བསྙེན་གནས་ཀྱི་གདམས་པ་འབོགས་ཚུལ།

༼བ༽

༄༅། །བསྙེན་གནས་ཀྱི་གདམས་པ་འབོགས་ཚུལ་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །བསྙེན་གནས་ཀྱི་སྡོམ་པ་འབོགས་པའི་ཚུལ་ནི། སློབ་དཔོན་ཁྲིའམ་སྟན་བདེ་བ་ལ་འདུག ལེན་པ་པོས་ཁྲུས་བྱ་བའམ་ཁ་དང་ངོ་བཤལ་ནས་ཕྱག་འཚལ་ལ། ཙོག་ཙོག་པོར་འདུག་ལ་འདི་སྐད་ཅེས་བརྗོད་དོ། །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་ཐར་བར་བྱ་བའི་ཐབས་དམ་པའི་ཆོས་ཉག་གཅིག་ཡིན། ཆོས་ཀྱི་རྩ་བ་ཚུལ་ཁྲིམས་རིན་པོ་ཆེ་ཡིན། ཚུལ་ཁྲིམས་དེའང་ཇི་སྲིད་འཚོའི་བར་དུ་བསྲུང་བར་མ་ནུས་ན། ཉིན་ཞག་ཕྲུགས་རེ་བསྲུང་བའི་བསྙེན་གནས་ཡན་ལག་བརྒྱད་པ་ལ་སློབ་དགོས་པས། བདག་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བར་བྱ། དེའི་དོན་དུ་བསྙེན་གནས་ཀྱི་སྡོམ་པ་བླང་སྙམ་དུ་སོམས་ལ། འདི་སྐད་ཅེས། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ནམ་འདོད་པའི་ཉིན་པར་བསྙེན་གནས་དང་ལྡན་པར་བཙུན་པས་གཟུང་དུ་གསོལ། ཞེས་ལན་གསུམ་བརྗོད་དོ། །ཐ་མ་ལ་སློབ་དཔོན་གྱིས་གཟུང་དུ་གསོལ། ཞེས་བྱའོ། །དེ་ནས་སློབ་དཔོན་གྱིས་ཐབས་ཡིན་ནོ་ཞེས་བརྗོད་དོ། །སློབ་མས་ལེགས་སོ་ཞེས་བརྗོད་དུ་གཞུག དེས་བསྙེན་གནས་ཀྱི་དངོས་གཞི་ཐོབ་པ་ཡིན། དེ་ནས་བསླབ་བྱ་ཡན་ལག་བརྒྱད་པོ་བསྙེན་གནས་ཀྱི་ཉིན་པར་ཁས་ལེན་པའི་བསམ་པས་འདི་སྐད་ཅེས། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་གིས་ཀྱང་བསྙེན་གནས་ཀྱི་ཉིན་པར་སྲོག་གཅོད་པ་སྤང་སྟེ། སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གིས་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ། མ་བྱིན་པར་ལེན་པ་དང༌། མི་ཚངས་པར་སྤྱོད་པ་དང༌། རྫུན་དུ་སྨྲ་བ་དང༌། འབྲུའི་ཆང་དང༌། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང༌། གླུ་གར་དང༌། རོལ་མོའི་སྒྲ་དང༌། ཕྲེང་བ་དང༌། སྤོས་ཉུག་པ་དང༌། རྒྱན་དང༌། ཁ་དོག་འཆང་བ་དང༌། ཁྲི་སྟན་མཐོན་པོ་དང༌། ཁྲི་སྟན་ཆེན་པོ་དང༌། དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ། དུས་མ་ཡིན་པའི་ཁ་ཟས་ལས་སླར་ལོག་པ་དེ་བཞིན་དུ། བདག་གིས་ཀྱང་བསྙེན་གནས་ཀྱི་ཉིན་པར་མ་བྱིན་པར་ལེན་པ་དང༌། མི་ཚངས་པར་སྤྱོད་པ་དང༌། རྫུན་དུ་སྨྲ་བ་དང༌། འབྲུའི་ཆང་དང༌། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང༌། གླུ་གར་དང༌། རོལ་མོའི་སྒྲ་དང༌། ཕྲེང་བ་དང༌། སྤོས་ཉུག་པ་དང༌། རྒྱན་དང༌། ཁ་དོག་འཆང་བ་དང༌། ཁྲི་སྟན་མཐོན་པོ་དང༌། ཁྲི་སྟན་ཆེན་པོ་དང༌། དུས་མ་ཡིན་པའི་ཁ་ཟས་སྤང་ཏེ། དུས་མ་ཡིན་པའི་ཁ་ཟས་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་བརྒྱད་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །སློབ་དཔོན་གྱིས་ཐབས་ཡིན་ནོ་ཞེས་བརྗོད་དོ། །སློབ་མས་ལེགས་སོ་ཞེས་བརྗོད་དུ་གཞུག་གོ །དེས་བསྙེན་གནས་ཀྱི་དངོས་གཞིའི་སྡོམ་པ་ཐོབ་པ་ཡིན། དེའི་བསླབ་པར་བྱ་བ་ནི། ཆོས་མངོན་པ་མཛོད་ལས། ཚུལ་ཁྲིམས་ཡན་ལག་བག་ཡོད་པའི། །ཡན་ལག་བརྟུལ་ཞུགས་ཡན་ལག་སྟེ། །བཞི་གཅིག་སུམ་རིམ་གོ་རིམ་བཞིན། །ཞེས་གསུངས་པས། ཡན་ལག་བརྒྱད་བསྲུང་དགོས་ཏེ། དེའང་ཉ་དང་གནམ་སྟོང་ལ་སོགས་པ་བསྲུང་བར་འདོད་པའི་ཉིན་པར་སྔ་དྲོ་ཁྲུས་བྱ། དཀོན་མཆོག་གི་དྲུང་དུ་ཕྱག་འཚལ་ནས་བདག་འཁོར་བ་ལས་ཐར་པ་དང༌། མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་བྱ་བའི་དོན་དུ། སང་ཉི་མ་མ་ཤར་གྱི་བར་དུ་བསྙེན་གནས་བསྲུང་སྙམ་དུ་སེམས་བསྐྱེད་ལ། དེའི་ཉིན་པར་ཡན་ལག་བརྒྱད་པོ་འདི་བསྲུང་བར་བྱ་སྟེ། དེའང་ཚུལ་ཁྲིམས་ཀྱི་ཡན་ལག་བཞི་ནི། སྲོག་གཅོད་པ་སྤོང་བ་དང༌། མ་བྱིན་པར་མི་ལེན་པ་དང༌། མི་ཚང་པར་མི་སྤྱོད་པ་དང༌། བརྫུན་དུ་མི་སྨྲ་བ་བཞི་ཡིན། བག་ཡོད་པའི་ཡན་ལག་ནི། ཆང་གི་རིགས་གང་ཡང་མི་འཐུང་བའོ། །བརྟུལ་ཞུགས་ཀྱི་ཡན་ལག་གསུམ་ནི། གླུ་གར་མི་བྱ་བ་དང༌། རྒྱན་གསར་པ་མི་འདོགས་ཤིང་ཁྲི་སྟན་མཐོན་པོ་དང་ཆེན་པོ་ལ་མི་འདུག་པ་དང༌། ཕྱི་དྲོའི་ཁ་ཟས་མི་བཟའ་བའོ། །དེ་ལྟར་ཡན་ལག་བརྒྱད་དེ་ལེགས་པར་བསྲུངས་ནས་ནང་པར་ནམ་ལངས་པའི་ཚེ་ཁྲུས་བྱས། དཀོན་མཆོག་གི་དྲུང་དུ་ཕྱག་འཚལ་ནས། བདག་གིས་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ཀྱི་སྡོམ་པ་བསྲུངས་པའི་དགེ་བའི་རྩ་བ་དེས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག ཅེས་བསྔོ་བར་བྱའོ། །དེ་ནས་ཇི་ལྟར་བདེ་བར་སྤྱད་པས་ཆོག འདི་མདོ་སྡེ་པའི་ལུགས་ཡིན་པས། ནམ་བསྲུང་བའི་ཉིན་པར་བླང་མི་དགོས་ལེན་པའི་དུས་སུ། ནམ་འདོད་པའི་ཚེ་ཞེས་སྨོས་པས། ཉ་དང་གནམ་སྟོང་ལ་སོགས་པའི་དུས་ཚིགས་ཐམས་ཅད་ཀྱང་ངེས་པར་མི་འགྱུར། དེའི་དོན་ནམ་སྐབས་ན་བསྲུངས་པས་ཆོག དེ་ལྟར་བསྲུངས་པའི་ཕན་ཡོན་ནི། གང་ཞིག་དགའ་བའི་སེམས་ཀྱིས་ནི། །ལོ་བརྒྱ་སྦྱིན་པ་བྱིན་པ་བས། །གང་ཞིག་ཉིན་གཅིག་ཚུལ་ཁྲིམས་ནི། །བསྲུང་བ་དེ་ནི་ཁྱད་པར་འཕགས། །ཞེས་གསུངས་པས། ལོ་བརྒྱར་སྦྱིན་པ་བྱིན་པ་བས། ཉི་མ་གཅིག་བསྙེན་གནས་བསྲུངས་པ་བསོད་ནམས་ཆེ་བ་ཡིན། དེའང་བྱང་ཆུབ་ཀྱི་སེམས་དང་བསྔོ་བས་ཟིན་ན། ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུར་འགྱུར་ལ། དེའང་བཅོམ་ལྡན་འདས་ཀྱི་ཞལ་ནས། ཚེས་བརྒྱད་དང་ནི་བཅུ་ཞི་དང༌། །དེ་བཞིན་ཟླ་ཕྱེད་བཅོ་ལྔ་དང༌། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །བསྙེན་གནས་ཡན་ལག་བརྒྱད་བསྲུངས་པས། །ང་ནི་ཅི་འདྲ་དེ་འདྲར་འགྱུར། །ཞེས་གསུངས་ལ། དེ་དག་གིས་ཟིན་ནའང་ལྷ་དང་མིའི་གོ་འཕང་ཕུན་སུམ་ཚོགས་པ་ཐོབ་པའི་རྒྱུར་འགྱུར་བ་ཡིན་ཏེ། མདོ་ལས། ཁྲིམས་ཀྱིས་འགྲོ་བ་བཟང་པོར་འགྲོ། །ཞེས་གསུངས་པ་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང༌། གསོ་སྦྱོང་འདོད་སྤྱོད་ལྷ་ཡི་ཡུལ་དུ་སྐྱེ། །ཞེས་གསུངས་པ་ལྟ་བུའོ། །བསྙེན་གནས་ཀྱི་ཆོ་ག་བསླབ་བྱ་ཕན་ཡོན་དང་བཅས་པའོ། །བསྙེན་གནས་སུ་བསླབ་པའི་ཆོ་ག་འཕགས་པས་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*