ཆོས་རིན་པོ་ཆེ་ཉེ་བར་བཞེངས་པའི་མཚོན་བྱེད་ཀྱི་རབ་ཏུ་བྱེད་པ།

༼བ༽

༄༅། །ཆོས་རིན་པོ་ཆེ་ཉེ་བར་བཞེངས་པའི་མཚོན་བྱེད་ཀྱི་རབ་ཏུ་བྱེད་པ་ཞེས་བྱ་བ།

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཚོགས་གཉིས་རྫོགས་པའི་ཆུ་གཏེར་ལས་འཁྲུངས་ཤིང༌། །མཁྱེན་བརྩེའི་ལོ་འདབ་ཀུན་ནས་རབ་རྒྱས་ལ། །ཕྲིན་ལས་དྲི་བསུང་ཕྱོགས་བཅུར་རབ་ལྡང་བ། །སངས་རྒྱས་རྣམ་པར་རྒྱས་པའི་པདྨོ་རྒྱལ། །དམ་ཆོས་ཡོངས་སུ་སྨིན་པའི་སྦྲང་རྩི་ལྟར། །སྲིད་ཞིའི་ཕུན་ཚོགས་སྐྱེས་པའི་བཅུད་ལྡན་ཞིང༌། །གང་གིས་མྱང་བའི་དཔལ་དུ་ཉེར་འགྱུར་བ། །གསུང་རབ་བདུད་རྩི་འགྲོ་ལ་རྒྱལ་གྱུར་ཅིག །དམ་ཆོས་བདུད་རྩིས་བློ་གྲོས་ལུས་རྫོགས་ཤིང༌། །རྣམ་གྲོལ་རིགས་པའི་འདབ་གཤོག་རབ་རྒྱས་ནས། །ལེགས་བཤད་སྒྲ་དབྱངས་ཀུན་ཏུ་ལེགས་སྒྲོགས་པ། །དགེ་འདུན་བུང་བའི་ཚོགས་ལ་ཕྱག་འཚལ་ལོ། །ཞི་བ་ཟག་མེད་དབྱིངས་ལ་ཉེར་བརྟེན་ཞིང༌། །དཀོན་མཆོག་དགེ་བ་དེ་དག་འབྱུང་བའི་གནས། །ཉེས་པ་བཀྲུ་བའི་འཇུག་ངོགས་མཆོག་གྱུར་པ། །དཔལ་ལྡན་བླ་མའི་པད་རྫིང་གིས་སྐྱོངས་ཤིག །གང་གི་རང་བཞིན་གདོད་ནས་རྣམ་དག་གློ་བུར་སྤྲོས་པའི་སྤྲོས་བྲལ་ཡང༌། །སྤྲུལ་པའི་སྤྲོས་པ་ཀུན་ཏུ་སྤྲོ་མཛད་དུས་གསུམ་རྒྱལ་བ་མ་ལུས་དང༌། །སྤྲོས་དང་སྤྲོས་མེད་ཟུང་དུ་ཆུད་གྱུར་རྒྱལ་སྲས་རྣམས་དང་དེ་བཞིན་དུ། །སྤྲོས་པས་མ་སྤྲོས་སློབ་དང་མི་སློབ་སློབ་མའི་ཚོགས་བསྐྱེད་ཡུམ་ལ་འདུད། །ཡུམ་དེ་ཡི་ནི་སྲས་གྱུར་པའི། །རྒྱལ་བ་རྒྱ་མཚོ་རྣམས་ཀྱི་ཞིང༌། །འཇིག་རྟེན་ཁམས་ནི་བགྲང་ཡས་ལས། །འདི་ནི་མི་མཇེད་འཇིག་རྟེན་ཁམས། །དུས་ནི་བསྐལ་པ་བཟང་པོ་ལ། །གཉིས་ཀྱིས་ལྷག་པའི་སངས་རྒྱས་སྟོང༌། །འགྲོ་བའི་དོན་དུ་བྱོན་པ་ལས། །རྣམ་འདྲེན་རྣམ་པ་གསུམ་གྱི་རྗེས། །སྐྱེ་དགུའི་ཚེ་ལོ་བརྒྱ་པའི་ཚེ། །ཤཱཀྱའི་རྒྱལ་པོ་ཉེ་བར་བྱོན། །བསྟན་པ་ལོ་གྲངས་ལྔ་བརྒྱ་ཕྲག །བཅུ་རུ་གནས་པར་གསུངས་པ་ལས། །ལྔ་བརྒྱ་བདུན་པའི་དུས་ཀྱི་ཚེ། །འཛམ་བུའི་གླིང་གི་བྱང་ཕྱོགས་ཆར། །སྔོན་སྤྱད་དཔལ་གྱི་མཐུས་བྱུང་བ། །རྒྱལ་པོ་གཞན་གྱི་དཔལ་འཕྲོག་ཅིང༌། །རང་དཔལ་རྣམ་པར་རྒྱལ་གྱུར་པ། །ཇིང་གིར་གན་ཞེས་བྱ་བ་བྱུང༌། །དེ་སྲས་ས་བདག་གཉིས་པ་ནི། །ག་གན་རྒྱལ་པོ་ཞེས་བྱ་བ། །དེས་ཀྱང་ཕྱོགས་གཞན་ཟིལ་མནན་ནས། །དཔལ་གྱི་གཟི་ཡིས་ལྷམ་མེར་བཞུགས། །དེ་ཡི་སྲས་གྱུར་གོ་ཡུག་གན། །དེ་ཡང་མི་ཡི་དབང་པོར་གྱུར། །དེ་ཡི་ཡབ་མཆེད་མང་གོ་གན། །སྟོབས་ཀྱི་འཁོར་ལོས་སྒྱུར་འདྲར་གྱུར། །དེ་གཅུང་གོ་པེ་ལ་ཞེས་བྱ། །དེ་ནི་གཙུག་ལག་ཀུན་ལ་ཐུགས། །རྣམ་པར་གསལ་ཞིང་གསལ་བ་སྨྲ། །དྲང་པོའི་ཆོས་རྗེས་འབྲང་བ་སྟེ། །དགེ་ཞིང་བདེན་པའི་མཐུ་ཡིས་ཏེ། །ས་རྣམས་ཀུན་ལ་དབང་བསྒྱུར་བ། །འཁོར་ལོས་སྒྱུར་རྒྱལ་ཉིད་བཞིན་གྱུར། །དེ་ནི་ཞི་བས་ས་སྐྱོང་ཞིང༌། །དཀོན་མཆོག་མཆོད་ལ་མངོན་པར་གཞོལ། །ཆོས་ཀྱིས་བདག་གཞན་དཔལ་འཕེལ་མཛད། །དེ་ཡི་སྲས་ནི་ཇིམ་གྱིམ་སྟེ། །མཐོ་རིས་དཔལ་གྱི་གཞི་བརྟེན་ཞིང༌། །དད་དང་ཐུགས་རྗེ་མཁྱེན་རབ་ཀྱིས། །དེ་ཡི་ཐུགས་ནི་རྣམ་པར་འབྱོར། །ཡབ་མེས་བརྒྱུད་པ་ལས་བརྒྱུད་པའི། །ལུགས་ཀྱིས་འཇིག་རྟེན་ལེགས་སྐྱོང་ཞིང༌། །འཆི་མེད་ཆོས་ཀྱི་བདུད་རྩིའི་སྒོར། །ཆོས་བཞིན་ཞུགས་ནས་ཆོས་ཚུལ་ལ། །ཚུལ་བཞིན་སྤྱད་པས་ཚུལ་བཞིན་དུ། །ཉིད་ཀྱི་དཔལ་འབྱོར་རབ་རྒྱས་ནས། །གཞན་འབྱོར་དག་ཀྱང་འབྱོར་མཛད་པས། །གྲགས་པའི་ཉི་འོད་ཉི་ལྟར་གསལ། །འདི་ཡི་མཛད་སྤྱོད་ཐེག་པ་མཆོག་གི་བརྟུལ་ཞུགས་དམ་པས་ལེགས་བརྒྱན་པའི། །ཐུབ་དབང་གིས་ཀྱང་བསྔགས་པར་འོས་པའི་སྡོམ་ལ་གནས་ཤིང་དེ་བཞིན་དུ། །མཐར་ལྟ་བ་ཡི་ལྟ་བ་ཀུན་ལས་རྣམ་པར་གྲོལ་ཞིང་དབུ་མ་ཡི། །ཡང་དག་ལྟ་བས་ལྟ་བ་རྣམ་དག་སྒྲུབ་པ་བཟང་པོས་བསྒྲུབས་པ་ལ། །ཉེ་བར་གཞོལ་བས་གཞལ་དུ་མེད་པའི་བསོད་ནམས་ཚོགས་བསྐྲུན་དམ་པ་ཡིས། །ཉེ་བར་བསྔགས་པའི་དཀར་པོའི་ལས་ལ་གཅིག་ཏུ་བརྩོན་མཛད་ཁྱད་པར་དུ། །སངས་རྒྱས་སྐུ་གཟུགས་བཞེངས་ནས་མཆོད་དང་དམ་ཆོས་འདྲི་དང་ཀློག་པ་དང༌། །དགེ་འདུན་མཆོད་སོགས་ཐར་པའི་འཇུག་ངོགས་མཆོག་ལ་ངེས་པར་འདི་ཞུགས་སོ། །འདི་ཡི་ཡབ་མེས་དག་གི་བཀའ་དྲིན་ལ། །ཀུན་ནས་ལན་དུ་བླན་པར་བྱ་ཕྱིར་དང༌། །རང་གི་བླ་མེད་བྱང་ཆུབ་ཐོབ་བྱའི་ཕྱིར། །དུས་གསུམ་རྒྱལ་བ་མ་ལུས་བསྐྱེད་པའི་ཡུམ། །རྒྱལ་སྲས་རྣམས་ཀྱི་བགྲོད་པ་གཅིག་པའི་ལམ། །ལྷར་བཅས་འགྲོ་བའི་བདེ་ལེགས་འབྱུང་བའི་གཞི། །ཤེས་རབ་ཕ་རོལ་ཕྱིན་མ་ཞེས་བྱ་བ། །སྟོང་ཕྲག་བརྒྱ་ཡི་ཚད་དུ་གསུངས་པ་གང༌། །ཉེ་བར་བཞེངས་ཞེས་བཀའ་ལུང་ལེགས་སྩོལ་ནས། །དེ་གསུང་སྤྱི་བོར་དང་དུ་ལེན་བྱེད་པ། །སྟོན་ཚུལ་ཞེས་བྱས་བདག་རྐྱེན་ལེགས་བྱས་ཏེ། །ཤིང་མོ་ཕག་ལོའི་སྟོན་ཟླ་རྣམ་གསུམ་ལ། །བཻཌཱུརྻ་འདྲའི་ཞིང་ས་དག་པའི་གཞིར། །འཛམ་བུའི་ཆུ་གསེར་ཞུན་མའི་རང་བཞིན་གྱིས། །འཕྲུལ་གྱི་ཡི་གེའི་བཟོ་ལ་ལེགས་སྦྱངས་པ། །སུམ་པ་དགེ་སློང་ཚུལ་ཁྲིམས་དཔལ་དང་ནི། །བཀྲ་ཤིས་དཔལ་སོགས་མཁས་པའི་ཚོགས་རྣམས་ཀྱིས། །ལེགས་པར་བྲིས་ནས་སྣ་ཚོགས་རིག་པ་ཡི། །བཟོ་བོའི་ཚོགས་ཀྱིས་དྲས་དང་གླེགས་ཤིང་སོགས། །ཀུན་ནས་དགེ་ཞིང་ཕུན་སུམ་ཚོགས་པར་བསྒྲུབས། །རབ་ཏུ་གནས་པའང་གསུང་རབ་ཇི་བཞིན་དུ། །དགེ་འདུན་རྒྱ་མཚོ་རྒྱ་མཚོ་ལྟ་བུས་བགྱིས། །དེ་ལྟར་གྲུབ་པའི་དཔལ་འབྲས་དམ་པ་འདི། །ལྷར་བཅས་འགྲོ་བའི་མཆོད་པའི་རྟེན་དུ་གྱུར། །དེ་ཡི་ཚུལ་ཡང་ཚུལ་བཞིན་དུ། །སྙན་ངག་སྙན་པས་ལེགས་བརྗོད་ཅིང༌། །ལྷ་དང་ལྷ་མིན་ཚོགས་རྣམས་དང༌། །མི་དང་མིའམ་ཅི་ལ་སོགས། །འབྱུང་པོ་གང་དག་འདིར་ལྷགས་རྣམས། །རྣ་བ་བླགས་ཏེ་མཉན་པར་གྱིས། །གླེགས་ཤིང་གསེར་གྱི་མདོག་སྣང་བ། །འཛུམ་པའི་མདངས་འོད་འབྱིན་པ་ནི། །ཐུབ་པ་དགེས་པས་ཉིད་སྲས་ལ། །འཛུམ་པ་མཛད་པ་ལྟ་བུར་གདའ། །གླེགས་ཤིང་ཕྱེ་བས་ནང་གི་མདངས། །དམར་ཞིང་ཀུན་ནས་འཚེར་བ་ནི། །རྒྱལ་བའི་ཞལ་གྱི་སྒྲོས་གསལ་ནས། །ལྗགས་ཀྱི་དབང་པོ་བཀྲམ་འདྲར་མཆིས། །མཐིང་ཤོག་མཐིང་གའི་མདངས་ཆགས་ལ། །དབང་པོའི་གཞུ་ཡི་འོད་འབྱིན་པ། །ལྗགས་ལས་བྱེ་བ་ཁྲག་ཁྲིག་འོད། །ཀུན་ནས་འབྱིན་པ་ལྟ་བུར་གདའ། །གསེར་གྱི་ཡི་གེ་གསེར་ཕྲེང་ལྟར། །ཕྲེང་དུ་དངར་ཞིང་བསྟན་པ་ནི། །ལྗགས་ཀྱི་འོད་ཀྱི་རྩེ་མོ་ལ། །ཐུབ་པའི་སྐུ་གཟུགས་བཀྲམ་འདྲར་མཆིས། །ཡི་གེའི་གུག་སྐྱེད་གང་འོག་ཏུ། །ལྡིང་ཞིང་འཁྱུག་པར་གནས་པ་ནི། །སྤྲུལ་པའི་སྐུ་ལ་རྒྱལ་སྲས་དང༌། །སློབ་མས་ཞབས་འབྲིང་བགྱིས་འདྲར་གདའ། །ཡི་གེ་དེ་འདྲ་ཀློག་པ་ལ། །ཤིན་ཏུ་མཁས་པས་བཀླགས་པའི་སྒྲ། །ཡན་ལག་དྲུག་ཅུའི་གསུང་དབྱངས་ཀྱིས། །དོན་དེ་ཉིད་ནི་སྟོན་འདྲར་མཆིས། །ཀློག་གི་སྒྲ་ཡིས་དེར་འདུས་པའི། །སྐྱེ་བོའི་ཡིད་ནི་ཞི་བགྱིད་པ། །ཆོས་ཐོས་པ་ཡི་འཁོར་རྣམས་ཀྱིས། །ཆོས་དོན་བདེན་པ་མཐོང་འདྲར་གདའ། །འདི་འདྲའི་དགེ་བས་བདག་གཞན་ཀུན། །དགེ་བར་བགྱིས་ཁྱོད་འདི་འབྲས་ཀྱིས། །མྱུར་དུ་ཕྱོགས་བཅུར་ཆོས་སྒྲོགས་པའི། །ཆོས་ཀྱི་རྒྱལ་པོར་འགྱུར་ལགས་གྲང༌། །དེ་ལྟར་དམ་ཆོས་རིན་ཆེན་གྱི། །ཉེ་བར་བཞེངས་ནས་མཆོད་དང་བཀླགས་པ་ཡི། །དགེ་བ་འདི་དང་དགེ་བའི་རྩ་བ་གཞན། །གཅིག་ཏུ་བསྡོམས་ནས་རྒྱལ་སྲས་ཇིམ་གྱིམ་དང༌། །བཙུན་མོ་དམ་པ་གོ་གོ་ཅན་དང་ནི། །སྲས་ཀྱི་ཐུ་བོར་གྱུར་པ་ཀ་མ་ལ། །གཉིས་པར་གྱུར་པ་དྷརྨ་ཕ་ལ་དང༌། །གསུམ་པ་དེ་མུར་དང་ནི་དེ་བཞིན་དུ། །སྲས་མོ་གུ་ལོག་གཱི་ཏི་ཞེས་བྱ་དང༌། །སླད་ནས་འབྱོན་པར་འགྱུར་བའི་གདུང་རྒྱུད་བཅས། །གནས་སྐབས་སྐུ་ཚེ་ཆུ་བོའི་རྒྱུན་ལྟར་རིང༌། །དཔལ་འབྱོར་རྒྱ་མཚོ་ཆེ་ལྟར་ངང་གིས་འཕེལ། །ལྷ་ཡི་དབང་པོ་ལྟ་བུར་དབང་དང་ལྡན། །ཚངས་དབང་ལྟ་བུར་ནད་མེད་བདེར་གནས་ཤིང༌། །གྲུབ་པའི་ལྷ་དང་རིག་པ་འཛིན་པ་ལྟར། །བཞེད་དགུ་ཐམས་ཅད་ཆོས་བཞིན་འགྲུབ་གྱུར་ཅིག །སྲིད་པ་ཀུན་ཏུ་ལྷ་མིའི་དཔལ་འབྱོར་གྱིས། །རྣམ་པར་འབྱོར་ཞིང་རྒྱལ་བ་རྒྱ་མཚོ་ལས། །ཆོས་ཚུལ་རྒྱ་མཚོ་གསན་ནས་ལེགས་སྤྱད་དེ། །ཀུན་མཁྱེན་རྒྱལ་བའི་གོ་འཕང་བརྙེས་པར་ཤོག །དེ་ལྟར་བསྔགས་འོས་བསྔགས་དང་བསྔོ་བ་ཡི། །རབ་བྱེད་འདི་ནི་དགེ་སློང་འཕགས་པ་ཡིས། །མེ་ཕོ་བྱི་བ་དཔྱིད་ཟླ་ར་བ་ཡི། །བཅུ་བཞིའི་ཉིན་པར་སྨར་ཁམས་སྒང་དུ་བྲིས། །ཕྱོགས་དང་དུས་ཐམས་ཅད་དུ་བཀྲ་ཤིས་པར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*