དགེ་བསྙེན་དང་དགེ་ཚུལ་དང་དགེ་སློང་དུ་ཉེ་བར་སྒྲུབ་པའི་ཆོ་གའི་གསལ་བྱེད།

༼བ༽

༄༅། དགེ་བསྙེན་དང་དགེ་ཚུལ་དང་དགེ་སློང་དུ་ཉེ་བར་སྒྲུབ་པའི་ཆོ་གའི་གསལ་བྱེད་བཞུགས།།

༄༅། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །མཁན་པོ་དང༌། སློབ་དཔོན་དང༌། དགེ་འདུན་རྣམས་འཚོགས་ནས། རབ་ཏུ་བྱུང་ཞིང་བསྙེན་པ་རྫོགས་པར་འདོད་པ་རྣམས་འདུས་པ་ལ། ཁྱེད་རྣམས་སྔོན་གྱི་དགེ་བ་དང་སྨོན་ལམ་གྱི་དབང་གིས། ཚེ་འདིར་དལ་འབྱོར་གྱི་ལུས་ཐོབ་པ་ཡིན། ཐོབ་པའི་རྟེན་ཆུད་མི་འཛའ་ཞིང་ཚེ་འདིའི་བདེ་ལེགས་དང༌། ཚེ་ཕྱི་མ་གནས་སྐབས་ཀྱི་ལྷ་མིའི་བདེ་སྐྱིད་དང༌། མཐར་ཐུག་རྣམ་གྲོལ་གསུམ་གྱི་འབྲས་བུ་བསྒྲུབ་པའི་རྟེན་དུ་དལ་འབྱོར་གྱི་ལུས་དགོས་ཤིང་དེ་སྒྲུབ་པའི་ཐབས་ཆོས་ཡིན་པས་ཆོས་བྱེད་པ་ལ་འབད་དགོས། དེའང་ཆོས་ཐམས་ཅད་བསྒྲུབ་པའི་གཞི་ཚུལ་ཁྲིམས་རིན་པོ་ཆེ་ཡིན། དེའང་ཡང་དག་པར་བླང་བའི་ཚུལ་ཁྲིམས་དེ་ཡུལ་དང་ཆོ་ག་ཕུན་སུམ་ཚོགས་པས་བླངས་ན་སྐྱེ་ལ་མ་བླངས་ན་མི་སྐྱེ། ལན་པ་ལའང་འགལ་རྐྱེན་བར་ཆད་དང་བྲལ་བ་དང༌། མཐུན་པའི་རྐྱེན་ཕུན་སུམ་ཚོགས་པ་གཉིས་དགོས། དེ་ལ་བར་ཆད་ཕལ་ཆེ་བ་ཁྱེད་ལ་མེད་ཀྱང༌། ཆོ་ག་ཚང་བར་བྱ་བའི་དོན་དུ། དེ་བཞིན་གཤེགས་པའི་གསུང་ལས་འབྱུང་བ་བཞིན། ངས་དྲིའི་ལན་ཐོབ་ཅིག་ཅེས་བརྗོད་ལ། ཁྱོད་མུ་སྟེགས་ཅན་མ་ཡིན་ནམ། ལོ་བཅོ་ལྔ་མ་ལོན་པ་མ་ཡིན་ནམ། ལོ་བཅོ་ལྔ་ལོན་པ་བྱ་རོག་སྐྲོད་མི་ནུས་པ་མ་ཡིན་ནམ། བྱ་རོག་སྐྲོད་ནུས་པ་ལོ་བདུན་མ་ལོན་པ་མ་ཡིན་ནམ། བྲན་ལ་སོགས་པ་མ་ཡིན་ནམ། བུ་ལོན་ཆགས་པ་མ་ཡིན་ནམ། ཕ་མས་མ་གནང་བ་མ་ཡིན་ནམ། ཕ་མས་མ་གནང་བ་ཡུལ་ཐག་མི་རིང་བ་མ་ཡིན་ནམ། ནད་པ་མ་ཡིན་ནམ། དགེ་སློང་མ་སུན་ཕྱུང་བ་མ་ཡིན་ནམ། རྐུ་ཐབས་སུ་གནས་པ་མ་ཡིན་ནམ། ཐ་དད་དུ་གནས་པ་མ་ཡིན་ནམ། གནས་པར་མི་བྱ་བ་མ་ཡིན་ནམ། ཟ་མ་མ་ཡིན་ནམ། མ་ནིང་མ་ཡིན་ནམ། སྤྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ། མུ་སྟེགས་ཅན་ཞུགས་པ་མ་ཡིན་ནམ། མ་བསད་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ། དགེ་འདུན་གྱི་དབྱེན་བྱས་པ་མ་ཡིན་ནམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་མ་ཡིན་ནམ། ཕམ་པར་འགྱུར་བའི་ལྟུང་བ་བཞི་པོ་དག་ལས་གང་ཡང་རུང་བ་བྱུང་བ་མ་ཡིན་ནམ། རྒྱུ་ལས་ཟློག་པའི་ཆད་པ་ཁས་མི་ལེན་པ་གནས་ནས་ཕྱུང་བ་མ་ཡིན་ནམ། ལག་རྡུམ་ལ་སོགས་པ་མ་ཡིན་ནམ། སྐྲ་སེར་ལ་སོགས་པ་མ་ཡིན་ནམ། སེན་མོ་གཅིག་པ་ལ་སོགས་པ་མ་ཡིན་ནམ། རྒྱལ་པོས་བཀྲབས་པ་ལ་སོགས་པ་མ་ཡིན་ནམ། རྒྱལ་པོས་མ་གནང་བ་མ་ཡིན་ནམ། རྒྱལ་པོས་མ་གནང་བའི་ཡུལ་ཐག་མི་རིང་བ་མ་ཡིན་ནམ། ཆོམ་རྐུན་པར་གྲགས་པ་མ་ཡིན་ནམ། ཕུང་ཀྲོལ་བ་མ་ཡིན་ནམ། ལྷམ་མཁན་མ་ཡིན་ནམ། གདོལ་པ་མ་ཡིན་ནམ། གཡུང་པོ་མ་ཡིན་ནམ། མི་མ་ཡིན་པའི་འགྲོ་བ་མ་ཡིན་ནམ། བྱང་གི་སྒྲ་མི་སྙན་པ་མ་ཡིན་ནམ། མཚན་ལན་གསུམ་དུ་གྱུར་པ་མ་ཡིན་ནམ། སྐྱེས་པ་འདྲ་བའི་བུད་མེད་མ་ཡིན་ནམ། བུད་མེད་འདྲ་བའི་སྐྱེས་པ་མ་ཡིན་ནམ། སྡིག་སྡིག་ལྟ་བུའི་མཚན་ཉིད་ཅན་མ་ཡིན་ནམ། གླིང་གཞན་ནས་སྐྱེས་པ་ཚུལ་བྱད་མི་འདྲ་བ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །དེ་ལ་བར་ཆད་རྣམས་མེད་པར་ལན་བཏབ་པ་དང༌། དེ་ལྟར་འགལ་རྐྱེན་བར་ཆད་དང་བྲལ་བ་རྐྱང་པས་མི་ཆོག མཐུན་རྐྱེན་ཕུན་སུམ་ཚོགས་པ་ཚང་དགོས། དེ་ལ་ལྔ་ཡོད་པ་ལས། སངས་རྒྱས་དང༌། ཆོས་ཀྱི་རྟེན་རབ་ཏུ་གནས་པར་བྱས་པའང་བཞུགས། དགེ་འདུན་མཚན་ཉིད་དང་ལྡན་པ་གྲངས་ཚང་བ་དང༌། མཁན་པོར་གྱུར་པ་ཁོ་བོ་དང༌། སློབ་དཔོན་དུ་གྱུར་པ་ཁོང་རྣམ་པ་བཞུགས་པ་འདིས་བླང་བའི་ཡུལ་ཚང༌། རྟེན་མཐུན་པའི་རྐྱེན་ཁྱེད་རང་རྣམས་ཡིན། དེའང་གླིང་གསུམ་དུ་སྐྱེས་པའི་སྐྱེས་པ་དང༌། བུད་མེད་ལུས་དང་བསམ་པ་ནར་སོན་པ་དང༌། ཆོ་གའི་སྤྱོད་ཡུལ་དུ་གྱུར་པ་དགོས་ཏེ་དེའང་ཚང༌། ཡོ་བྱད་ལ་ཆོས་གོས་ཤམ་ཐབས་ལྷུང་བཟེད་གདིང་བ་ཆུ་ཚགས་རྣམས་ཀྱང་མཚན་ཉིད་དང་ལྡན་ཞིང་མཁན་པོའི་ཚིག་གིས་གནང་བ་ཅིག་དགོས་པ་ལ། རང་ལ་མེད་ན་གཡར་པོས་ཀྱང་གོ་ཆོད་པར་བཤད་པ་ཡིན། དེ་ཁྱེད་རྣམས་ལ་གཡར་པོ་ཚུན་ཆོད་ཀྱི་སྒོ་ནས་ཀྱང་ཚང་བ་ཡིན། བསམ་པ་མཐུན་པའི་རྐྱེན་ལ་ངེས་པ་ལྔ་དང་བྲལ་བ་ཞེས་བྱ་བ། གནས་ངེས་པ་དང་བྲལ་བ་གནས་གང་དུ་སྡོད་ཀྱང་བསྲུང༌། དུས་ངེས་པ་དང་བྲལ་བ་དུས་ཐམས་ཅད་དུ་བསྲུང༌། ཚེ་ངེས་པ་དང་བྲལ་བ་འཁྲུག་པ་དང་འཐབ་པ་དང༌། སྐྱིད་བྱེད་པ་ལ་སོགས་པ་གནས་སྐབས་ཐམས་ཅད་དུ་བསྲུང༌། ཡན་ལག་ངེས་པ་དང་བྲལ་བ་དགེ་ཚུལ་གྱི་སྡོམ་པ་ཡན་ལག་མ་ཚང་བ་མེད་པ་བསྲུང༌། ཡུལ་ངེས་པ་དང་བྲལ་བ་སྡོམ་པ་དང་འགལ་བ་སྐྱེད་པའི་ཡུལ་མཐའ་དག་ལ་དམིགས་ཏེ་བསྲུང་སྙམ་པ་གྱིས། དེ་ངེས་པ་ལྔ་དང་བྲལ་བ་ཡིན། ཀུན་སློང་ལ་ཐམས་ཅད་དུ་མྱ་ངན་ལས་འདས་པའི་བསམ་པས་ཟིན་པ་ཞེས་བྱ་བ་བདག་གིས་འཁོར་བའི་སྡུག་བསྔལ་རྒྱུ་དང་བཅས་པ་སྤང༌། རྣམ་གྲོལ་མྱ་ངན་ལས་འདས་པ་ཐོབ་པར་བྱ། དེའི་དོན་དུ་སྡོམ་པ་བླངས་ལ་བསྲུང་སྙམ་དུ་བསྒོམས། འདུན་པའི་ཀུན་སློང་བདག་གིས་ཅི་ནས་ཀྱང་དགེ་ཚུལ་གྱི་སྡོམ་པ་ཐོབ་ན་ཅི་མ་རུང་སྙམ་པའི་འདུན་པ་གྱིས། ཐོབ་དུས་གོ་བ་ནི་སློབ་དཔོན་གྱིས་སྡོམ་པ་སྐྱེའོ་ཞེས་གསུང་བའི་ཚེ་སྐྱེ་འགྱུར་དང༌། སྐྱེས་སོ་ཞེས་གསུངས་པའི་ཚེ་སྐྱེས་ཟིན་དུ་གོ་བར་གྱིས། དེ་དག་བསམ་པ་མཐུན་པའི་རྐྱེན་ཡིན། ཆོ་ག་མཐུན་པའི་རྐྱེན་ལ་བདག་དཀོན་མཆོག་གསུམ་གྱི་རྗེས་སུ་མཁན་སློབ་དགེ་འདུན་དང་བཅས་པས་རབ་ཏུ་དབྱུང་བར་ཞུ་སྙམ་དུ་འདུན་པ་བསྐྱེད་ལ་རྗེས་སུ་ཟློས་ཤིག་ཅེས་བརྗོད་ནས། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསདྒྷཱ་ཡ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིགས་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སོ། །དེ་ལེགས་པར་གསུངས་པའི་དམ་པའི་ཆོས་ནི། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། རྣམ་པར་དཀར་བ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བའོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི། ལེགས་པར་ཞུགས་པ། རིགས་པར་ཞུགས་པ། དྲང་པོར་ཞུགས་པ། མཐུན་པར་ཞུགས་པ། ཆོས་རྗེས་སུ་བསྒྲུབ་པ་སྟེ། དེ་དག་གི་རྗེས་སུ་བདག་ཀྱང་རབ་ཏུ་དབྱུང་དུ་གསོལ། ཞེས་ལན་གསུམ་གསོལ་བ་གདབ་བོ། །དེ་ལྟར་གསོལ་བ་བཏབ་ནས་ཆོ་ག་དངོས་ནི། འདུལ་བ་མདོ་ལས། དགེ་བསྙེན་ཉིད་དང༌། དགེ་ཚུལ་ཉིད་དང༌། དགེ་སློང་ཉིད་སྔ་མ་སྔ་མ་བསྙེན་པ་མ་རྫོགས་པར་ཕྱི་མ་ཕྱི་མ་མི་བྱའོ། །ཞེས་འབྱུང་བས། ཐོག་མར་དགེ་བསྙེན་བྱ་བ་སངས་རྒྱས་ལ་ཕྱག་འཚོལ། དེ་ནས་སློབ་དཔོན་ལ་ཕྱག་འཚོལ་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཐོབ་པར་བྱ། དེའི་དོན་དུ་དགེ་བསྙེན་གྱི་སྡོམ་པ་བླང་སྙམ་དུ་སྒོམས་ལ་ལད་མོ་གྱིས་ཞེས་བརྗོད་ནས། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ། །དགེ་བསྙེན་དུ་བཙུན་པས་གཟུང་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ཚིག་གསུམ་པ་ལ་སློབ་དཔོན་གྱིས་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་སློབ་དཔོན་གྱིས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །དགེ་བསྙེན་གྱིས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ནི་དགེ་བསྙེན་གྱི་སྡོམ་པ་སྦྱིན་པའོ། །དེ་ནས་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་ཇི་ལྟར་བསྲུངས་པ་ལྟར། བདག་གིས་ཀྱང་ཇི་སྲིད་འཚོའི་བར་དུ་བསླབ་པའི་གཞི་ལྔ་བསྲུང་སྙམ་པ་སྒོམས་ལ་ལད་མོ་གྱིས་ཞེས་བརྗོད་ནས། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས། ཇི་སྲིད་འཚོའི་བར་དུ། སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང༌། དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ། སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ། མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་གཡེམ་པ་དང༌། རྫུན་དུ་སྨྲ་བ་དང༌། འབྲུའི་ཆང་དང༌། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང༌། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་གཡེམ་པ་དང༌། རྫུན་དུ་སྨྲ་བ་དང༌། འབྲུའི་ཆང་དང༌། བཅོས་པའི་ཆང་མྱོས་པར་འགྱུར་བ། བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང༌། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་ལྔ་པ་འདིས། བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །སློབ་དཔོན་གྱིས་ཐབས་ཡིན་ནོ། །ཞེས་བརྗོད་པར་བྱའོ། །དགེ་བསྙེན་གྱིས་ལེགས་སོ་ཞེས་བརྗོད་དུ་གཞུག་གོ །དགེ་བསྙེན་ཉིད་དུ་ཉེ་བར་སྒྲུབ་པའི་ཆོ་གའོ། །དེ་ནས་དགེ་ཚུལ་དུ་བསྒྲུབ་པ་ལ། སྦྱོར་བ་དང་དངོས་གཞི་གཉིས་ཡོད། སྦྱོར་བ་ལ་བཞི། དགེ་འདུན་ལ་ཞུ་བ། མཁན་པོར་གསོལ་བ་གདབ་པ། རྟགས་དང་ཆ་ལུགས་སྦྱིན་པ། བར་མ་རབ་ཏུ་དབྱུང་བའོ། །དང་པོ་རབ་ཏུ་འབྱིན་པར་གསོལ་བ་འདེབས་པ་ལ། ཁྱོད་ཀྱི་ཚིག་གིས་གསོལ་བ་བཏབ་པས་མི་ཕན། བསྙེན་པར་རྫོགས་པའི་དགེ་སློང་གཅིག་གིས་ཆོ་ག་ལས་འབྱུང་བ་བཞིན་གསོལ་བ་འདེབས་དགོས་པ་ཡིན་པས། ངས་གཏད་ཅེས་བརྗོད་ནས། དགེ་སློང་ཆེ་གེ་མོ་ཞེས་བྱ་བ། ཚེ་དང་ལྡན་པ་ཆེ་གེ་མོ་ཞེས་བྱ་བ་འདི། རབ་ཏུ་དབྱུང་བའི་དོན་དུ། དགེ་འདུན་ལ་ཞུ་བ་ཅིག་མཛོད་ཅེས་བསྒོ། དགེ་སློང་དེས་ཀྱང་འདི་རྣམས་བར་ཆད་ཀྱིས་ཡོངས་སུ་དག་གམ་ཞེས་དྲི། མཁན་པོས་ཀྱང་དག་གོ་ཞེས་ལན་གདབ། དེ་ནས་བསྒྲུབ་བྱ་རྣམས་ཀྱིས་དགེ་འདུན་ལ་ཕྱག་འཚལ་ནས་ཐལ་མོ་སྦྱར་དུ་བཅུག་ལ། དགེ་སློང་གི་དགེ་འདུན་རྒན་རིམ་གྱིས་མཐའ་ལོགས་སུ་འགྲེང་སྟེ། འདུད་པ་དང་བཅས་པས་འདི་ལྟར་ཞུའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་འདི། མཁན་པོ་མིང་འདི་ཞེས་བྱ་བ་ལས་རབ་ཏུ་འབྱུང་བར་འཚལ་ཏེ། ཁྱིམ་པ་གོས་དཀར་པོ་ཅན། སྐྲ་དང་ཁ་སྤུ་མ་བྲེགས་པ་ལ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་རབ་ཏུ་འབྱུང་བར་འཚལ་ཏེ། མིང་འདི་ཞེས་བགྱི་བ་འདི་རབ་ཏུ་འབྱུང་བར་འཚལ་ཞིང་སྐྲ་དང་ཁ་སྤུ་བྲེགས་ནས། གོས་ངུར་སྨྲིག་བགོས་ཏེ། ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར། མཁན་པོ་མིང་འདི་ཞེས་བགྱི་བ་ལས་རབ་ཏུ་འབྱུང་སྟེ། དེ་ཡང་བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་གོ །ཞེས་ཁོ་ན་ཉིད་མཆི་ན་ཅི་དེ་རབ་ཏུ་དབྱུང་ངམ། དེ་དག་ཐམས་ཅད་ཀྱིས་གལ་ཏེ་ཡོངས་སུ་དག་ནའོ། །ཞེས་བརྗོད་པར་བྱའོ། །གལ་ཏེ་དེ་སྐད་བརྗོད་ན་དེ་ལྟར་ན་ལེགས། གལ་ཏེ་མི་བརྗོད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ནི་རབ་ཏུ་འབྱུང་བར་འདོད་པའི་ཞུ་བའོ། །དེ་ནས་ཁྱེད་རབ་ཏུ་དབྱུང་བ་ལ། འབྱིན་མཁན་གྱི་མཁན་པོ་ཅི་དགོས། དེའི་མཚན་ཉིད་བཙུན་པ་བརྟན་པའི་ཡན་ལག་ཏུ་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པ་དང༌། མཁས་ཤིང་ཕན་འདོགས་པའི་ཡན་ལག་ཏུ་ལྔ་ཕྲུགས་ཉི་ཤུ་རྩ་གཅིག་ལས། གང་ཡང་རུང་བ་དང་ལྡན་པ་དང༌། མེད་དུ་མི་རུང་བ་འདུལ་བའི་ཆོ་ག་ཡན་ལག་དང་བཅས་པ་ཤེས་པ་ཅིག་དགོས་པ་ཡིན་ནའང་ང་ལ་ཅི་རིགས་པར་ཚང་བ་ཡིན་པས། སྔར་སློབ་དཔོན་ཡིན་ཀྱང་ད་མཁན་པོར་གསོལ་བ་གདབ་སྙམ་པའི་འདུན་པ་གྱིས་ལ་ལད་མོ་གྱིས་ཞེས་བརྗོད་ནས། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། སློབ་དཔོན་ལ་མཁན་པོར་གསོལ་གྱི། སློབ་དཔོན་བདག་གི་མཁན་པོ་མཛད་དུ་གསོལ། སློབ་དཔོན་མཁན་པོས་བདག་རབ་ཏུ་དབྱུང་བར་བགྱིའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ཚིག་གསུམ་པ་ལ་མཁན་པོ་མཁན་པོས་ཞེས་བརྗོད་པར་བྱའོ། །མཁན་པོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །རབ་ཏུ་འབྱུང་བར་འདོད་པས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ནི་མཁན་པོར་གསོལ་བའོ། །དེ་ནས་རབ་ཏུ་བྱུང་བའི་རྟགས་སྦྱིན་པའི་དོན་དུ། མཁན་པོས་དགེ་སློང་ཅིག་ལ་ཁྱོད་ཀྱིས་ཚེ་དང་ལྡན་པ་འདི་རྣམས་ལ་སྤྲོ་བ་དྲི་བ་དང་ཡོ་བྱད་རྣམས་བྱིན་ཞེས་བསྒོས་ནས། དགེ་སློང་དེས་ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་གཙུག་ཕུད་འབྲེག་པར་སྤྲོའམ། དེས་ཀྱང་སྤྲོའོ། །ཞེས་ལན་བཏབ་པ་དང༌། གཙུག་ཕུད་བྲེགས་ནས་རྐང་པ་དང་ལག་པ་དང་གདོང་བཀྲུས་ནས་མཁན་པོའི་རྐང་པ་ལ་ཕྱག་འཚལ་ནས་མདུན་དུ་གནས་པ་ལ་ཡོ་བྱད་རྣམས་སྦྱིན་པར་བྱ་སྟེ། འདི་སྨད་དུ་རྒྱུན་དུ་བགོ་བར་བྱ་བ་མཐའ་གོས་ཡིན། འདི་སྟོད་དུ་རྒྱུན་དུ་བགོ་བར་བྱ་བ་ཆོས་གོས་བྱ་བ་ཡིན། འདི་གཉིས་ཀྱིས་ཁྱིམ་པ་དང་མུ་སྟེགས་ཅན་དང་མ་འདྲེས་ཤིང༌། རང་སྡོམ་པ་དང་བཅས་པས་ཚུལ་ཁྲིམས་དང་འགལ་བ་བྱར་མི་ཉན་པའི་བརྗེད་ཐོ་ལྟ་བུར་ཀྱང་ཤེས་པར་གྱིས་ལ་གོན་ཞེས་བརྗོད་ནས་ཐར་བའི་རྒྱལ་མཚན་བརྟན་པར་གྱུར་ཅིག ཚངས་པར་སྤྱོད་པའི་ཚེ་མཐར་ཕྱིན་པར་གྱུར་ཅིག ཅེས་བརྗོད་ལ་གོས་ཆོས་བསྐོན། འདི་གང་ཟག་གི་སྟན་ཁྲ་བོ་ཕལ་ཆེར་མ་ཉམས་པ་དང༌། དགེ་འདུན་གྱི་གནས་མལ་དང་རང་གི་ཆོས་གོས་ཆུད་མི་གསོན་པའི་དོན་དུ་སྟན་དུ་འདིངས་པ་ཡིན། ཞེས་བརྗོད་ནས་གདིང་བ་སྦྱིན། འདི་གང་ཟག་དང་དགེ་འདུན་ལས་ཐོབ་པའི་ཁ་ཟས་བླུགས་ནས་ལོངས་སྤྱོད་པའི་སྣོད་ཡིན། དེས་མཚོན་ནས་རང་གི་རྒྱུད་ཡོན་ཏན་གྱིས་གང་བར་གྱིས་ལ། རང་གཞན་གྱིས་ལོངས་སྤྱོད་པའི་བརྡ་ཡང་ཡིན། ཞེས་བརྗོད་ནས་ལྷུང་བཟེད་སྦྱིན། འདིས་སྲོག་ཆགས་དང་བཅས་པའི་ཆུ་བཙགས་ནས་འཐུང་བའི་ཡོ་བྱད་དུ་བྱེད་པ་ཆུ་ཚགས་ཡིན། དེས་མཚོན་ནས་སྐམ་ན་གནས་པ་ལ་སོགས་པའི་སེམས་ཅན་ཐམས་ཅད་ལ་དངོས་དང་བརྒྱུད་པའི་སྒོ་ནས་འཚེ་བ་མ་བྱེད་ཟེར་བའི་བརྡ་ཡིན། ཞེས་བརྗོད་ལ་ཆུ་ཚགས་སྦྱིན་ནོ། །ཤམ་ཐབས་བསྐོན་པའི་ཚེ་མཚན་ཇི་ལྟར་གནས་པ་བརྟགས་ལ་མཁན་པོ་ལ་བཟླ་བར་བྱའོ། །དེ་ནས་བར་མ་རབ་ཏུ་དབྱུང་བའི་ཕྱིར་ཐོག་མར་སངས་རྒྱས་དང༌། དེ་ནས་མཁན་པོ་ལ་ཕྱག་འཚལ་དུ་བཅུག་ལ། མཁན་པོའི་མིང་གི་མཐའ་དང་ལྡན་པའི་མིང་བྱིན་ནས། བདག་དུས་འདི་ནས་བཟུང་ནས་ཇི་སྲིད་འཚོའི་བར་དུ་དཀོན་མཆོག་གསུམ་ལ་སྐྱབས། སྟོན་པ་སངས་རྒྱས་ཀྱི་རྗེས་སུ་རབ་ཏུ་འབྱུང་སྙམ་དུ་སོམས་ལ་ལད་མོ་གྱིས། ཞེས་བརྗོད་ལ། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། ཤཱཀྱ་སེང་གེ ཤཱཀྱའི་རྒྱལ་པོ། གཙོ་བོ་དེ་རབ་ཏུ་བྱུང་བའི་རྗེས་སུ་བདག་ཀྱང་རབ་ཏུ་འབྱུང་སྟེ་ཁྱིམ་པའི་རྟགས་སྤོང་ངོ༌། །རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་ཏོ། །ཡང་དག་པར་འཇུག་པར་བགྱིའོ། །དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་མཁན་པོ་མིང་འདི་ཞེས་བགྱི་བས་སོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། མཁན་པོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །རབ་ཏུ་བྱུང་བས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ནི་རབ་ཏུ་བྱུང་བ་ཉེ་བར་བསྒྲུབ་པའོ། །དེའི་འོག་ཏུ་དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པ་བྱེད་པའི་དགེ་སློང་ལ་གཏད་པར་བྱ་སྟེ། དགེ་སློང་དགེ་བའི་བཤེས་གཉེན་ཆེ་གེ་མོ་ཞེས་བགྱི་བས། ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ལ། དགེ་ཚུལ་གྱི་བསླབ་པ་སྦྱིན་པར་ཞུ་ཞེས་བརྗོད། དེས་ཀྱང་ཚེ་དང་ལྡན་པ་འདིའི་བར་ཆད་ཀྱིས་ཡོངས་སུ་དག་གམ་ཞེས་དྲི། མཁན་པོས་ཀྱང་ཡོངས་སུ་དག་གོ་ཞེས་བརྗོད། དེ་ནས་སློབ་དཔོན་གྱིས་གོང་དུ་བཤད་པ་ལྟར། ངེས་པ་ལྔ་དང་བྲལ་བ་དང༌། ངེས་པར་ཐོབ་པར་འདོད་པའི་འདུན་པ་དང༌། ཐོབ་དུས་གོ་བར་བྱ་བ་རྣམས་བསྟན་ནས། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་དགེ་ཚུལ་གྱི་སྡོམ་པ་བླངས་ལ་བསྲུང་སྙམ་དུ་སོམས་ལ་ལད་མོ་གྱིས་ཞེས་བརྗོད་ནས། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ། དགེ་ཚུལ་དུ་བཙུན་པས་གཟུང་དུ་གསོལ་ལོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ཚིག་གསུམ་པ་ལ་སློབ་དཔོན་གྱིས་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་སློབ་དཔོན་གྱིས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །དགེ་ཚུལ་གྱིས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ནི་དགེ་ཚུལ་གྱི་སྡོམ་པ་སྦྱིན་པའོ། །དེ་ནས་མཇུག་གི་ཆོ་ག་ལ་གཉིས་ཡོད་པའི། བསྙེན་བཀུར་གྱི་གནས་དང་གནས་མ་ཡིན་པ་ཤེས་པར་བྱ་བའི་ཕྱིར། ཐོབ་པའི་དུས་གོ་བར་བྱ་བ་ནི་དགེ་སློང་གཞན་ཞིག་གིས། ཁྱེད་སྦྱོར་བ་དང་དངོས་གཞིའི་ཆོ་གས་དགེ་ཚུལ་དུ་གྱུར་པ་ཡིན། དེའི་དུས་ལོ་འདི་དང༌། ཟླ་བ་འདི་དང༌། ཡར་ངོ་མར་ངོའི་ཕྱོགས་འདི་དང༌། ཚེས་གྲངས་འདི་དང༌། ཉིན་མཚན་གྱི་ཆ་འདི་དང༌། གྲིབ་ཚོད་འདི་ལ་རབ་ཏུ་བྱུང་བ་ཡིན་པས། རང་བས་བསླབ་པ་རྒན་པ་ལ་ཕྱག་དང་བསྙེན་བཀུར་བར་གྱིས། གྲལ་མགོར་ཞོག རང་བས་གཞོན་པའི་ཕྱག་དང་བསྙེན་བཀུར་དང་དུ་ལོང༌། རང་གྲལ་མགོར་སྡོད། མཉམ་པ་རྣམས་ལ་བསླབ་པའི་སྒོ་ནས་ཕྱག་འཚལ་མི་དགོས། གྲལ་སྔོན་དུ་འོང་བ་ཐོག་མར་སྡོད་པ་ཡིན། དེ་ལྟར་བྱས་པའི་ཕན་ཡོན་རང་གཞན་གྱི་བསླབ་པ་ལ་གུས་པ་དང༌། འཇིག་རྟེན་གྱི་ཆོས་དགེ་བ་དང་མཐུན་པ་དང༌། དགེ་འདུན་འདུ་འཚོགས་དང་བགོ་བཤའ་བྱེད་པ་སླ་བ་ལ་སོགས་པའི་དགོས་པ་ཡོད་པ་ཡིན་ནོ། །ཞེས་བརྗོད་དོ། །དེ་ནས་སློབ་དཔོན་གྱི་མཇུག་གི་ཆོ་ག་གཉིས་པ་ལ་བསླབ་པ་བརྗོད་པ་ནི། ཁྱོད་ཀྱིས་སྡོམ་པ་བླངས་པས་མི་ཆོག བསྲུང་དགོས་པ་ཡིན། བསྲུང་བ་ལ་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་བསྲུངས་པ་ལྟར། བདག་གིས་ཇི་སྲིད་འཚོའི་བར་དུ་རྩ་བ་བཞི། ཡན་ལག་དྲུག་བསྲུང་སྙམ་དུ་སོམས་ལ་ལད་མོ་གྱིས་ཞེས་བརྗོད་ལ། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས། ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང༌། མི་ཚངས་པར་སྤྱོད་པ་དང༌། བརྫུན་དུ་སྨྲ་བ་དང༌། འབྲུའི་ཆང་དང༌། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང༌། གླུ་གར་དང༌། རོལ་མོའི་སྒྲ་དང༌། ཕྲེང་བ་དང༌། སྤོས་ཉུག་པ་དང༌། རྒྱན་དང༌། ཁ་དོག་འཆང་བ་དང༌། ཁྲི་སྟན་མཐོན་པོ་དང༌། ཁྲི་སྟན་ཆེན་པོ་དང༌། དུས་མ་ཡིན་པའི་ཁ་ཟས་དང༌། གསེར་དངུལ་ལེན་པ་སྤངས་ཏེ། གསེར་དངུལ་ལེན་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང༌། མི་ཚངས་པར་སྤྱོད་པ་དང༌། བརྫུན་དུ་སྨྲ་བ་དང༌། འབྲུའི་ཆང་དང༌། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང༌། གླུ་གར་དང༌། རོལ་མོའི་སྒྲ་དང༌། ཕྲེང་བ་དང༌། སྤོས་ཉུག་པ་དང༌། རྒྱན་དང་ཁ་དོག་འཆང་བ་དང༌། ཁྲི་སྟན་མཐོན་པོ་དང༌། ཁྲི་སྟན་ཆེན་པོ་དང༌། དུས་མ་ཡིན་པའི་ཁ་ཟས་དང༌། གསེར་དངུལ་ལེན་པ་སྤངས་ཏེ། གསེར་དངུལ་ལེན་པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་བཅུ་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །སློབ་དཔོན་གྱིས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །དགེ་ཚུལ་གྱིས་ལེགས་སོ་ཞེས་བརྗོད་པར་བྱའོ། །དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པའི་ཆོ་གའོ།།  །།དེ་ནས་དགེ་སློང་དུ་ཉེ་བར་བསྒྲུབ་པའི་ཕྱིར། དུས་དེ་ཉིད་དམ་གཞན་དུའང་རུང་སྟེ། མཁན་པོ་དང༌། སློབ་དཔོན་གཉིས་དད་པའི་དགེ་འདུན་མཚན་ཉིད་དང་ལྡན་ཞིང་གྲངས་ཚང་བ་བསོགས་ནས། ཐམས་ཅད་ཀྱི་ཉེས་ལྟུང་བཤགས་ཤིང་བསྡམས་ནས། གྲལ་ལ་འཁོད་པ་དང་བསྙེན་པར་རྫོགས་པར་འདོད་པ་ཚོགས་སུ་མ་གྱུར་པ་གསུམ་ཡན་ཆད་འདུས་ནས་ཕྱག་འཚལ་ཏེ། མེ་ཏོག་བསྡུས་པ་མཁན་པོ་ལ་སོགས་པ་རྣམས་ལ་ཕུལ་བ་དང༌། ཐམས་ཅད་ལངས་ཏེ་མཁན་པོས་འདུད་པ་དང་བཅས་པས་ཚེ་དང་ལྡན་པ་ཆེ་གེ་མོ་ཞེས་བགྱི་པ་འདི། བསྙེན་པར་རྫོགས་པར་འཚལ་བའི་སླད་དུ། དགེ་སློང་དགེ་བའི་བཤེས་གཉེན་ཆེ་གེ་མོ་ཞེས་བྱ་བས་ལས་ཀྱི་སློབ་དཔོན་མཛད་པར་ཞུ། དགེ་སློང་དགེ་བའི་བཤེས་གཉེན་ཆེ་གེ་མོ་ཞེས་བྱ་བས་བར་ཆད་ཀྱི་ཆོས་རྣམས་གསང་སྟེ་རྗེས་སུ་བསྟན་པར་ཞུ། འདིར་འདུས་པའི་དགེ་སློང་ཐམས་ཅད་ཀྱིས་དད་པའི་དགེ་འདུན་མཛད་ནས། བསྙེན་པར་རྫོགས་པའི་ཕྲིན་ལས་ལ་ཐུགས་གཏད་པར་ཞུ། ཞེས་བརྗོད་ནས་སོ་སོའི་སྟན་ལ་སྤྱོད་ལམ་མཐུན་པར་འཁོད་དོ། །དེ་ནས་སངས་རྒྱས་དང༌། ཆོས་དང༌། མཁན་པོས་གཙོ་བྱས་པའི་དགེ་འདུན་སོ་སོ་ལ་ཕྱག་གསུམ་གསུམ་འཚལ་དུ་བཅུག་ནས། དེ་ནས་མཁན་པོས་བསྒྲུབ་བྱ་རྣམས་ལ། སེམས་ཅན་ཐམས་ཅད་ལ་དངོས་དང་ཆ་མཐུན་གྱི་སྒོ་ནས་སྐྱེ་རྒ་ན་འཆི་ལ་སོགས་པ་སྡུག་བསྔལ་གྱི་སྡུག་བསྔལ་དང༌། གནས་སྐབས་བདེ་ཡང་མྱུར་དུ་འཇིག་ཅིང་ཉམས་པར་འགྱུར་བས་འགྱུར་བའི་སྡུག་བསྔལ་དང༌། རྒྱུ་ལས་དང་ཉོན་མོངས་པ་ལས་གྲུབ་པས་མངོན་པར་འདུ་བྱེད་པའི་སྡུག་བསྔལ་ཁྱབ་བྱེད་དུ་ཡོད་པ་དེས་ན། ཁམས་གསུམ་འཁོར་བ་གང་དུ་སྐྱེས་ཀྱང་གྲོག་དང་བདེ་བ་མེད་པས། སྡུག་བསྔལ་གྱི་རྒྱུ་ལས་དང་ཉོན་མོངས་པ་ཐམས་ཅད་རྣམ་པར་དག་ཅིང༌། རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྒྲུབས་པས་ཟག་མེད་ཀྱི་བདེ་བ་དང་ཡོན་ཏན་དུ་མ་དང་ལྡན་པ། རྣམ་གྲོལ་མྱ་ངན་ལས་འདས་པ་ཡིན། དེའི་ཡང་མཆོག་དང་དམ་པར་གྱུར་པ་སངས་རྒྱས་ཡིན་པས་དེའི་གོ་འཕང་བསྒྲུབ་དགོས། སངས་རྒྱས་པའི་ཐབས་དམ་པའི་ཆོས་ཡིན། ཆོས་བསྒྲུབ་པའི་གཞི་ཚུལ་ཁྲིམས་རིན་པོ་ཆེ་ཡིན། སོ་སོར་ཐར་པའི་མཆོག་དེ་དགེ་སློང་གི་སྡོམ་པ་ཡིན་ཏེ། རང་ལ་བླང་དོར་ཐམས་ཅད་རྫོགས་པར་ལོངས་སྤྱོད་ཅིང༌། སངས་རྒྱས་ཀྱི་བསྟན་པའི་རྩ་བ་ལས་མ་མོ་བརྒྱ་རྩ་གཅིག་གིས་ཁ་སྐོང་དང༌། གཞན་ལ་སྡོམ་པ་འབོགས་པ་ལ་དབང་བ་ཡིན། དེ་ཡང་འཇམ་དཔལ་རྩ་བའི་རྟོག་པ་ལས། སངས་རྒྱས་བསྟན་པ་རིན་ཆེན་སྒྲོན། །འབར་བའི་སྣོད་ནི་དཀའ་ཐུབ་ཅན། །ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས། །དགེ་སློང་རྣམས་ནི་ཡིན་པའི་ཕྱིར། །ཞེས་གསུངས་པ་ཡིན། དགེ་སློང་དེ་ཡང་སྟེས་དབང་དང་ཅི་བདེས་འགྲུབ་པ་མ་ཡིན། རྒྱུ་རྐྱེན་ཕུན་སུམ་ཚོགས་པ་ལས་འགྲུབ་པ་ཡིན། དེའང་ལུང་གཅིག་ལས་འཕྲོས་པ་ཞེས་བྱ་བ་ལས་འབྱུང་བའི་དོན་བོད་ཀྱི་འདུལ་བ་འཛིན་པ་རྣམས་ཀྱིས་ཚིགས་བཅད་དུ་བསྡེབས་པ། སངས་རྒྱས་ཆོས་དང་དགེ་འདུན་དང༌། །མཁན་པོ་སློབ་དཔོན་བསྙེན་རྫོགས་འདོད། །ཡོ་བྱད་ཡོངས་སུ་དག་པ་དང༌། །གསོལ་དང་ལས་ནི་མངོན་སུམ་མོ། །ཞེས་འབྱུང་བ་ཡིན། དེ་ལྟར་བཅུ་པོ་དེ་གང་ལས་བླང་བའི་ཡུལ། གང་གིས་ལེན་པའི་གང་ཟག ཇི་ལྟར་ལེན་པའི་ཚུལ་གསུམ་དུ་འདུས། དེ་ལ་ཡུལ་ལ་ལྔ་ཡོད་པའི་སངས་རྒྱས་ཀྱི་རྟེན་རབ་ཏུ་གནས་པ་བྱས་པའི་སངས་རྒྱས་ཀྱི་སྐུ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད་པ་དང༌། མཁན་སློབ་དགེ་འདུན་དང་བཅས་པའི་ཐུགས་རྒྱུད་ལ་གནས་པའི་ཆོས་དང༌། དེའི་རྟེན་པུ་སྟི་གླེགས་བམ་དང༌། མཚན་ཉིད་ཀྱི་ཡན་ལག་བཅུ་བཞི་དང་ལྡན་པའི་དགེ་འདུན་ཡུལ་དབུས་སུ་བཅུ། མཐའ་འཁོབ་ཏུ་མཁན་པོ་དང་བཅས་པའི་ལྔས་གྲངས་ཚང༌། མི་མཐུན་པ་མེད་པ་ལ་དམིགས་དང་རིགས་ཀྱིས་བསལ་བ་ལ་མ་འདུས་པ་མེད་པ་དང༌། འདུས་པ་ཕྱིར་བཟློག་པའི་ཉེས་པ་དང་བྲལ་བའི་དགེ་འདུན་དང༌། གོང་དུ་བསྟན་པའི་མཚན་ཉིད་དང་ལྡན་པའི་མཁན་པོ་དང༌། དགེ་སློང་གི་སྡོམ་པ་དང་ལྡན་ཞིང༌། ལས་ཀྱི་ཆོ་ག་ལ་མཁས་པའི་ལས་ཀྱི་སློབ་དཔོན་དང༌། འདུན་པ་དང༌། ཞེ་སྡང་དང༌། འཇིགས་པ་དང༌། རྨོངས་པས་འགྲོ་བའི་འགྲོ་བ་བཞི་དང་བྲལ་ཞིང་དགེ་སློང་གི་སྡོམ་པ་དང་ལྡན་ལ་བར་ཆད་འདྲི་བ་དང༌། ནང་དུ་འོང་བར་ཞུ་བ་ལ་མཁས་པའི་གསང་སྟེ་སྟོན་པ་སྟེ། ཡུལ་ལྔའང་ཚང༌། གང་གིས་ལེན་པའི་གང་ཟག་ལ་རྟེན་མཐུན་པའི་རྐྱེན་གླིང་གསུམ་དུ་སྐྱེས་པའི་སྐྱེས་པ་དང་བུད་མེད་མཚན་དང་ལྡན་ཞིང་ལོ་ཉི་ཤུ་ལོན་པ། ཆོ་གའི་སྤྱོད་ཡུལ་དུ་གྱུར་པ། ཚིག་སྔ་མ་ཡན་ཆད་བླངས་ཤིང་ཆགས་པ་ཅིག་དགོས། འདོད་པ་མངོན་དུ་གྱུར་པ་བསམ་པ་དག་པ་ནས་ལེན་པར་འདོད་པའི་རྒྱུའི་ཀུན་སློང་དང༌། ཐོབ་དུས་གོ་བ་དུས་ཀྱི་ཀུན་སློང་དང༌། གོང་དུ་བསྟན་པ་བཞིན་ངེས་པ་ལྔ་དང་བྲལ་བ་དང༌། ལེན་པ་དང་བསྲུང་བའི་གནས་སྐབས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་དགེ་སློང་གི་སྡོམ་པ་བླངས་ལ་བསྲུང་སྙམ་དུ་སྒོམས། ཐམས་ཅད་དུ་ངེས་འབྱུང་གི་བསམ་པས་ཟིན་པ་སྟེ་འདོད་པ་མངོན་སུམ་དུ་གྱུར་པ་ཡིན། རྒྱུ་ཁ་དོག་དབྱིབས་གསུམ་གྱི་སྒོ་ནས་རུང་ཞིང་ཚད་དང་ལྡན་པའི་ཆོས་གོས་གསུམ། ལྷུང་བཟེད་རྣམས་མཁན་པོས་བྱིན་གྱིས་བརླབས་ནས་གནང་བ་དང༌། གདིང་བ་དང་ཆུ་ཚགས་མཚན་ཉིད་དང་ལྡན་པ་མཁན་པོའི་ཚིག་གིས་གནང་བ་སྟེ། ཡོ་བྱད་མངོན་དུ་གྱུར་པ་དང༌། སྐྱེ་བ་དང༌། གནས་པ་དང༌། མཛེས་པ་དང༌། ཁྱད་པར་དུ་འགྲོ་བའི་གེགས་དང་བྲལ་བ་ཅིག་དགོས། དེ་གསང་སྟེ་སྟོན་པས་ལྐོག་དང༌། ལས་ཀྱི་སློབ་དཔོན་གྱིས་མངོན་སུམ་དུ་དྲིས་ནས་ངེས་པར་བྱས་ནས་ཡོངས་སུ་དག་པ་མངོན་སུམ་དུ་གྱུར་པ་ཡིན། ཇི་ལྟར་ལེན་པའི་ཚུལ་གྱིས་དངོས་གཞི་གསོལ་བ་དང༌། ལས་མངོན་སུམ་དུ་གྱུར་པ་ཡིན་ཏེ། དེ་ཡང་ད་ལྟ་ཉིད་དུ་འགྲུབ་འོང་བས་དེ་ལྟར་མངོན་དུ་གྱུར་པ་བཅུ་ལ་བརྟེན་ནས་བསྙེན་པར་རྫོགས་པར་འགྱུར་བ་ཡིན། ད་སྦྱོར་བའི་ཆོ་ག་ལ་གང་གིས་བསྙེན་པར་རྫོགས་པར་བྱེད་པའི་མཁན་པོར་གསོལ་བ་གདབ་པ། གང་བསྙེན་པར་རྫོགས་པར་བྱ་བ་ལ་ཡོ་བྱད་སྦྱིན་པ། བར་ཆད་དང་བྲལ་བ་ངེས་པར་བྱ་བའི་ཕྱིར་གསང་སྟེ་སྟོན་པས་ལྐོག་ཏུ་བར་ཆད་དྲི་བ། གང་ལ་རག་ལས་པའི་ཡུལ་དགེ་འདུན་ལ་གསོལ་བ་གདབ་པ། དགེ་འདུན་ཐུགས་ཆེས་པར་བྱ་བའི་ཕྱིར་ལས་ཀྱི་སློབ་དཔོན་གྱིས་སྔོན་དུ་བར་ཆད་དྲི་བ་དང་ལྔ་ཡོད་པ་ཡིན། དེ་ལ་ཐོག་མ་མཁན་པོར་གསོལ་བ་འདེབས་པ་ཡིན་པས་ང་ལ་མཁན་པོར་ཞུ་སྙམ་དུ་སྒོམས་ལ་ལད་མོ་གྱིས་ཞེས་བརྗོད་ནས། དགེ་ཚུལ་གྱིས་མཁན་པོ་ཡིན་ན་མཁན་པོ། སློབ་དཔོན་ཡིན་ན་སློབ་དཔོན། མིན་ན་བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། བཙུན་པ་ལ་མཁན་པོར་གསོལ་གྱི། བཙུན་པ་བདག་གི་མཁན་པོ་མཛད་དུ་གསོལ། བཙུན་པ་མཁན་པོས་བདག་བསྙེན་པར་རྫོགས་པར་བགྱིའོ། །ཞེས་ལན་གཉིས་དང་གསུམ་པ་ལ། མཁན་པོ་མཁན་པོས་བདག་བསྙེན་པར་རྫོགས་པར་བགྱིའོ། །ཞེས་བརྗོད་ནས། མཁན་པོས་ཐབས་ཡིན་ནོ། །མཁན་བུས་ལེགས་སོ་ཞེས་བརྗོད་དོ། །དེ་ནས་ཡོ་བྱད་སྦྱིན་པའི་ཕྱིར་བསྒྲུབ་བྱ་རྣམས་ཀྱིས་མཁན་པོ་ལ་ཕྱག་འཚལ་ནས། མཁན་པོས་དགེ་སློང་ཞིག་ལ་ཚེ་དང་ལྡན་པ་ཆེ་གེ་མོའི་ལྷུང་བཟེད་དགེ་འདུན་ལ་བསྟན་པར་ཞུ་ཞེས་བརྗོད་པ་དང༌། དེས་ཀྱང་དགེ་འདུན་རྣམས་ལ་རིམ་པས་ཆེས་རྒན་པ་ལ་གནས་བརྟན་དང༌། ཅུང་ཟད་རྒན་པ་ལ་བཙུན་པ་དང༌། གཞོན་པ་ལ་ཚེ་དང་ལྡན་པ་དགོངས་སུ་གསོལ། ཚེ་དང་ལྡན་པ་ཆེ་གེ་མོའི་ལྷུང་བཟེད་འདི། མི་ཆེའམ། མ་ཆུང་ངམ། མི་སྐྱེའམ་ཞེས་དྲི། ཡུལ་དེ་རྣམས་ཀྱིས་ཀྱང་ལྷུང་བཟེད་བཟང་ངོ་ཞེས་བརྗོད་དོ། །དེ་ནས་ཆོས་གོས་གསུམ་པ་ཕྲག་པ་གཡོན་པ་ལ་བཀལ་ནས། འགྲེང་སྟེ་སྣམ་སྦྱར་ལག་པ་གཉིས་ཀྱིས་སྟེང་འོག་ཏུ་སྦྱར་ནས་འདི་སྐད་ཅེས། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་འདི། ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། །ཞེས་ལན་གསུམ་བརྗོད་ནས། མཁན་པོས་ཐབས་ཡིན་ནོ་དང༌། མཁན་བུས་ལེགས་སོ་ཞེས་བརྗོད་དོ། །དེ་ནས་བླ་གོས་བཟུང་ནས། འདི་སྐད་ཅེས་མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་འདི། ཆོས་གོས་བླ་གོས་སུ་བྱིན་གྱིས་བརླབ་བོ། །ཞེས་ལན་གསུམ་བརྗོད་ནས། མཁན་པོས་ཐབས་ཡིན་ནོ་དང༌། མཁན་བུས་ལེགས་སོ་ཞེས་བརྗོད་དོ། །དེ་ནས་ཤམ་ཐབས་བཟུང་ལ། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་འདི། ཆོས་གོས་མཐའ་གོས་སུ་བྱིན་གྱིས་བརླབ་བོ། །ཞེས་ལན་གསུམ་བརྗོད་ནས། མཁན་པོས་ཐབས་ཡིན་ནོ་དང༌། མཁན་བུས་ལེགས་སོ་ཞེས་བརྗོད་དོ། །གལ་ཏེ་དྲུབས་པའི་ཆོས་གོས་དག་མེད་ན། ཆོས་གོས་ཀྱི་རྒྱུ་དག་ལ་བྱིན་གྱིས་བརླབ་པར་བྱ་སྟེ་སྣམ་སྦྱར་གྱི་རྒྱུ་བཟུང་ལ། འདི་སྐད་ཅེས། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་འདི་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ་འཚལ་ལ། བར་ཆད་མ་བྱུང་ན་སྣམ་ཕྲན་དགུ་པ་ལ་སོགས་པ་བགྱི་སྟེ་གླེགས་བུ་ཕྱེད་དང་གསུམ་པ་ལ་སོགས་པར་བགྱིའོ། །བཀྲུའོ། །བརྐྱང་ངོ༌། །དྲའོ། །བསྡེབ་བོ། །ཟུངས་གདབ་བོ། །དྲུབ་བོ། །ཁ་བསྒྱུར་རོ། །ཡང་ན་འདི་ལ་ལྷན་ཐབས་སུ་གླན་ནོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིས་ཏེ་ཆོས་གོས་འདི་ནི་རུང་བ་སྤྱད་པར་འོས་པའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས་ནས། མཁས་པོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །སློབ་མས་ལེགས་སོ་ཞེས་བྱ་བ་བརྗོད་དོ། །དེ་ནས་བླ་གོས་ཀྱི་རྒྱུ་བཟུང་ནས། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་འདི་བླ་གོས་སུ་བྱིན་གྱིས་བརླབ་བོ་འཚལ་ལ་བར་ཆད་མ་བྱུང་ན་སྣམ་ཕྲན་བདུན་པར་བགྱི་སྟེ། གླེགས་བུ་ཕྱེད་དང་གསུམ་པར་བགྱིའོ། །བཀྲུའོ། །བརྐྱང་ངོ༌། །དྲའོ། །བསྡེབ་བོ། །ཟུངས་གདབ་བོ། །དྲུབ་བོ། །ཁ་བསྒྱུར་རོ། །ཡང་ན་འདི་ལ་ལྷན་ཐབས་སུ་གླན་ནོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱི་སྟེ། ཆོས་གོས་འདི་ནི་རུང་བ་སྤྱད་པར་འོས་པའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། མཁན་པོས་ཐབས་ཡིན་ནོ་དང༌། སློབ་མས་ལེགས་སོ་ཞེས་བརྗོད་དོ། །དེ་ནས་ཤམ་ཐབས་ཀྱི་རྒྱུ་བཟུང་ནས། འདི་སྐད་ཅེས་མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་འདི་མཐའ་གོས་སུ་བྱིན་གྱིས་བརླབ་བོ་འཚལ་ལ། བར་ཆད་མ་བྱུང་ན་སྣམ་ཕྲན་ལྔ་པར་བགྱི་སྟེ། གླེགས་བུ་ཕྱེད་དང་གཉིས་པར་བགྱིའོ། །བཀྲུའོ། །བརྐྱང་ངོ༌། །དྲའོ། །བསྡེབ་བོ། །ཟུངས་གདབ་བོ། །དྲུབ་བོ། །ཁ་བསྒྱུར་རོ། །ཡང་ན་འདི་ལ་ལྷན་ཐབས་སུ་གླན་ནོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱི་སྟེ། ཆོས་གོས་འདི་ནི་རུང་བ་སྤྱད་པར་འོས་པའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། མཁན་པོས་ཐབས་ཡིན་ནོ་དང༌། སློབ་མས་ལེགས་སོ་ཞེས་བརྗོད་དོ། །དེ་ནས་ལྷུང་བཟེད་བཟུང་ནས། འདི་སྐད་ཅེས། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ལྷུང་བཟེད་ཟས་ལ་སྤྱད་པར་འོས་པ་རུང་བ་དྲང་སྲོང་གི་སྣོད་འདི་བསླང་བའི་སྣོད་དུ་བྱིན་གྱིས་བརླབ་བོ། །ཞེས་ལན་གསུམ་བརྗོད་ནས། མཁན་པོས་ཐབས་ཡིན་ནོ་དང༌། མཁན་བུས་ལེགས་སོ་ཞེས་བརྗོད་དོ། །དེ་ནས་གདིང་བ་དང་ཆུ་ཚགས་ཀྱང་དགེ་ཚུལ་གྱི་སྐབས་ལྟར་སྦྱིན་ནོ། །དེ་ནས་ཆོས་གོས་གནང་བའི་སྐུ་དྲིན་གྱི་ཕྱག་འཚལ་དུ་བཅུག་ལ། བསྒྲུབ་བྱ་དེ་དག་ཐོས་པའི་ཉེ་འཁོར་ལས་བཀར་ཏེ། མཐོང་བའི་ཉེ་འཁོར་དུ་ཆོས་གོས་དག་གོན་དུ་བཅུག་ནས་དགེ་འདུན་ལ་ཕྱོགས་ཏེ་འགྲེང་སྟེ་འདུད་པ་དང་བཅས་པས་གཞག་གོ །དེ་ནས་ལྟུང་བ་མཐུན་པ་བྱིན་གྱིས་བརླབ་པའི་ཕྱིར། མཁན་པོའམ། སློབ་དཔོན་ནམ། དགེ་སློང་གང་ཡང་རུང་བ་ཅིག་གིས་དགེ་འདུན་རྣམས་ཀྱི་ལྟུང་བ་མཐུན་པ་རྣམས་བྱིན་གྱིས་བརླབས་ལ། བསྙེན་པར་རྫོགས་པར་ཕྲིན་ལས་ཀྱི་སྒྲིབ་པར་མི་འགྱུར་བར་བྱ་སྙམ་དུ་དགོངས་ལ་ཐུགས་གཏད་པར་ཞུ། ཞེས་བརྗོད་ནས། འདི་སྐད་ཅེས། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དེང་དགེ་འདུན་གྱི་བསྙེན་པར་རྫོགས་པའི་ཕྲིན་ལས་ལགས་ལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བ་དག་དང་བཅས་པར་གྱུར་ན། གང་གི་མདུན་དུ་ལྟུང་བ་དེ་དག་འཆགས་པར་བགྱིད་པ་ལ། བདག་ཅག་ལས་དགེ་སློང་འགའ་ཞིག་གནས་གཞན་དུ་མཆིས་ལ། དགེ་སློང་གི་མདུན་དུ་ལྟུང་བ་དེ་དག་ཆོས་བཞིན་དུ་སླར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དེང་དགེ་འདུན་གྱི་ལྟུང་བ་དེ་དག་བྱིན་གྱིས་བརླབས་ཏེ། བསྙེན་པར་རྫོགས་པའི་ཕྲིན་ལས་མཛད་ལ། སླད་ཀྱང་དགེ་སློང་གི་མདུན་དུ་ལྟུང་བ་དེ་དག་ཆོས་བཞིན་དུ་སླར་བརྗོད་དོ། །འདི་ནི་གསོལ་བའོ། །ཞེས་ལན་གཅིག་བརྗོད་དོ། །དེ་ནས་གནས་ཁང་དེའི་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པར་བསྙེན་པར་རྫོགས་པའི་གནས་སུ་དགོངས་པར་ཞུ་ཞེས་བརྗོད་ནས། འདི་སྐད་ཅེས་དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང༌། ཕྱི་རོལ་ཉེ་འཁོར་འདོམ་གང་བཅས་པ་འདི། དགེ་འདུན་གྱིས་བསྙེན་པར་རྫོགས་པའི་ཕྲིན་ལས་ཀྱི་གནས་སུ་བློ་མཐུན་པར་བཞེད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི། དགེ་འདུན་གྱི་བསྙེན་པར་རྫོགས་པའི་ཕྲིན་ལས་ཀྱི་གནས་སུ་ཐུགས་མཐུན་པར་བགྱིའོ། །འདི་ནི་གསོལ་བའོ། །དེས་གསོལ་བ་ཐལ་བརྗོད་པ་ལ་ཐུགས་གཏོད་མཛོད་ཅིག དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། གནས་ཐམས་ཅད་གྲུབ་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི། དགེ་འདུན་གྱི་བསྙེན་པར་རྫོགས་པའི་ཕྲིན་ལས་ཀྱི་གནས་སུ་བློ་མཐུན་པར་བཞེད་དེ། དེའི་སླད་དུ་དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི། དགེ་འདུན་གྱི་བསྙེན་པར་རྫོགས་པའི་ཕྲིན་ལས་ཀྱི་གནས་སུ་ཐུགས་མཐུན་པར་བགྱི་ན། ཚེ་དང་ལྡན་པ་གང་དག་གནས་ཐམས་ཅད་གྲུབ་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི། དགེ་འདུན་གྱིས་བསྙེན་པར་རྫོགས་པའི་ཕྲིན་ལས་ཀྱི་གནས་སུ་བློ་མཐུན་པར་མཛད་པར་བཟོད་པར་དེ་དག་ནི་ཅང་མ་གསུངས་ཤིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག དགེ་འདུན་གྱིས་བཟོད་ཅིང་གནང་ན་དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི། དགེ་འདུན་གྱི་བསྙེན་པར་རྫོགས་པའི་ཕྲིན་ལས་ཀྱི་གནས་སུ་ཐུགས་མཐུན་པར་མཛད་དེ། འདི་ལྟར་ཅང་མི་གསུང་བས། དེ་དེ་བཞིན་དུ་འཛིན་ཏོ། །ཞེས་ལན་གཅིག་བརྗོད་དོ། །གནས་ལ་བློ་མཐུན་ནོ། །དོན་གསུམ་པ་བར་ཆད་དང་བྲལ་བ་ངེས་པར་བྱ་བའི་ཕྱིར། གསང་སྟེ་སྟོན་པས་ལྐོག་ཏུ་བར་ཆད་དྲི་བའི་དོན་དུ། ལས་བྱེད་པའི་སློབ་དཔོན་གྱིས་གསང་སྟེ་སྟོན་པ་ངོས་གཟུང་བར་བྱ་སྟེ། འདི་སྐད་ཅེས། མཁན་པོ་མིང་འདི་ཞེས་བགྱི་བས། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བའི་གསང་སྟེ་སྟོན་པར་གསོལ་བ་བཏབ་པའི་དགེ་སློང་གང་ཡིན་ཞེས་དྲིའོ། །དེས་ཀྱང་བདག་དགེ་སློང་ཆེ་གེ་མོ་ཞེས་བགྱི་བ་ལགས་སོ། །ཞེས་ལན་གདབ་བོ། །དེ་ནས་ལས་བྱེད་པའི་དགེ་སློང་གིས་གསང་སྟེ་སྟོན་པ་ལ། དགེ་སློང་མིང་འདི་ཞེས་བྱ་བ་ཁྱོད། མཁན་པོ་མིང་འདི་ཞེས་བྱ་བས། ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ལ། གསང་སྟེ་སྟོན་པ་སྤྲོའམ་ཞེས་དྲིའོ། །དེས་ཀྱང་སྤྲོ་ཞེས་ལན་གདབ་བོ། །དེ་ནས་དགེ་སློང་ལས་བྱེད་པས། གསང་སྟེ་སྟོན་པར་བསྒོ་བ་གསོལ་བ་འབའ་ཞིག་གི་ལས་བྱས་ཏེ་འདུག་ལ། འདི་སྐད་ཅེས། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས། མིང་འདི་ཞེས་བགྱི་བ་ལ་གསང་སྟེ་སྟོན་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་སློང་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས། མིང་འདི་ཞེས་བགྱི་བ་ལ་གསང་སྟེ་སྟོན་ནོ། །འདི་ནི་གསོལ་བའོ། །དེ་ནས་གསང་སྟེ་སྟོན་པས། ཕྱི་རོལ་དུ་སོང་ལ་བསྙེན་པར་རྫོགས་པར་བྱ་བ་དེ། བདག་ལ་ཕྱག་འཚལ་དུ་བཅུག་ལ། མདུན་དུ་ཐལ་མོ་སྦྱར་ཏེ་ཙོག་པུས་འདུག་པ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག འདི་ནི་ཁྱོད་ཀྱི་བདེན་པའི་དུས་འདི་ནི་འབྱུང་བའི་དུས་ཏེ། ཁོ་བོས་ཁྱོད་ལ་ཅུང་ཟད་ཅིག་དྲིའི། ཁྱོད་མ་འཛེམ་པར་བྱོས་ལ། ཡིན་པ་ལ་ཡིན་ཞེས་སྨྲོས་ཤིག མ་ཡིན་པ་ལ་ཡང་མ་ཡིན་ཞེས་ལན་ཐོབ་ཅིག ཁྱོད་སྐྱེས་པ་ཡིན་ནམ། དེས་སྐྱེས་པ་ལགས་ཞེས་བརྗོད་པར་བྱའོ། །སྐྱེས་པའི་དབང་པོ་དང་ལྡན་ནམ། དེས་ལྡན་ཞེས་བརྗོད་པར་བྱའོ། །ལོ་ཉི་ཤུ་ལོན་ནམ། དེས་ལོན་ཞེས་བརྗོད་པར་བྱའོ། །ཁྱོད་ཀྱི་ཆོས་གོས་གསུམ་དང་ལྷུང་བཟེད་ཚང་ངམ། དེས་ཚང་ཞེས་བརྗོད་པར་བྱའོ། །ཁྱོད་ཀྱི་ཕ་མ་གསོན་ནམ། གལ་ཏེ་གསོན་ཞེས་ཟེར་ན། ཁྱོད་ཕ་མས་གནང་ངམ་ཞེས་དྲི་བར་བྱའོ། །དེས་གནང་ཞེས་བརྗོད་པར་བྱའོ། །གལ་ཏེ་ཤི་ཞེས་ཟེར་ན། ཁྱོད་བྲན་མ་ཡིན་ནམ། བརྐུས་པ་མ་ཡིན་ནམ། རྙེད་བཙོན་མ་ཡིན་ནམ། རྩོད་པ་ཅན་མ་ཡིན་ནམ། བཙོངས་པ་མ་ཡིན་ནམ། རྒྱལ་པོས་བཀྲབས་པ་མ་ཡིན་ནམ། རྒྱལ་པོ་ལ་བསྡིགས་པ་མ་ཡིན་ནམ། རྒྱལ་པོ་ལ་གནོད་པའི་ལས་བྱེད་པ་མ་ཡིན་ནམ། ཁྱོད་ཀྱིས་རྒྱལ་པོ་ལ་གནོད་པའི་ལས་བྱས་སམ་བྱེད་དུ་བཅུག་པ་མ་ཡིན་ནམ། ཆོམ་རྐུན་པར་གྲགས་པ་མ་ཡིན་ནམ། ཟ་མ་མ་ཡིན་ནམ། མ་ནིང་མ་ཡིན་ནམ། དགེ་སློང་མ་སུན་ཕྱུང་བ་མ་ཡིན་ནམ། རྐུ་ཐབས་སུ་གནས་པ་མ་ཡིན་ནམ། ཐ་དད་དུ་གནས་པ་མ་ཡིན་ནམ། གནས་པར་མི་བྱ་བ་མ་ཡིན་ནམ། མུ་སྟེགས་ཅན་མ་ཡིན་ནམ། མུ་སྟེགས་ཅན་ཞུགས་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ནམ། མ་བསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ། དགེ་འདུན་གྱི་དབྱེན་བྱས་པ་མ་ཡིན་ནམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་མ་ཡིན་ནམ། སྤྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ། ཞེས་དྲི་བར་བྱའོ། །དེས་མ་ལགས་ཞེས་བརྗོད་པར་བྱའོ། །ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང༌། ཉུང་ཡང་རུང༌། ཅུང་ཟད་ཆགས་པ་མེད་དམ་ཞེས་དྲི་བར་བྱའོ། །གལ་ཏེ་བུ་ལོན་ཆགས་སོ་ཞེས་ཟེར་ན། ཁྱོད་བསྙེན་པར་རྫོགས་ནས་འཇལ་ནུས་སམ་ཞེས་དྲི་བར་བྱའོ། །གལ་ཏེ་མི་ནུས་ཞེས་ཟེར་ན། འོ་ན་སོང་ཤིག་ཅེས་བརྗོད་པར་བྱའོ། །གལ་ཏེ་བསྙེན་པར་རྫོགས་ནས་འཇལ་ནུས་ཞེས་ཟེར་ན། ཁྱོད་སྔོན་རབ་ཏུ་བྱུང་བ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །གལ་ཏེ་རབ་ཏུ་བྱུང་ངོ་ཞེས་ཟེར་ན། ཁྱོད་ལ་ཕམ་པར་འགྱུར་བའི་ལྟུང་བ་བཞི་ལས་ལྟུང་བ་གང་ཡང་རུང་བ་བྱུང་བ་མ་ཡིན་ནམ་ཞེས་དྲི། གལ་ཏེ་ཚུལ་ཁྲིམས་དང་མི་ལྡན་པ་ཞིག་ན། ཁྱོད་བབས་པ་ན་བསླབ་པ་ལེགས་པར་ཕུལ་ལམ་ཞེས་དྲི་བར་བྱའོ། །གལ་ཏེ་ལྟུང་བ་བྱུང་ངོ་ཞེས་ཟེར་ན། འོ་ན་སོང་ཤིག་ཅེས་བརྗོད་པར་བྱའོ། །གལ་ཏེ་མ་བྱུང་ངོ་ཞེས་ཟེར་ན། ཅི་ཁྱོད་ད་ལྟར་རབ་ཏུ་བྱུང་བ་ཡིན་ནམ་ཞེས་དྲི་བར་བྱའོ། །གལ་ཏེ་བདག་རབ་ཏུ་བྱུང་བ་ཡིན་ཞེས་ཟེར་ན། ཁྱོད་ཀྱི་ཚངས་པར་སྤྱོད་པ་ལེགས་པར་སྤྱད་དམ་ཞེས་དྲིའོ། །དེས་ལེགས་པར་སྤྱད་ཅེས་བརྗོད་པར་བྱའོ། །ཁྱོད་ཀྱི་མིང་ཅི། ཁྱོད་ཀྱི་མཁན་པོའི་མིང་ཅི་ཞེས་དྲི། དེས་བདག་གི་མིང་འདི་ཞེས་བགྱི། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་མཁན་པོའི་མིང་འདི་ཞེས་བགྱིའོ་ཞེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་ཁྱོད་ཉོན་ཅིག མི་རྣམས་ཀྱི་ལུས་ལ་ལུས་ཀྱི་ནད་རྣམ་པ་འདི་ལྟ་བུ་འབྱུང་བ་འདི་ལྟ་སྟེ། མཛེ་དང༌། འབྲས་དང༌། ཕོལ་མིག་དང༌། འབྲུམ་ཕྲན་དང༌། ཤ་བཀྲ་དང༌། ཁྱི་རྡོ་དང༌། གཡའ་བ་དང༌། ལྷོག་པ་དང༌། རྐང་ཤུ་དང༌། སྐེམས་ནད་དང༌། སྐེམ་པ་དང༌། བརྗེད་བྱེད་དང༌། བཀྲེས་ངབ་དང༌། སྐྱ་རྦབ་དང༌། རྐང་བམ་དང༌། མཚན་བར་རྡོལ་བ་དང༌། རིམས་དང༌། རིམས་དྲག་པོ་དང༌། ཉིན་གཅིག་པ་དང༌། ཉིན་གཉིས་པ་དང༌། ཉིན་གསུམ་པ་དང༌། ཉིན་བཞི་པ་དང༌། འདུས་པ་དང༌། ཉིན་རེ་བ་དང༌། རྟག་པའི་རིམས་དང༌། རིམས་ལྡང་དུབ་པ་དང༌། ཤུ་བ་དང༌། གསུད་པ་དང༌། སྐྱིགས་བུ་དང༌། ལུད་པ་དང༌། དབུགས་མི་བདེ་བ་དང༌། ལྷོག་པ་དང༌། ཡན་ལག་ཏུ་ཟུག་པ་དང༌། སྐྲན་དང༌། ཁྲག་ནད་དང༌། མཁྲིས་ནད་དང༌། གཞང་འབྲུམ་དང༌། སྐྱུག་བྲོ་བ་དང༌། ངལ་བ་དང༌། ཆུ་འགགས་པ་དང༌། ལུས་ཚ་བ་དང༌། རྩིབ་ལོགས་ཚ་བ་དང༌། རུས་པ་ལ་ཟུག་པ་སྟེ། ལུས་ཀྱི་ནད་འདི་ལྟ་བུ་འདི་དག་ལས་གང་ཡང་རུང་བ་དང༌། འདི་ལྟ་བུ་གཞན་དག་ཀྱང་ཁྱོད་ཀྱི་ལུས་ལ་མེད་དམ། དེས་མ་མཆིས་ཞེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་ཁྱོད་ཉོན་ཅིག ཁྱོད་ལ་ངས་ད་ལྟར་གང་དྲིས་པ་དེ་དགེ་འདུན་གྱི་དབུས་སུ་ཡང་ཁྱོད་ལ་དྲིའི་དེར་ཡང་མ་འཛེམ་པར་བྱོས་ལ། ཡིན་པ་ལའང་ཡིན་ཞེས་སྨྲོས་ཤིག མ་ཡིན་པ་ལ་ཡང་མ་ཡིན་ཞེས་ལན་ཐོབ་ཅིག ཁྱོད་མ་བོས་ཀྱི་བར་དུ་མ་འོངས་པར་སྡོད་ཅིག ཅེས་བསྒོའོ། །དེ་ནས་གསང་སྟེ་སྟོན་པ་ནང་དུ་སོང་ནས་དགེ་འདུན་གྱི་རྒན་པའི་མཐའ་ལོགས་སུ་འགྲེང་སྟེ་འདུད་པ་དང་བཅས་པས་འདི་སྐད་ཅེས་བརྗོད་དོ། །དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། བདག་གི་མཁན་པོ་མིང་འདི་ཞེས་བགྱི་བས། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་ལ་བར་ཆད་ཀྱི་ཆོས་རྣམས་གསང་སྟེ་རྗེས་སུ་བསྟན་ན། དེ་ཡང་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་ན། ཅི་མཆི་ཞིག་གམ་ཞེས་བརྗོད་པར་བྱའོ། །དགེ་འདུན་ཐམས་ཅད་ཀྱིས། གལ་ཏེ་ཡོངས་སུ་དག་ནའོ་ཞེས་བརྗོད་པར་བྱའོ། །གལ་ཏེ་དེ་སྐད་བརྗོད་ན་དེ་ལྟ་ན་ལེགས། གལ་ཏེ་མི་བརྗོད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ནི་འོང་བ་ཞུ་བའོ། །དེའི་འོག་ཏུ་བསྙེན་པར་རྫོགས་པར་བྱ་བ་དེ་དལ་བར་བཀུག་ནས། ནང་དུ་བཅུག་པའི་བཀའ་དྲིན་གྱི་ཕྱག་དགེ་འདུན་ལ་འཚལ་དུ་གཞུག་གོ །དེ་ནས་བཞི་པ་གང་ལ་རག་ལས་པའི་ཡུལ་དགེ་འདུན་ལ་གསོལ་བ་གདབ་པའི་ཕྱིར། ཐོག་མར་སྟོན་པ་ལ་ཕྱག་འཚལ། དེ་ནས་དགེ་འདུན་ལ་འཚལ་དུ་བཅུག་ལ། ཕ་གུའི་སྟེང་དུ་རྩྭ་བཏིང་བ་ལ་ཙོག་ཙོག་པོར་འདུག་ནས་ཐལ་མོ་སྦྱོར་དུ་བཅུག་པ་ལ། ལས་བྱེད་པའི་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱའོ། །ཁྱོད་དགེ་སློང་གི་སྡོམ་པ་ལེན་པར་འདོད་པ་ལ་བླང་བའི་ཡུལ་དེ་དགེ་འདུན་ཡིན། དེ་ལས་སྡོམ་པ་ལེན་པ་ལ་གསོལ་བ་གདབ་དགོས་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་དགེ་འདུན་གྱི་ལས་ལ། སྦྱིན་པའི་ལས་ལ་གསོལ་བ་གདབ་པ་དང༌། བསྐོ་བའི་ལས་ལ་སྤྲོ་བ་དྲི་བ་དང༌། ཚར་གཅོད་པའི་ལས་ལ་གླེང་དྲན་དང༌། བཞམས་བསྒོ་སྔོན་དུ་བྱེད་དགོས་པར་གསུངས། ལས་འདི་སྦྱིན་པའི་ལས་ཡིན་པས་གསོལ་བ་གདབ་དགོས་པ་ཡིན་པས། བདག་གི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་དགེ་སློང་གི་སྡོམ་པ་བླང༌། དེ་དགེ་འདུན་ལ་རག་ལས་པའི་ཕྱིར། དགེ་འདུན་ལ་གསོལ་བ་གདབ། དེ་ཡང་བསྙེན་པར་རྫོགས་པར་བྱ་བས་བདག་མིང་འདི་ཞེས་བགྱི་བས། བསྙེན་པར་རྫོགས་པར་མཛད་པ་པོ་མཁན་པོ་མིང་འདི་ཞེས་བགྱི་བས། བསྙེན་པར་རྫོགས་བྱའི་ཡུལ་དགེ་འདུན་ལས། བསྙེན་པར་རྫོགས་པར་བགྱིད་པར་གསོལ་བ་འདེབས་ན། ཡུལ་དགེ་འདུན་བཙུན་པ་རྣམས་ཀྱིས། བདག་གནོད་པ་དང་ཉེས་པ་རྫོགས་པར་སྤངས་ཤིང༌། ཡོན་ཏན་རྫོགས་པར་མངོན་དུ་བྱས་པའི་རྣམ་གྲོལ་མྱ་ངན་ལས་འདས་པ་རྣམ་པ་གསུམ་ལ་བསམ་པ་དང་སྦྱོར་བས་བསྙེན་པར་རྫོགས་པར་མཛད་དུ་གསོལ། བསྙེན་པར་མ་རྫོགས་པ་ཁྱིམ་གྱི་གནས་འདམ་རྫབ་དང་འདྲ་བ་ནས་དྲང་བར་མཛད་དུ་གསོལ། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ལགས་པར་གཟུང་དུ་གསོལ། དེའི་བླང་བ་དང་དོར་བའི་ཐབས་རྗེས་སུ་བསྟན་དུ་གསོལ། རྙེད་པ་དང་བཀུར་སྟི་ལ་མི་གཟིགས་པར་སྤྱིར་སེམས་ཅན་ཐམས་ཅད་ལ་བརྩེ་བར་དགོངས་ཤིང༌། ཁྱད་པར་དུ་བདག་ལ་ཐུགས་བརྩེ་བར་དགོངས་ནས། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་སྡུག་བསྔལ་ལས་དྲང་ཞིང༌། མྱ་ངན་ལས་འདས་པའི་གོ་འཕང་ལ་འགོད་པའི་སླད་དུ་ཐུགས་བརྩེ་བར་མཛད་དུ་གསོལ། ཞེས་གསོལ་བ་གདབ་པའི་འདུན་པས། ངག་གསལ་པོའི་སྒོ་ནས་རྗེས་ཟློས་གྱིས་ཞེས་བརྗོད་ལ། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ཏེ། བདག་མིང་འདི་ཞེས་བགྱི་བ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་བསྙེན་པར་རྫོགས་པར་མཛད་དུ་གསོལ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་དྲང་བར་གསོལ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་རྗེས་སུ་གཟུང་དུ་གསོལ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་གསོལ། ཐུགས་བརྩེ་བ་ཅན། དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ། བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་བཟླས་སོ། །དེ་ནི་བསྙེན་པར་རྫོགས་པར་གསོལ་བའོ། །ལྔ་པ་དགེ་འདུན་ཐུགས་ཆེས་པར་བྱ་བའི་ཕྱིར། དགེ་འདུན་གྱི་མངོན་དུ་བར་ཆད་ཀྱི་ཆོས་དྲི་བ་ལ་གཉིས་ལས། སྔོན་དུ་འགྲོ་བ་ནང་དུ་བར་ཆད་ཀྱི་ཆོས་དྲི་བ་དང༌། དགེ་འདུན་ཐུགས་མཐུན་པའི་སླད་དུ་གསོལ་བ་འབའ་ཞིག་གི་ལས་ནི། དེའི་འོག་ཏུ་ལས་བྱེད་པས། དགེ་འདུན་གྱི་ནང་དུ་བར་ཆད་དྲི་བའི་ཕྱིར་གསོལ་བ་འབའ་ཞིག་གི་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་དོ། །དགེ་འདུན་རྣམས་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ་ཞེས་བརྗོད་ལ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ཏེ། མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། བདག་གིས་དགེ་འདུན་གྱི་ནང་དུ་མཁན་པོ་མིང་འདི་ཞེས་བགྱི་བས། མིང་འདི་ཞེས་བགྱི་བ་ལ་བར་ཆད་ཀྱི་ཆོས་རྣམས་དྲི་བར་བྱའོ། །འདི་ནི་གསོལ་བའོ། །གཉིས་པ་བར་ཆད་དྲི་བ་དངོས་ནི་ལས་བྱེད་པས། ཁྱོད་བསྙེན་པར་རྫོགས་པའི་སྡོམ་པ་ལེན་པ་ལ། རྒྱུད་སྣོད་དུ་རུང་བ་བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་པ་ཅིག་དགོས། བར་ཆད་དང་ལྡན་པས་སྡོམ་པ་བླངས་ཀྱང་མི་སྐྱེ། སྐྱེས་ཀྱང་ཡུན་རིང་དུ་མི་གནས། གནས་ཀྱང་ཡོན་ཏན་ཁྱད་པར་ཅན་སྐྱེ་བའི་རྟེན་དུ་མི་འགྱུར། རྒྱུད་བར་ཆད་ཀྱི་ཆོས་ཀྱིས་ཡོངས་སུ་དག་པས་སྡོམ་པ་བླངས་ན། དང་པོ་སྐྱེ། བར་དུ་གནས། མཐར་ཡོན་ཏན་ཁྱད་པར་ཅན་སྐྱེ་བའི་རྟེན་དུ་འགྱུར། བར་ཆད་དེ་དག་ཡོད་མེད་གསང་སྟེ་སྟོན་པས་ལྐོག་ཏུ་དྲིས་ཀྱང༌། བར་ཆད་འགའ་ཞིག་གློ་བུར་པ་ཡིན་པས་གསར་དུ་འབྱུང་སྲིད་པ་དང༌། ད་ཅི་མ་དྲན་པ་ད་ལྟ་དྲན་པ་སྲིད་པ་དང༌། གཙོ་བོར་དགེ་འདུན་རྣམས་ཐུགས་ཆེས་པར་བྱ་བའི་དོན་དུ་དྲི་བར་བྱའི། ཁོ་བོ་ལ་ཕྱག་གསུམ་འཚོལ་ལ། མདུན་དུ་ཕ་གུའི་སྟེང་དུ་རྩྭ་བཏིང་བ་ལ་རྟིང་པ་གཉིས་ཀྱིས་མནན་ནས། ཙོག་ཙོག་པོར་འདུག་སྟེ། ཐལ་མོ་སྦྱར་དུ་བཅུག་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག འདི་ནི་ཁྱོད་ཀྱི་བདེན་པའི་དུས། འདི་ནི་ཁྱོད་ཀྱི་འབྱུང་བའི་དུས་ཏེ། ཁོ་བོས་ཁྱོད་ལ་ཅུང་ཟད་ཅིག་དྲིའི། ཁྱོད་མ་འཛེམ་པར་བྱོས་ལ་ཡིན་པ་ལ་ཡིན་ཞེས་སྨྲོས་ཤིག མ་ཡིན་པ་ལ་མ་ཡིན་ཞེས་ལན་ཐོབ་ཅིག ཁྱོད་སྐྱེས་པ་ཡིན་ནམ། དེས་སྐྱེས་པ་ལགས་ཞེས་བརྗོད་པར་བྱའོ། །སྐྱེས་པའི་དབང་པོ་དང་ལྡན་ནམ། དེས་ལྡན་ཞེས་བརྗོད་པར་བྱའོ། །ལོ་ཉི་ཤུ་ལོན་ནམ། དེས་ལོན་ཞེས་བརྗོད་པར་བྱའོ། །ཁྱོད་ཀྱི་ཆོས་གོས་གསུམ་དང་ལྷུང་བཟེད་ཚང་ངམ། དེས་ཚང་ཞེས་བརྗོད་པར་བྱའོ། །ཁྱོད་ཀྱི་ཕ་མ་གསོན་ནམ། གལ་ཏེ་གསོན་ཞེས་ཟེར་ན། ཁྱོད་ཕ་མས་གནང་ངམ། ཞེས་དྲིའོ། །དེས་གནང་ཞེས་བརྗོད་པར་བྱའོ། །གལ་ཏེ་ཤི་ཞེས་ཟེར་ན། ཁྱོད་བྲན་མ་ཡིན་ནམ། བཀྲུས་པ་མ་ཡིན་ནམ། རྙེད་བཙོན་མ་ཡིན་ནམ། རྩོད་པ་ཅན་མ་ཡིན་ནམ། བཙོངས་པ་མ་ཡིན་ནམ། རྒྱལ་པོས་བཀྲབས་པ་མ་ཡིན་ནམ། རྒྱལ་པོ་ལ་བསྡིགས་པ་མ་ཡིན་ནམ། རྒྱལ་པོ་ལ་གནོད་པའི་ལས་བྱེད་པ་མ་ཡིན་ནམ། ཁྱོད་རྒྱལ་པོ་ལ་གནོད་པའི་ལས་བྱས་སམ་བྱེད་དུ་བཅུག་པ་མ་ཡིན་ནམ། ཆོམ་རྐུན་པར་གྲགས་པ་མ་ཡིན་ནམ། ཟ་མ་མ་ཡིན་ནམ། མ་ནིང་མ་ཡིན་ནམ། དགེ་སློང་མ་སུན་ཕྱུང་བ་མ་ཡིན་ནམ། རྐུ་ཐབས་སུ་གནས་པ་མ་ཡིན་ནམ། ཐ་དད་དུ་གནས་པ་མ་ཡིན་ནམ། གནས་པར་མི་བྱ་བ་མ་ཡིན་ནམ། མུ་སྟེགས་ཅན་མ་ཡིན་ནམ། མུ་སྟེགས་ཅན་ཞུགས་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ནམ། མ་བསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ། དགེ་འདུན་གྱི་དབྱེན་བྱས་པ་མ་ཡིན་ནམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་མ་ཡིན་ནམ། སྤྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ། ཞེས་དྲི་བར་བྱའོ། །དེས་མ་ལགས་ཞེས་བརྗོད་པར་བྱའོ། །ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང༌། ཉུང་ཡང་རུང༌། ཅུང་ཟད་ཆགས་པ་མེད་དམ། ཞེས་དྲི་བར་བྱའོ། །གལ་ཏེ་བུ་ལོན་ཆགས་སོ་ཞེས་ཟེར་ན། ཁྱོད་བསྙེན་པར་རྫོགས་ནས་འཇལ་ནུས་སམ་ཞེས་དྲི་བར་བྱའོ། །གལ་ཏེ་མི་ནུས་སོ་ཞེས་ཟེར་ན། འོ་ན་སོང་ཤིག་ཅེས་བརྗོད་པར་བྱའོ། །གལ་ཏེ་བསྙེན་པར་རྫོགས་ནས་འཇལ་ནུས་སོ་ཞེས་ཟེར་ན། ཁྱོད་སྔོན་རབ་ཏུ་བྱུང་བ་མ་ཡིན་ནམ་ཞེས་དྲིའོ། །གལ་ཏེ་རབ་ཏུ་བྱུང་ངོ་ཞེས་ཟེར་ན། ཁྱོད་ཕམ་པར་འགྱུར་བའི་ལྟུང་བ་བཞི་ལས་ལྟུང་བ་གང་ཡང་རུང་བ་ཅིག་བྱུང་བ་མ་ཡིན་ནམ། ཁྱོད་བབས་པ་ན་བསླབ་པ་ལེགས་པར་ཕུལ་ལམ། ཞེས་དྲི་བར་བྱའོ། །གལ་ཏེ་ལྟུང་བ་བྱུང་ངོ་ཞེས་ཟེར་ན། འོ་ན་སོང་ཤིག་ཅེས་བརྗོད་པར་བྱའོ། །གལ་ཏེ་མ་བྱུང་ངོ་ཞེས་ཟེར་ན། ཇི་ལྟར་ཁྱོད་ད་ལྟར་རབ་ཏུ་བྱུང་བ་ཡིན་ནམ། ཞེས་དྲི་བར་བྱའོ། །གལ་ཏེ་རབ་ཏུ་བྱུང་བ་ཡིན་ནོ་ཞེས་ཟེར་ན། ཁྱོད་ཀྱིས་ཚངས་པར་སྤྱོད་པ་ལེགས་པར་སྤྱད་དམ་ཞེས་དྲི་བར་བྱའོ། །དེས་ལེགས་པར་སྤྱད་ཅེས་བརྗོད་པར་བྱའོ། །ཁྱོད་ཀྱི་མིང་ཅི། ཁྱོད་ཀྱི་མཁན་པོའི་མིང་ཅི། དེས་བདག་གི་མིང་འདི་ཞེས་བགྱི། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་བདག་གི་མཁན་པོའི་མིང་འདི་ཞེས་བགྱི་ཞེས་བརྗོད་པར་བགྱིའོ། །ཚེ་དང་ལྡན་པ་ཁྱོད་ཉོན་ཅིག མི་རྣམས་ཀྱི་ལུས་ལ་ལུས་ཀྱི་ནད་རྣམ་པ་འདི་ལྟ་བུ་འདི་དག་འབྱུང་བ་འདི་ལྟ་སྟེ། མཛེ་དང༌། འབྲས་དང༌། ཕོལ་མིག་དང༌། འབྲུམ་ཕྲན་དང༌། ཤ་བཀྲ་དང༌། ཁྱི་རྔོ་དང༌། གཡའ་བ་དང༌། ལྷོག་པ་དང༌། རྐང་ཤུ་དང༌། སྐེམས་ནད་དང༌། སྐེམ་པ་དང༌། བརྗེད་བྱེད་དང༌། བཀྲེས་ངབ་དང༌། སྐྱ་རྦབ་དང༌། རྐང་བམ་དང༌། མཚན་བར་རྡོལ་བ་དང༌། རིམས་དང༌། རིམས་དྲག་པོ་དང༌། ཉིན་གཅིག་པ་དང༌། ཉིན་གཉིས་པ་དང༌། ཉིན་གསུམ་པ་དང༌། ཉིན་བཞི་པ་དང༌། འདུས་པ་དང༌། རིམས་ཉིན་རེ་བ་དང༌། རྟག་པའི་རིམས་དང༌། རིམས་ལྡང་དུབ་པ་དང༌། ཤུ་བ་དང༌། གསུད་པ་དང༌། སྐྱིགས་བུ་དང༌། ལུད་པ་དང༌། དབུགས་མི་བདེ་བ་དང༌། ལྷོག་པ་དང༌། ཡན་ལག་ཏུ་ཟུག་པ་དང༌། སྐྲན་ནད་དང༌། ཁྲག་ནད་དང༌། མཁྲིས་ནད་དང༌། གཞང་འབྲུམ་དང༌། སྐྱུག་བྲོ་བ་དང༌། ཆུ་འགགས་པ་དང༌། ངལ་བ་དང༌། ལུས་ཚ་བ་དང༌། རྩིབ་ལོགས་ཚ་བ་དང༌། རུས་པ་ལ་ཟུག་པ་སྟེ་ལུས་ཀྱི་ནད་འདི་ལྟ་བུ་འདི་དག་ལས་གང་ཡང་རུང་བ་དང༌། འདི་ལྟ་བུ་གཞན་དག་ཀྱང་ཁྱོད་ཀྱི་ལུས་ལ་མེད་དམ། དེས་མ་མཆིས་ཞེས་བརྗོད་པར་བྱའོ། །དེ་ནི་ནང་དུ་བར་ཆད་དྲི་བའོ། །གཉིས་པ་དངོས་གཞི་ལ་གཉིས་ལས། ཐོག་མར་སྡོམ་པ་ཇི་ལྟར་ཐོཔ་པའི་ཚུལ་ལ་ངེས་པ་བསྐྱེད་པའི་ཕྱིར། གྲུབ་མཐའ་ལ་གྲགས་པ་རྒྱུ་དྲུག་རྐྱེན་བཞིའམ། ཆོས་སྤྱི་ལ་གྲགས་པའི་ལས་བྱེད་པ་བྱ་བའམ། ལུང་ལས་འབྱུང་བའི་དོན་མངོན་དུ་གྱུར་པ་བཅུ་ལ་སོགས་པའི་སྒོ་ནས་བརྡ་སྤྲོད་པར་བྱེད་དེ། དེ་ཡང་ལས་བྱེད་པའི་སློབ་དཔོན་གྱིས་གནས་སྐབས་དང་སྦྱར་ནས། གོང་དུ་བསྟན་པ་ལྟར་མངོན་དུ་གྱུར་པ་བཅུས་བརྡ་སྤྲད་པར་བྱ་ཞིང༌། ཁྱད་པར་དུ་སྙིང་ཐག་པ་ནས་ཐོབ་པར་འདོད་པ་དང༌། ཉེས་པ་ལྔ་དང་བྲལ་བའི་སྒོ་ནས་བླང་ཞིང༌། ལེན་པ་དང་བསླབ་པ་ཐམས་ཅད་ཀྱང་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོས་ཟིན་པ་དང༌། དངོས་གཞི་ལས་བརྗོད་པ་ལན་གསུམ་པའི་ཐ་མ་ལ་ཐོབ་པར་འགྱུར་རོ། །སྙམ་པ་དུས་ཀྱི་ཀུན་སློང་རྣམས་དང་ལྡན་པར་བྱའོ། །གཉིས་པ་གསོལ་བ་དང་བཞིའི་ལས་ལ་བརྗོད་པ་ནི། ལས་ཀྱི་སློབ་དཔོན་གྱིས་བསྒྲུབ་བྱ་ལ། ཡིད་མ་ཡེངས་པར་ཆོ་ག་ལ་ཡིད་གཏོད་ཅེས་པ་དང༌། དགེ་འདུན་རྣམས་སྤྱོད་ལམ་མ་འཁྲུགས་པས་གསོལ་བ་ལ་ཐུགས་གཏད་པར་ཞུ་ཞེས་པ་བརྗོད་ལ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ནས། མིང་འདི་ཞེས་བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ཏེ། སྐྱེས་པ་ཡང་ལགས། སྐྱེས་པའི་དབང་པོ་དང་ཡང་ལྡན། ལོ་ཉི་ཤུ་ཡང་ལོན། འདིའི་ཆོས་གོས་གསུམ་དང་ལྷུང་བཟེད་ཀྱང་ཚང༌། བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག་གོ །ཞེས་དེ་ཁོ་ན་ཉིད་མཆི་སྟེ། མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་མཛད་དོ། །འདི་ནི་གསོལ་བའོ། །དེ་ནས་བརྗོད་པའི་ལས་བྱ་བའི་ཕྱིར། ལས་བྱེད་པའི་སློབ་དཔོན་གྱིས། བརྗོད་པ་དང་པོ་ལ་ཐུགས་གཏད་པར་ཞུ་ཞེས་སྔོན་དུ་འགྲོ་བས་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ན། མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལ་བསྙེན་པར་རྫོགས་པར་གསོལ་ཏེ། སྐྱེས་པ་ཡང་ལགས། སྐྱེས་པའི་དབང་པོ་དང་ཡང་ལྡན། ལོ་ཉི་ཤུ་ཡང་ལོན། འདིའི་ཆོས་གོས་གསུམ་དང་ལྷུང་བཟེད་ཀྱང་ཚང༌། བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག་གོ །ཞེས་ཁོ་ན་ཉིད་མཆི་སྟེ། མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། དེའི་སླད་དུ་མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་པར་མཛད་ན། ཚེ་དང་ལྡན་པ་གང་དག་མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག འདི་ནི་ལས་བརྗོད་པ་དང་པོའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དེས་ལས་དངོས་གཞི་གྲུབ་པས་ཁྱེད་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་གྱུར་པ་ཡིན། དགེ་འདུན་རྣམས་ལས་ཀྱི་མཇུག་སྡུད་ལ་ཐུགས་གཏད་པར་ཞུ་ཞེས་བརྗོད་ལ། དགེ་འདུན་གྱིས་བཟོད་ཅིང་གནང་ན་དགེ་འདུན་གྱི་མིང་འདི་ཞེས་བགྱི་བ། མཁན་པོ་མིང་འདི་ཞེས་བགྱི་བས། བསྙེན་པར་རྫོགས་པར་མཛད་ལགས་པ་འདི་ལྟར་ཅང་མི་གསུང་བ་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་བསྙེན་པར་རྫོགས་པ་ཉེ་བར་སྒྲུབ་པའི་ཆོ་ག་དང་ལས་དངོས་གཞིའོ། །གཉིས་པ་རྗེས་ཀྱི་ཆོ་ག་ལ་གཉིས། བསྙེན་བཀུར་གྱི་གནས་དང་གནས་མ་ཡིན་པ་ཤེས་པར་བྱ་བའི་ཕྱིར། བསྙེན་པར་རྫོགས་པའི་དུས་གོ་བར་བྱ་བ་ནི། དེའི་འོག་ཏུ་དགེ་སློང་ལས་བྱེད་པ་མ་ཡིན་པ་གཞན་གང་ཡང་རུང་བ་གཅིག་གིས་གྲིབ་ཚོད་གཞལ་བར་བྱའོ། །འདི་ལྟར་བྱ་སྟེ། ཐུར་མ་སོར་བཞི་ཙམ་གྱིས་གཞལ་བར་བྱ་ཞིང༌། ཐུར་མ་ཇི་ཙམ་ཡོད་པ་དེ་ཙམ་ལ་སྐྱེས་བུ་ཞེས་བརྗོད་པར་བྱའོ། །སོར་རེ་རེ་ལ་ནི་རྐང་པའམ་རྩ་བ་ཞེས་བརྗོད་པར་བྱའོ། །དེས་ནི་གྲིབ་ཚོད་གཞལ་བར་བྱའོ། །དེའི་འོག་ཏུ་ཉིན་མཚན་གྱི་ཆ་བརྗོད་པར་བྱ་སྟེ། སྔ་དྲོ་དང༌། གུང་དང༌། ཕྱི་དྲོ་དང༌། མཚན་མོའི་ཐུན་དང་པོ་དང༌། ཐུན་དང་པོའི་ཕྱེད་དང༌། གུང་ཐུན་དང༌། གུང་ཐུན་གྱི་ཕྱེད་དང༌། ཐུན་ཐ་མ་དང༌། ཐུན་ཐ་མའི་ཕྱེད་དང༌། སྐྱ་རེངས་མ་ཤར་བ་དང༌། སྐྱ་རེངས་ཤར་བ་དང༌། ཉི་མ་མ་ཤར་བ་དང༌། ཉི་མ་ཤར་བ་དང༌། ཉི་མ་བརྒྱད་ཆ་ཤར་བ་དང༌། ཉི་མ་བཞི་ཆ་ཤར་བ་དང༌། གུང་ཚིག་མ་ཡོལ་བ་དང༌། ཉི་མ་བཞི་ཆ་ལུས་པ་དང༌། ཉི་མ་བརྒྱད་ཆ་ལུས་པ་དང༌། ཉི་མ་མ་ནུབ་པ་དང༌། ཉི་མ་ནུབ་པ་དང༌། རྒྱུ་སྐར་རྣམས་མ་ཤར་བ་དང༌། རྒྱུ་སྐར་རྣམས་ཤར་བ་སྟེ། དེ་ནི་ཉིན་མཚན་གྱི་ཆ་བརྗོད་པའོ། །དེའི་འོག་ཏུ་དུས་ཚོད་བརྗོད་པར་བྱ་སྟེ། དུས་ཆོད་ནི་ལྔ་སྟེ། དགུན་གྱི་དུས་དང༌། དཔྱིད་ཀྱི་དུས་དང༌། དབྱར་ཀྱི་དུས་དང༌། དབྱར་ཐུང་ངུའི་དུས་དང༌། དབྱར་རིང་པོའི་དུས་སོ། །དེ་ལ་དགུན་གྱི་དུས་ནི། དབྱུ་གུའི་ཚེས་བཅུ་དྲུག་ནས་ཟླ་བ་བཞིའོ། །དཔྱིད་ཀྱི་དུས་ཀྱང་རྟ་པའི་བཅུ་དྲུག་ནས་ཟླ་བ་བཞིའོ། །དབྱར་ཀྱི་དུས་ནི་གདུ་བུའི་བཅུ་དྲུག་ནས་ཟླ་བ་གཅིག་གོ །དབྱར་ཐུང་བའི་དུས་ནི་ཉིན་ཞག་གཅིག་དང་བྲེའི་བཅུ་དྲུག་གོ །དབྱར་རིང་པོའི་དུས་ནི་བྲེའི་བཅུ་བདུན་ནས་དབྱུ་གུའི་བཅོ་ལྔའི་བར་ཉིན་ཞག་གཅིག་གིས་ཟླ་བ་གསུམ་དུ་མཆོག་པའོ། །དེ་ནི་དུས་ཚོད་བརྗོད་པའོ། །དུས་འདི་ལ་ཁྱེད་རྣམས་བསྙེན་པར་རྫོགས་པ་ཡིན་པས། རང་བས་གྲིབ་མ་སོར་གཅིག་གིས་རྒན་པ་ཡན་ཆད་ལ་བསྙེན་བཀུར་གྱི་ཡུལ་ཡིན་པའི་ཕྱིར་ཕྱག་དང༌། སྔོན་དུ་ལྡང་བ་དང༌། གྲལ་གོང་དུ་འཇོག་པ་ལ་སོགས་པའི་སྒོ་ནས་བསྙེན་བཀུར་བ་དང་གུས་པ་གྱིས། གྲིབ་མ་སོར་གཅིག་གིས་གཞོན་པ་མན་ཆད་བསྙེན་བཀུར་དང་དུ་བླང་བའི་ཡུལ་ཡིན་པས་དེ་དག་གིས་བསྙེན་བཀུར་ཇི་ལྟར་བྱས་པ་དང་དུ་ལོང༌། ཁྱེད་རང་རྣམས་ལྟ་བུ་དུས་གཅིག་ལ་བསྙེན་པར་རྫོགས་པ་རྣམས། བསླབ་པའི་སྒོ་ནས་ཕྱག་བྱེད་མི་དགོས། གྲལ་སྔོན་ལ་གང་འོངས་པ་གྲལ་མགོར་སྡོད། དེ་ལྟར་བྱས་པའི་དགོས་པ་རང་གཞན་གྱི་བསླབ་པ་ལ་གུས་པ་དང༌། འཇིག་རྟེན་གྱི་ཆོས་དགེ་བ་སྤྱོད་པ་དང་མཐུན་པ་དང༌། དགེ་འདུན་འདུ་འཚོགས་བྱེད་པའི་ཚེ་བགོ་བཤའ་སླ་བ་ལ་སོགས་པའི་དགོས་པ་ཡོད་པས། དེ་རྣམས་ཡིད་ལ་ཟུང་ལ་ལག་ལེན་ལ་ཐོབ་ཅེས་བརྗོད་པར་བྱའོ། །དོན་གཉིས་པ་བསླབ་བྱ་རགས་རིམ་ཤེས་པར་བྱ་བའི་ཕྱིར། དགེ་སློང་ལས་བྱེད་པས་གནས་ལ་སོགས་པ་རྣམསབརྗོད་པར་བྱ་སྟེ། དེ་ལ་གསུམ། གང་གིས་འཚོ་བའི་ཡོ་བྱད་ལ་གདམས་པ། གང་ལ་བསླབ་པའི་བསླབ་བྱ་ལ་གདམས་པ། ཇི་ལྟར་སློབ་པའི་ཐབས་ལ་གདམས་པའོ། །དང་པོ་གང་གིས་འཚོ་བའི་ཡོ་བྱད་ལ་གདམས་པ་ལ་གཉིས་ལས། སྤྱིར་བསྟན་པ་ནི། ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག བཞི་པོ་འདི་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས་དེ་ལྟར་རབ་ཏུ་བྱུང་བ་དང༌། བསྙེན་པར་རྫོགས་པའི་དགེ་སློང་གི་གནས་སུ་གསུངས་ཏེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང༌། བསྙེན་པར་རྫོགས་པའི་དགེ་སློང་གི་དངོས་པོར་འགྱུར་རོ། །གཉིས་པ་སོ་སོར་བསྟན་པ་ལ་བཞི་ལས། དང་པོ་གོས་ལ་གདམས་པ་ལ་གཉིས་ལས། འདོད་པ་བསོད་ཉམས་ཀྱི་མཐའ་སྤང་བ་ནི། བཞི་གང་ཞེ་ན། གོས་ཀྱི་ནང་ན་ཕྱག་དར་ཁྲོད་ནི་རུང་བ་རྙེད་ཀྱང་སླ་བ་སྟེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང༌། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །མིང་འདི་ཞེས་བྱ་བ་ཁྱོད། ཇི་སྲིད་འཚོའི་བར་དུ། ཕྱག་དར་ཁྲོད་ཀྱི་གོས་ཀྱིས་འཚོ་བར་སྤྲོའམ། དེས་སྤྲོ་ཞེས་བརྗོད་པར་བྱའོ། །གཉིས་པ་ངལ་ཞིང་དུབ་པའི་མཐའ་སྤང་བ་ནི། ལྷག་པར་རྙེད་ན་རས་སམ། རས་ཡུག་ཆེན་ནམ། བེའུ་རས་སམ། དར་ལའམ། མོན་དར་རམ། བེའུ་རས་ཡུག་ཆེའམ། བེའུ་རས་ཡུག་དམར་པོའམ། བེའུ་རས་ཕྲུག་གམ། ལྭ་དམར་རམ། ཡུལ་ཀ་ཤི་ཀའི་རས་ཕྲན་ནམ། ཁ་དོག་རན་པའམ། ཁ་དོག་ངན་པའམ། བལ་གོས་སམ། ཤ་ནའི་རས་སམ། ཟར་མའི་རས་སམ། རས་གོས་སམ། དུ་ཀུ་ལའི་རས་སམ། ཀོ་ཏ་མའི་རས་སམ། ཉི་འོག་གི་གོས་སམ། གཞན་ཡང་གོས་རུང་བ་གང་དགེ་འདུན་ནམ། གང་ཟག་ལས་རྙེད་ན། དེ་ཡང་ཁྱོད་ཀྱིས་ལོང་ལ་ཚོད་ཟིན་པར་གྱིས་ཤིག ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་དམ་བཅའ་འམ། དེས་དམ་འཆའོ་ཞེས་བརྗོད་པར་བྱའོ། །ཟས་ལ་གདམས་པ་ལ་གཉིས་ལས། འདོད་པ་བསོད་ཉམས་ཀྱི་མཐའ་སྤང་བ་ནི་མིང་འདི་ཞེས་བགྱི་བ་ཁྱོད་ཉོན་ཅིག ཟས་ཀྱི་ནང་ན་བསོད་སྙོམས་ནི་རུང་བ་རྙེད་ཀྱང་སླ་བ་སྟེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང༌། བསྙེན་པར་རྫོགས་པར་དགེ་སློང་གི་དངོས་པོར་འགྱུར་རོ། །མིང་འདི་ཞེས་བྱ་བ་ཁྱོད་ཇི་སྲིད་འཚོའི་བར་དུ་བསོད་སྙོམས་ཀྱི་ཟས་ཀྱིས་འཚོ་བར་སྤྲོའམ། དེས་སྤྲོ་ཞེས་བརྗོད་པར་བྱའོ། །ངལ་ཞིང་དུབ་པའི་མཐའ་སྤང་བ་ནི། ལྷག་པར་རྙེད་ན། འབྲས་ཆན་ནམ། སྐྱོ་མའམ། ཐུག་པའམ། ལྔ་སྟོན་ནམ། བརྒྱད་སྟོན་ནམ། བཅུ་བཞིའི་སྟོན་ནམ། ཉ་སྟོན་ནམ། རྟག་རེས་འཁོར་རམ། མགྲོན་དུ་བོས་པའམ། འཕྲལ་ལ་བོས་པའམ། སྤགས་པའམ། གཞན་ཡང་ཟས་རུང་བ་གང་དགེ་འདུན་ནམ་གང་ཟག་ལས་རྙེད་ན། དེའང་ཁྱོད་ཀྱིས་ལོང་ལ། ཚོད་ཟིན་པར་གྱིས་ཤིག ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་དམ་འཆའའམ། དེས་དམ་འཆའའོ་ཞེས་བརྗོད་པར་བྱའོ། །གནས་མལ་ལ་གདམས་པ་ལ་གཉིས་ལས། འདོད་པ་བསོད་ཉམས་ཀྱི་མཐའ་སྤང་བ་ནི། མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག གནས་མལ་གྱི་ནང་ན་ཤིང་དྲུང་ནི་རུང་བ་རྙེད་ཀྱང་སླ་བ་སྟེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང༌། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །མིང་འདི་ཞེས་བྱ་བ་ཁྱོད། ཇི་སྲིད་འཚོའི་བར་དུ་ཤིང་དྲུང་གི་གནས་མལ་གྱིས་འཚོ་བར་སྤྲོའམ། །དེས་སྤྲོ་ཞེས་བརྗོད་པར་བྱའོ། །ངལ་ཞིང་དུབ་པའི་མཐའ་སྤང་བ་ནི། ལྷག་པར་རྙེད་ན། ཁང་པའམ། ལྔ་ཁང་ངམ། ཁང་པ་བརྩེགས་པའམ། བསིལ་ཁང་ངམ། སབ་མས་བསྐོར་བའམ། བ་གམ་མམ། ཁང་བཟངས་སམ། སྒོ་ཁང་གི་སྟེང་གི་བསིལ་ཁང་ངམ། ཁང་སྟེང་གི་ཡོལ་ཁང་ངམ། སྤང་ལེབ་ཁང་ངམ། ས་ཕུག་གམ། བྲག་ཕུག་གམ། རི་ཕུག་གམ། རྩྭའི་སྤྱིལ་བུའམ། ལོ་མའི་སྤྱིལ་བུའམ། འཆག་སར་བྱས་པའམ། འཆག་སར་མ་བྱས་པའམ། བྱ་སྐྱིབས་སུ་བྱས་པའམ། བྱ་སྐྱིབས་སུ་མ་བྱས་པའམ། གཞན་ཡང་གནས་མལ་རུང་བ་གང་དགེ་འདུན་ནམ། གང་ཟག་ལས་རྙེད་ན། དེ་ཡང་ཁྱོད་ཀྱིས་ལོང་ལ་ཚོད་ཟིན་པར་གྱིས་ཤིག ཇི་ལྟར་ཁྱོད་ཀྱིས་གནས་འདི་ལྟ་བུ་ལ་དམ་འཆའའམ། དེས་དམ་འཆའོ་ཞེས་བརྗོད་པར་བྱའོ། །སྨན་ལ་གདམས་པ་ལ་གཉིས་ལས། འདོད་པ་བསོད་ཉམས་ཀྱི་མཐའ་སྤང་བ་ནི། མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག སྨན་གྱི་ནང་ན་བཀུས་ཏེ་བོར་བ་ནི། རུང་བ་རྙེད་པ་སླ་བ་སྟེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང༌། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །མིང་འདི་ཞེས་བྱ་བ་ཁྱོད། ཇི་སྲིད་འཚོའི་བར་དུ། བཀུས་ཏེ་བོར་བའི་སྨན་གྱི་འཚོ་བར་སྤྲོའམ། དེས་སྤྲོ་ཞེས་བརྗོད་པར་བྱའོ། །ངལ་ཞིང་དུབ་པའི་མཐའ་སྤང་བ་ནི། ལྷག་པ་རྙེད་ན་ཞུན་མར་རམ། འབྲུ་མར་རམ། སྦྲང་རྩིའམ། བུ་རམ་གྱི་ལྦུ་བའམ། དུས་སུ་རུང་བའམ། ཐུན་ཚོད་དུ་རུང་བའམ། ཞག་བདུན་པའམ། འཚོ་བའི་བར་དུ་བཅང་བའམ། རྩ་བའི་སྨན་ནམ། སྡོང་བུའི་སྨན་ནམ། ལོ་མའི་སྨན་ནམ། མེ་ཏོག་གི་སྨན་ནམ། འབྲས་བུའི་སྨན་ནམ། གཞན་ཡང་སྨན་རུང་བ་གང་དགེ་འདུན་ནམ། གང་ཟག་ལས་རྙེད་ན། དེ་ཡང་ཁྱོད་ཀྱིས་ལོང་ལ་ཚོད་ཟིན་པར་གྱིས་ཤིག ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་དམ་འཆའ་འམ། དེས་འཆའོ་ཞེས་བརྗོད་པར་བྱའོ། །དེ་ནི་གནས་རྣམས་བརྗོད་པའོ། །གཉིས་པ་གང་ལ་བསླབ་པའི་བསླབ་བྱ་ལ་གདམས་པ་ལ་གཉིས། འདིར་བསླབ་པར་བྱ་བ་མདོར་བསྟན་པ་དང༌། རྒྱས་པར་གཞན་དུ་ཤེས་པར་བྱའོ། །དང་པོ་ལ་གཉིས། ཁྱད་པར་གྱི་གཞི་ཚུལ་ཁྲིམས་ལ་བསླབ་པ་དང༌། ཁྱད་པར་གྱི་ཆོས་ཤེས་རབ་ལ་བསླབ་པར་བྱ་བ་དང༌། ཏིང་ངེ་འཛིན་ལ་བསླབ་པའོ། །དང་པོ་ལ་བཞི། གང་ལ་བསླབ་པར་བྱ་བ། དེ་ལ་སློབ་དགོས་པའི་རྒྱུ་མཚན། ཇི་ལྟར་སློབ་པའི་དཔེ། གང་ལ་བསླབ་པའི་ཡུལ་ལོ། །དང་པོ་ལ་གཉིས་ལས། ཕམ་པར་འགྱུར་བའི་ཆོས་སྤང་བར་གདམས་པ་ལ་གཉིས། སྤྱིར་གདམས་པ་དང༌། སོ་སོར་གདམས་པའོ། །སྤྱིར་གདམས་པ་ནི། མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག བཞི་པོ་འདི་དག་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། དེ་ལྟར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་ལྟུང་བར་འགྱུར་བའི་ཆོས་སུ་གསུངས་ཏེ། དགེ་སློང་གིས་དེ་བྱས་ན། བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང༌། ཤཱཀྱའི་སྲས་ཀྱིར་མི་རུང༌། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སློང་གི་ཚུལ་ཞིག་པར་འགྱུར་ཞིང༌། ཉམས་པ་བཅོམ་པ། ལྟུང་བ་ཕམ་པར་གྱུར་པ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བསླད་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན། ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང༌། ཡངས་བར་འགྱུར་དུ་མི་རུང་བ་བཞིན་ནོ། །གཉིས་པ་སོ་སོར་གདམས་པ་ལ་བཞི་ལས་དང་པོ་མི་ཚངས་པ་སྤྱོད་པ་ཆ་དང་བཅས་པ་སྤང་བར་གདམས་པ་ནི། བཞི་གང་ཞེ་ན། འདོད་པ་དང༌། འདོད་པ་ལ་ཞེན་པ་དང༌། འདོད་པ་ལ་འཆུམས་པ་དང༌། འདོད་པ་ལ་ལྷག་པར་ཞེན་པ་ནི། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་སྨད་དོ། །འདོད་པ་སྤངས་བ་ནི་བསྔགས་ཏེ། བོར་བ་དང༌། བཙལ་བ་དང༌། ཟད་པ་དང༌། འདོད་ཆགས་དང་བྲལ་བ་དང༌། འགོག་པ་དང༌། ཉེ་བར་ཞི་བ་དང༌། ནུབ་པ་ནི་བསྟོད་དོ། །བཀུར་རོ། །བསྔགས་སོ། །སྙན་པར་བརྗོད་དོ། །ཚེ་དང་ལྡན་པ་ཁྱོད་དེང་ཕྱིན་ཆད་ཆགས་པའི་སེམས་ཀྱིས་བུད་མེད་ཀྱི་ལུས་ལ་མིག་གཏད་དེ། མིག་གིས་ལྟ་བ་ཡང་མི་བྱ་ན། གཉིས་ཀྱིས་གཉིས་སྤྲད་དེ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་པ་ལྟ་སྨོས་ཀྱང་ཅི་དགོས། ཚེ་དང་ལྡན་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། ཡང་དགེ་སློང་གང་དགེ་སློང་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པས། བསླབ་པ་མ་ཕུལ། བསླབ་པ་ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པར་འཁྲིག་པའི་ཆོས་བསྟན་ན། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེ་བ་དང་ལྷན་ཅིག་ཀྱང་རུང་སྟེ། དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱི། གནས་པར་མི་བྱའོ་ཞེས་བྱ་བ་འདི་བཀའ་སྩལ་ཏེ། དགེ་སློང་གི་གནས་དེ་ལྟ་བུ་བྱས་ན། བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང༌། ཤཱཀྱའི་སྲས་ཀྱིར་མི་རུང༌། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང༌། ཉམས་པ། བཅོམ་པ། ལྟུང་བ་ཕམ་པར་འགྱུར་བ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བསླབ་ཏུ་མེད་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན། ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང༌། ཡངས་པར་འགྱུར་དུ་མི་རུང་བ་བཞིན་ནོ། །དེང་ཕྱིན་ཆད་ཁྱོད་སྤྱད་པ་མ་ཡིན་པ་དང༌། བྱ་བ་མ་ཡིན་པ་དང༌། སྤྱད་པ་མ་ཡིན་པ་སྤང་བ་དེ་ལ་དྲན་པ་དང༌། བག་ཡོད་པར་སེམས་ཤིན་ཏུ་བསྲུང་བ་ལ་བརྩོན་པར་གྱིས་ཤིག ཇི་ལྟར་གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་ཅེས་བརྗོད་པར་བྱའོ། །གཉིས་པ་མ་བྱིན་པར་ལེན་པ་ཆ་དང་བཅས་པ་སྤང་བར་གདམས་པ་ནི། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག མ་བྱིན་པར་ལེན་པ་ནི། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་སྨད་དོ། །མ་བྱིན་པར་ལེན་པ་སྤང་བ་ནི་བསྟོད་དོ། །བཀུར་རོ། །བསྔགས་སོ། །སྙན་པར་བརྗོད་དོ། །ཚེ་དང་ལྡན་པ་ཁྱོད་དེང་ཕྱིན་ཆད་རྐུ་སེམས་ཀྱིས་གཞན་གྱི་ཏིལ་གྱི་ཕུབ་མ་ཡང་མ་བྱིན་པར་མི་བླང་ན། མ་ཤ་ཀ་ལྔའམ། མ་ཤ་ཀ་ལྔ་ལས་ལྷག་པ་མ་བྱིན་པར་བླངས་པ་ལྟ་སྨོས་ཀྱང་ཅི་དགོས། ཚེ་དང་ལྡན་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། ཡང་དགེ་སློང་གང་གཞན་དག་གི་གྲོང་ན་འདུག་པའམ། དགོན་པ་ན་འདུག་པ་མ་བྱིན་པར་རྐུ་བའི་གྲངས་སུ་གཏོགས་པ་བླངས་ན། ཇི་ཙམ་ན་མ་བྱིན་པར་བླངས་པས། དེ་རྒྱལ་པོའམ། བློན་པོ་ཆེན་པོས་བཟུང་ནས། འདི་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད་ནི་རྐུན་མའོ། །བྱིས་པའོ། །བླུན་པོའོ། །རྐུ་བའོ་ཞེས་ཟེར་ཞིང་གསོད་དམ། འཆིང་ངམ། སྤྱུགས་ཀྱང་རུང་སྟེ། དགེ་སློང་དེ་དེ་ལྟར་མ་བྱིན་པར་ལེན་ན། དགེ་སློང་དེ་ཡང་ཕམ་པར་འགྱུར་བ་ཡིན་གྱི། གནས་པར་མི་བྱའོ་ཞེས་བྱ་བ་འདི་བཀའ་སྩལ་ཏེ། དགེ་སློང་གིས་གནས་དེ་ལྟ་བུ་བྱས་ན། བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང༌། ཤཱཀྱའི་སྲས་ཀྱིར་མི་རུང༌། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང༌། ཉམས་པ། བཅོམ་པ། ལྟུང་བ། ཕམ་པར་འགྱུར་བ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན། ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང༌། ཡངས་པར་འགྱུར་དུ་མི་རུང་བ་བཞིན་ནོ། །དེང་ཕྱིན་ཆད་ཁྱོད་སྤྱད་པ་མ་ཡིན་པ་དང༌། བྱ་བ་མ་ཡིན་པ་དང༌། སྤྱད་པ་མ་ཡིན་པ་ཡང་སྤང་བ་དེ་ལ་དྲན་པ་དང་བག་ཡོད་པར་སེམས་ཤིན་ཏུ་བསྲུང་བ་ལ་བརྩོན་པར་གྱིས་ཤིག ཇི་ལྟར་གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་ཅེས་བརྗོད་པར་བྱའོ། །གསུམ་པ་སྲོག་གཅོད་པ་ཆ་དང་བཅས་པ་སྤང་བར་གདམས་པ་ནི། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག སྲོག་གཅོད་པ་ནི་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་སྨད་དོ། །སྲོག་གཅོད་པ་སྤང་བ་ནི་བསྟོད་དོ། །བཀུར་རོ། །བསྔགས་སོ། །སྙན་པར་བརྗོད་དོ། །དེང་ཕྱིན་ཆད་ཚེ་དང་ལྡན་པ་ཁྱོད་ཀྱིས་བསམས་བཞིན་དུ་སྲོག་ཆགས་གྲོག་སྦུར་ཡང་གསད་པར་མི་བྱ་ན། མིའམ་མིར་ཆགས་པ་ལྟ་སྨོས་ཀྱང་ཅི་དགོས། ཚེ་དང་ལྡན་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། ཡང་དགེ་སློང་གང་མིའམ། མིར་ཆགས་པ་ལ་བསམས་བཞིན་དུ། རང་གི་ལག་དར་ཏེ་སྲོག་གཅོད་པའམ། དེ་ལ་མཚོན་བྱིན་ནམ། དེ་ལ་མཚོན་ཐོགས་པ་གཉེར་ཏམ། དེ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ། དེ་ཡང་འདི་སྐད་ཅེས། ཀྱེ་མི་ཁྱོད་འཚོ་བ་སྡིག་པ་མི་གཙང་བ་ངན་པ་འདིས་ཅི་ཞིག་བྱ། ཀྱེ་མ་མི་ཁྱོད་གསོན་པ་བས་ཤི་བ་བླའོ་ཞེས་ཟེར་ཞིང་སེམས་ཀྱིས་འདོད་པ་དང༌། སེམས་ཀྱི་ཀུན་ཏུ་རྟོག་པ་དག་གིས་རྣམ་གྲངས་དུ་མས་དེ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་དེ། དེ་ཡང་རྩོམ་པ་དེ་དུས་བྱས་ནས་དགེ་སློང་དེ་ཡང་ཕམ་པར་འགྱུར་བ་ཡིན་གྱི། གནས་པར་མི་བྱའོ་ཞེས་བྱ་བ་འདི་བཀའ་སྩལ་ཏེ། དགེ་སློང་གིས་གནས་དེ་ལྟ་བུར་བྱས་ན། བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང༌། ཤཱཀྱའི་སྲས་ཀྱིར་མི་རུང༌། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང༌། ཉམས་པ་དང༌། བཅོམ་པ་དང༌། ལྟུང་བ། ཕམ་པར་འགྱུར་བ་སྟེ། དེའི་དགེ་སློང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན། ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང༌། ཡངས་པར་འགྱུར་དུ་མི་རུང་བ་བཞིན་དུ། དེང་ཕྱིན་ཆད་ཁྱོད་སྤྱོད་པ་མ་ཡིན་པ་དང༌། བྱ་བ་མ་ཡིན་པ་དང༌། སྤྱད་པ་མ་ཡིན་པ་དེ་ལ་དྲན་པ་དང༌། བག་ཡོད་པར་སེམས་ཤིན་ཏུ་བསྲུང་བར་བརྩོན་པར་གྱིས་ཤིག ཇི་ལྟར་གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་ཅེས་བརྗོད་པར་བྱའོ། །བཞི་པ་བརྫུན་དུ་སྨྲ་བ་ཆ་དང་བཅས་པ་སྤང་བར་གདམས་པ་ནི། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག བརྫུན་དུ་སྨྲ་བ་ནི་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་སྨད་དོ། །བརྫུན་དུ་སྨྲ་བ་སྤང་བ་ནི་བསྟོད་དོ། །བཀུར་རོ། །བསྔགས་སོ། །སྙན་པར་བརྗོད་དོ། །ཚེ་དང་ལྡན་པ་ཁྱོད་དེང་ཕྱིན་ཆད་ཐ་ན་བཞད་གད་བྱ་བར་བསམས་ཏེ་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ཡང་མི་བྱ་ན། བསམས་བཞིན་དུ་མི་ཆོས་བླ་མ་སྨྲ་བ་ལྟ་སྨོས་ཀྱང་ཅི་དགོས། ཚེ་དང་ལྡན་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། ཡང་དགེ་སློང་གང་མངོན་པར་མི་ཤེས་ཤིང་ཡོངས་སུ་མ་ཤེས་པར་མི་ཆོས་བླ་མ་མཐའ་དང༌། འཕགས་པ་དང༌། བྱེ་བྲག་ཐོབ་པ་དང༌། ཤེས་པ་དང༌། མཐོང་བ་དང༌། རེག་པར་སྤྱོད་པ་མེད་ལ། མེད་བཞིན་དུ་འདི་ཤེས་སོ། །འདི་མཐོང་ངོ་ཞེས་ཁས་འཆེ་བ་ལས། དེ་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་ནས་དུས་གཞན་ཞིག་ན། དྲིས་ཀྱང་རུང༌། མ་དྲིས་ཀྱང་རུང༌། འདི་སྐད་ཅེས་ཚེ་དང་ལྡན་པ་དག བདག་གིས་ནི་མི་ཤེས་པར་ཤེས་སོ་ཞེས་སྨྲས། མ་མཐོང་བར་མཐོང་ངོ་ཞེས་སྨྲས་ཏེ། གསོག་གསོབ་བརྫུན་དུ་སྨྲས་སོ། །ཞེས་ཟེར་ན་མངོན་པའི་ང་རྒྱལ་མ་གཏོགས་ཏེ། དགེ་སློང་དེ་ཡང་ཕམ་པར་འགྱུར་བ་ཡིན་གྱི། གནས་པར་མི་བྱའོ་ཞེས་བྱ་བ་འདི་བཀའ་སྩལ་ཏེ། ཅི་ཞིག་ཤེས་ཤེ་ན། སྡུག་བསྔལ་ཤེས་སོ། །ཀུན་འབྱུང་དང༌། འགོག་པ་དང༌། ལམ་ཤེས་སོ། །ཅི་ཞིག་མཐོང་ཞེ་ན། ལྷ་རྣམས་མཐོང་ངོ༌། །ཀླུ་རྣམས་དང༌། གནོད་སྦྱིན་རྣམས་དང༌། ནམ་མཁའ་ལྡིང་རྣམས་དང༌། དྲི་ཟ་རྣམས་དང༌། མིའམ་ཅི་རྣམས་དང༌། ལྟོ་འཕྱེ་ཆེན་པོ་རྣམས་དང༌། ཡི་དྭགས་རྣམས་དང༌། ཤ་ཟ་རྣམས་དང༌། གྲུལ་བུམ་རྣམས་དང༌། སྲུལ་པོ་རྣམས་དང༌། ལུས་སྲུལ་པོ་རྣམས་དང༌། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་མཐོང་ངོ༌། །ལྷ་རྣམས་ཀྱི་ཀྱང་བདག་མཐོང་ངོ༌། །ཀླུ་རྣམས་དང༌། གནོད་སྦྱིན་རྣམས་དང༌། ནམ་མཁའ་ལྡིང་རྣམས་དང༌། དྲི་ཟ་རྣམས་དང༌། མིའམ་ཅི་རྣམས་དང༌། ལྟོ་འཕྱེ་ཆེན་པོ་རྣམས་དང༌། ཡི་དྭགས་རྣམས་དང༌། ཤ་ཟ་རྣམས་དང༌། གྲུལ་བུམ་རྣམས་དང༌། སྲུལ་པོ་རྣམས་དང༌། ལུས་སྲུལ་པོ་རྣམས་དང༌། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ཀྱིས་ཀྱང་བདག་མཐོང་ངོ༌། །ལྷ་རྣམས་ཀྱིས་སྒྲ་ཐོས་སོ། །ཀླུ་རྣམས་དང༌། གནོད་སྦྱིན་རྣམས་དང༌། ནམ་མཁའ་ལྡིང་རྣམས་དང༌། དྲི་ཟ་རྣམས་དང༌། མིའམ་ཅི་རྣམས་དང༌། ལྟོ་འཕྱེ་ཆེན་པོ་རྣམས་དང༌། ཡི་དྭགས་རྣམས་དང༌། ཤ་ཟ་རྣམས་དང༌། གྲུལ་བུམ་རྣམས་དང༌། སྲུལ་པོ་རྣམས་དང༌། ལུས་སྲུལ་པོ་རྣམས་དང༌། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ཀྱིས་སྒྲ་ཐོས་སོ། །ལྷ་རྣམས་ཀྱིས་ཀྱང་བདག་གི་སྒྲ་ཐོས་སོ། །ཀླུ་རྣམས་དང༌། གནོད་སྦྱིན་རྣམས་དང༌། ནམ་མཁའ་ལྡིང་རྣམས་དང༌། དྲི་ཟ་རྣམས་དང༌། མིའམ་ཅི་རྣམས་དང༌། ལྟོ་འཕྱེ་ཆེན་པོ་རྣམས་དང༌། ཡི་དྭགས་རྣམས་དང༌། ཤ་ཟ་རྣམས་དང༌། གྲུལ་བུམ་རྣམས་དང༌། སྲུལ་པོ་རྣམས་དང༌། ལུས་སྲུལ་པོ་རྣམས་དང༌། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ཀྱིས་ཀྱང་བདག་གི་སྒྲ་ཐོས་སོ། །ལྷ་རྣམས་བལྟ་བའི་ཕྱིར་འགྲོའོ། །ཀླུ་རྣམས་དང༌། གནོད་སྦྱིན་རྣམས་དང༌། ནམ་མཁའ་ལྡིང་རྣམས་དང༌། དྲི་ཟ་རྣམས་དང༌། མིའམ་ཅི་རྣམས་དང༌། ལྟོ་འཕྱེ་ཆེན་པོ་རྣམས་དང༌། ཡི་དྭགས་རྣམས་དང༌། ཤ་ཟ་རྣམས་དང༌། གྲུལ་བུམ་རྣམས་དང༌། སྲུལ་པོ་རྣམས་དང༌། ལུས་སྲུལ་པོ་རྣམས་དང༌། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་བལྟ་བའི་ཕྱིར་འགྲོའོ། །ལྷ་རྣམས་བདག་ལ་བལྟ་བའི་ཕྱི་འོང་ངོ༌། །ཀླུ་རྣམས་དང༌། གནོད་སྦྱིན་རྣམས་དང༌། ནམ་མཁའ་ལྡིང་རྣམས་དང༌། དྲི་ཟ་རྣམས་དང༌། མིའམ་ཅི་རྣམས་དང༌། ལྟོ་འཕྱེ་ཆེན་པོ་རྣམས་དང༌། ཡི་དྭགས་རྣམས་དང༌། ཤ་ཟ་རྣམས་དང༌། གྲུལ་བུམ་རྣམས་དང༌། སྲུལ་པོ་རྣམས་དང༌། ལུས་སྲུལ་པོ་རྣམས་དང༌། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་བདག་ལ་བལྟ་བའི་ཕྱིར་འོང་ངོ༌། །ལྷ་རྣམས་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ། །ཀླུ་རྣམས་དང༌། གནོད་སྦྱིན་རྣམས་དང༌། ནམ་མཁའ་ལྡིང་རྣམས་དང༌། དྲི་ཟ་རྣམས་དང༌། མིའམ་ཅི་རྣམས་དང༌། ལྟོ་འཕྱེ་ཆེན་པོ་རྣམས་དང༌། ཡི་དྭགས་རྣམས་དང༌། ཤ་ཟ་རྣམས་དང༌། གྲུལ་བུམ་རྣམས་དང༌། སྲུལ་པོ་རྣམས་དང༌། ལུས་སྲུལ་པོ་རྣམས་དང༌། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ། །ལྷ་རྣམས་དང་བདག་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ། །ཀླུ་རྣམས་དང༌། གནོད་སྦྱིན་རྣམས་དང༌། ནམ་མཁའ་ལྡིང་རྣམས་དང༌། དྲི་ཟ་རྣམས་དང༌། མིའམ་ཅི་རྣམས་དང༌། ལྟོ་འཕྱེ་ཆེན་པོ་རྣམས་དང༌། ཡི་དྭགས་རྣམས་དང༌། ཤ་ཟ་རྣམས་དང༌། གྲུལ་བུམ་རྣམས་དང༌། སྲུལ་པོ་རྣམས་དང༌། ལུས་སྲུལ་པོ་རྣམས་དང༌། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་བདག་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ། །མ་ཐོབ་བཞིན་དུ་བདག་གིས་མི་རྟག་པ་ལ་རྟག་པའི་འདུ་ཤེས་དང༌། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང༌། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང༌། ཟས་ལ་མི་མཐུན་པའི་འདུ་ཤེས་དང༌། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང༌། ཉེས་དམིགས་ཀྱི་འདུ་ཤེས་དང༌། སྤོང་བའི་འདུ་ཤེས་དང༌། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང༌། འགོག་པའི་འདུ་ཤེས་དང༌། འཆི་བའི་འདུས་ཤེས་དང༌། མི་སྡུག་པའི་འདུ་ཤེས་དང༌། རྣམ་པར་སྔོས་པའི་འདུ་ཤེས་དང༌། རྣམ་པར་རྣག་པའི་འདུ་ཤེས་དང༌། རྣམ་པར་བམ་པའི་འདུ་ཤེས་དང༌། རྣམ་པར་འབུས་གཞིག་པའི་འདུ་ཤེས་དང༌། རྣམ་པར་ཟོས་པའི་འདུ་ཤེས་དང༌། རྣམ་པར་དམར་བའི་འདུ་ཤེས་དང༌། རྣམ་པར་འཐོར་བའི་འདུ་ཤེས་དང༌། རུས་གོང་གི་འདུ་ཤེས་དང༌། སྟོང་པ་ཉིད་དུ་སོ་སོར་རྟོག་པའི་འདུ་ཤེས་ཐོབ་བོ། །མ་ཐོབ་བཞིན་དུ་བདག་གིས་བསམ་གཏན་དང་པོ་དང་གཉིས་པ་དང༌། གསུམ་པ་དང༌། བཞི་པ་དང༌། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དང༌། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་དང༌། རྫུ་འཕྲུལ་གྱི་ཡུལ་དང༌། ལྷའི་རྣ་བ་དང༌། སེམས་ཀྱི་རྣམ་གྲངས་དང༌། སྔོན་གྱི་གནས་དང༌། འཆི་འཕོ་དང༌། སྐྱེ་བ་དང༌། ཟག་པ་ཟད་པ་ཐོབ་བོ། །བདག་ནི་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལ། བསམ་གཏན་པ་དང༌། གཉིས་ཀའི་ཆ་ལས། རྣམ་པར་གྲོལ་བ་ཡིན་ནོ། །ཞེས་བྱ་བ་སྟེ། དགེ་སློང་གིས་གནས་འདི་ལྟ་བུ་བྱས་ན། བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང༌། ཤཱཀྱའི་སྲས་ཀྱིར་མི་རུང༌། དགེ་སྦྱོང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེས་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང༌། ཉམས་པ། བཅོམ་པ། ལྟུང་བ། ཕམ་པར་འགྱུར་བ་སྟེ། དེ་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན། ཤིང་ཏ་ལའི་མགོ་བཅད་ན། སྔོན་པོར་འགྱུར་དུ་མི་རུང་ལ་འཕེལ་ཞིང་རྒྱས་པ་དང༌། ཡངས་པར་འགྱུར་དུ་མི་རུང་བ་བཞིན་ནོ། །དེང་ཕྱིན་ཆད་ཁྱོད་སྤྱད་པ་མ་ཡིན་པ་དང༌། བྱ་བ་མ་ཡིན་པ་དང༌། སྤྱད་པ་མ་ཡིན་པ་སྤང་བ་དེ་ལ་དྲན་པ་དང་བག་ཡོད་པས་སེམས་ཤིན་ཏུ་བསྲུང་བ་ལ་བརྩོན་པར་གྱིས་ཤིག ཇི་ལྟར་གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་ཅེས་བརྗོད་པར་བྱའོ། །དེས་ནི་ལྟུང་བར་འགྱུར་བའི་ཆོས་རྣམས་བརྗོད་པའོ། །གཉིས་པ་དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་བསྟན་པ་ནི། དེའི་འོག་ཏུ་དགེ་སྦྱོང་དུ་བྱེད་པའི་ཆོས་རྣམས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག བཞི་པོ་འདི་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། དེ་ལྟར་རབ་ཏུ་བྱུང་བ་དང༌། བསྙེན་པར་རྫོགས་པའི་དགེ་སྦྱོང་དུ་བྱེད་པའི་ཆོས་སུ་གསུངས་ཏེ། བཞི་གང་ཞེ་ན། ཚེ་དང་ལྡན་པ་ཁྱོད་ཀྱིས་དེང་ཕྱིན་ཆད་གཤེ་ཡང་སླར་མི་གཤེ་བར་བྱ་བ་དང༌། ཁྲོས་ཀྱང་སླར་མི་ཁྲོ་བར་བྱ་བ་དང༌། བརྡེགས་ཀྱང་སླར་མི་བརྡེག་པར་བྱ་བ་དང༌། མཚང་བྲུས་ཀྱང་སླར་མི་འབྲུ་བར་བྱའོ། །ཇི་ལྟར་གནས་འདི་ལྟ་བུ་ལ་སྤྱོད་དམ། དེས་ཀྱང་སྤྱོད་ཅེས་བརྗོད་པར་བྱའོ། །དེ་ནི་དགེ་སྦྱོང་དུ་བྱེད་པའི་ཆོས་རྣམས་བརྗོད་པའོ། །གཉིས་པ་སློབ་དགོས་པའི་རྒྱུ་མཚན་ནི། དེའི་འོག་ཏུ་མཆོག་ཏུ་འདོད་པར་བྱ་བ་ཡང་དག་པ་ཉིད་ཀྱིས་རྫོགས་པ་ཉིད་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག ཁྱོད་སྔོན་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང༌། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་ཀྱང༌། ཅི་མ་རུང་སྙམ་དུ་སྨོན་པ་གང་ཡིན་པ་དེ། ད་ཁྱོད་མཁན་པོར་འོས་པ་དང༌། སློབ་དཔོན་དུ་འོས་པ་གཉིས་དང༌། དགེ་འདུན་མཐུན་པ་དང༌། གསོལ་བ་དང་བཞིའི་ལས་མི་གཡོ་བ་བཞག་པར་མི་འོས་པས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་སོ། །དེ་ནི་མཆོག་ཏུ་འདོད་པར་བྱ་བ་ཡང་དག་པ་ཉིད་ཀྱིས་རྫོགས་པ་ཉིད་བརྗོད་པའོ། །གསུམ་པ་ཇི་ལྟར་སློབ་པའི་དཔེ་ནི། དེའི་འོག་ཏུ་ཚུལ་ཁྲིམས་མཉམ་པར་གྱུར་པ་ཉིད་བསྒྲུབ་པར་བྱ་བ་ལ་ངེས་པར་སྦྱར་བར་བྱ་སྟེ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་གིས་བསླབ་པ་གང་ལ་བསླབ་པར་བྱ་བ་དེ་ལ་དེ་རིང་བསྙེན་པར་རྫོགས་པས་ཀྱང་བསླབ་པར་བྱའོ། །དེ་རིང་བསྙེན་པར་རྫོགས་པའི་དགེ་སློང་གི་བསླབ་པ་གང་ལ་བསླབ་པར་བྱ་བ་དེ་ལ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་ཀྱང་བསླབ་བོ། །དེ་ལྟར་ན་ཚུལ་ཁྲིམས་ཉིད་ཀྱིས་མཉམ་པ་དང༌། བསླབ་པ་ཉིད་ཀྱིས་མཉམ་པ་དང༌། སོ་སོར་ཐར་པའི་མདོ་བཏོན་པ་ཉིད་ཀྱིས་མཉམ་པ་དེ་ཁྱོད་ཀྱི་དེང་ཕྱིན་ཆད་བསྒྲུབ་པར་བྱའོ། །མི་འགྲུབ་པ་མི་བྱའོ། །དེ་ནི་ཚུལ་ཁམས་ཀྱིས་མཉམ་པར་གྱུར་པ་ཉིད་བསྒྲུབ་པ་ལ་ངེས་པར་སྦྱར་བར་བྱའོ། །གསུམ་པ་གང་ལ་བསླབ་པའི་ཡུལ་ལ་གཉིས་ལས། དང་པོ་མཁན་པོ་ལ་བརྟན་པ་ནི། དེའི་འོག་ཏུ་ཚུལ་དང་འབྲེལ་བའི་གཟུགས་བརྙན་ལ་ངེས་པར་སྦྱར་བར་བྱ་སྟེ། དེང་ཕྱིན་ཆད་ཁྱོད་ཀྱིས་མཁན་པོ་ལ་ཕའི་འདུ་ཤེས་ཉེ་བར་གཞག་པར་བྱའོ། །མཁན་པོས་ཀྱང་ཁྱོད་ལ་བུའི་འདུ་ཤེས་ཉེ་བར་གཞག་པར་བྱའོ། །ཁྱོད་ཀྱིས་དེང་ཕྱིན་ཆད་མཁན་པོ་ལ་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བྱའོ། །མཁན་པོས་ཀྱང་ཁྱོད་ཤིའམ་གསོན་གྱི་བར་དུ་ནད་གཡོག་བྱའོ། །དེའི་ཚུལ་དང་འབྲེལ་བའི་གཟུགས་བརྙན་ལ་ངེས་པར་སྦྱར་བར་བྱའོ། །གཉིས་པ་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་ལ་བརྟེན་པ་ནི། དེའི་འོག་ཏུ་དུལ་བར་གནས་པ་ཉིད་ལ་ངེས་པར་སྦྱར་བར་བྱ་སྟེ། དེང་ཕྱིན་ཆད་ཁྱོད་ཀྱིས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང༌། གནས་བརྟན་རྣམས་དང༌། བར་མ་རྣམས་དང༌། གསར་བུ་རྣམས་ལ་གུས་པ་དང་བཅས་པ་དང༌། ཞེ་ས་དང་བཅས་པ་དང༌། སེམས་དམའ་བ་དང་བཅས་པ་དང༌། འཇིགས་པ་དང་བཅས་པའི་དབང་དུ་གྱུར་པར་གནས་པར་བྱའོ། །དེ་ནི་དུལ་བར་གནས་པ་ཉིད་ལ་ངེས་པར་སྦྱར་བའོ། །གཉིས་པ་ཁྱད་པར་གྱི་ཆོས་ཤེས་རབ་དང་ཏིང་ངེ་འཛིན་ལ་བསླབ་པ་ནི། དེའི་འོག་ཏུ་དགོས་པ་རྗེས་སུ་བསྒྲུབ་པ་ལ་ཉེ་བར་སྦྱར་བར་བྱ་སྟེ། དེང་ཕྱིན་ཆད་ཁྱོད་ཀྱིས་ལུང་ནོད་པར་བྱ། བཀླག་པར་བྱ། ཁ་ཏོན་བྱའོ། །ཕུང་པོ་ལ་མཁས་པ་དང༌། ཁམས་ལ་མཁས་པ་དང༌། སྐྱེ་མཆེད་ལ་མཁས་པ་དང༌། བདེན་པ་ལ་མཁས་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང༌། གནས་དང་གནས་མ་ཡིན་པ་ལ་མཁས་པར་བྱའོ། །མ་ཐོབ་པ་ཐོབ་པར་བྱ་བ་དང༌། མ་རྟོགས་པ་རྟོགས་པར་བྱ་བ་དང༌། མངོན་དུ་མ་བྱས་པ་མངོན་དུ་བྱ་བའི་ཕྱིར་ཁྱོད་ཀྱིས་བརྩོན་པ་མི་འདོར་བར་བྱའོ། །དེ་ནི་དགོས་པ་རྗེས་སུ་བསྒྲུབ་པ་ལ་ཉེ་བར་སྦྱར་བའོ། །གཉིས་པ་རྒྱས་པར་གཞན་དུ་ཤེས་པར་བྱ་བ་ནི། དེའི་འོག་ཏུ་མ་བརྗོད་པ་ཡང་དག་པར་བླངས་པ་ཡོངས་སུ་ཤེས་པར་བསྒྲུབ་པར་འགྱུར་བ་ཉིད་ཀྱང་བརྗོད་པར་བྱ་སྟེ། འདི་དག་ནི་ཁོ་བོས་ཁྱོད་ལ་བསླབ་པའི་གཞི་ཆེ་ལོང་ཙམ་ཞིག་བརྗོད་པར་ཟད་དེ། གཞན་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང༌། སོ་སོར་ཐར་པའི་མདོ་འདོན་པའི་ཚེ་ཐོས་པར་འགྱུར་རོ། །གཞན་དག་ཀྱང་སློབ་དཔོན་དང༌། མཁན་པོ་དང༌། མཁན་པོ་གཅིག་པ་དང༌། སློབ་དཔོན་གཅིག་པ་དང༌། གཏམ་འདྲེས་པ་དང༌། ཕེབས་པར་སྨྲ་བ་དང༌། སྨོས་འདྲིན་དང༌། འགྲོགས་བཤེས་རྣམས་ཀྱིས་ཀྱང་རྒྱ་ཆེར་སྟོན་པར་འགྱུར་རོ། །དེ་ནི་མ་བརྗོད་པ་ཡང་དག་པར་བླངས་བ་ཡོངས་སུ་ཤེས་པའི་བསྒྲུབ་པར་འགྱུར་བ་ཉིད་བརྗོད་པའོ། །གསུམ་པ་སློབ་པའི་ཐབས་ལ་གཉིས་ལས། དང་པོ་སྟོན་པ་དང་བསྟན་པ་ལ་གུས་པར་བྱ་བ་ནི་དེའི་འོག་ཏུ་གུས་པ་ལ་ངེས་པར་སྦྱར་བར་བྱ་སྟེ། ཤེས་རབ་མཆོག་གི་བསྟན་པ་ལ། ཁྱོད་ནི་བསྙེན་པར་རྫོགས་པར་འགྱུར། །དལ་དང་འབྱོར་པ་རྙེད་དཀའ་བས། །འདི་དག་ཇི་ལྟ་བཞིན་དུ་བསྒྲུབས། །མཛེས་པ་རབ་ཏུ་དབྱུང་བ་དང༌། །ཡོངས་སུ་དག་པ་བསྙེན་རྫོགས་པར། །རྫོགས་སངས་རྒྱས་ཀྱིས་རབ་མཁྱེན་ཏེ། །བདེན་པའི་མཚན་གྱིས་བཀའ་སྩལ་ཏོ། །དེ་ནི་གུས་པ་ལ་ངེས་པར་སྦྱར་བའོ། །གཉིས་པ་རང་ཉིད་བག་ཡོད་པར་གདམས་པ་ནི། དེའི་འོག་ཏུ་བསྒྲུབ་པར་བྱ་བ་ཐབས་བརྗོད་པ་དང་བཅས་པ་ལ་ངེས་པར་སྦྱར་བར་བྱ་སྟེ། ཚེ་དང་ལྡན་པ་ཁྱོད་བསྙེན་པར་རྫོགས་ཟིན་གྱི། བག་ཡོད་པར་སྒྲུབས་ཤིག དེ་ནི་བསྒྲུབ་པར་བྱ་བ་ཐབས་བརྗོད་པ་དང་བཅས་པ་ལ་ངེས་པར་སྦྱར་བའོ། །དགེ་བསྙེན་དང༌། དགེ་ཚུལ་དང༌། དགེ་སློང་དུ་ཉེ་བར་བསྒྲུབ་པའི་ཆོ་གའི་གསལ་བྱེད་འདི་ནི། དགེ་སློང་འཕགས་པས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་སྦྱར་བའོ། །རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*