རྒྱལ་པོ་ཡབ་སྲས་ཀྱིས་མཆོད་རྟེན་བཞེངས་པ་ལ་བསྔགས་པའི་སྡེབ་སྦྱོར་དནྜ་ཀ

༼བ༽

༄༅། །རྒྱལ་པོ་ཡབ་སྲས་ཀྱིས་མཆོད་རྟེན་བཞེངས་པ་ལ་བསྔགས་པའི་སྡེབ་སྦྱོར་དཎྜ་ཀ་བཞུགས་སོ།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། ན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡ། དཔལ་དང་ལྡན་ཞིང་ཡོན་ཏན་ཕུན་ཚོགས་ཕྲིན་ལས་ལྷུན་གྲུབ་དཀོན་མཆོག་གསུམ་ལ་སྤྱི་བོས་བཏུད་ནས་རྨད་བྱུང་དོན་གང་ཉེ་བར་བསྔགས་འདི་བློ་གསལ་རྣམས་ཀྱི་མཉན་བྱ་ཉིད་ཡིན་གང་སྔོན་བྱུང་བ་ཤཱཀྱའི་རྒྱལ་པོས་ཆོས་ཀྱི་རྒྱལ་ཐབས་སྲིད་ནི་ལེགས་མཛད་དེ་ཡི་རྗེས་བྱུང་དགེ་བ་སྤྱད་པའི་རྒྱུ་ལས་ལེགས་བསྐྲུན་རྒྱལ་སྲིད་སྐྱོང་བའི་རྒྱལ་པོའི་ཚོགས་ནི་ཆེས་མང་བྱུང་ཡང་དེ་དག་ཀུན་བས་མཐུ་སྟོབས་ཐོགས་མེད་རྒྱལ་སྲིད་རབ་ཡངས་གང་ཡིན་དེ་ནི་ཧོར་གྱི་རིགས་ཀྱི་མཛེས་མའི་རྫིང་བུར་ལྷ་ཡི་ས་བོན་རྣམ་པར་བཏབ་ལས་མི་ཡི་གཙོ་བོའི་ཆུ་སྐྱེས་བསྐྲུན་པའི་རིགས་ཀྱི་རྒྱུད་ལས་ཉེ་བར་འཁྲུངས་གང་དེ་བཞིན་གཤེགས་པ་ཞི་བར་གཤེགས་ནས་སུམ་སྟོང་ཉིས་བརྒྱ་དགུ་བཅུ་ལྷག་པའི་ལོ་ཡི་རྗེས་བྱུང་གང་ཡིན་དེ་ནི་ཇིང་གིར་གན་ཞེས་འགྲོ་ལ་རབ་གྲགས་ལྷ་ཡི་དབང་པོས་མི་ཡི་དབང་པོར་དབང་རབ་བསྐུར་བའི་དབང་པོ་དེ་ནི་གཞན་སྡེ་འཇོམས་ལ་གཅིག་ཏུ་དཔའ་བས་རྣམ་པར་བསྒྱིངས་པའི་སེང་གེ་བཞིན་དེ་རང་སྲིད་སྐྱོང་ལ་རེ་བ་སྐོང་བས་འདོད་དགུ་སྦྱིན་པའི་རིན་ཆེན་དང་འདྲ་གྲགས་པ་གསལ་བས་ཉི་ཟླའི་འོད་མཚུངས་འཇིག་རྟེན་ལུགས་ཀྱི་གཙུག་ལག་དག་ཀྱང་རང་གི་མཐུ་ཡིས་རྣམ་པར་བཀོད་ཕྱིར་གཞུང་ལུགས་འབྱེད་པའི་སྟོན་པ་ལྟར་གྱུར་མཐོ་རིས་བདེ་ལ་ཡུན་རིངས་སྤྱད་བྱས་ལྷ་དེའི་སྲས་མཆོག་ག་གན་ཞེས་བྱ་རང་གི་ཡབ་ཀྱི་རྗེས་སུ་གནང་ཞིང་རྒྱལ་རིགས་ཀུན་གྱིས་མཐུན་པར་རབ་བསྔགས་རྒྱལ་སྲིད་ཀུན་གྱི་ལྷ་གཅིག་ཉིད་གྱུར་དཔལ་གྱི་གཟི་ཡིས་གཞན་སྡེ་ཟིལ་གནོན་ཉིན་མོར་བྱེད་ལྟར་ཀུན་ནས་ལྷམ་པས་སྲིད་འབངས་ཀུན་ཀྱང་དགའ་མགུར་སྤྱོད་པའི་རྩ་ལག་གཅིག་པུར་ངང་གིས་གྱུར་ན་རང་ཉིད་བདེ་ལ་དགྱེས་དགུར་སྤྱོད་པ་སྨོས་ཅི་འཚལ་ཏེ་ལྷ་དབང་ཉིད་མཚུངས་དེ་ཡི་གཅུང་གྱུར་མི་དབང་དེ་ཡང་གཟུགས་དང་ངང་ཚུལ་ཀུན་ནས་བཟང་བས་ཕན་ཚུན་འགྲན་ནས་བཀོད་པ་བཞིན་ཏེ་གཉི་ག་བརྒྱན་ཕྱིར་རྣམ་དཔྱོད་རྒྱན་མཚུངས་རང་རིགས་འཛིན་པའི་མིག་དང་འདྲ་ཞིང་རྒྱལ་སྲིད་སྐྱོང་བའི་བཀོད་པ་འགོད་ལ་ལག་པ་ལྟ་བུར་ཀུན་ནས་རབ་རྩེན་ཀུན་ལ་ཕན་སླད་གཅེན་གྱི་དོན་དུ་སྲོག་ཀྱང་གཏོང་བར་རྣམ་པར་སྨོན་པས་འཇིག་རྟེན་གཞན་གྱི་རྒྱལ་པོར་གཤེགས་གྱུར་དེ་ཡི་དཔལ་མོ་ཟོ་རོག་ཏ་ཞེས་གྲགས་པ་གསལ་ལྡན་མཛེས་མ་དེ་ཡི་བུ་སྐྱེད་ཕྱིར་ནི་བུད་མེད་ཡིན་ཡང་དཔལ་སྐྱེད་སླད་དུ་འདོད་ལྷ་ཉིད་དེ་རྒྱལ་སྲིད་སྐྱོང་བས་རྒྱལ་པོ་ཉིད་མཚུངས་དེ་ཡི་མཐུ་ཡིས་རྒྱལ་སྲིད་དག་ཀྱང་བརྟན་པར་བྱས་ཞེས་རྣམ་པར་གྲགས་གྱུར་ས་བདག་གཉིས་པའི་སྲས་པོ་གང་ཞིག་གོ་ཡུག་གན་ཞེས་རྣམ་པར་གྲགས་དེའང་ཤིན་ཏུ་དཔའ་ཞིང་སྤོབས་པ་མཆོག་ལྡན་རྒྱལ་པོའི་གོ་འཕང་རྣམ་པར་ཐོབ་གྱུར་དེ་ཡི་རྗེས་བྱུང་ཡེ་ག་རྒྱལ་པོ་དཔལ་མོར་བཅས་པའི་སྲས་ཀྱི་ཐུ་བོ་མོ་གོ་གན་ནི་བསོད་ནམས་དབང་གིས་དབང་ཕྱུག་ཕུན་ཚོགས་འགྲན་ཟླའི་གཟི་བརྗིད་རྣམ་པར་འཕྲོག་བྱེད་གཏོང་བ་རྒྱ་ཆེན་སློང་བའི་དཔལ་གྱུར་ས་བདག་དེས་ཀྱང་རྒྱལ་ཐབས་རབ་མཛད་དེ་ཡི་གཅུང་གྱུར་དེས་པ་འདི་ནི་ཤེས་རབ་གསལ་བ་ཉི་མ་བཞིན་ཏེ་མཛད་སྤྱོད་དགེ་བ་ཟླ་བ་ལྟར་མཛེས་ལུགས་ཀྱི་རྗེས་འབྲང་ཆུ་བོའི་རྒྱུན་དང་འབྱོར་པས་གང་བ་རྒྱ་མཚོ་དང་མཚུངས་དྲང་པོའི་ཚུལ་འཛིན་དྲང་སྲོང་ཉིད་དེ་ཕན་པར་དགོངས་པ་ཚངས་པ་དང་འདྲ་དེ་ཡི་མིང་ནི་གོ་པེ་ལ་ཡིན་གོ་ནི་ཡོན་ཏན་པེ་ལས་སྣ་ཚོགས་ལ་ཡི་ཡི་གེ་ལེན་པ་ཉིད་དེ་འདི་ཡི་ངང་ཚུལ་དེ་ཉིད་ཡིན་ཞིང་བསོད་ནམས་དཔལ་དང་བདེན་པའི་དབང་གིས་ཕྱོགས་ལས་རྒྱལ་བའི་རྒྱལ་ཆེན་ཉིད་གྱུར་དེ་ཡི་བཙུན་མོ་ཆའུ་ཞེས་གྲགས་རིགས་གཟུགས་དགེ་མཚན་ཚངས་མ་དང་འདྲ་དཔལ་ཕྲེང་འཛིན་པས་དཔལ་མོ་ཉིད་ལ་དད་དང་བརྩེ་བའི་ངང་ཚུལ་ཉིད་དེ་སྣ་ཚོགས་འགོད་པའི་བཀོད་པ་འགོད་ལ་སྣ་ཚོགས་བྱེད་བཞིན་བཀོད་པར་འགོད་མཁས་མཛེས་མ་དེ་ཡང་འགྲོ་བའི་གསོས་གྱུར་དེ་དག་ཟུང་གི་སྲས་ཀྱི་མཆོག་གྱུར་ཇིམ་གྱིམ་ཞེས་བྱ་བརྟན་པའི་བློ་ཅན་བསོད་ནམས་ལྷུན་སྟུག་བློ་གྲོས་རབ་གསལ་ཕྱོགས་ལས་རྒྱལ་བའི་མཚན་མ་བཟང་པོའི་རྒྱལ་མཚན་བསྒྲེང་བས་ཕྱོགས་ཀུན་ཟིལ་གནོན་དེ་ཡི་གཅུང་གྱུར་གཞོན་ནུ་རྣམས་ནི་དབང་པོ་གསལ་ཞིང་གསལ་བའི་ངང་ཚུལ་ཚུལ་གཉིས་འཛིན་པས་ལུགས་གཉིས་རྗེས་སྐྱོང་མངྒ་ལ་དང་ནོ་མོ་གན་སོགས་འགྲོ་བརྒྱའི་ནང་ན་ཀུན་ནས་རབ་མཛེས་ཁྱུ་མཆོག་སྐྱོང་སོགས་སྲས་གཞན་རྣམས་དང་རིགས་གཟུགས་དཔལ་ལྡན་བཙུན་མོ་གཞན་དང་དཔའ་མཛངས་གུས་ལྡན་བློན་པོའི་ཚོགས་བཅས་རྒྱལ་སྲིད་དཀྱིལ་འཁོར་ཡངས་པའི་དཀྱིལ་ན་དྲི་མེད་ལོངས་སྤྱོད་ཚུལ་གཉིས་དག་ལ་དགྱེས་དགུར་སྤྱོད་ཅིང་རྣམ་པར་རོལ་མཛད་ཚར་གཅོད་པ་དང་རྗེས་སུ་སྐྱོང་བའི་ཕྲིན་ལས་རྒྱ་ཆེན་ཕ་མཐའ་ཡས་པས་དེ་མཐའ་གཞལ་བར་མི་དཔོགས་ཕྱིར་ན་དེ་སྙེད་བརྗོད་པར་སུ་ཞིག་གིས་སྤོ་བས་དེ་ལྟ་ན་ཡང་མཛད་པ་རྨད་བྱུང་རྣམ་པར་རྒྱལ་བའི་ཁང་བཟངས་ཉིད་བཞིན་ཕོ་བྲང་གཞལ་མེད་རྣམ་པར་བཀྲ་བའི་ངོས་བཞི་དག་ན་རྣམ་པར་བཀྲམ་པའི་གྲོང་ཁྱེར་རྒྱ་ཆེན་ལྷ་ཡི་གྲོང་ཁྱེར་བལྟ་ན་སྡུག་ལྟར་ཀུན་ནས་དཀྲིགས་པ་རྣམ་པར་འཁྲིགས་པས་ས་ཡི་དཀྱིལ་འཁོར་རྒྱས་པར་ཁྱབ་གྱུར་དེ་དང་རྗེས་འབྲེལ་དགེ་འདུན་འདུན་ས་རྣམ་པར་བཀྲམ་དབུས་རྣམ་པར་བརྩེགས་པའི་ཀུན་དགའ་རྭ་བར་ཚོགས་གཉིས་རང་བཞིན་ལྷུན་པོ་བརྩེགས་སྟེང་དག་གསལ་ངོ་བོ་པད་ཟླའི་གདན་ལ་བསྡུ་དངོས་རང་བཞིན་སྒོ་བཞིས་ཉེར་མཛེས་རྟོགས་པའི་བུམ་བཟང་བུམ་པའི་ངང་ཚུལ་ཡོན་ཏན་སྣ་ཚོགས་རིམ་བཞིན་བརྩེགས་པའི་བྲེ་དང་གདུགས་བཅས་ཐུགས་རྗེའི་ཆར་སྐྱོབ་ཏོག་གིས་རབ་མཛེས་མཛེས་པའི་རྟེན་ལ་བརྟེན་པ་གང་ཞིག་ཡེ་ཤེས་རྡོ་རྗེ་རྡོ་རྗེའི་རང་བཞིན་རྡོ་རྗེའི་དབྱིངས་ལས་རྡོ་རྗེར་བསྒྲུབ་པའི་རྡོ་རྗེ་དབྱིངས་ཀྱི་ལྷ་ཡི་ཚོགས་ནི་ཁྲོ་རྒྱལ་ཆོས་སྐྱོང་ནོར་སྦྱིན་བཅས་དང་བླ་ན་མེད་པའི་བླ་མ་དམ་པ་བླ་མའི་བླ་མ་བླ་མ་བརྒྱུད་པའི་ཚོགས་དང་བཅས་རྣམས་རྒྱལ་བའི་རིང་བསྲེལ་སྙིང་པོ་ཅན་གྱུར་མཆོད་སྤྲིན་དང་བཅས་ཀུན་ནས་གནས་པའི་མཆོད་རྟེན་རིན་ཆེན་བཟོ་བོའི་མཆོག་གྱུར་བལ་པོའི་རིགས་བྱུང་མ་གུ་ཞེས་བྱ་རྒྱ་ཡི་བཟོ་བོའི་ཚོགས་དང་བཅས་ཤིང་མོང་སུ་དང་ནི་ཅེ་འུ་ཞོ་སོགས་རྐྱེན་གྱིས་ལེགས་བསྒྲུབས་བརྩེགས་པའི་ཁང་པར་རི་མོའི་རང་བཞིན་ཐུབ་དབང་འཇམ་དབྱངས་བླ་མ་མཆོག་དང་ཆོས་དབྱིངས་ངག་དབང་རྡོ་རྗེ་དབྱིངས་དང་ཁམས་གསུམ་རྣམ་རྒྱལ་འགྲོ་བ་འདུལ་བ་དོན་ཀུན་གྲུབ་པ་ཚེ་དཔག་མེད་དང་གཙུག་ཏོར་དགུར་བཅས་ངན་སོང་སྦྱོང་བའི་འཁོར་ལོའི་ཚོགས་ནི་བླ་མའི་རིམ་པས་རིམ་པར་མཛེས་བྱས་དགེ་འདུན་ཞེས་བྱ་གྲོགས་དང་བཅས་པས་ཀུན་ནས་ལེགས་བྲིས་རྒྱ་ཆེན་བཀོད་པ་དེ་དག་མཆོད་དང་བསྟན་པ་འཛིན་བྱེད་ཚོགས་ཀྱི་གཙོ་བོ་སྡོམ་བརྩོན་ཚོགས་བཅས་སྣ་ཚོགས་རིག་བྱེད་རིག་པའི་ཚོགས་དང་སྣ་ཚོགས་གཞུང་ལུགས་སྨྲ་བའི་ཚོགས་རྣམས་བཀུར་སྟིའི་ཚོགས་ཀྱིས་བཀུར་བས་བྱས་དང་སྣ་ཚོགས་ཡུལ་དང་སྐད་ཀྱིས་ཕྱེ་བའི་སྐྱེ་དགུ་སྣ་ཚོགས་རྣམ་པར་འདྲེས་པས་འདྲེས་པའི་ཚལ་བཞིན་རྣམ་པར་བཀྲ་ཞིང་འབྱོར་པ་གཉིས་ཀྱིས་ཀུན་ནས་ལེགས་འབྱོར་ཉིད་ཀྱི་དཔལ་ལས་རྣམ་པར་བྱུང་བའི་དཔལ་འབྱོར་འདི་འདྲ་སྲིད་པ་ཇི་སྲིད་བརྟན་པར་གྱུར་ཞེས་སྨོན་པའི་ཡིད་ཀྱིས་སྨོན་ལམ་བདག་འདེབས་རྟེན་མཆོག་དེ་དག་བཀོད་པར་འགོད་དང་སྡེབ་སྦྱོར་འདི་ཡང་སྦྱོར་བར་བྱེད་དེ་གངས་རིའི་ཕྲེང་བས་རྣམ་པར་བསྐོར་བའི་བོད་ཀྱི་ཡུལ་བྱུང་གནས་ལྔ་དག་ལ་མཁྱེན་པ་རབ་རྒྱས་ཆོས་ཀྱི་རྒྱལ་པོ་ས་སྐྱ་པ་ཞེས་གྲགས་པ་གསལ་ལྡན་བླ་མ་དེ་ཡི་གཅུང་གི་བུར་གྱུར་སྐྱོབ་པ་དེ་ཡི་ལེགས་བཤད་ཟེར་གྱིས་བློ་གྲོས་གསལ་བའི་འཕགས་པ་ཞེས་བྱས་མི་དབང་ཉིད་ཀྱི་བཀའ་ལུང་ཐོབ་ནས་ཤིང་གླང་དབྱར་འབྲིང་བཅུ་བཞིའི་ཉིན་པར་དཔལ་ལྡན་ས་སྐྱར་སྦྱར་བ་དགེ།  །།འདི་ཡི་མིང་ནི་དཎྜ་ཀ་ཞེས་བགྱི། །ཡི་གེ་ཆིག་སྟོང་སུམ་བརྒྱ་དོན་དགུ་མཆིས། །བརྗོད་བྱ་འདི་དོན་གཞན་ན་མ་མཆིས་པས། །རྗོད་བྱེད་འདི་ཡང་དེ་འདྲར་མཁྱེན་པར་མཛོད།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*