གྲགས་པ་རིན་ཆེན་གྱི་ཞུ་ལན།

༼བ༽

༄༅། །གྲགས་པ་རིན་ཆེན་གྱི་ཞུས་ལན་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། དཔལ་མཆོག་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །སྡེ་སྣོད་འཛིན་པ་གྲགས་པ་རིན་ཆེན་གྱིས། །ཇི་ལྟར་དྲི་བ་བྱས་པ་དེ་ཡི་ལན། །མདོ་ཙམ་བཤད་པ་འདི་ལ་གུས་པར་ཉོན། །དེ་ལ་ཐོག་མར་སྡོམ་པ་གསུམ་གྱི་ངོ་བོའམ། མཚན་ཉིད་ནི་ཇི་སྲིད་འཚོའི་བར་དུ། གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ལྡོག་པ། སོ་སོར་ཐར་པའི་སྡོམ་པ། བྱང་ཆུབ་ཀྱི་སྙིང་པོའི་བར་དུ་གཞན་ལ་གནོད་པ་ལས་ལྡོག་པའི་སྟེང་དུ། སེམས་ཅན་ཐམས་ཅད་ལ་ཕན་པ་བསྒྲུབ་པ་ལ་ཞུགས་པ། སེམས་པ་རྒྱུན་ཆགས་པ་ཅན་བྱང་ཆུབ་སེམས་དཔའི་སྡོམ་པའོ། །བཅུ་གསུམ་རྡོ་རྗེ་འཛིན་པའི་གོ་འཕང་མ་ཐོབ་ཀྱི་བར་དུ། འབྲས་བུ་སྐུ་གསུང་ཐུགས་རྡོ་རྗེའི་བརྟུལ་ཞུགས་ལ་ཉེ་བར་ཞུགས་པ། སྤོང་བ་དང་སྒྲུབ་པའི་སེམས་པ་རྒྱུན་ཆགས་པ་ཅན། རིག་པ་འཛིན་པའི་སྡོམ་པ་ཡིན། ལུང་ཆོས་པའི་ལུགས་ཀྱིས་ངོ་བོ་དང་མཚན་ཉིད་གཅིག་ཏུ་འདོད་པ་ལགས། གཅིག་དང་ཐ་དད་པའི་ཚུལ་ནི། ཉན་ཐོས་ཀྱི་ལུགས་ཀྱིས་སོ་སོར་ཐར་པའི་སྡོམ་པ། ལུས་ངག་ལ་རྣམ་པར་རིག་བྱེད་མ་ཡིན་པའི་ཚུལ་གྱིས་གནས་པར་འདོད། ཐེག་པ་ཆེན་པོ་པའི་ལུགས་ཀྱིས། སེམས་ལ་བག་ཆགས་དགེ་བའི་ཚུལ་གྱིས་བསྒོམ་པར་འདོད་པ་ཡིན་པས་གྲུབ་མཐའ་སོ་སོའི་རྗེས་སུ་འབྲངས་ནས་བརྩིས་ན་ཐ་དད་དུ་འོང་བ་ཡིན། ཐེག་པ་ཆེན་པོའི་ལུགས་ཀྱིས་གཞལ་ན། ཉན་ཐོས་ཀྱི་སྡོམ་པ་ཉིད་ཀྱང་སེམས་ཀྱི་ཁྱད་པར་གྱི་ཆོས་ཡིན་པས་གནས་པའི་ཚེ་སེམས་ཀྱི་ངོ་བོ་གཅིག་ལ་བག་ཆགས་ཀྱི་ཐ་དད་དུ་ཕྱེ་བར་འདོད་དེ། དེ་ཉིད་དངོས་པོའི་གནས་ལུགས་སུའང་གོ ཉན་ཐོས་དང་ཐེག་ཆེན་གྱི་སྡོམ་པ་གཉིས་ལེན་པའི་ཚུལ་ཅི་ནས་ཀྱང་ཐ་དད་དེ། བྱང་ཆུབ་སེམས་དཔའ་དང་གསང་སྔགས་ཀྱི་སྡོམ་པ་རིམ་གྱིས་པའི་ལུགས་ལ་སོ་སོར་ཐོབ། ཅིག་ཅར་འཇུག་པ་ལ་ཅིག་ཅར་དུ་འཇུག་པ་ཐོབ་པའང་ཡོད། གཏོང་བའི་ཚེ་ཉན་ཐོས་ཀྱི་སྡོམ་པ་གཏོང་བའི་རྒྱུ་ཕལ་ཆེར་གྱིས་བྱང་ཆུབ་སེམས་དཔའ་དང༌། རིག་པ་འཛིན་པའི་སྡོམ་པ་མི་གཏོང༌། སྡོམ་པ་གོང་མ་གཉིས་བཏང་བས། ཉན་ཐོས་ཀྱི་སྡོམ་པ་མི་གཏོང་བའི་སྐབས་ཀྱང་སྲིད། གསང་སྔགས་ཀྱི་སྡོམ་པ་བཏང་བས་བྱང་ཆུབ་སེམས་དཔའི་སྡོམ་པ་མི་གཏོང་བའི་སྐབས་ཀྱང་སྲིད་པ་ཡིན། བྱང་ཆུབ་སེམས་དཔའི་སྡོམ་པའི་དངོས་གཞི་བཏང་བས་གསང་སྔགས་ཀྱི་སྡོམ་པ་མི་གཏོང་མི་སྲིད། བྱང་ཆུབ་ཀྱི་སེམས་ལས་འདས་ནས། སྦྱོར་དངོས་རྗེས་གསུམ་ཚང་བས། རྡོ་རྗེ་སྤུན་བསད་པ་ལྟ་བུ་ལ་མཐར་ཐུག་གྲུབ་པའི་ཚེ་གསུམ་ཀ་དུས་གཅིག་ཏུ་གཏོང་བ་ཡིན། མང་པོའི་དོན་དུ་མི་གཅིག་བསད་པ་ལྟ་བུས་ཉན་ཐོས་ཀྱི་སྡོམ་པ་བཏང་ཡང༌། སྡོམ་པ་གོང་མ་གཉིས་པོ་མི་གཏོང་བའི་སྟེང་དུ་དགེ་བ་ཡར་ལྡན་དུ་འོང་བ་ཡིན། རྩ་སུམ་ཅུ་རྩ་གཉིས་ཀྱི་ནང་དུ་སྦས་པའི་རྩ་མི་འདུ་བ་ལགས། ཡན་ལག་གི་རླུང་ལྔ་འབྱུང་བ་ལྔའི་ངོ་བོ་ལས་མི་འདའ་བའི་ཕྱིར། ངོ་བོའི་ཆ་ནས་རྩ་བའི་རླུང་ལས་གཞན་མ་ཡིན། གནས་དང་ལས་ཀྱི་ཆ་ནས་སོ་སོར་བཞག་པ་ཡིན། དབང་བསྐུར་མ་ཐོབ་པ་ལ་དྲིལ་བུ་པ་བྱེད་དུས། སྔོན་དུ་སློབ་མ་སྦྱོང་བའི་ཆོ་ག་དེ། དབང་བསྐུར་རྒྱས་པའི་སྟ་གོན་གྱི་སྐབས་ཀྱི་ནང་གི་དབང་བསྐུར་བའི་ཆོ་ག་དེ་ལྟ་བུ་བྱེད་པ་ལགས། ཐུན་མོང་མ་ཡིན་པའི་གསང་བ་ལ་བསྲེ་བསླད་བྱ་བའི་གཞི། རྒྱུད་མཚན་ཉིད་པ་གཅིག་ཡོད་པའང་སྲིད། སྤྱིར་རྒྱུད་ཁ་འཐོར་བའི་ལུང་མང་པོ་དང༌། མདོ་སྡེའི་ལུང་མང་པོ་བྲིས་འདུག་པས་ཐམས་ཅད་བོད་ཀྱིས་བྱས་པའང་མ་ཡིན། མཚམས་སྦྱོར་དང་ལྷད་གཅིག་ཏུ་མང་པོ་ཞུགས་འདུག དེའི་རྒྱུ་མཚན་གྱི་གཙོ་བོ་བཛྲ་དྷྲྀ་ཀ་ལ་སོགས་པའི་སྔགས་ཀྱི་བཏུ་བ་རྣམས། རྒྱ་གར་གྱི་སྦྱོར་ཚུལ་རྒྱུས་མེད་པར་བོད་ཀྱི་ལུགས་སུ་བྱས་འདུག གཞན་ཡང་ཚིག་གི་སྦྱོར་བ་རགས་པོ་མང་པོ་གདའ། སྤྱིར་རྒྱུད་ཡང་དག་པ་དང༌། ལྷད་མེད་ཀྱི་བཀའ་བསྟན་བཅོས་རྣམས་ལ་འདྲིས་པ་བྱས་ཙམ་ན། ལྷད་ཅན་རྣམས་སྐྱོན་ཅན་དུ་རྗེན་ཆེར་འོང་རྒྱུ་ཅིག་མཆི། དེ་ལྟར་ཁྱེད་ཀྱིས་དྲིས་པའི་ལན་བརྗོད་པའི། །དགེ་བས་མ་ལུས་འགྲོ་བའི་མ་རྟོགས་དང༌། །ལོག་རྟོག་ཐེ་ཚོམ་དྲྭ་བ་རྣམས་བསལ་ནས། །ཤེས་བྱའི་གནས་ལ་བློ་གྲོས་རྒྱས་གྱུར་ཅིག །མེ་མོ་ཡོས་བུའི་ལོ། སྨིན་དྲུག་གི་ཟླ་བའི་ཉི་ཤུ་བདུན་གྱི་ཉིན་པར་འདམ་གྱི་ས་ཆ་གད་སྐྱ་ཞེས་བྱ་བར། འཕགས་པས་སྦྱར་བའོ།།  །།འདིས་བསྟན་པ་རིན་པོ་ཆེ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*