གུར་མགོན་ལྕམ་བྲལ་གྱི་རྗེས་གནང༌།

༼བ༽

༄༅། །གུར་མགོན་ལྕམ་དྲལ་གྱི་རྗེས་གནང་བཞུགས་སོ།།

༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཐོག་མ་ཁོ་ནར་མཁའ་འགྲོ་དང་ཆོས་སྐྱོང་མཉེས་པར་བྱས་ནས་སློབ་མས་མཎྜལ་ཕུལ་ལ། གང་གི་དྲིན་གྱིས་དང༌། སངས་རྒྱས་ཀུན་གྱི་རང་བཞིན་སྐུ་ལ་སོགས་པའི་མཐར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྱུར་པ། བླ་མ་དམ་པས་བདག་ལ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་གྱིས་བརླབས་ཤིང༌། རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་ལན་གསུམ་གསོལ་བ་འདེབས་སུ་གཞུག དེ་ནས་གཉིས་ཀས་བླ་མ་ཧེ་རུ་ཀར་དམིགས་ལ། དེའི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ་ནས། དེའི་ཐུགས་ཀ་ནས་དེ་ཉིད་འདྲ་བའི་སྐུ་དཔག་ཏུ་མེད་པ་སྤྲོས་ནས་སློབ་མའི་ལུས་ལ་ཐིམ་པས། སློབ་མའང་དེ་ཉིད་ཀྱི་སྐུར་གྱུར་ཅིང་ལུས་དང་གྲིབ་མའི་ཚུལ་གྱིས་གཡོན་ལོགས་སུ་ལྷ་མོ་བསྐྱེད་ནས། དེ་ལ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་རྣམ་པ་དཔག་ཏུ་མེད་པ་ཐིམ་པར་གཉིས་ཀར་གྱིས་བསམ་ཞིང༌། རྩ་སྔགས་དྲག་ཏུ་བརྗོད་པ་དང་རོལ་མོའི་སྒྲ་བྱའོ། །དེ་ནས་སློབ་དཔོན་གྱི་ཐུགས་ཀ་ནས་སྤྲུལ་པའི་འོད་ཀྱིས་མདུན་བསྐྱེད་ཀྱི་ཐུགས་ཀའི་ས་བོན་ལ་ཐིམ་ཞིང༌། དེའི་ཐ་མའི་སྔགས་ཀྱི་ཕྲེང་བ་ཕྱིར་འཕྲོས་པས་སློབ་མའི་ཐུགས་ཀར་ཞུགས་ནས། སྙིང་གའི་ཧཱུྃ་གི་མཐའ་མར་འཁོད་པར་བསམ་ཞིང༌། རོལ་མོ་དང་བཅས་པའི་དྲག་སྔགས་བརྗོད། སྔགས་ཀྱི་རྗེས་སུ་བཟླས་པ་ལན་གསུམ་བྱེད་དུ་གཞུག སློབ་མས། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ་བྱེད་དུ་གཞུག སློབ་དཔོན་གྱིས། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ་བརྗོད། དེ་ནས་སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་ཀྱི་ཐུགས་ཀའི་ས་བོན་ལ་ཐིམ་ཞིང༌། དེའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ས་བོན་གྱི་རྣམ་པར་གྱུར་པ་སྤྲོས་ནས། སློབ་མའི་ཁར་ཞུགས་ཏེ་སྙིང་གར་ཐིམ་པས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཕྱག་མཚན་དང་ས་བོན་གྱི་རྣམ་པར་ཆར་བཞིན་དུ་བབ་པས། སློབ་མའི་སྙིང་ལ་ཐིམ་པར་བསམ་ཞིང༌། རོལ་མོའི་སྒྲ་དང་བཅས་པའི་དྲག་སྔགས་བརྗོད་པར་བྱའོ། །དེ་ནས་གཏོར་མ་སྤྱི་བོར་བཞག་ལ། ས་མ་ཡ་སྨ་ར་ལ་སོགས་པས་དམ་ལ་བཞག་ཅིང༌། དེ་ནས་གཉིས་ཀར་གྱིས་སྔགས་ཐམས་ཅད་ལན་གཉིས་སུ་བརྗོད་ནས། བཀའ་བསྒོ་བར་བྱ། དེ་ནས་སློབ་མས་ཡོན་ཕུལ་ཞིང༌། མཇུག་གི་ཆོ་ག་གཞན་དང་འདྲ་བར་བྱས། དེ་ལྟར་དེ་ཡི་རྗེས་གནང་གི །ཆོ་ག་ཉི་མས་རབ་བསྐུལ་ནས། །བློ་གྲོས་རྒྱལ་མཚན་དཔལ་གྱིས་སྦྱར། །དགེ་དེས་འགྲོ་ཀུན་དགེ་ལེགས་ཤོག །མེ་མོ་ཡོས་བུའི་ལོ་སྨིན་དྲུག་གི་ཟླ་བའི་ཚེས་བཅུའི་ཉིན་པར་འདམ་གྱི་ས་ཆར་བྲིས་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*