དགེ་བསྙེན་དང་དགེ་ཚུལ་དང་དགེ་སློང་དུ་ཉེ་བར་སྒྲུབ་པའི་ཆོ་གའི་གསལ་བྱེད།

༼བ༽

༄༅། །དགེ་བསྙེན་དང་དགེ་ཚུལ་དང་དགེ་སློང་དུ་ཉེ་བར་སྒྲུབ་པའི་ཆོ་གའི་གསལ་བྱེད་བཞུགས་སོ།།

༄༅། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །མཁན་པོ་དང༌། སློབ་དཔོན་དང༌། དགེ་འདུན་རྣམས་འཚོགས་ནས། རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་པར་འདོད་པ་རྣམས་འདུས་པའི་ཚེ། ཁྱེད་རྣམས་སྔོན་གྱི་དགེ་བ་དང་སྨོན་ལམ་གྱི་དབང་གིས་ཚེ་འདིར་དལ་འབྱོར་གྱི་ལུས་ཐོབ་པ་ཡིན། ཐོབ་པའི་རྟེན་ཆུད་མི་འཛའ་ཞིང་ཚེ་འདིའི་བདེ་ལེགས་དང་ཚེ་ཕྱི་མ་གནས་སྐབས་ཀྱི་ལྷ་མིའི་བདེ་སྐྱིད་དང༌། མཐར་ཐུག་རྣམ་གྲོལ་གསུམ་གྱི་འབྲས་བུ་བསྒྲུབ་པའི་རྟེན་དུ་དལ་འབྱོར་གྱི་ལུས་དགོས་ཤིང་དེ་སྒྲུབ་པའི་ཐབས་ཆོས་ཡིན་པས། ཆོས་བྱེད་པ་ལ་འབད་དགོས། དེའང་ཆོས་ཐམས་ཅད་བསྒྲུབ་པའི་གཞི་ཚུལ་ཁྲིམས་རིན་པོ་ཆེ་ཡིན། དེའང་ཡང་དག་པར་བླང་བའི་ཚུལ་ཁྲིམས་དེ་ཡུལ་དང་ཆོ་ག་ཕུན་སུམ་ཚོགས་པས་བླངས་ན་སྐྱེ་ལ་མ་བླངས་ན་མི་སྐྱེ། ལེན་པ་ལའང་འགལ་རྐྱེན་བར་ཆད་དང་བྲལ་བ་དང༌། མཐུན་པའི་རྐྱེན་ཕུན་སུམ་ཚོགས་པ་གཉིས་དགོས། དེ་ལ་བར་ཆད་ཕལ་ཆེ་བ་ཁྱོད་ལ་མེད་ཀྱང་ཆོ་ག་ཚང་བར་བྱ་བའི་དོན་དུ་དེ་བཞིན་གཤེགས་པའི་གསུང་ལས་འབྱུང་བ་བཞིན། ངས་དྲིའི་ལན་ཐོབ་ཅིག་ཅེས་བརྗོད་ལ་བར་ཆད་དྲི་བར་བྱའོ། །དེ་ལ་བར་ཆད་རྣམས་མེད་པར་ལན་བཏབ་པ་དང༌། དེ་ལྟར་འགལ་རྐྱེན་བར་ཆད་དང་བྲལ་བ་རྐྱང་པས་མི་ཆོག མཐུན་རྐྱེན་ཕུན་སུམ་ཚོགས་པ་ཚང་དགོས། དེ་ལ་ལྔ་ཡོད་པ་ལས། སངས་རྒྱས་དང་ཆོས་ཀྱི་རྟེན་རབ་ཏུ་གནས་པ་བྱས་པའང་བཞུགས། དགེ་འདུན་མཚན་ཉིད་དང་ལྡན་པ་གྲངས་ཚང་བ་དང་མཁན་པོར་གྱུར་པ་ཁོ་བོ་དང༌། སློབ་དཔོན་དུ་གྱུར་པ་ཁོང་རྣམ་པ་བཞུགས་པ་འདིས་བླང་བའི་ཡུལ་ཚང༌། རྟེན་མཐུན་པའི་རྐྱེན་ཁྱེད་རང་རྣམས་ཡིན། དེའང་གླིང་གསུམ་དུ་སྐྱེས་པའི་སྐྱེས་པ་དང་བུད་མེད་ལུས་དང་བསམ་པ་ནར་སོན་པ། ཆོ་གའི་སྤྱོད་ཡུལ་དུ་གྱུར་པ་དགོས་ཏེ་དེའང་ཚང༌། ཡོ་བྱད་ལ་ཆོས་གོས་དང་ཤམ་ཐབས་ལྷུང་བཟེད་གདིང་བ་ཆུ་ཚགས་རྣམས་ཀྱང་མཚན་ཉིད་དང་ལྡན་ཞིང་མཁན་པོའི་ཚིག་གིས་གནང་བ་ཅིག་དགོས་པ་ལ། རང་ལ་མེད་ན་གཡར་པོས་ཀྱང་གོ་ཆོད་པར་བཤད་པ་ཡིན། དེ་ཁྱེད་རྣམས་ལ་གཡར་པོ་ཚུན་ཆད་ཀྱི་སྒོ་ནས་ཀྱང་ཚང་བར་ཡོད་པ་ཡིན། བསམ་པ་མཐུན་པའི་རྐྱེན་ལ་ངེས་པ་ལྔ་དང་བྲལ་བ་ཞེས་བྱ་བ་ནི། གནས་ངེས་པ་དང་བྲལ་བ་གནས་གང་དུ་སྡོད་ཀྱང་བསྲུང༌། དུས་ངེས་པ་དང་བྲལ་བ་དུས་ཐམས་ཅད་དུ་བསྲུང༌། ཚེ་ངེས་པ་དང་བྲལ་བ་འཁྲུག་པ་དང་འཐབ་པ་དང་སྐྱིད་བྱེད་པ་ལ་སོགས་པ་གནས་སྐབས་ཐམས་ཅད་དུ་བསྲུང༌། ཡན་ལག་ངེས་པ་དང་བྲལ་བ་དགེ་ཚུལ་གྱི་སྡོམ་པ་ཡན་ལག་མ་ཚང་བ་མེད་པ་བསྲུང༌། ཡུལ་ངེས་པ་དང་བྲལ་བ། སྡོམ་པ་དང་འགལ་བ་སྐྱེད་པའི་ཡུལ་མཐའ་དག་ལ་དམིགས་ཏེ་བསྲུང་སྙམ་པ་གྱིས། དེ་ངེས་པ་ལྔ་དང་བྲལ་བ་ཡིན། ཀུན་སློང་ལ། ཐམས་ཅད་དུ་མྱ་ངན་ལས་འདས་པའི་བསམ་པས་ཟིན་པ་ཞེས་བྱ་བ་བདག་གིས་འཁོར་བའི་སྡུག་བསྔལ་རྒྱུ་དང་བཅས་པ་སྤང༌། རྣམ་གྲོལ་མྱ་ངན་ལས་འདས་པ་ཐོབ་པར་བྱ། དེའི་དོན་དུ་སྡོམ་པ་བླངས་ལ་བསྲུང་སྙམ་དུ་སྒོམས། འདུན་པའི་ཀུན་སློང་བདག་གིས་ཅི་ནས་ཀྱང་དགེ་ཚུལ་གྱི་སྡོམ་པ་ཐོབ་ན་ཅི་མ་རུང་སྙམ་པའི་འདུན་པ་གྱིས། ཐོབ་དུས་གོ་བ་ནི་སློབ་དཔོན་གྱིས་སྡོམ་པ་སྐྱེའོ་ཞེས་གསུང་བའི་ཚེ་སྐྱེ་འགྱུར་དང༌། སྐྱེས་སོ་ཞེས་གསུང་བའི་ཚེ་སྐྱེས་ཟིན་དུ་གོ་བར་གྱིས། དེ་དག་བསམ་པ་མཐུན་པའི་རྐྱེན་ཡིན། ཆོ་ག་མཐུན་པའི་རྐྱེན་ལ། བདག་དཀོན་མཆོག་གསུམ་གྱི་རྗེས་སུ་མཁན་སློབ་དགེ་འདུན་དང་བཅས་པས་རབ་ཏུ་དབྱུང་བར་ཞུ་སྙམ་དུ་འདུན་པ་བསྐྱེད་ལ་རྗེས་སུ་ཟློས་ཤིག་ཅེས་བརྗོད་ནས། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སོ། །དེས་ལེགས་པར་གསུངས་པའི་དམ་པའི་ཆོས་ནི། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། རྣམ་པར་དཀར་བ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བའོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི། ལེགས་པར་ཞུགས་པ། རིགས་པར་ཞུགས་པ། དྲང་པོར་ཞུགས་པ། མཐུན་པར་ཞུགས་པ། ཆོས་རྗེས་སུ་བསྒྲུབ་པ་སྟེ། དེ་དག་གི་རྗེས་སུ་བདག་ཀྱང་རབ་ཏུ་དབྱུང་དུ་གསོལ། ཞེས་ལན་གསུམ་གསོལ་བ་གདབ་བོ། །དེ་ལྟར་གསོལ་བ་བཏབ་ནས། ཆོ་ག་དངོས་ནི། འདུལ་བ་མདོ་ལས། དགེ་བསྙེན་ཉིད་དང༌། དགེ་ཚུལ་ཉིད་དང༌། དགེ་སློང་ཉིད་སྔ་མ་སྔ་མ་བསྙེན་པར་མ་རྫོགས་པར་ཕྱི་མ་ཕྱི་མ་མི་བྱའོ། །ཞེས་འབྱུང་བས་ཐོག་མར་དགེ་བསྙེན་བྱ་བས། སངས་རྒྱས་ལ་ཕྱག་འཚོལ། དེ་ནས་སློབ་དཔོན་ལ་ཕྱག་འཚོལ་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཐོབ་པར་བྱ། དེའི་དོན་དུ་དགེ་བསྙེན་གྱི་སྡོམ་པ་བླང་སྙམ་དུ་སྒོམས་ལ། ལད་མོ་གྱིས་ཞེས་བརྗོད་ནས་བཙུན་པ་དགོངས་སུ་གསོལ། དགེ་བསྙེན་གྱི་ཆོ་གའོ། །དེ་ནས་གཉིས་པ་དགེ་ཚུལ་དུ་བསྒྲུབ་པ་ལ་སྦྱོར་བ་དང་དངོས་གཞི་གཉིས། སྦྱོར་བ་ལ་བཞི། དགེ་འདུན་ལ་ཞུ་བ། མཁན་པོར་གསོལ་བ་གདབ་པ། བརྟགས་དང་ཆ་ལུགས་སྦྱིན་པ། བར་མ་རབ་ཏུ་དབྱུང་བའོ། །དང་པོ་ནི་རབ་ཏུ་འབྱིན་པར་གསོལ་བ་འདེབས་པ་ལ་ཁྱེད་ཀྱི་ཚིག་གིས་གསོལ་བ་བཏབ་པས་མི་ཕན། བསྙེན་པར་རྫོགས་པའི་དགེ་སློང་གཅིག་གིས་ཆོ་ག་ལས་འབྱུང་བ་བཞིན་གསོལ་བ་འདེབས་དགོས་པ་ཡིན་པས། ངས་གཏད་ཅེས་བརྗོད་ནས་ཞུ་བ་བྱེད་པ་ལ་གཏད་ལ། དེས་ཀྱང་བར་ཆད་དག་གམ་ཞེས་དྲིས་ལ་ཞུ་བ་བྱའོ། །དེ་ནས་ཁྱེད་རབ་ཏུ་འབྱུང་བ་ལ། འབྱིན་མཁན་གྱི་མཁན་པོ་གཅིག་དགོས། དེའི་མཚན་ཉིད་བཙུན་པ་བརྟན་པའི་ཡན་ལག་ཏུ་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པ་དང༌། མཁས་ཤིང་ཕན་འདོགས་པའི་ཡན་ལག་ཏུ་ལྔ་ཕྲུགས་ཉི་ཤུ་རྩ་གཅིག་ལས་གང་ཡང་རུང་བ་དང་ལྡན་པ་དང༌། མེད་དུ་མི་རུང་བ་འདུལ་བའི་ཆོ་ག་ཡན་ལག་དང་བཅས་པ་ཤེས་པ་གཅིག་དགོས་པ་ཡིན་ནའང་ང་ལ་ཅི་རིགས་པར་ཚང་བ་ཡིན་པས། སྔར་སློབ་དཔོན་ཡིན་ཡང༌། ད་མཁན་པོར་གསོལ་བ་གདབ་སྙམ་པའི་འདུན་པ་གྱིས་ལ་ལད་མོ་གྱིས་ཞེས་བརྗོད་ནས་གསོལ་བ་གདབ་བོ། །དེ་ནས་རྟགས་སྦྱིན་པ་ནི། མཁན་པོའི་ཚིག་གིས་དགེ་སློང་གཅིག་ལ་བསྒོས་ལ། སྤྲོ་བ་དྲིས་ནས་གཙུག་ཕུད་བཞར་ཏེ་ཁྲུས་བྱས་ནས་མཁན་པོའི་རྐང་པ་ལ་སྤྱི་བོས་གཏུགས་ལ། ཆོས་གོས་ཤམ་ཐབས་རྣམས་མཁན་པོའི་ཚིག་གིས་བྱིན་ལ་གོན་དུ་གཞུག་གོ །དེ་ནས་བར་མ་རབ་ཏུ་དབྱུང་བའི་ཕྱིར་ཐོག་མར་སངས་རྒྱས་དང༌། དེ་ནས་མཁན་པོ་ལ་ཕྱག་འཚལ་དུ་བཅུག་ལ་མིང་བྱིན་ནས། བདག་དུས་འདི་ནས་བཟུང་ནས་ཇི་སྲིད་འཚོའི་བར་དུ་དཀོན་མཆོག་གསུམ་ལ་སྐྱབས། སྟོན་པ་སངས་རྒྱས་ཀྱི་རྗེས་སུ་རབ་ཏུ་འབྱུང་སྙམ་དུ་སོམས་ལ་ལད་མོ་གྱིས། ཞེས་བརྗོད་ལ་བར་མ་རབ་ཏུ་དབྱུང་བ་བྱའོ། །དེ་ནས་མཁན་པོས་སློབ་དཔོན་ལ་གཏད་ཅིང༌། དེས་བར་ཆད་དག་པར་དྲིས་ནས། མཁན་པོའམ་སློབ་དཔོན་གང་རུང་ཞིག་གིས་ངེས་འབྱུང་དང་ངེས་པ་ལྔ་བྲལ་གྱི་བསམ་པ་གསལ་བཏབ་ནས་དགེ་ཚུལ་གྱི་སྡོམ་པའི་དངོས་གཞི་བྱིན་ལ། ཐོབ་པའི་དུས་བརྗོད་ནས་བསླབ་པ་བརྗོད་པར་བྱའོ། །དེ་ནས་མཁན་པོའི་ཕྱོགས་སུ་ཕྱག་འཚལ་དུ་བཅུག་ལ་བཀའ་དྲིན་ཆེ་ལགས་སོ། །ཞེས་བརྗོད་དུ་གཞུག་གོ །དགེ་ཚུལ་དུ་ཉེ་བར་བསྒྲུབ་པའོ། །དེ་ནས་དགེ་སློང་དུ་ཉེ་བར་བསྒྲུབ་པའི་ཕྱིར་མཁན་པོ་དང་སློབ་དཔོན་དུ་འོས་པ་གཉིས་དང༌། དད་པའི་དགེ་འདུན་གསུམ་ཡན་ཆད་བསོགས་ལ། ཉེས་ལྟུང་རྣམས་བཤགས་པ་རྒྱས་པའམ། ཡང་ན་སྤྱི་བཤགས་ཙམ་བྱ། དེ་ནས་བསྒྲུབ་བྱ་རྣམས་ཕྱག་འཚལ་ནས་མེ་ཏོག་འབུལ་དུ་བཅུག མཁན་སློབ་དགེ་འདུན་དང་བཅས་པས་སྤྱོད་ལམ་མཐུན་པར་ལངས་ནས། མཁན་པོས་ཚེ་དང་ལྡན་པ་ཆེ་གེ་མོ་ཞེས་བགྱི་བ་ལ་སོགས་པ་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་བས། དགེ་སློང་དགེ་བའི་བཤེས་གཉེན་ཆེ་གེ་མོ་ཞེས་བགྱི་བས་ལས་ཀྱི་སློབ་དཔོན་མཛད་པར་ཞུ། དགེ་སློང་དགེ་བའི་བཤེས་གཉེན་ཆེ་གེ་མོ་ཞེས་བགྱི་བས་བར་ཆད་ཀྱི་ཆོས་རྣམས་གསང་སྟེ་རྗེས་སུ་བསྟན་པར་ཞུ། འདིར་འདུས་པའི་དགེ་འདུན་ཐམས་ཅད་ཀྱིས་དད་པའི་དགེ་འདུན་མཛད་པར་ཞུ། ཞེས་གསོལ་བ་གདབ། དེ་ནས་སངས་རྒྱས་དང་ཆོས་དང་མཁན་པོ་ལ་སོགས་པའི་དགེ་སློང་རེ་རེ་ལ་ཕྱག་གསུམ་གསུམ་འཚལ་དུ་གཞུག དེ་ནས་མཁན་པོས་འཁོར་བའི་སྡུག་བསྔལ་དང་མྱ་ངན་ལས་འདས་པའི་ཕན་ཡོན་དང༌། ལམ་ཐམས་ཅད་ཀྱི་རྩ་བ་ཚུལ་ཁྲིམས་ཡིན་པའི་རྒྱུ་མཚན་སྔ་མ་བཞིན་བཤད་ནས། ཁྱད་པར་དུ་སོ་སོར་ཐར་པའི་སྡོམ་པ་རྣམས་ཀྱི་ནང་ནས། མཆོག་ཏུ་གྱུར་པ་དགེ་སློང་ཡིན་ཏེ། འཇམ་དཔལ་རྩ་བའི་རྟོག་པ་ལས། སངས་རྒྱས་བསྟན་པ་རིན་ཆེན་སྒྲོན། །འབར་བའི་སྣོད་ནི་དཀའ་ཐུབ་ཅན། །ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས། །དགེ་སློང་རྣམས་ནི་ཡིན་པའི་ཕྱིར། །ཞེས་འབྱུང་བས། སྡོམ་པའི་མཆོག་དགེ་སློང་ཡིན། དགེ་སློང་དེའང་ཅི་བདེར་འགྲུབ་པ་མ་ཡིན་ཏེ། འདུལ་བ་ལུང་གཅིག་ལས་འཕྲོས་པ་ལས། མངོན་དུ་གྱུར་པ་བཅུ་ལས་འགྲུབ་པ་བཤད་དེ། དེའང་སངས་རྒྱས་ཆོས་དང་དགེ་འདུན་དང༌། །མཁན་པོ་སློབ་དཔོན་བསྙེན་རྫོགས་འདོད། །ཡོ་བྱད་ཡོངས་སུ་དག་པ་དང༌། །གསོལ་དང་ལས་ནི་མངོན་སུམ་མོ། །ཞེས་བྱ་སྟེ། རབ་གནས་དང་ལྡན་པའི་སངས་རྒྱས་ཀྱི་རྟེན་དང༌། ཆོས་ཀྱི་རྟེན་པུ་སྟི་དང༌། མཚན་ཉིད་དང་ལྡན་པའི་དགེ་འདུན་གྲངས་ཚང་བ་དང༌། མཁན་པོ་དང་ལས་ཀྱི་སློབ་དཔོན་དང་གསང་སྟེ་སྟོན་པ་སྟེ་མཚན་ཉིད་དང་ལྡན་པའི་མཁན་པོ་དང་སློབ་དཔོན་ཏེ་ལྔ་ནི་བླང་བའི་ཡུལ་ལོ། །རང་འཁོར་བའི་སྡུག་བསྔལ་ལས་གྲོལ་ཞིང་མྱ་ངན་ལས་འདས་པའི་འབྲས་བུ་ཐོབ་པར་བྱ་བའི་དོན་དུ་བསྙེན་པར་རྫོགས་པར་འདོད་པ་དང༌། ཆོས་གོས་གསུམ་གདིང་བ། ལྷུང་བཟེད་ཆུ་ཚགས་རྣམས་མཚན་ཉིད་དང་ལྡན་ཞིང་མཁན་པོས་བྱིན་གྱིས་བརླབས་ཏེ་གནང་བའི་ཡོ་བྱད་དང༌། སྐྱེ་བ་དང༌། གནས་པ་དང༌། མཛེས་པ་དང༌། ཁྱད་པར་དུ་འགྲོ་བའི་བར་ཆད་བཞི་ཡོངས་སུ་དག་པ་དང༌། སྦྱོར་བའི་ཆོས་སྔོན་དུ་འགྲོ་བའི་གསོལ་བ་དང༌། ལས་བརྗོད་པ་གསུམ་དང་བཞི་ནི་ཆོ་ག་སྟེ་མངོན་དུ་གྱུར་པའི་ཆོས་བཅུ་ཀ་ཚང་འོང་བ་ཡིན། དེ་ལ་སྦྱོར་བ་ལ་ཆོས་ལྔ། གང་གིས་བསྙེན་པར་རྫོགས་པར་བྱེད་པའི་མཁན་པོ་ལ་གསོལ་བ་གདབ་པ། གང་བསྙེན་པར་རྫོགས་པར་བྱ་བའི་བསྒྲུབ་བྱ་ལ་ཡོ་བྱད་སྦྱིན་པ། བར་ཆད་དང་བྲལ་བ་ངེས་པར་བྱ་བའི་ཕྱིར་གསང་སྟེ་སྟོན་པས་ལྐོག་ཏུ་བར་ཆད་དྲིས་ནས་ནང་དུ་འཇུག་པར་ཞུ་བ། གང་ལ་རག་ལས་པའི་ཡུལ་དགེ་འདུན་ལ་གསོལ་བ་གདབ་པ། དགེ་འདུན་ཐུགས་ཆེས་པར་བྱ་བའི་ཕྱིར་ནང་དུ་བར་ཆད་དྲི་བར་བྱའོ། །དེ་ལྟར་སྦྱོར་བ་ལྔ་ཚང་བའི་རྗེས་ལ། མཁན་སློབ་གང་རུང་གིས་ངེས་འབྱུང་དང་ལྡན་པའི་འདུན་པ་དང༌། ངེས་པ་ལྔ་བྲལ་གྱི་ཡིད་དང༌། ཐོབ་དུས་གོ་བའི་ཀུན་སློང་རྣམས་བསྐྱེད་ནས་སློབ་དཔོན་གྱིས་གསོལ་བ་ལན་ཅིག་དང་བརྗོད་པ་ལན་གསུམ་གདོན་ནོ། །དངོས་གཞིའོ། །དེ་ནས་ལས་བརྗོད་པའི་སློབ་དཔོན་མ་ཡིན་པའི་དགེ་སློང་གཞན་ཞིག་གིས་དེ་ལྟར་དངོས་གཞི་ཡན་ཆད་ཀྱིས་ཁྱེད་རྣམས་ཀྱིས་དགེ་སློང་གི་སྡོམ་པ་ཐོབ་པ་ཡིན། རྗེས་ཀྱི་བྱ་བ་ལ་གཉིས་ཡོད་པའི་ཐོབ་དུས་གོ་བ་འདི་ཡིན། ཁྱེད་རྣམས་བསྙེན་པར་རྫོགས་པའི་ལོ་དང༌། ཟླ་བ་དང༌། ཚེས་གྲངས་དང༌། དུས་ཚོད་སྐྱེས་བུ་དང༌། རྐང་པའི་བར་བརྗོད་ལ་དེའི་དུས་སུ་ཐོབ་པ་ཡིན་པས། རང་བས་རྒན་པའི་དགེ་སློང་རྣམས་ལ་ཕྱག་དང་ཞེ་ས་ཕར་གྱིས། རང་བས་གཞོན་པ་རྣམས་ཀྱི་དང་དུ་ལོང༌། དེ་ལྟར་བྱས་པས་འཇིག་རྟེན་གྱི་ཆོས་དགེ་བ་དང་མཐུན་པ་དང༌། རང་གཞན་གྱི་བསླབ་པ་ལ་གུས་པ་དང༌། དགེ་འདུན་གྱི་འདུ་འཚོགས་དང༌། བགོ་བཤའ་ལ་སོགས་པ་སླ་བར་འགྱུར་བའི་དགོས་པ་ཡོད་དོ། །ཞེས་བརྗོད་དོ། །དེ་ནས་སློབ་དཔོན་གྱིས་བསྲུང་བྱ་ངོ་ཤེས་པར་བྱ་བའི་ཕྱིར། གདམས་ངག་བརྗོད་པར་བྱའོ། །དེ་ལ་གསུམ། གང་གིས་འཚོ་བའི་ཡོ་བྱད་ལ་གདམས་པ་དང༌། གང་ལ་བསླབ་པའི་བསླབ་བྱ་ལ་གདམས་པ། ཇི་ལྟར་སློབ་པའི་ཐབས་ལ་གདམས་པའོ། །གཉིས་པ་ལ་གཉིས། འདིར་བསླབ་བྱ་མདོར་བསྡུས་ཏེ་བསྟན་པ་དང༌། རྒྱས་པར་གཞན་དུ་ཤེས་པར་བྱའོ། །དང་པོ་ལ་གཉིས། ཁྱད་པར་གྱི་གཞི་ཚུལ་ཁྲིམས་ལ་བསླབ་པ་དང༌། ཁྱད་པར་གྱི་ཆོས་ཤེས་རབ་དང་ཏིང་ངེ་འཛིན་ལ་བསླབ་པའོ། །དང་པོ་ལ་བཞི། གང་ལ་བསླབ་པར་བྱ་བ། སློབ་དགོས་པའི་རྒྱུ་མཚན། ཇི་ལྟར་སློབ་པའི་དཔེ། གང་ལ་བསླབ་པའི་ཡུལ་ལོ། །དང་པོ་ལ་གཉིས། ཕམ་པར་འགྱུར་བའི་ཆོས་བཞི་སྤང་བ་དང༌། དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་བསྟན་པའོ། །གསུམ་པ་སློབ་པའི་ཐབས་ལ་གཉིས། སྟོན་པ་དང་བསྟན་པ་ལ་གུས་པར་བྱ་བ་དང༌། རང་ཉིད་བག་ཡོད་པར་གདམས་པའོ། །དགེ་བསྙེན་དང༌། དགེ་ཚུལ་དང༌། དགེ་སློང་དུ་ཉེ་བར་སྒྲུབ་པའི་ཆོ་གའི་གསལ་བྱེད། དགེ་སློང་འཕགས་པས་ཤིང་མོ་ཕག་གི་ལོ་ཐ་སྐར་གྱི་ཟླ་བའི་ཚེས་ཉི་ཤུ་བདུན་གྱི་ཉིན་པར་ཤིན་ཏུ་མྱུར་བར་སྦྱར་བའི་ཡི་གེ་པ་ནི་ཨ་ཙ་རའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*