒྱ་མཚོ་ལས་བྱུང་ཞིང༌། །གང་གིས་བསྙེན་པའི་དོན་གྲུབ་པའི། །རིན་ཆེན་ཆོས་ཀྱི་བཀྲ་ཤིས་ཤོག །དོན་ཀུན་གྲུབ་པའི་རྗེས་ཞུགས་ནས། །གཞན་གྱི་དོན་ལ་ཉེར་གཞོལ་བས། །གཉིས་ཀའི་དོན་ཀུན་ལེགས་བསྒྲུབས་པ། །དགེ་འདུན་བཀྲ་ཤིས་དེང་འདིར་ཤོག །ཐུབ་པ་དོན་ཀུན་ལེགས་གྲུབ་པའི། །གསུང་གིས་མ་ལུས་ཆོས་ཀྱི་དོན། །སྒྲུབ་པར་བསྒོས་བཞིན་ལེགས་བསྒྲུབ་པའི། །ཆོས་སྐྱོང་རྣམས་ཀྱི་བཀྲ་ཤིས་ཤོག །བསོད་ནམས་དཔལ་གྱི་གཟིས་བསྐྲུན་པས། །རང་གི་མངོན་མཐོའི་དོན་གྲུབ་ནས། །གཞན་དག་ལ་ཡང་དཔལ་སྩོལ་བ། །འཇིག་རྟེན་སྐྱོང་བའི་བཀྲ་ཤིས་ཤོག །མ་གྲུབ་པ་རྣམས་འགྲུབ་བྱེད་ཅིང༌། །གྲུབ་པ་རྣམས་ཀྱི་དཔལ་སྐྱེད་པ། །གྲུབ་པ་རྣམས་དང་རིག་འཛིན་གྱི། །བཀྲ་ཤིས་དམ་པ་དེང་འདིར་ཤོག །གང་གི་མཐུ་ཡིས་དེ་སྟོན་པའི། །དོན་ཀུན་ཡིད་བཞིན་འགྲུབ་བྱེད་པ། །ནོར་བུ་དཔག་བསམ་ཤིང་སོགས་ཀྱི། །བཀྲ་ཤིས་དམ་པ་དེང་འདིར་ཤོག །དེ་ལྟར་མ་ལུས་དོན་ཀུན་འགྲུབ་བྱེད་པའི། །བཀྲ་ཤིས་རྨད་དུ་བྱུང་བ་ལེགས་བརྗོད་པས། །དབང་ཕྱུག་ཕུན་སུམ་ཚོགས་པ་ལྷ་ཁྱོད་ཀྱི། །བཞེད་དོན་ཐམས་ཅད་ཆོས་བཞིན་འགྲུབ་གྱུར་ཅིག །ཁྱོད་ཀྱི་སྲས་སོགས་ཁྱོད་ཀྱི་རིག་འཛིན་དང༌། །བཙུན་མོ་དམ་པ་རྣམས་དང་དེ་བཞིན་དུ། །བློན་པོ་མཆོག་སོགས་ཁྱོད་ཀྱི་རྩ་ལག་ཀུན། །མཆོག་ཏུ་ཚེ་རིང་བ་དང་དཔལ་རྒྱས་ཤོག །འགྲོ་བ་འདི་དག་ཟང་ཟིང་དཔལ་གྱིས་འབྱོར། །ཆོས་ཀྱི་དཔལ་གྱིས་ལྷག་པར་ཡིད་ཞི་ཞིང༌། །སྣོད་ཀྱང་སྨན་དང་འབྲུ་དང་རིན་ཆེན་སོགས། །འཇིག་རྟེན་ཉེར་འཚོ་བྱེད་པས་གང་བར་ཤོག །མེ་མོ་གླང་གི་ལོ་གསར་པ་ཤར་བ་ནས་བརྩམས་ནས་ཀྱང༌། །རྒྱལ་པོ་ཆེན་པོ་སྲས་དང༌། བཙུན་མོ་དང༌། སྲིད་འབངས་དང་བཅས་པ་ཐམས་ཅད་བཀྲ་ཤིས་པར་བྱ་བའི་ཕྱིར། དོན་ཐམས་ཅད་གྲུབ་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཞེས་བྱ་བ་འདི། མེ་ཕོ་བྱི་བའི་ལོ་རྒྱལ་གྱི་ཟླ་བའི་ཉི་ཤུ་ལྔ་ལ། དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་འཕགས་པས་སྦྱར་ནས་བསྐུར་བའོ།།  །།ཨོཾ་སྭ་སྟི་སིདྡྷཾ། བཀྲ་ཤིས་རྣམ་པར་སྤེལ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་ལ་བཀྲ་ཤིས་ཕུན་ཚོགས་ཤིང༌། །དེ་ལས་བཀྲ་ཤིས་ཀུན་འབྱུང་བ། །བཀྲ་ཤིས་ཕུལ་བྱུང་རྒྱལ་བ་ལ། །བཏུད་ནས་བཀྲ་ཤིས་འདི་བརྗོད་དོ། །འདོད་དགུའི་དཔལ་ཀུན་འབྱུང་ཕྱིར་དང༌། །སྒྲུབ་པོའི་གཙུག་གི་རྒྱན་གྱུར་ཅིང༌། །བླ་མ་རིན་ཆེན་ལྟ་བུ་སྟེ། །དེ་ཡི་བཀྲ་ཤིས་དེང་འདིར་ཤོག །སྟོབས་སོགས་སངས་རྒྱས་ཆོས་རྣམས་ཀུན། །འབྱུང་ཕྱིར་སངས་རྒྱས་རིན་ཆེན་ནི། །རིན་ཆེན་འབྱུང་གནས་ལྟ་བུ་སྟེ། །དེ་ཡི་བཀྲ་ཤིས་དེང་འདིར་ཤོག །ཉོན་མོངས་གདུང་བ་སེལ་ཕྱིར་དང༌། །དགེ་བའི་ལོ་ཏོག་རྒྱུ་མཚན་ཕྱིར། །ཆོས་ནི་སྤྲིན་ཆེན་ལྟ་བུ་སྟེ། །དེ་ཡི་བཀྲ་ཤིས་དེང་འདིར་ཤོག །དཔག་ཡས་འབྱུང་བའི་ཉེར་འཚོ་དང༌། །འདུས་པ་ཟབ་ཅིང་རྒྱ་ཆེའི་ཕྱིར། །དགེ་འདུན་འདུས་པ་ལྟ་བུ་སྟེ། །དེ་ཡི་བཀྲ་ཤིས་དེང་འདིར་ཤོག །དེ་ལྟར་སྐྱབས་ཀྱི་མཆོག་གྱུར་དཀོན་མཆོག་གིས། །མི་དབང་ཁྱོད་ནི་ཉེ་བར་བསྐྱབས་པ་ཡིས། །རྟག་ཏུ་ཉམ་ངའི་གནས་རྣམས་ཀུན་ལས་ཁྱོད། །ཀུན་ཏུ་བསྙེངས་བྲལ་ལྷམ་མེར་བཞུགས་གྱུར་ཅིག །དེ་དག་གིས་ནི་མི་མཐུན་ཕྱོགས་རྣམས་ཀུན། །རྣམ་པར་བཅོམ་ནས་སྐུ་ཚེའི་དཔལ་བརྙེས་ཏེ། །ནོངས་མི་མངའ་བར་འཇིག་རྟེན་ཐམས་ཅད་ཀྱི། །ཉེར་འཚོ་ཉིད་དུ་རྟག་ཏུ་བཞུགས་གྱུར་ཅིག །སྐྱོབ་པའི་དཔལ་གྱིས་ཉིད་ཀྱི་དཔལ་འཕེལ་ནས། །བདག་དང་གཞན་གྱི་དཔལ་མིན་རྣམས་བསལ་ཏེ། །ཆོས་ཀྱི་དཔལ་དང་འཇིག་རྟེན་དཔལ་འབྱུང་བས། །རྟག་ཏུ་འགྲོ་བའི་དཔལ་དུ་བཞུགས་གྱུར་ཅིག །དཔལ་འབྱོར་གང་འདྲས་བདག་དཔལ་འདི་འདྲ་ཞེས། །ག་ཞ་དང་ནི་གླུ་དབྱངས་སྒྲོགས་པ་ཡི། །སྒྲ་ཡིས་གཞན་དོན་དགྱེས་པའི་ངང་ཚུལ་ཅན། །རྒྱལ་སྲས་རྣམས་ཀྱི་སྙན་གྱི་དཔལ་གྱུར་ཅིག །དེ་ལྟར་དཔལ་གྱིས་དཔལ་དུ་བྱེད་པ་ཡིས། །བཀྲ་ཤིས་འདི་ཡིས་དཔལ་དུ་འོས་པ་ཁྱོད། །དཔལ་དུ་བྱ་ཕྱིར་བློ་གྲོས་རྒྱལ་མཚན་དཔལ། །བཟང་པོས་བསྡེབས་ནས་ལྷ་ཡི་ཕྱག་ཏུ་ཕུལ། །ས་ཕོ་སྟག་གི་ལོ་གསར་པ་ཤར་ནས་བསྐུར་བའོ།།  །།ཕྱོགས་དང་དུས་ཐམས་ཅད་དུ་བདེ་ལེགས་སུ་བྱེད་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་མངོན་པར་མཐོ་བ་དང༌། །རྣམ་པར་གྲོལ་བའི་དཔལ་འབྱོར་མ་ལུས་པ། །བདེ་བླག་སྩོལ་མཛད་བླ་མ་ལ་བཏུད་དེ། །རྒྱལ་པོ་ཁྱོད་ལ་ཤིས་པ་འདི་བརྗོད་དོ། །མི་མཇེད་འཇིག་རྟེན་ཁམས་ཀྱི་རྣམ་འདྲེན་མཆོག །ཤཱཀྱ་ཐུབ་པ་དཔལ་གྱིས་ལྷམ་མེ་བ། །སྲས་དང་སློབ་མར་བཅས་པ་ཐམས་ཅད་ཀྱི། །བཀྲ་ཤིས་དམ་པས་རྟག་ཏུ་བཀྲ་ཤིས་ཤོག །ཤར་ཕྱོགས་རིན་ཆེན་ཡོད་པའི་འཇིག་རྟེན་གྱི། །རྣམ་པར་འདྲེན་པ་རིན་ཆེན་འབྱུང་གནས་ནི། །སྲས་དང་སློབ་མར་བཅས་པ་ཐམས་ཅད་ཀྱི། །བཀྲ་ཤིས་དམ་པས་རྟག་ཏུ་བཀྲ་ཤིས་ཤོག །ལྷོ་ཕྱོགས་མྱ་ངན་མེད་པའི་འཇིག་རྟེན་གྱི། །རྣམ་པར་འདྲེན་པ་མྱ་ངན་མེད་པའི་དཔལ། །སྲས་དང་སློབ་མར་བཅས་པ་ཐམས་ཅད་ཀྱི། །བཀྲ་ཤིས་དམ་པས་རྟག་ཏུ་བཀྲ་ཤིས་ཤོག །ནུབ་ཕྱོགས་ཉེ་བར་ཞི་བའི་འཇིག་རྟེན་གྱི། །རྣམ་པར་འདྲེན་པ་རིན་ཆེན་འོད་འཕྲོ་ནི། །སྲས་དང་སློབ་མར་བཅས་པ་ཐམས་ཅད་ཀྱི། །བཀྲ་ཤིས་དམ་པས་རྟག་ཏུ་བཀྲ་ཤིས་ཤོག །བྱང་ཕྱོགས་རྣམ་པར་རྒྱལ་བའི་འཇིག་རྟེན་གྱི། །རྣམ་པར་འདྲེན་པ་རྒྱལ་བའི་དབང་པོ་ནི། །སྲས་དང་སློབ་མར་བཅས་པ་ཐམས་ཅད་ཀྱི། །བཀྲ་ཤིས་དམ་པས་རྟག་ཏུ་བཀྲ་ཤིས་ཤོག །བྱང་ཤར་ཏིང་འཛིན་གྱིས་བརྒྱན་འཇིག་རྟེན་གྱི། །རྣམ་འདྲེན་ཏིང་འཛིན་གླང་པོ་དམ་པའི་དཔལ། །སྲས་དང་སློབ་མར་བཅས་པ་ཐམས་ཅད་ཀྱི། །བཀྲ་ཤིས་དམ་པས་རྟག་ཏུ་བཀྲ་ཤིས་ཤོག །ཤར་ལྷོ་སྙིང་པོ་བྱང་ཆུབ་རྒྱན་ཞེས་པའི། །རྣམ་པར་འདྲེན་པ་པདྨོ་དམ་པའི་དཔལ། །སྲས་དང་སློབ་མར་བཅས་པ་ཐམས་ཅད་ཀྱི། །བཀྲ་ཤིས་དམ་པས་རྟག་ཏུ་བཀྲ་ཤིས་ཤོག །ལྷོ་ནུབ་རྡུལ་དང་བྲལ་བའི་འཇིག་རྟེན་གྱི། །རྣམ་འདྲེན་ཉི་མ་སྣང་བ་དམ་པའི་དཔལ། །སྲས་དང་སློབ་མར་བཅས་པ་ཐམས་ཅད་ཀྱི། །བཀྲ་ཤིས་དམ་པས་རྟག་ཏུ་བཀྲ་ཤིས་ཤོག །ནུབ་བྱང་དབང་དུ་གྱུར་པའི་འཇིག་རྟེན་གྱི། །རྣམ་པར་འདྲེན་པ་གདུགས་མཆོག་ཅེས་བྱ་བ། །སྲས་དང་སློབ་མར་བཅས་པ་ཐམས་ཅད་ཀྱི། །བཀྲ་ཤིས་དམ་པས་རྟག་ཏུ་བཀྲ་ཤིས་ཤོག །འོག་ཕྱོགས་པདྨ་ཅན་གྱི་འཇིག་རྟེན་གྱི། །རྣམ་པར་འདྲེན་པ་སངས་རྒྱས་པདྨོའི་དཔལ། །སྲས་དང་སློབ་མར་བཅས་པ་ཐམས་ཅད་ཀྱི། །བཀྲ་ཤིས་དམ་པས་རྟག་ཏུ་བཀྲ་ཤིས་ཤོག །སྟེང་ཕྱོགས་མདངས་དགའ་ཞེས་བྱའི་འཇིག་རྟེན་གྱི། །རྣམ་པར་འདྲེན་པ་སངས་རྒྱས་དགའ་བའི་དཔལ། །སྲས་དང་སློབ་མར་བཅས་པ་ཐམས་ཅད་ཀྱི། །བཀྲ་ཤིས་དམ་པས་རྟག་ཏུ་བཀྲ་ཤིས་ཤོག །གཞན་ཡང་འདས་པའི་སངས་རྒྱས་གང་བྱོན་དང༌། །ད་ལྟར་བཞུགས་པའི་རྒྱལ་བ་ཐམས་ཅད་དང༌། །སླད་ནས་འབྱོན་འགྱུར་ཐུབ་དབང་ཐམས་ཅད་ཀྱི། །བཀྲ་ཤིས་དམ་པས་རྟག་ཏུ་བཀྲ་ཤིས་ཤོག །དེ་ལྟར་དུས་གསུམ་ཕྱོགས་བཅུའི་སངས་རྒྱས་ཀྱི། །བཀྲ་ཤིས་བརྗོད་པས་རྒྱལ་དབང་དམ་པ་ནི། །སྲས་དང་དེ་དག་བཙུན་མོ་བརྒྱུད་པ་དང༌། །རྒྱལ་སྲིད་བཅས་པ་རྟག་ཏུ་བཀྲ་ཤིས་ཤོག །མི་མཐུན་ཕྱོགས་རྣམས་རང་གི་ངང་གིས་ཞི། །ཆོས་དང་ཟང་ཟིང་དཔལ་འབྱོར་ཕུན་སུམ་ཚོགས། །སྣོད་རྣམས་ཐམས་ཅད་བདུད་རྩིའི་བཅུད་དང་ལྡན། །ལྷ་རྣམས་ཀུན་གྱིས་རྟག་ཏུ་སྐྱོང་གྱུར་ཅིག །དེ་ལྟར་ས་མོ་ཡོས་ཀྱི་ལོ་གསར་པ་ཤར་ནས་ཀྱང་དུས་རྟག་ཏུ་བདེ་ལེགས་སུ་བྱ་བའི་ཕྱིར། རྒྱལ་པོ་ཆེན་པོའི་སྤྱན་སྔར་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་འདི་འཕགས་པ་ཞེས་བྱ་བས་ས་ཕོ་སྟག་གི་ལོ། སྨིན་དྲུག་གི་ཟླ་བའི་ཚེས་བདུན་ལ་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྤེལ་ནས་བསྐུར་བའོ།།  །། ༄༅། །བཀྲ་ཤིས་སུ་བྱ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཐུབ་དང་ཆོས་ཀྱི་རྒྱལ་པོ་འཇིག་རྟེན་མཁྱེན། །ཐུགས་རྗེ་ཆེན་པོས་འཇིག་རྟེན་ཕན་དགོངས་པ། །འཇིག་རྟེན་རྣམ་འདྲེན་ཕྱོགས་བཅུར་བཞུགས་པ་ཡི། །སངས་རྒྱས་རྣམས་ཀྱི་བཀྲ་ཤིས་དེང་འདིར་ཤོག །རྒྱལ་བ་རྒྱ་མཚོས་མངོན་པར་ཆུབ་གྱུར་ཅིང༌། །བརྩེ་བ་རྒྱ་མཚོས་ཀུན་ནས་དག་མཛད་པས། །སྐྱེ་དགུ་རྒྱ་མཚོའི་ཚོགས་ལ་རབ་བསྟན་པ། །དམ་ཆོས་རྒྱ་མཚོའི་བཀྲ་ཤིས་དེང་འདིར་ཤོག །གང་སྔོན་བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །རྒྱ་ཆེན་བསྐྱེད་པ་བྱམས་པས་རབ་བསྐྲུན་པས། །བྱམས་པའི་དཀྱིལ་འཁོར་རྒྱ་ཆེ་རབ་རྒྱས་པ། །མི་ཕམ་བྱམས་པའི་བཀྲ་ཤིས་དེང་འདིར་ཤོག །སྐྱེ་དགུ་འཇིགས་ལས་སྐྱོབ་དང་ཡོན་ཏན་གྱི། །རྟེན་གྱུར་ས་རྣམས་ཀུན་ལ་རབ་བརྟེན་པས། །གཉིས་མེད་ཡེ་ཤེས་སྙིང་པོའི་དཔལ་མངའ་བ། །ས་ཡི་སྙིང་པོའི་བཀྲ་ཤིས་དེང་འདིར་ཤོག །གང་ལ་གང་གིས་བསྒྲིབས་པའི་སྒྲིབ་པ་ཀུན། །ནམ་མཁའ་ཉིད་བཞིན་གཟིགས་པ་ཉིད་ཀྱིས་སྒྲིབ། །རྣམ་པར་བསལ་ནས་གཞན་སྒྲིབ་སེལ་མཛད་པ། །སྒྲིབ་པ་རྣམ་སེལ་བཀྲ་ཤིས་དེང་འདིར་ཤོག །ཉིད་ཐུགས་ཀུན་ཏུ་བཟང་པོའི་ངང་གྱུར་པ། །ཆོས་ཀུན་ཀུན་ནས་བཟང་པོར་གཟིགས་གྱུར་ཏེ། །འགྲོ་ཀུན་ཀུན་ཏུ་བཟང་པོར་སྒྲུབ་མཛད་པ། །ཀུན་ཏུ་བཟང་པོའི་བཀྲ་ཤིས་དེང་འདིར་ཤོག །གང་ཐུགས་གཉིས་མེད་ཡེ་ཤེས་རྡོ་རྗེའི་མཐུས། །བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རབ་བཅོམ་ནས། །རྒྱལ་བ་སྲས་བཅས་བསྲུང་བའི་ཕྱིར་བརྩོན་པ། །ཕྱག་ན་རྡོ་རྗེའི་བཀྲ་ཤིས་དེང་འདིར་ཤོག །འགྲོ་ཀུན་ཐུགས་རྗེ་གོམས་པས་ཐུགས་རྗེ་ཡི། །ངང་དུ་གྱུར་པས་སེམས་ཅན་ཀུན་སྐྱོབ་ཅིང༌། །དེ་མཚན་ཐོས་པས་བདེ་བའི་དཔལ་རྒྱས་པ། །སྤྱན་རས་གཟིགས་ཀྱི་བཀྲ་ཤིས་དེང་འདིར་ཤོག །ཆོས་ཀུན་ནམ་མཁའི་རང་བཞིན་མཁྱེན་གྱུར་པས། །ནམ་མཁའ་ཇི་བཞིན་ཉིད་ཐུགས་རྣམ་དག་ནས། །ཆོས་རྣམས་ཀུན་གྱི་སྙིང་པོར་གང་གྱུར་པ། །ནམ་མཁའི་སྙིང་པོའི་བཀྲ་ཤིས་དེང་འདིར་ཤོག །རྒྱལ་བ་རྒྱ་མཚོའི་མཁྱེན་རབ་གཅིག་བསྡུས་པ། །རྒྱལ་སྲས་རྒྱ་མཚོའི་གཙོ་བོར་འཕྲུལ་མཛད་ནས། །ཤེས་རབ་དམ་པའི་གོ་འཕང་སྩོལ་མཛད་པ། །འཇམ་པའི་དཔལ་གྱི་བཀྲ་ཤིས་དེང་འདིར་ཤོག །གཞན་ཡང་རྒྱལ་སྲས་རྒྱ་མཚོའི་ཚོགས་རྣམས་དང༌། །སློབ་དང་མི་སློབ་འཕགས་པའི་ཚོགས་རྣམས་དང༌། །ཆོས་སྐྱོང་འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱི། །བཀྲ་ཤིས་དམ་པས་བཀྲ་ཤིས་དེང་འདིར་ཤོག །དེ་ལྟར་བཀྲ་ཤིས་ངོ་མཚར་དཔལ་གྱི་ཕུལ། །ཉེ་བར་བཀོད་ནས་ས་བདག་སྲས་བཅས་ལ། །ཕུལ་བས་བསྟན་པའི་རྩ་ལག་དམ་པ་ཁྱེད། །ལྷུན་པོ་ཇི་བཞིན་རྟག་ཏུ་ཞབས་བརྟན་ཤོག །ལྕགས་ཕོ་འབྲུག་གི་ལོ་གསར་པ་ཤར་བ་ནས་བཟུང་སྟེ། རྒྱལ་པོ་ཆེན་པོ་ཡབ་སྲས་རྒྱལ་སྲིད་དང་བཅས་པ་བདེ་ལེགས་སུ་བྱ་བའི་ཕྱིར། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་འདི་ས་མོ་ཡོས་བུའི་ལོ། ཟླ་བ་བཅུ་གཅིག་པའི་ཚེས་བཅོ་ལྔ་ལ། འཕགས་པ་ཞེས་བྱ་བས་དཔལ་ས་སྐྱར་སྦྱར་ནས་ཕུལ་བའོ།།  །།དཔལ་ལྡན་ཁྱེད་སྐུ་ལྷུན་པོ་ལྟར་བརྟན་ཞིང༌། །ཕྲིན་ལས་ཉི་མའི་འོད་ལྟར་ཕྱོགས་ཀུན་ཁྱབ། །དཔག་བསམ་ཤིང་ལྟར་གཞན་ཡིད་རྫོགས་པར་བྱེད། །གསུམ་པོ་དེ་ཡིས་རྒྱལ་སྲས་རྒྱལ་གྱུར་ཅིག །ཤིན་ཏུ་བཀྲ་ཤིས་སོ།།  །།ཨོཾ་ཡེ་དྷརྨ་ཧེ་ཏ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱིཉ་ཏ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱ་ཧཱ། ཨོཾ་སརྦ་བིདྱཱ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*