དམ་ཆོས་རིན་པོ་ཆེ་ཤིན་ཏུ་རྒྱས་པའི་སྡེ་སྣོད་བཞེངས་པ་ལ་བསྔགས་པ།

༼བ༽

༄༅། །དམ་ཆོས་རིན་པོ་ཆེ་ཤིན་ཏུ་རྒྱས་པའི་སྡེ་སྣོད་བཞེངས་པ་ལ་བསྔགས་པ་བཞུགས།།

༄༅། །དམ་པའི་ཆོས་རིན་པོ་ཆེ་ཤིན་ཏུ་རྒྱས་པའི་སྡེ་སྣོད་བཞེངས་པའི་ཚུལ་བསྟན་པའི་རབ་ཏུ་བྱེད་པ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞི་བ་གདོང་བཞི་མིག་སྟོང་ལྡན་པ་དང༌། །དཔལ་མོའི་དཔལ་དང་ཀླུ་དབང་སྟོབས་ལྡན་སོགས། །འཇིག་རྟེན་མཆོད་འོས་རྣམས་ཀྱིས་གུས་མཆོད་པའི། །ཐུབ་དབང་ཞབས་ཀྱི་པདྨོར་རྟག་ཏུ་འདུད། །དེས་གསུངས་དྲི་མེད་རྣམ་དག་བདུད་རྩིའི་གསུང༌། །གསུང་རབ་རྨད་བྱུང་ཞི་ལམ་འཇུག་པའི་སྒོ། །སྒོ་གསུམ་གུས་པས་བརྟེན་ན་བདེ་དང་ལེགས། །ལེགས་རྩོལ་དམ་པའི་ཆོས་ལ་མགོས་ཕྱག་འཚལ། །ཚུལ་ཁྲིམས་མེ་ཏོག་ལེགས་སྤྱད་མདངས་བཀྲ་ཞིང༌། །དགེ་ལེགས་ཟེའུ་འབྲུ་སྙན་པའི་དྲི་བསྲུང་ལྡང༌། །རྟོག་པའི་སྙིང་པོ་གཞན་ཕན་སྦྲང་རྩི་ཅན། །དགེ་འདུན་པདྨོ་རྒྱས་པ་རྒྱས་གྱུར་ཅིག །ལེགས་སྤྱད་གསེར་གྱི་ས་གཞི་ལས་འཁྲུངས་ཤིང༌། །བརྩེ་བའི་ལྷུན་མཛེས་ཕན་བདེའི་ལོ་འདབ་ཅན། །རྣམ་གྲོལ་འབྲས་ལྡན་བསྡུ་བའི་བསིལ་གྲིབ་ཀྱིས། །ཉོན་མོངས་གདུང་སེལ་དཔལ་ལྡན་བླ་མས་སྐྱོངས། །གང་ཞིག་ཆོས་དབྱིངས་ནམ་མཁའི་དབྱིངས་ལྟར་རྣམ་དག་སྤྲོས་པ་ཀུན་ལས་རྣམ་གྲོལ་ཡང༌། །ཟུང་འཇུག་འོད་གསལ་ཐབས་ཚུལ་མཆོག་བརྙེས་ཉི་ཟླའི་འོད་ཀྱིས་འོད་གཞན་ཟིལ་མནན་ནས། །སྣ་ཚོགས་སྐར་མའི་ཚོགས་ལྟར་རབ་བཀྲ་བཀྲ་བའི་མདངས་ལྡན་དུ་མའི་སྐུར་བསྟན་ཏེ། །གདུལ་བྱ་འདུལ་མཛད་འདུལ་བའི་ཐབས་ལ་མངའ་བརྙེས་སྐྱེད་མཛད་ཡུམ་ལ་ཕྱག་འཚལ་ལོ། །དེ་སྲས་རྒྱལ་བ་རྒྱ་མཚོའི་ཞིང༌། །བསམ་ཡས་བཀོད་པ་འབྱམ་ཀླས་པས། །འདི་ནི་མི་མཇེད་འཇིག་རྟེན་ཏེ། །སྤྲུལ་པའི་སྐུ་ཡི་ཞིང་ཞེས་བགྱི། །གང་ཚེ་བསྐལ་བཟང་དུས་འདི་ལ། །རྣམ་འདྲེན་བརྒྱ་ཕྲག་བཅུ་དང་ནི། །གཉིས་ཀྱིས་ལྷག་པའི་སངས་རྒྱས་རྣམས། །རིམ་གྱིས་འབྱོན་འགྱུར་དེ་ཡང་ནི། །འཁོར་བ་འཇིག་དང་གསེར་ཐུབ་དང༌། །འོད་སྲུངས་བདེ་བར་གཤེགས་པའི་རྗེས། །སྐྱེ་དགུའི་ཚེ་ལོ་བརྒྱ་པའི་ཚེ། །ཤཱཀྱའི་རྒྱལ་པོ་ཉེ་བར་བྱོན། །དེ་ཡི་བསྟན་པ་ལྔ་སྟོང་དུ། །གནས་པར་འགྱུར་ཞེས་གསུངས་པ་ལས། །སྔོན་ཆད་ལོ་གྲངས་སུམ་སྟོང་དང༌། །བཅུ་ཡིས་ལྷག་པའི་བཞི་བརྒྱ་སོང༌། །སྟོང་དང་ལྔ་བརྒྱ་དགུ་བཅུ་སྙེད། །སླད་ནས་གནས་འགྱུར་ལྔ་བརྒྱ་ཕྲག །བདུན་པ་མངོན་པའི་དུས་ཀྱི་ཚེ། །འཛམ་བུ་གླིང་གི་བྱང་ཕྱོགས་ཆར། །རང་དཔལ་རྣམ་པར་འབྱོར་གྱུར་པས། །གཞན་དཔལ་ཀུན་ནས་འཕྲོག་བྱེད་ཅིང༌། །དཔལ་གྱི་དཔལ་ཡང་འཕེལ་བྱེད་པ། །ཇིང་གིར་གན་ཞེས་བྱ་བ་བྱུང༌། །དེ་ནས་རྒྱལ་རབས་ལྔ་པའི་ཚེ། །གོ་པེ་ལ་རྒྱལ་རྒྱལ་བའི་སྲས། །ཆོས་རྒྱལ་མི་དབང་ས་སྐྱོང་ཞིང༌། །དད་དང་མཁྱེན་རབ་ཆེན་པོ་ཡིས། །བསྟན་པར་ཞུགས་ཤིང་བསྟན་པ་སྐྱོང༌། །བསྟན་པ་མཆོག་གི་བརྟུལ་ཞུགས་ཀྱིས། །རྣམ་པར་བརྒྱན་པ་དེ་ཡི་སྲས། །རྒྱལ་སྲས་ཇིམ་གྱིམ་ཞེས་གྲགས་པ། །རིག་གཟུགས་ངང་ཚུལ་བཟང་ལྡན་ཞིང༌། །དཔལ་འབྱོར་ཕུན་སུམ་ཚོགས་པ་ཅན། །བརྟུལ་ཞུགས་མཆོག་གིས་རྣམ་པར་མཛེས། །དད་དང་ཤེས་རབ་ཕུལ་དུ་བྱུང༌། །ཡབ་མེས་ལས་འོངས་འཇིག་རྟེན་གྱི། །ལུགས་ཀྱིས་འཇིག་རྟེན་ལེགས་སྐྱོང་ཞིང༌། །འཆི་མེད་ཆོས་ཀྱི་གཙུག་ལག་གི །བསྟན་པ་རིན་ཆེན་གསལ་བར་མཛད། །འདི་ཡི་མཛད་པ་གང་དེ་ཆོས་བཞིན་མཛད་པས་ཆོས་ཀྱི་དབང་སྒྱུར་ཐུབ་པའི་དབང་པོས་ཀྱང༌། །བསྔགས་པར་འོས་ན་བྲམ་ཟེའི་རྗེ་དང་གཙུག་ན་ཟླ་བ་འཇུག་སྲེད་དཔལ་དང་དབང་པོ་སོགས། །ཆེན་པོར་ཡོངས་གྲགས་མཐུ་སྟོབས་ཆེར་ལྡན་དེ་དག་གིས་ནི་ཉིན་རེ་ཞིང་ཡང་ཕྱོགས་རྣམས་སུ། །བསྟོད་པའི་སྒྲ་དབྱངས་ཀུན་ཏུ་སྒྲོགས་བགྱིད་སྨོས་ཅི་འཚལ་ཏེ་བསྔགས་འོས་ཁྱོད་དཔལ་རྒྱས་བགྱིད་གྲང༌། །འདི་ཡི་ཡབ་མེས་སོགས་ཀྱི་བཀའ་དྲིན་ལ། །བྱས་པ་མཁྱེན་ནས་ལན་དུ་བླན་ཕྱིར་དང༌། །ཉིད་ཀྱིས་བླ་མེད་གོ་འཕང་བརྙེས་བྱའི་ཕྱིར། །སྔོན་ཡང་དུས་གསུམ་རྒྱལ་བ་བསྐྱེད་པའི་ཡུམ། །ཟབ་མོ་སྟོན་པ་ཤེས་རབ་ཕ་རོལ་ཕྱིན། །རྒྱས་འབྲིང་བསྡུས་གསུམ་གསེར་བཟང་འབར་བས་བཞེངས། །སླར་ཡང་རྒྱ་ཆེན་སྟོན་པ་རྫོགས་སངས་རྒྱས། །ཕལ་ཆེའི་དགོངས་པ་འཁོར་འདས་ཕལ་ཆེར་གྱི། །རྣམ་པར་དགོད་པ་སྟོན་པ་ཕལ་པོ་ཆེ། །ཤིན་ཏུ་རྒྱས་པའི་སྡེ་སྣོད་ཞེས་ཀྱང་བྱ། །པདྨའི་རྒྱན་དང་མདོ་སྡེ་རྨད་ག་ཅད། །ཅེས་སོགས་གྲགས་པའང་གསེར་གྱིས་བཞེངས་དགོངས་ནས། ཡོ་བྱད་བཅས་ཏེ་བཞེངས་ཞེས་བཀའ་ལུང་ནི། །དེ་ཡི་དགེ་བའི་བཤེས་གྱུར་གང་དེ་ལ། །ཉེ་བར་སྤྲིངས་ནས་དེས་ཀྱང་དེ་ཉིད་ཀྱི། །སློབ་མ་དགེ་སློང་ཤེས་རབ་རིན་ཆེན་ལ། །ལེགས་པར་བསྒོས་ནས་དཔལ་ལྡན་ས་སྐྱའི་ཤར། །རྒྱལ་སྲས་ཐུ་བོ་སྤྱན་རས་གཟིགས་དབང་གི །ཞིང་གྱུར་ཞྭ་ལུ་ཞེས་བྱ་མེ་གླང་གི །དབྱར་ཟླ་འབྲིང་ལ་ཡི་གེའི་འདུ་བྱེད་ལ། །ཤིན་ཏུ་སྦྱངས་པ་བསོད་ནམས་སྐྱབས་ལ་སོགས། །བརྒྱ་ཕྲག་ལྷག་དང་རྐོས་གསེར་དྲས་སོགས་ཀྱི། །ལས་ལ་རབ་མཁས་བཟོ་སྦྱངས་མང་བསོགས་ནས། །རྒྱལ་བས་སྤྲོས་པའི་རྣམ་འཕྲུལ་ཇི་བཞིན་དུ། །དམ་ཆོས་རིན་ཆེན་འདི་ནི་ལྷུན་གྱིས་གྲུབ། །འདི་ནི་རྒྱལ་བུའི་ཕྱག་བྱར་འོས་པ་སྟེ། །དེ་ཉིད་སྲིད་ཞིའི་ཆེ་བར་རབ་གྲགས་པ། །ཀུན་གྱིས་ཀྱང་ནི་བརྗོད་པར་འོས་པ་ལགས། །དེ་འདྲ་བཞེངས་ནས་རབ་ཏུ་གནས་པའང་བགྱིས། །ཇི་ལྟར་འོད་ཟེར་བྱེ་བ་ཁྲག་ཁྲིག་གིས། །རྣམ་པར་སྤྲས་པའི་ཉི་མ་ཤར་ཕྱོགས་ནས། །ནུབ་ཏུ་ཤར་བས་དེ་གསལ་བགྱིད་པ་ལྟར། །ཆོས་འདི་དཔལ་གྱི་གཟི་ཡིས་རབ་ལྷམ་པ། །ནུབ་ནས་ཤར་དུ་ཤར་བའི་ཤར་ཕྱོགས་ནས། །བརྩམས་ཏེ་ཞིང་ཀུན་གསལ་བར་གྱིས་ལགས་གྲང༌། །དེ་ལྟར་དགོངས་ནས་མཆོད་ལ་ནན་ཏན་མཛོད། །དེ་ཡི་དགེ་བས་རྒྱལ་སྲས་ཇིམ་གྱིམ་དང༌། །ཡབ་ཡུམ་བརྒྱུད་པར་བཅས་དང་དེ་བཞིན་དུ། །བཙུན་མོ་གོ་གོ་ཅན་ནི་སྲས་དང་བཅས། །མཆེད་ཟླར་བཅས་རྣམས་སྐུ་ཚེ་རིང་བ་དང༌། །དཔལ་འབྱོར་ཕུན་ཚོགས་བསྟན་དང་འགྲོ་བ་ཡི། །དཔལ་དུ་གྱུར་ནས་ཆོས་ཚུལ་ཀུན་སྤྱད་དེ། །མཁའ་མཉམ་སེམས་ཅན་ཀུན་དང་ཐབས་ཅིག་ཏུ། །ས་དང་ལམ་ཀུན་བགྲོད་ནས་སྲིད་ཞིའི་དཔལ། །རྒྱལ་བའི་དབང་པོའི་གོ་འཕང་ཐོབ་པར་ཤོག །དེ་ལྟའི་རྣམ་ཐར་རྨད་བྱུང་བ། །སྙན་ངག་སྙན་པས་བསྡེབས་པ་འདི། །མེ་གླང་བྲེ་ཡི་ཉེར་ལྔ་ལ། །དཔལ་ལྡན་ས་སྐྱར་བྲིས་པ་དགེ །ཕྱོགས་དང་དུས་ཐམས་ཅད་དུ་བཀྲ་ཤིས་པར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*