སློབ་དཔོན་བསོད་ནམས་སེང་གེའི་སྤྱན་སྔར་ཕྲིན་དུ་ཞུ་བ།

༼བ༽

༄༅། །སློབ་དཔོན་བསོད་ནམས་སེང་གེའི་སྤྱན་སྔར་ཕྲིན་དུ་ཞུ་བ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བླ་མ་དམ་པ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པ། ཆོས་ཀྱི་རྗེའི་ཞབས་ལ་གུས་པས་ཕྱག་འཚལ་ནས། ལྷག་པའི་བསམ་པ་རྣམ་པར་དག་པའི་མཐུས་འཕྲིན་དུ་ཞུ་བའི་ཡི་གེ་འདི་བྲི་བར་བྱའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཕུལ་དུ་བྱུང་བ་བསགས་པས་ཆེ་བའི་ཡོན་ཏན་གྱིས་ཁྱད་པར་དུ་འཕགས་པའི་རྟེན་རྣམ་པར་དག་པར་སྐུ་འཁྲུངས་ནས། སྔོན་གྱི་སྨོན་ལམ་ལས་གྲུབ་པའི་མཐུས་བསླབ་པ་གསུམ་གྱིས་ལུས་ཡོངས་སུ་རྫོགས་པས་ཡང་དག་པའི་བླ་མ་རྒྱ་མཚོའི་གླིང་དུ། བློ་གྲོས་མི་ཟད་པའི་གྲུ་བོ་ཆེ། བརྩོན་པའི་དེད་དཔོན་གྱིས་བསྟན་པ་ལ་ཞུགས་ནས། ལེགས་པར་བཤད་པ་ནོར་བུའི་ཚོགས་ཡང་དག་པར་བླངས་ཏེ། ཡོན་ཏན་རིན་པོ་ཆེའི་རྒྱན་གྱིས་སྤྲས་པས་མཁས་པའི་སྐྱེ་བོའི་ཚོགས་ཟིལ་གྱིས་མནན་ནས། དེ་དག་གི་ཡིད་རབ་ཏུ་འཕྲོག་པར་མཛད་པའི་སྐྱེས་བུ་ཆེན་པོ། ལྷ་དང་བཅས་པའི་འཇིག་རྟེན་གྱི་སྟོན་པ། སློབ་དཔོན་བསོད་ནམས་སེང་གེའི་སྤྱན་སྔར། ཤཱཀྱའི་དགེ་ཚུལ་རྡོ་རྗེ་འཛིན་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས། མངོན་པའི་ང་རྒྱལ་སྤངས་ཏེ་གུས་པའི་ཡིད་ཀྱིས་གསོལ་པ། འདིར་བླ་མ་ཆོས་ཀྱི་རྗེ་དམིགས་པ་མེད་པའི་ཐུགས་རྗེ་དང་མཁྱེན་རབ་ཏུ་ལྡན་པ་དེའང་འཇིག་རྟེན་གྱི་ཁམས་གཞན་དུ། སེམས་ཅན་གྱི་དོན་རྒྱ་ཆེ་བར་དགོངས་ནས་དེ་བཞིན་གཤེགས་པ་དྲི་མ་མེད་པའི་དཔལ་ཞེས་བྱ་བར། མངོན་པར་རྫོགས་པར་འཚང་རྒྱ་བར་ཞལ་གྱིས་བཞེས་ཏེ། རྣམ་པར་འཕྲུལ་པའི་ཆོ་འཕྲུལ་སྣ་ཚོགས་པ་བསྟན་ནས་ཡོངས་སུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ། །འོན་ཀྱང་ཆོས་ཀྱི་རྗེ་ཉིད་ཀྱི་ཞལ་ནས། ད་དུང་ཁྱེད་རྣམས་ཅིའི་སྒོ་ནས་ཀྱང་ལེགས་པར་འོངས་ཞེས་བཀའ་གནང་བ་དང༌། རྒྱལ་པོའང་སོ་ཟིན་ཅིང༌། རྒྱལ་ཁམས་བདེ་བར་ཡོད། སྐབས་དོན་ལ། ད་རེས་རྒྱལ་པོས་ཐུགས་ལ་བཏགས་ནས་བནྡེ་དང༌། བོན་པོ་ལ་སོགས་པ་གནམ་མཆོད་པ་རྣམས་ལ་དམག་ཁྲལ་མེད་པར་སྡོད། དེའི་མགོ་གཉེར་དང་བནྡེ་ཐམས་ཅད་ས་སྐྱ་པ་ཤེས་སུ་ཆུག་གསུངས་པའི་ལུང་བྱོན། དེའི་འཇའ་ས་བསྐྱལ་ནས་མི་རྣམས་བརྩི་བ་དང༌། སློབ་དཔོན་སྤྱན་འདྲེན་པའི་དོན་ལ་རྡོ་རྗེ་འབྲུག་མངག་པ་ཡིན། འདིར་ཆོས་ཀྱི་རྗེ་བཞུགས་པའི་དུས་ནའང་རྒྱལ་བུའི་དོན་དུ་འབྱོན་དགོས་པ་དང༌། འཕྲལ་གྱི་བསོད་ནམས་ཀྱིས་གཡེངས་པས། ངེད་རང་གི་ཡིད་ཚིམ་པའི་ཆོས་འཆད་ཉན་གྱི་ལོང་མ་བྱུང་བས། ཁྱེད་ལས་ཆོས་ཀྱི་ལུང་མང་དུ་ལེན་པ་དང༌། བསྙེན་རྫོགས་ཀྱི་མཁན་སློབ་ཡ་གཅིག་ཞུ་བའི་དོན་དུ་སྤྱན་འདྲེན་པའི་གྲོས་བྱས་པས། ཆོས་རྗེ་པས་ཀྱང་འཐད་གསུངས་ནས། བཀའ་ཡིག་ཀྱང་བསྐུར་བ་ཡིན། ངེད་ཀྱི་ཀྱང་ཞུ་ཡིག་ནན་བསྐུར་བ་ཡིན་པ་ལ་འབྱོན་དུ་མཉན། ཆོས་རྗེ་པ་བཞུགས་པའི་ཚེ་བྱོན་ན་ཆོས་རྗེ་པ་ཡང་མཉེས་པར་ཡོང་བར་འདུག གལ་ཏེ་སྐུ་གཤེགས་ནའང་ཁྱེད་བཞུགས་ན་བློ་བདེ་བསམས་ནས་སྤྱན་དྲངས་པ་ལགས། རྐྱེན་ཅི་ཡིན་ནི་མ་ཤེས། ཁྱེད་མ་བྱོན་པ་དེ་ཡིན། དེ་ལ་ངེད་ཅུང་ཟད་ཡིད་ཆད་པ་བྱུང༌། ད་དུང་ཆོས་ཀྱི་རྗེ་ནི་མི་བཞུགས། གཞན་སློབ་དཔོན་མེད་པས་ཁྱེད་ལ་རེ་ཆེ་ཞིང་མཆིས། འདུལ་བ། ཕར་ཕྱིན། ཚད་མ་ལ་སོགས་པའི་ལུང་ཡང་མང་དུ་ལེན་པ་དང༌། ཆོས་ཀྱི་རྗེ་ཉིད་སྐུ་གཤེགས་ཁར། ཁྱེད་ལ་དགེ་སློང་ཅིག་མ་གྲུབ་པ་དེ་བློ་མ་བདེ། གཞན་ཡིད་ལ་མི་བདེ་བ་མི་སྣང་གསུངས། དེར་ངེད་སྤྱན་སྔ་ན་ཡོད་པ་རྣམས་ཀྱིས་དེ་སྐད་མི་གསུང་བར་ཞུས་ནས་ཡུན་རིང་དུ་བཞུགས་པའི་རྟེན་འབྲེལ་བསྒྲིག་པར་ཞུ་ཞུས་པས། དེ་ཤིན་ཏུ་དཀའ་གསུངས་ནས་མ་གནང༌། འོ་ན་གལ་ཏེ་ཆོས་ཀྱི་རྗེ་ཞལ་མི་བཞུགས་ན། མཁན་པོ་སུ་ལ་ཞུ་བྱས་པས། དེང་སང་དབུས་གཙང་ཁམས་གསུམ་ན་སློབ་དཔོན་བསོད་ནམས་སེང་གེ་ལས་མཁས་བཙུན་འཛོམ་པ་མེད། ཁོས་ཤཱནྟིའི་དོད་ཕེར་བ་ཡིན་གསུངས། ཆོས་རྗེ་པའི་ཐུགས་ཀྱིས་ཀྱང་དགོངས་ནས་འདུག་པས། ཆོས་རྗེ་པའི་ཐུགས་དགོངས་རྫོགས་པའི་ཆེད་དུ་འབྱོན་པར་ཞུ། གལ་ཏེ་ཁྱེད་མ་བྱོན་ན་ངའི་མཁན་པོ་འོས་པ་གཞན་སུ་མི་སྣང་བས། ཚེ་འདི་ལ་བསྙེན་རྫོགས་མི་འགྲུབ་པར་སྣང༌། ཆོས་མང་པོའི་ལུང་ཡང་མི་ཐོབ་པར་འདུག དེ་ཁྱེད་ལ་རག་ལུས་པ་ཡིན། ད་ཆོས་རྗེ་ནི་མི་བཞུགས། ཁྱེད་ཁོ་ན་ལ་རེ་ཞིང་ལྟོས་པ་ཡིན། ཐུགས་ལ་ཐོགས། ཁྱེད་བྱོན་ན་ཆོས་རྗེ་པ་དང་ཁྱད་པར་མེད་པའི་འདུ་ཤེས་ཡོད་པ་ཡིན་པས་དམ་ཚིག་ལ་དགོངས། ངས་ཞུས་པའི་ཚིག་འདི་རྣམས་ལ་བཅོས་མ་དང༌། མི་བདེན་པའི་ཚིག་གཅིག་ཡོད་ནའང༌། རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་བདག་གི་སྙིང་ཚལ་པ་བརྒྱ་རུ་འགས་པ་ཡིན། བླ་མ་དང་སངས་རྒྱས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་དབང་དུ་བཞུགས་པ་ཡིན། གཞན་ཡང་ཞུ་བའི་དོན་འགའ་ཞིག་ཚིགས་སུ་བཅད་དེ་སྙན་དུ་གསོལ་བ།།  ༈  །།བདག་གི་བླ་མ་མྱ་ངན་འདས། །སྤྲུལ་པའི་དཀྱིལ་འཁོར་དབྱིངས་སུ་ཞིག །ཡེ་ཤེས་ཉི་མ་ནུབ་པར་གྱུར། །ཐུགས་རྗེའི་སྤྲིན་གྱི་ཕུང་པོ་དེངས། །དམ་ཆོས་ཆར་གྱི་རྒྱུན་ཡང་ཆད། །ཀྱེ་མ་བདག་ཉིད་སྐལ་བ་དམན། །དམན་པའི་དབང་གིས་འདི་ལྟར་སྣང༌། །སྣང་བས་ཁྱེད་ལ་གསོལ་བ་འདེབས། །ཁྱེད་ཀྱི་ཐུགས་རྗེས་མ་དགོངས་ན། །ད་ནི་བདག་གི་སྟོན་པ་སུ། །དེ་ལྟར་འཕྲིན་དུ་ཞུ་བའི་ཚེ། །བླ་མའི་ཡོན་ཏན་དྲན་པ་དང༌། །ཁྱེད་དང་ཡུལ་གྱིས་བསྐལ་བ་ཡིས། །ཉེས་པ་དྲན་ནས་མཆི་མ་ལྷུང༌། །བླ་མའི་བཀའ་དྲིན་སྟོབས་དང་ནི། །ཁྱེད་ཉིད་ཀྱིས་ནི་ཐུགས་རྗེ་དང༌། །བདག་གི་འདུན་པའི་དབང་གིས་ནི། །གསོལ་བའི་དོན་འདི་འགྲུབ་པར་མཛོད། །དེ་ལྟར་ཞུས་པར་མི་དགོངས་ན། །ངོ་ཚ་གང་ཡིན་ཁྲིམས་གང་ཡིན། །དམ་ཚིག་གང་ཡིན་སྙིང་རྗེ་གང༌། །ངུས་ཤིང་བོས་ནས་གསོལ་བཏབ་ན། །འབྲེལ་མེད་ཀྱིས་ཀྱང་ཕན་འདོགས་ན། །ཁྱེད་ཀྱི་སྙིང་རྗེས་ཅིས་མི་འཇུག །འཕྲིན་ཡིག་འདི་ནི་གཟིགས་ཙམ་གྱིས། །ཁྱོད་སྐུ་རྟ་མཆོག་སྙིང་རྗེའི་ཡིད། །ལྕག་གིས་བསྐུལ་ནས་བརྩོན་པའི་སྟོབས། །རླུང་གི་ཤུགས་ཀྱིས་འདིར་གཤེགས་ཤིག །ངེད་རང་དེ་ན་ཡར་ས་སྐྱར་ཕྱག་རེ་ཙམ་འཚལ་བ་དང༌། བསྙེན་རྫོགས་ཤིག་གི་ཆེད་དུ་ཡོང་པར་སྤྲོ་བ་ལགས་མོད། འུ་ཅག་གི་འདུན་མའི་རྩ་བ་འདི་ནས་བསྒྲུབ་དགོས་པར་སྣང་བས་མ་འོངས་པ་ཡིན། དེ་ཁྱེད་ཀྱིས་ཕྱོགས་མཐའ་དག་ནས་སེམས་པར་ཞུ། ལམ་ཡང་རྒྱལ་ཁྲིམས་འཇགས་ནས་བགྲོད་སླ་བར་ཡོད། མདོ་ཁམས་རིང་མོ་རང་རེའི་སློབ་མ་ཤ་སྟག་ཡིན་དེ་ཐུགས་ལ་ཡོད་པ་གྱིས། དེའི་རྐྱེན་དཔོན་སྐམ་ཆུ་བ་ལ་མངག་ཡོད་པས། ཁོང་གིས་ཀྱང་ཞབས་ཏོག་ཏུ་གང་འགྲོ་བྱེད་དེ་མཆི། ཡི་གེའི་རྟེན་དང་འདིར་འབྱོན་པའི་མཐུ་རྐྱེན་ལ། རྒྱལ་པོའི་གནས་ནས་ཕྱུང་བའི་དངུལ་བྲེ་ཆེན་གང་ལ། སྲང་ལྔ་བཅུ་ང་གསུམ་བྱས་པ་ཅིག་མཆིས། རྒྱ་ཆེ་བ་མ་འཛོམ། སླད་མར་ཁྱེད་འདིར་བྱོན་ནས་རང་རེ་ཐམས་ཅད་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཁ་ན་མ་ཐོ་བ་མེད་པ་ལ་འཚོགས་པ་དང་ཤིན་ཏུ་བཀྲ་ཤིས་པར་སྨོན། ཆུ་ཕོ་བྱི་བའི་ལོ་དཔྱིད་ཟླ་འབྲིང་པོའི་ཚེས་གསུམ་ལ་ལིང་ཆུ་རྩེར་ཁབ་ཀྱི་གཙུག་ལག་ཁང་དུ་བྲིས། བདེ་ལེགས་སུ་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*