མངྒ་ལ་ཡབ་ཡུམ་གྱིས་རྒྱས་འབྲིང་བསྡུས་གསུམ་དང་ཕལ་པོ་ཆེ་བཞེངས་པའི་མཚོན་བྱེད།

༼བ༽

༄༅། །མངྒ་ལ་ཡབ་ཡུམ་གྱིས་རྒྱས་འབྲིང་བསྡུས་གསུམ་དང་ཕལ་པོ་ཆེ་བཞེངས་པའི་མཚོན་བྱེད་བཞུགས།།

༄༅། །ཆོས་རིན་པོ་ཆེ་ཉེ་བར་བཞེངས་པའི་མཚོན་བྱེད་ཀྱི་རབ་ཏུ་བྱེད་པ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་ཆུ་འཛིན་ལས་འོངས་ལེགས་བཤད་ཀྱི། །ཐིགས་པའི་རྒྱུན་གྱིས་འགྲོ་བའི་གདུང་སེལ་ཞིང༌། །ཐེག་པ་སྣ་ཚོགས་རྒྱ་མཚོ་ཆེན་པོ་ལ། །ཐོགས་མེད་དབང་སྒྱུར་བླ་མ་ཀླུ་དབང་རྒྱལ། །སྤྲོས་མེད་སྐུ་ཡི་རྣམ་འཕྲུལ་རྣམ་སྤྲོ་ཞིང༌། །མི་གསུང་གསུང་གིས་སྨྲ་ངན་ཀུན་བཅོམ་ནས། །མི་རྟོག་རྟོགས་པས་ལྟ་ངན་དྲུངས་འབྱིན་པའི། །དགྲ་བཅོམ་སྲིད་ཞིའི་དགྲ་ལ་ཕྱག་འཚལ་ལོ། །ཆོས་ཀུན་གདོད་ནས་དག་པའི་ཆོས་ཉིད་ལ། །ཆགས་སོགས་བག་ཆགས་བཅས་པས་མ་ཆགས་ཤིང༌། །མཐའ་དབུས་དང་བྲལ་ཐོགས་མཐའ་བར་དགེ་བའི། །དམ་ཆོས་དམ་པའི་འཇུག་ངོགས་དེ་ལ་འདུད། །དགེ་ཚོགས་དཔག་མེད་མཐུ་ཡིས་དགེ་བ་པོ། །དགེ་ལེགས་ཡོན་ཏན་དུ་མའི་གཏེར་འཆང་བ། །ལྷར་བཅས་གཙུག་ན་གཙུག་ཏོར་བལྟར་མཐོ་བའི། །དགེ་འདུན་མི་དགེས་མི་ཕྱེད་དེ་ལ་འདུད། །གཙང་མའི་ལྷ་ཡི་བཟང་པོ་ཞེས་བསྒྲགས་པའི། །བསྐལ་བཟང་འདི་ལ་བདེ་གཤེགས་སྟོང་ཕྲག་གི །བཞི་པར་གྱུར་པ་ཤཱཀྱའི་སྐྱེས་མཆོག་སྟེ། །སྙིང་རྗེའི་གཟིངས་ཆེན་བརྩོན་པའི་རླུང་གིས་བསྐྱོད། །སྐད་ཅིག་རེ་ལའང་བསྐལ་མང་ཚོགས་བསགས་ནས། །ཆེས་ཆེར་གདུལ་དཀའ་སྙིགས་མའི་འགྲོ་བ་ལ། །རབ་ཏུ་བརྩེ་བས་ཚེ་ལོ་བརྒྱ་པའི་ཚེ། །ཤཱཀྱའི་རིགས་འཁྲུངས་འགྲོ་བའི་བླ་མར་བྱོན། །བརྒྱད་ཅུའི་བར་བཞུགས་སྐྱེ་དགུ་དཔག་ཡས་པ། །མངོན་མཐོ་ངེས་ལེགས་གོ་འཕང་མཆོག་ལ་བཞག །ཐུབ་དབང་དེ་ནི་དབང་བཅུའི་དབང་འབྱོར་བའི། །དབང་ཕྱུག་གྱུར་ཕྱིར་སྐྱེ་འཆིའི་དབང་མི་འགྱུར། །འོན་ཀྱང་སྐུ་དེའི་གདུལ་བྱ་རྫོགས་མཁྱེན་ཞིང༌། །གདུལ་བྱར་བྱ་བ་གཞན་གྱིས་དབང་གཟིགས་ནས། །མི་མཆོག་གདུལ་བྱའི་ཁ་ལོ་སྒྱུར་མཛད་དེ། །རྟག་འཛིན་གདུལ་བྱའི་སྣང་ངོར་ཞི་ཚུལ་བསྟན། །སྟོན་པ་དེ་ཡི་བསྟན་པ་ལྔ་བརྒྱ་པ། །ཕྲག་བཅུར་གནས་ལས་ལྔ་བརྒྱ་བདུན་པའི་དུས། །འཛམ་གླིང་ལྷུན་པོའི་ངོས་དང་ཉེ་བའི་ཕྱོགས། །ཧོར་གྱི་རིགས་ཀྱི་དབང་པོར་དབང་སྒྱུར་བ། །མཐུ་དང་དཔལ་འབྱོར་ཆེ་ལ་དབང་སྒྱུར་བའི། །མི་དབང་དེ་ནི་ཇིང་གིར་གན་ཞེས་གྲགས། །རྒྱལ་པོ་དེ་ཡི་རྒྱལ་སྲིད་ཡངས་པ་ནི། །ཤར་ཕྱོགས་རྒྱ་མཚོའི་འགྲམ་ནས་བརྩམས་གྱུར་ནས། །འཛམ་གླིང་བྱང་ཕྱོགས་ཕལ་ཆེར་དབང་དུ་བྱས། །དེ་ཡི་སྲས་ཀྱི་དམ་པ་ག་གན་ཏེ། །རྒྱལ་ཚབ་མཛད་ནས་རྒྱལ་སྲིད་རིང་དུ་བསྐྱངས། །དེ་སྲས་གོ་ཡུག་གན་ཞེས་རབ་གྲགས་པས། །རྒྱལ་པོའི་གོ་འཕང་རྣམ་པར་ཐོབ་པར་གྱུར། །དེ་ཡི་ཡབ་མཆེད་མོ་གོ་གན་ཡིན་ཏེ། །སྲིད་ལ་དབང་སྒྱུར་ས་ཡི་བདག་པོར་གྱུར། །དེ་ཚེ་གངས་རིའི་ཕྲེང་བས་ཡོངས་བསྐོར་བའི། །བོད་ཁམས་ཆེན་པོར་ཐུབ་པའི་བསྟན་པ་དར། །བསྟན་པ་དེ་ཡི་མངའ་བདག་གཅིག་གྱུར་པ། །ཀུན་མཁྱེན་གཉིས་པ་སྐད་གཉིས་སྨྲ་བ་པོ། །ས་སྐྱ་པར་གྲགས་ཁམས་གསུམ་ཆོས་ཀྱི་རྒྱལ། །མཁྱེན་རབ་དབང་ཕྱུག་ས་གསུམ་གསལ་མཛད་དེ། །ཉེ་དབང་དང་མཚུངས་གོ་དན་ཞེས་བྱ་བས། །ཉེ་བར་བསྐུལ་ནས་ཤར་གྱི་ཕྱོགས་སུ་བྱོན། །ཐ་དད་སྐད་སྨྲའི་འགྲོ་བ་དུ་མ་རྣམས། །བསྟན་པ་འཆི་མེད་བདུད་རྩིའི་སྒོར་བཅུག་ནས། །སོ་སོའི་སྐལ་བཞིན་རྣམ་གྲོལ་ལམ་ལ་བཀོད། །མོ་གོ་རྒྱལ་པོའི་གཅུང་གྱུར་རྒྱལ་ཚབ་ནི། །གོ་པེ་ལ་ཞེས་མཚན་དུ་གྲགས་པ་སྟེ། །བསོད་ནམས་ཆེན་པོའི་དཔལ་གྱིས་ལྷམ་པས་ན། །ལྷ་མིན་དཔལ་ཡང་ཟིལ་གནོན་ནུས་པ་དེས། །ཉིད་ཀྱི་བདེན་པའི་དཔལ་དང་དཀོན་མཆོག་གི །དཔལ་གྱིས་ནག་པོའི་ཕྱོགས་ཀྱི་དཔལ་བཅོམ་ནས། །དཀར་ཕྱོགས་རྣམ་པར་སྤེལ་བའི་གཟི་ཡིས་ནི། །འཛམ་གླིང་ཕལ་ཆེར་དབང་དུ་མཛད་ནས་བསྐྱངས། །དེ་ནི་སྟོན་པའི་བསྟན་པའི་དབང་གྱུར་པས། །སྲས་ཡུམ་བཅས་པས་ཟབ་དང་རྒྱ་ཆེའི་ཆོས། །རབ་མང་གསན་ཅིང་གསན་པ་ཇི་བཞིན་དུ། །ཉམས་སུ་བཞེས་དང་ཐུབ་པའི་སྐུ་གཟུགས་བརྒྱ། །སྲས་དང་སློབ་མ་སྟོང་གིས་ཡོངས་བསྐོར་ནས། །ཉེ་བར་བསྟན་པའི་གཙུག་ལག་ཁང་རྣམས་དང༌། །དམ་ཆོས་ཡི་གེར་བཀོད་པའི་གླེགས་བམ་ཁྲི། །རང་གིས་བཞེངས་དང་གཞན་དག་གིས་བཞེངས་པའི། །རྩ་ལག་མཛད་ཅིང་དགེ་འདུན་འབུམ་ཕྲག་སྙེད། །བསྙེན་བཀུར་ནས་ནི་ཆོས་ཀྱི་འཁོར་ལོ་མཆོག །རབ་ཏུ་བསྐོར་བའི་སྤྱིན་བདག་མཛད་པ་སོགས། །བསྟན་པའི་བྱ་བ་ཤིན་ཏུ་རྒྱ་ཆེན་མཛད། རྒྱལ་པོ་དེ་ལ་སྲས་མང་ཡོད་པ་ལས། །ཐུ་བོར་གྱུར་པ་རྒྱལ་སྲས་ཇིམ་གྱིམ་སྟེ། །དེས་ཤིང་བསྟན་པའི་བྱ་བ་ཉིད་ལ་གཞོལ། །གཉིས་པར་གྱུར་པ་རྒྱལ་བུ་མང་ག་ལ། །དད་དང་ཤེས་རབ་ཕུན་ཚོགས་བསྟན་ལ་དད། །དེ་ཡི་བཙུན་མོ་པུཎྜ་རཱིར་བཅས་པས། །ས་བདག་རྒྱལ་པོ་ཡབ་ཀྱི་སྐུ་རིང་ལ། །ཡབ་ཡུམ་གཅེན་དང་བཅས་པའི་དྲིན་བསབ་ཅིང༌། །མཐར་ཐུག་ཀུན་མཁྱེན་གོ་འཕང་ཐོབ་བྱའི་ཕྱིར། །ཡི་གེ་གསེར་དང་བརྐོས་སོགས་བཟོ་རིགས་ལ། །ལེགས་སྦྱངས་ད་རིག་ལ་སོགས་རྒྱ་བོད་སོགས། །རྒྱལ་སྲས་ཀུན་གྱི་བགྲོད་པ་གཅིག་པའི་ལམ། །སྲིད་ཞིའི་ཕན་བདེ་ཐམས་ཅད་འབྱུང་བའི་གཞི། །འཕགས་པའི་ཚོགས་རྣམས་ཀུན་ནས་བསྐྱེད་པའི་ཡུམ། །རྒྱས་འབྲིང་བསྡུས་པའི་ཚུལ་དུ་གསུངས་རྣམས་དང༌། །གཞན་ཡང་རྒྱལ་བ་སྲས་དང་བཅས་པ་ཡི། །ཡོན་ཏན་ཕྲིན་ལས་ཞིང་དང་གདུལ་བྱ་སོགས། །ཟབ་དང་རྒྱ་ཆེ་མཐའ་དབུས་མེད་སྟོན་པ། །ཤིན་ཏུ་རྒྱས་པའི་སྡེ་སྣོད་ཕལ་ཆེན་བཅས། །དྲི་མེད་བཻཌཱུརྻ་ལྟར་དག་པའི་གཞིར། །ཤིན་ཏུ་སྦྱངས་པའི་གསེར་ལས་རབ་ཏུ་བཞེངས། །ན་བཟའ་ལ་སོགས་མཆོད་པས་རབ་མཆོད་དེ། །བདེ་གཤེགས་གསུང་རབ་ཚུལ་བཞིན་རབ་གནས་བགྱིས། །ཀློག་དང་མཆོད་ལ་བརྩོན་པར་གོ་ཆ་བགོས། །དེ་ལྟར་ཐུབ་པའི་གསུང་རབ་དྲི་མ་མེད། །བདེ་བར་གཤེགས་པ་ཀུན་གྱི་ཐུགས་ཀྱི་གསང༌། །ལྷར་བཅས་འགྲོ་བའི་མཆོད་པའི་གནས་གྱུར་པ། །ལྷག་བསམ་དག་པས་བཞེངས་པ་ལས་བྱུང་བའི། །དགེ་བ་དྲི་མེད་ཚ་ཟེར་ལྟར་གསལ་བས། །སྒྲིབ་པའི་མུན་ནག་ཚང་ཚིང་རབ་བཅོམ་ནས། །མཁྱེན་པའི་ཡེ་ཤེས་པད་ཚལ་རྒྱས་བྱས་ཏེ། །འགྲོ་ཀུན་ལེགས་བཤད་སྦྲང་རྩིས་ཚིམ་བྱེད་ཤོག །སྦྱིན་བདག་སྲས་དང་བཙུན་མོར་བཅས་པ་ཡང༌། །སྐྱེ་བ་ཀུན་ཏུ་དལ་འབྱོར་ལུས་ཐོབ་སྟེ། །བདེ་གཤེགས་བདེ་གཤེགས་སྲས་པོར་བཅས་པ་ཡི། །གསུང་རབ་རྒྱ་མཚོ་རབ་ཏུ་འཛིན་པར་ཤོག །ཚེ་འདིར་ཚེ་རིང་འཚེ་མེད་ཚུལ་བཞིན་འཚོ། །ཚངས་ལྟར་ཚུལ་བཞིན་དཔལ་འབྱོར་ཕུན་སུམ་ཚོགས། །བསམ་པ་ཐམས་ཅད་ཆོས་བཞིན་གྲུབ་གྱུར་ནས། །བདེ་གཤེགས་བསྟན་པ་རྒྱས་པར་བྱེད་གྱུར་ཅིག །རྒྱལ་ཁམས་ཀུན་ཀྱང་དགེ་ཞིང་མུ་གེ་མེད། །ནད་དང་འཁྲུགས་ལོང་མི་དགེ་ཀུན་ཞི་ཞིང༌། །སྐྱེ་དགུ་ཐམས་ཅད་དགེ་བའི་ལས་ལམ་སྤྱོད། །ཀུན་ནས་དགེ་བའི་ལྷ་ཡིས་ལེགས་སྐྱོང་ཤོག །འདི་ཡི་གཉེར་དུ་བསྐོས་ནས་གཉེར་བྱེད་པ། །བཀྲ་ཤིས་རྒྱལ་མཚན་དང་ནི་ཐང་ངོ་ཏ། །གྲོགས་དང་གྲོགས་ཀྱི་གྲོགས་སུ་བཅས་རྣམས་ཀྱང༌། །ཆོས་ཀྱི་དཔལ་གྱིས་དཔལ་འབྱོར་ཕུན་ཚོགས་ཤོག །དེ་ལྟར་རྒྱས་སྲས་རྒྱལ་བའི་རྗེས་འཇུག་པས། །རྒྱལ་བའི་གསུང་རབ་ཇི་ལྟར་བཞེངས་ཚུལ་དང༌། །བསྔོ་བའི་ཚིག་འདི་རྒྱལ་བའི་ཆོས་སྨྲ་བའི། །དགེ་སློང་འཕགས་པས་རྒྱལ་བུ་རྒྱལ་ཕྱིར་སྦྱར། །ཤིང་མོ་ཕག་གི་ལོ་ཟླ་བ་བརྒྱད་པའི་ཚེས་བརྒྱད་ལ། ཙོམ་མདོ་གནས་སར་དུ་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*