བདེ་བར་གཤེགས་པའི་གསུང་བར་འགྱུར་རོ་འཚལ་བཞེངས་པའི་གསལ་བྱེད་སྡེབ་སྦྱོར་གྱི་རྒྱན་རྣམ་པར་བཀྲ་བ།

༼བ༽

༄༅། །བདེ་བར་གཤེགས་པའི་གསུང་རབ་འགྱུར་རོ་འཚལ་བཞེངས་པའི་གསལ་བྱེད་སྡེབ་སྦྱོར་གྱི་རྒྱན་རྣམ་པར་བཀྲ་བ་ཞེས་བྱ་བ་བཞུགས།།

༄༅། །བདེ་བར་གཤེགས་པའི་གསུང་རབ་འགྱུར་རོ་འཚལ་བཞེངས་པའི་གསལ་བྱེད་སྡེབ་སྦྱོར་གྱི་རྒྱན་རྣམ་པར་བཀྲ་བ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །རྒྱལ་བའི་བསྟན་པ་རབ་ཟབ་རྒྱ་མཚོའི་རྒྱན། །ལྷར་བཅས་འགྲོ་བ་དཔག་ཡས་ཉེར་འཚོའི་རྟེན། །བསྡུས་དངོས་རིན་ཆེན་བཞི་ཡི་མདངས་བཟང་བ། །དཔལ་ལྡན་བླ་མ་ལྷུན་པོ་རྣམ་པར་རྒྱལ། །དུས་གསུམ་རྒྱལ་བའི་སྐུ་ཡི་དབང་ཆེན་ཞལ་གྱི་དཀྱིལ་འཁོར་རི་རྒྱལ་ངོས་ཞལ་སྒོ་ཡི་ནམ་མཁའ་ལ། །སྒྲིབ་པའི་སྤྲིན་བྲལ་ལྗགས་ཀྱི་དབང་པོ་ཉིན་མོར་བྱེད་པ་བརྩེ་བའི་རླུང་གིས་ཀུན་ཏུ་བསྐྱོད་པ་ལས། །གསུང་རབ་ཕྲེང་བ་གསུང་འཛིན་པདྨོ་ཀུན་ནས་ཁ་འབྱེད་གསུང་དབྱངས་ཡན་ལག་དྲུག་ཅུས་དམ་ཆོས་ཀྱི། །འོད་ཟེར་ཟེར་མ་ཕྲོམ་ཕྲོམ་འཕྲོས་པ་ཁྲག་ཁྲིག་འཁྲིགས་པས་སྲིད་གསུམ་ཆོས་ཀྱི་སྣང་བས་འགེངས་མཛད་རྒྱལ། །མི་དང་ལྷ་མིན་ལྷ་ཡི་ལྷར་གྱུར་སྟོན་པས་བསྟན་པའི་བསྟན་པ་ཕུན་ཚོགས་འོད་ཟེར་གཅིག་གིས་ཀྱང༌། །བློ་གསལ་ཚོགས་ཀྱི་བློ་ཡི་རྒྱ་མཚོར་བློ་གྲོས་པདྨའི་བསླབ་གསུམ་འདབ་བརྒྱ་རབ་ཏུ་རྒྱས་མཛད་ཅིང༌། །ལེགས་བཤད་སྦྲང་རྩིའི་སྦྲང་རྩི་དོན་གཉེར་གདུལ་བྱ་སྦྲང་རྩི་བྱེད་པའི་ཚོགས་རྣམས་ཉིན་ཞིང་ལེགས་བསྡུས་ནས། །ཆོས་ཀྱི་ཀུན་དགའི་དགའ་སྟོན་བཀྱེ་བས་ཀུན་ནས་དགའ་མཛད་དམ་པའི་ཆོས་ཀྱི་ཉིན་མོར་བྱེད་པ་མཆོད། །བདེ་བར་གཤེགས་པས་གསུངས་པའི་གསུང་རབ་བདུད་རྩིའི་རྒྱ་མཚོའི་ཐོས་བསམ་བསམ་གཏན་རོ་འཛིན་དབང་པོ་ཡིས། །ལེགས་པར་མྱངས་པས་མྱངས་པའི་མཐུ་ཡིས་མཐུ་ཆེན་བརྙེས་ཤིང་བརྙེས་པའི་ཡོན་ཏན་རྣམ་པ་སྣ་ཚོགས་ཕྲེང༌། །སྤེལ་ལེགས་རིན་ཆེན་ཕྲེང་བ་ལྟ་བུས་བདག་ཏུ་ལྟ་བའི་ཡིད་རབ་འཕྲོག་པས་རྣམ་གྲོལ་སྐུ་ལ་བརྒྱན། །རྒྱལ་བ་ལས་འཁྲུངས་རྒྱལ་སྲས་རྣམས་དང་རང་རྒྱལ་དགྲ་ལས་རྣམ་རྒྱལ་འཕགས་པའི་ཚོགས་ལ་ཕྱག་འཚལ་ལོ། །གང་ཞིག་རྫི་མིའི་རྩེ་མོ་ཅུང་ཟད་བསྐྱོད་པའི་འོད་ཟེར་ཟེར་མ་ཙམ་ཞིག་རབ་འཕྲོས་པས། །སྐད་ཅིག་ཅིག་ལ་ཅིག་ཅར་ཉིད་དུ་བདུད་སྡེའི་མུན་ནག་སྨག་རུམ་རབ་རིབ་རབ་འཇོམས་ཤིང༌། །འཇིག་རྟེན་གསུམ་དུ་ཕན་བདེའི་སྣང་བ་རྣམ་པ་སྣ་ཚོགས་རྣམ་པར་འཕྲོ་བའི་འོད་མཛད་པ། །འགྲོ་བའི་མགོན་གྱུར་འཇིག་རྟེན་མགོན་པོ་སྲས་དང་བཅས་པས་འཇིག་རྟེན་གསུམ་པོ་སྐྱོང་གྱུར་ཅིག །ཆོས་དབྱིངས་ནམ་མཁའི་དབྱིངས་ལས་མཁའ་ལྟར་མ་གཡོས་ཤིང༌། །སྤྲུལ་པའི་རྣམ་འཕྲུལ་རྣམ་པ་སྣ་ཚོགས་རྣམ་འཕྲུལ་བ། །རྒྱལ་ཡུམ་དེ་སྲས་རྒྱལ་སྲས་རྣམས་ཀྱི་ཕྲིན་ལས་ཀྱི། །རྣམ་འཕྲུལ་ལ་བརྟེན་རྣམ་ཐར་བསྔགས་འོས་བསྔགས་པར་འཚལ།།  །།འདིར་སྐྱེ་དགུ་རྣམས་ཀྱི་དཔལ་དང༌། འབྱོར་པ་དང༌། གྲགས་པ་དང༌། མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་ཕུན་སུམ་ཚོགས་པའི་ནོར་བུ་རིན་ཆེན་འབྱུང་བའི་གཞི་ནི་བདེ་བར་གཤེགས་པའི་བསྟན་པའི་ཆུ་གཏེར་ཉིད་ཡིན་ཞིང༌། དེར་སྐྱེས་བུ་ཆེན་པོའི་དེད་དཔོན་རྣམས་ཚུལ་བཞིན་དུ་ཞུགས་པ་དང་འཇུག་པ་རྣམས་ཀྱང་སྐལ་བ་ཕུན་སུམ་ཚོགས་པ་ཡིན་ལ། དེ་དག་ནི་སྙན་ངག་མཁན་རྣམས་ཀྱི་ཡང་དག་གི་དཔལ་ཉིད་དུའང་འགྱུར་རོ་སྙམ་དུ་བསམས་ནས་སྨྲས་པ། ཚ་ཟེར་བྱེད་པའི་འོད་ཟེར་གྱིས། །རྣམ་འཕྲུལ་ཆུ་སྐྱེས་རྒྱས་པའི་ཚལ། །མཐོང་ན་མཐོང་བ་ཙམ་ཉིད་ཀྱིས། །དགའ་བར་མི་འགྱུར་སུ་ཞིག་ཡོད། །རྒྱལ་སྲས་རྒྱ་མཚོས་བསྐོར་བ་ཡི། །རྒྱལ་བ་རྒྱ་མཚོ་རྣམས་ཀྱི་ཞིང༌། །འཇིག་རྟེན་ཁམས་ཀྱི་རྡུལ་སྙེད་དུ། །བགྲང་བ་ལས་ཀྱང་འདས་པར་འཚལ། །དེ་ལྟ་མོད་ཀྱི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་གང་ཆེན་མཚོ་ཡི་ཕྱག་མཐིལ་ན། །འཇིག་རྟེན་བགྲང་ཡས་རྣམ་པར་བརྩེགས་པའི་འོག་ནས་བགྲངས་པའི་བཅུ་གསུམ་པ་ནི་མི་མཇེད་དེ། །དེ་ཡི་ཁྱོན་ནི་གླིང་བཞི་རི་རབ་ཉི་ཟླར་བཅས་པ་བྱེ་བ་ཕྲག་བརྒྱ་གནས་པ་ཡི། །གླིང་བཞི་པདྨོ་བཀྲམ་པ་ལྟ་བུར་གནས་པ་རྣམས་ལས་གླིང་འདི་ལྷོ་ཕྱོགས་འཛམ་བུའི་གླིང༌། །དེ་ལྟར་གནས་འདི་ངེས་བྱས་ནས། །དུས་འདི་ཡང་ནི་ངེས་པར་བགྱི། །བསྐལ་པ་སྐད་ཅིག་ཕྲེང་བ་ལྟར། །དཔག་ཏུ་མེད་པ་རྣམས་ལ་ཡང༌། །འཇིག་རྟེན་སྣང་མཛད་འཇིག་རྟེན་མགོན། །ཀུན་ཏུ་རིམ་བཞིན་བྱོན་པ་ལས། །བསྐལ་པ་བཟང་པོ་འདི་ལ་ནི། །གཉིས་ཀྱིས་ལྷག་པའི་རྒྱལ་བ་སྟོང༌། །འགྲོ་བ་སྐྱོབ་པའི་ཚོགས་རྣམས་བྱོན། །འདི་ནི་བདེ་གཤེགས་བཞི་པ་སྟེ། །སྐྱེ་དགུའི་ཚེ་ལོ་དཔག་མེད་ནས། །བརྒྱ་ཡི་བར་ལ་མི་དབང་ཡང༌། །མང་པོས་བཀུར་བ་ནས་བཟུང་སྟེ། །ཟས་གཙང་བར་དུ་བྱོན་པའི་ཚུལ། །ཆུ་འཛིན་ཚོགས་ལས་ཁ་བའི་རི། །ཁ་བའི་རི་ལས་ཆུ་བོའི་རྒྱུན། །ཆུ་བོའི་རྒྱུན་ལས་ཆུ་བོའི་གཏེར། །ཆུ་གཏེར་ཆེ་ལས་རིན་ཆེན་བཞིན། །ཟས་གཙང་སྲས་པོས་ཟག་པ་རྣམ་སྤངས་ཟག་མེད་བདུད་རྩི་གསོལ་བ་ལས། །ཟག་མེད་གཟིགས་པས་ཟག་མེད་སྐུ་བརྙེས་གསུང་གི་རྣམ་འཕྲུལ་སྣ་ཚོགས་ཀྱི། །གསུང་རབ་ཡན་ལག་བཅུ་གཉིས་ཀྱིས་བསྡུས་འཁོར་ལོ་རིམ་པ་གསུམ་བསྐོར་བས། །འཇིག་རྟེན་གསུམ་དུ་འཇིག་རྟེན་མཐའ་དག་ཆོས་ཀྱི་དགའ་བདེས་དགའ་བར་མཛད། །འོད་ཟེར་བརྒྱ་བའི་འོད་ཟེར་གྱིས། །ཆུ་སྐྱེས་རྒྱས་ཤིང་མུན་པ་བསལ། །དངོས་རྣམས་གསལ་བྱེད་གཟའ་སྐར་རྣམས། །ཟིལ་གྱིས་གནོན་པ་ལྟ་བུར་མཆིས། །སྲིད་གསུམ་འགྲོ་བ་ཀུན་གྱི་དཔལ། །ཐུབ་དབང་བསྟན་པ་རིན་ཆེན་གཏེར། །ལྔ་བརྒྱ་ཕྲག་བཅུར་གནས་པ་ལས། །ལྔ་བརྒྱ་བདུན་པའི་དུས་ཀྱི་ཚེ། །འཛམ་གླིང་བྱང་ཕྱོགས་ས་ཡི་ཆར། །བསོད་ནམས་ཆེན་པོའི་ཆུ་གཏེར་ལས། །ཇིང་གིར་གན་ཞེས་གྲགས་པ་ཡི། །ས་འཛིན་རིན་ཆེན་འཁྲུངས་པར་གྱུར། །དེ་སྲས་གོ་གན་རྒྱལ་པོ་ཞེས། །གྲགས་པའི་མི་དབང་གཉིས་པ་ཡང༌། །མཐུ་སྟོབས་ཉི་མ་ལྟ་བུ་ཡི། །གཞན་སྡེའི་མུན་པ་རྣམ་པར་བཅོམ། །དེ་སྲས་གོ་ཡུག་གན་ཞེས་པའང༌། །སྲིད་ལ་དབང་བའི་རྒྱལ་པོར་གྱུར། །དེ་ཡི་ཡབ་མཆེད་གོ་གོ་གན། །མཐུ་ཡིས་རྒྱལ་སྲིད་རྣམ་པར་བཟུང༌། །ཡིད་སྐྱེས་ཁ་ལོ་སྒྱུར་བ་ཡི། །མི་ཡི་བདག་པོ་བྱུང་བ་གྱུར། །དེ་གཅུང་གོ་པེ་ལ་ཞེས་པ། །བསོད་ནམས་ཉི་མའི་གཟི་བརྗིད་ཀྱིས། །ཕ་རོལ་མུན་པ་ཟིལ་མནན་ནས། །བཀའ་ཡི་རྒྱལ་སྲིད་སྐྱོང་བར་གྱུར། །གཙུག་ལག་ཀུན་ལ་ཐུགས་གསལ་ཞིང༌། །ཆོས་ཀྱིས་རྒྱལ་སྲིད་ཆོས་བཞིན་སྐྱོང༌། །མཐུ་ཡིས་ས་ལ་དབང་སྒྱུར་བ། །འཁོར་ལོས་སྒྱུར་རྒྱལ་ལྟ་བུར་གྱུར། །རྒྱལ་དབང་འདི་ཡི་གཟི་བརྗིད་ཕུང་པོ་ཡིས། །གཟི་ལྡན་གཟའ་དབང་དབང་དུ་བསྡུས་བྱས་ནས། །ཕྱོགས་བཅུ་རྣམས་སུ་གསུང་གི་གསུང་ཟེར་ནི། །ཚ་ཟེར་ཟེར་ལྟར་རྣམ་པར་སྤྲོས་སྙམ་བྱེད། །ཆོས་བཞིན་མཛད་པར་གཞོལ་བ་ཡི། །རྒྱལ་པོ་དེ་སྲས་ཐུ་བོ་ནི། །ཇིམ་གྱིམ་བཙུན་མོ་གོ་གོ་ཅན། །ཇིམ་གྱིམ་འཁོར་ལོས་སྒྱུར་སྲས་བཞིན། །མཐོ་རིས་ཡོན་ཏན་དཔལ་བརྙེས་ཤིང༌། །དད་དང་སྙིང་རྗེས་བརྒྱན་པའི་ཐུགས། །ཆོས་ཀྱི་ཚུལ་ལ་རབ་འབྱོར་བས། །ཀུན་ཏུ་གྲགས་པས་ཁྱབ་པར་གྱུར། །འདི་ཡི་དཔལ་འབྱོར་གྲགས་པ་མཐུ་སྟོབས་ནི། །ལྷ་ཡི་དབང་པོའི་དཔལ་འབྱོར་ཇི་བཞིན་ཏེ། །རྒྱལ་བའི་གསུང་བཞིན་བསྒྲུབ་པའི་རྣམ་འཕྲུལ་ཡང༌། །རྒྱལ་སྲས་རྣམས་ལ་འགྲན་པ་ལྟ་བུར་སྣང༌། །ཡང་ན་འདི་ཡི་དཔལ་འབྱོར་རིན་ཆེན་ཚོགས། །ཀླུ་ཡི་དབང་པོས་དགའ་མགུར་བྱིན་པ་བཞིན། །བཀའ་ཡི་སྲིད་འབངས་ཁ་ལོ་སྒྱུར་བ་ནི། །སྐྱེ་དགུའི་བདག་པོས་བྱིན་པ་ཇི་བཞིན་ནོ། །དེ་ལྟར་བསོད་ནམས་ལྡན་པའི་དཔལ། །མ་བསྒྲུབས་པར་ཡང་རང་ཉིད་འདུ། །མ་བརྩད་པར་ཡང་དགྲ་བོ་ཐུལ། །མ་བསྟོད་པར་ཡང་ངང་གིས་མཐོ། །འདི་ནི་སྤྱོད་ཚུལ་ཚུལ་བཞིན་བསྒྲུབ་པ་དམ་པའི་རྒྱན་གྱིས་རབ་བརྒྱན་ཞིང༌། །དགེ་བ་བསྒྲུབ་པའི་དགེ་བའི་བཤེས་གཉེན་གཉེན་གྱི་མཆོག་གིས་ལེགས་བཟུང་ནས། །རྒྱལ་བས་བསྔགས་པའི་སྔགས་ཀྱི་སྤྱོད་ཚུལ་ཐེག་པ་མཆོག་ལ་རབ་ཞུགས་པས། །ཀུན་ཏུ་རྟོགས་པས་ཀུན་ནས་བརྟགས་པའི་ལྟ་སྤྱོད་རྣམས་ལས་རྣམ་པར་གྲོལ། །ཁྱད་པར་དུ་ཡང་ཁྱད་པར་འཕགས་པའི་སྐུ་གསུང་ཐུགས་ཀྱི་རྟེན། །བཞེངས་དང་འདྲི་དང་མཆོད་དང་རབ་གནས་མཆོད་བསྟོད་སོགས། །རྒྱལ་བའི་རིགས་བསྐྲུན་བླ་མའི་གསུང་བཞིན་རྒྱལ་བས་བསྔགས་པའི་ལམ། །བསྒྲུབ་པའི་ཚུལ་ལ་ཚུལ་གཞན་དོར་ནས་ཚུལ་བཞིན་ཞུགས་པར་གྱུར།།  །།ཁྱད་པར་དུ་འཕགས་པའི་གདུང་རྒྱུད་ཆེན་པོར་འཁྲུངས་ཤིང༌། ཡ་རབས་རྣམས་ལ་འོས་པའི་འཇིག་རྟེན་གྱི་སྤྱོད་ཚུལ་བཟང་པོས་རྣམ་པར་བརྒྱན་པའི་སེམས་དཔའ་ཆེན་པོ་རྣམས་ནི། མཚོ་སྐྱེས་རྣམ་པར་རྒྱས་པའི་པད་ཚལ་ཆེན་པོར་སྦྲང་རྩི་སྤྱོད་པས་མཐོང་བ་ལྟར་སྐྱེ་བོ་ཐམས་ཅད་ཀྱི་ཡིད་འཕྲོག་པར་འགྱུར་ཞིང༌། ཐུབ་པའི་དབང་པོའི་གསུང་རབ་དང་རྗེས་སུ་མཐུན་པའི་བྱ་བ་བསྒྲུབ་པ་རྣམས་ནི་སྙན་ངག་མཁན་རྣམས་ཀྱིས་བསྔགས་པར་འོས་པ་ལྟ་སྨོས་ཀྱང་ཅི་དགོས། ལྷ་རྣམས་ཀྱིས་ཀྱང་གནམ་མཁའ་ལས་ཨ་ལ་ལ་ཞེས་ཤིན་ཏུ་དགའ་བ་དང༌། སྤྲོ་བའི་སྒྲ་དབྱངས་ཀྱིས་བསྟོད་དེ་ཆེད་དུ་བརྗོད་པར་འགྱུར་རོ་སྙམ་དུ་སེམས་སོ། །དེ་བས་ན་འདིའི་རྨད་དུ་བྱུང་བའི་བྱ་བ་ཡོངས་འདུའི་མེ་ཏོག་ལྟ་བུའི་ཚོགས་ནི་སྐྱེ་བོ་གཞན་དང་བར་བྱ་བའི་སླད་དུ་ཡང་ཆེད་དུ་བརྗོད་པར་འོས་སོ། །ཞེས་བསམས་ཏེ་སྨྲས་པ། གཞན་ཡང་ཡབ་མེས་བླ་མའི་བཀའ་དྲིན་བསམ་ཕྱིར་དང༌། །རྒྱལ་སྲིད་དཔལ་འབྱོར་རྒྱ་ཆེར་རྣམ་པར་རྒྱས་ཕྱིར་དང༌། །རང་ཉིད་མཆེད་བཅས་ཡུམ་སྲས་བདེ་ཞིང་བྱང་ཆུབ་ཕྱིར། །ཆོས་ཀྱི་བྱ་བ་ཆོས་ལས་འབྱུང་བ་འདི་ལྟར་བསྒྲུབས། །ཤིང་མོ་ཕག་ལོ་སྟོན་གྱི་ཟླ་བ་ལ། །ཉིད་ཀྱི་ཆབ་སྲིད་སྨར་ཁམས་ཙོམ་མདོ་རུ། །རྒྱལ་དང་རྒྱལ་སྲས་ཐམས་ཅད་བསྐྱེད་པའི་ཡུམ། །གདུལ་བྱ་དག་པ་སྲིད་དང་ཞི་བ་ཡི། །ཕ་རོལ་ཕྱིན་བྱེད་ཕ་རོལ་ཕྱིན་པ་ནི། །རིན་ཆེན་གསེར་སོགས་རིན་ཐང་མེད་པས་བཞེངས། །དེ་བཞིན་དུ་ཡང་མེ་མོ་གླང་ལོ་ལ། །རྒྱ་ཆེའི་དོན་སྟོན་སངས་རྒྱས་ཕལ་པོ་ཆེ། །རིན་ཆེན་མཐིང་ཤོག་ཁྱད་པར་འཕགས་བསྐུར་ནས། །བཟོ་གནས་མཁས་པའི་ཚོགས་ཀྱིས་ས་སྐྱར་བཞེངས། །དེ་ཡི་དེ་ལྟར་ཡང་ནས་ཡང་དུ་ནི། །དགེ་དང་དགེ་འབྲས་སྤེལ་ཕྱིར་དེ་དེ་ལྟར། །མཛད་པས་མཛད་པའི་ཚུལ་ལ་ཚུལ་བཞིན་དུ། །དགོངས་པས་དགོངས་པ་འཕེལ་ནས་ཡང་འདི་བཞེངས།།  །།རྡོ་རྗེ་འཆང་གི་གསུང་རབ་མཆོག །རྡོ་རྗེ་ཐེག་པ་རྒྱ་མཚོའི་དོན། །རྒྱུད་སྡེ་དུ་མའི་རིན་ཆེན་རྣམས། །གཅིག་ཏུ་བསྡུས་པ་རྒྱུད་འབུམ་དང༌། །གསུང་རབ་རྒྱ་མཚོའི་སྙིང་པོ་མཆོག །རྒྱལ་བ་སྲས་བཅས་བསྐྱེད་པའི་ཡུམ། །འགྲོ་བའི་བདེ་ལེགས་མི་ཟད་གཏེར། །ཤེས་རབ་ཕ་རོལ་ཕྱིན་མ་གང༌། །སྟོང་ཕྲག་བརྒྱ་པར་གསུང་པ་གང༌། །སྟོང་ཕྲག་ཉི་ཤུ་ལྔ་པ་དང༌། །དེ་བཞིན་སྟོང་ཕྲག་བརྒྱ་པ་དང༌། །ཁྲི་པ་དང་ནི་ཁྲི་བརྒྱད་སྟོང༌། །ཡོན་ཏན་རིན་ཆེན་སྡུད་པ་དང༌། །ཤེས་རབ་སྙིང་པོ་ལ་སོགས་པ། །རྒྱལ་ཡུམ་དབྱེ་བ་མེད་པ་ཅིག །ཐུབ་པའི་གསུང་གཅིག་གིས་གསུངས་ཀྱང༌། །མོས་པ་ཐ་དད་དབྱེ་བ་ཡིས། །སྡེ་ཚན་མང་དུ་བཞུགས་པ་དང༌། །རྒྱལ་དང་རྒྱལ་སྲས་ཕྲིན་ལས་དང༌། །ཞིང་དང་འགྲོ་བའི་བཀོད་པ་སོགས། །རབ་འབྱམ་རྒྱ་མཚོ་སྟོན་པའི་མདོ། །སངས་རྒྱས་ཕལ་པོ་ཆེ་དང་ནི། །གཞི་དང་ལམ་དང་འབྲས་བུ་རྣམས། །ཁྱད་པར་རྨད་བྱུང་སྟོན་པ་ཡི། །རིན་ཆེན་སྤུངས་པ་ལྟ་བུའི་མདོ། །དཀོན་མཆོག་བརྩེགས་པར་གྲགས་པ་དང༌། །དྲང་བའི་དོན་དང་ངེས་དོན་དང༌། །སྡེ་སྣོད་གསུམ་དང་བསླབ་པ་གསུམ། །ཐེག་པ་གསུམ་གྱི་དབྱེ་བ་ཡིས། །གསུང་པའི་མདོ་སྡེ་མང་པོ་དང༌། །བདེ་གཤེགས་བསྟན་པ་རིན་ཆེན་སྒྲོན། །འཛིན་པ་ཤཱཀྱའི་སྲས་རྣམས་ཀྱི། །སྤྱོད་པ་ཕུན་ཚོགས་སྟོན་པའི་མདོ། །འདུལ་བ་ལུང་དུ་གྲགས་པ་སྟེ། །སྡུད་པ་པོ་ཡིས་ལེགས་བསྡུས་ནས། །ལོ་པཎ་རྣམས་ཀྱིས་ལེགས་བསྒྱུར་བ། །འགྱུར་རོ་འཚལ་དུ་གྲགས་པ་རྣམས། །བདེ་གཤེགས་ཚ་ཟེར་རྒྱལ་པོའི་གསུང་ཟེར་ལྟ་བུའི་འོད་ཟེར་གྱིས། །རྣམ་པར་རྒྱལ་བ་རྒྱལ་བའི་གསུང་རབ་པད་ཚལ་ལྟ་བུའི་སྐྱེད་མོས་ཚལ། །བདེ་ལེགས་དཔལ་འབྱོར་འབྱོར་པའི་བདུད་རྩི་སྦྲང་རྩི་ལྟ་བུས་རྣམ་བརྒྱན་པ། །གདུལ་བྱ་བུང་བ་དགའ་བའི་དགའ་སྟོན་དགའ་མགུར་སྤྱོད་པ་བཞེངས་དགོངས་ནས། །བཞེངས་པར་བྱོས་ཞེས་བཀའ་ལུང་སྩལ་བའི་གསུང༌། །གསུང་བཞིན་བསྒྲུབ་པའི་སྐྱེས་བུ་དུ་མ་ཡིས། །ས་ཕོ་སྟག་གི་དབྱར་གྱི་དུས་བབ་ཚེ། །རྒྱ་བོད་མཚམས་ཀྱི་ཆུ་མ་མཁར་ཞེས་བྱར། །མཐིང་ཤོག་མཐོན་མཐིང་གླེགས་བུ་ལྟ་བུའི་གཞིར། །འཛམ་བུ་ཆུ་བོའི་གསེར་མཆོག་བཙོ་མ་ལས། །འཕྲུལ་ཡིག་ཡིག་མཁན་ད་རིགས་ལ་སོགས་ཀྱིས། །གསེར་ཕྲེང་ལྟ་བུར་ཡིད་རབ་འཕྲོག་པ་བཀོད། །སྣ་ཚོགས་བཟོ་རིག་མཁས་པའི་ཚོགས་རྣམས་ཀྱིས། །དྲས་དང་གླེགས་ཤིང་གླེགས་ཐག་ན་བཟའ་སོགས། །འགྲོ་བའི་ཡིད་འཕྲོག་ཕུལ་དུ་བྱུང་བ་ཡི། །རྣམ་པར་བཀྲ་བ་ཕུན་སུམ་ཚོགས་པ་བསྒྲུབ། །དགེ་འདུན་འདུས་པ་རྒྱ་མཚོ་ལྟ་བུ་ཡིས། །ཐུབ་དབང་གསུང་བཞིན་རབ་གནས་ལེགས་བསྒྲུབས་པས། །བདེ་ལེགས་དཔལ་འབྱོར་ལྷག་པར་འཕེལ་བའི་གཞི། །སྐྱེ་དགུ་རྣམས་ཀྱིས་མཆོད་པའི་རྟེན་དུ་གྱུར། །ཁྱད་འཕགས་སྐྱེས་བུ་དུ་མས་བསྒྲུབ་བྱ་བ། །ངོ་མཚར་སྐྱེ་བོ་ཀུན་གྱི་ཡིད་རབ་འཕྲོག །འཕགས་པ་རྣམས་ཀྱི་སྤྱོད་པའི་རྣམ་འཕྲུལ་ཡང༌། །འཇིག་རྟེན་གསུམ་དུ་འགྲོ་བའི་ཡིད་འཕྲོག་ཡིན། །ཚུལ་འདི་ཚུལ་ལ་མཁས་པའི་ཚུལ་ལྟ་ཡི། །སྙན་ངག་མཁན་གྱི་དཔལ་གྱིས་ལེགས་སྤེལ་བ། །སྙན་ངག་གཙུག་ལག་ཚུལ་ལ་མཁས་རྣམས་ཀྱིས། །ལེགས་པར་གསན་ནས་ཚུལ་བཞིན་བརྟག་པར་མཛོད། །གསེར་གྱི་ཡིག་ཕྲེང་གིས་སྤྲས་པའི། །མཐིང་ཤོག་མཐོན་ཀ་ཆེན་པོའི་མདངས། །གསལ་བ་རྣམ་གསལ་ཉི་མ་ཡི། །གཟི་བརྗིད་ཟིལ་གྱིས་གནོན་པ་བཞིན། །ཡང་ན་མཐིང་ཤོག་མཐིང་གའི་མདངས། །ནམ་མཁའ་དྭངས་པའི་ཁ་དོག་བཞིན། །གསེར་ཡིག་ཕྲེང་དུ་སྦྲེངས་པ་ནི། །རྒྱུ་སྐར་ཕྲེང་དུ་དངར་བ་བཞིན། །ཡང་ན་རྣམ་པར་གསལ་བའི་ཞིང༌། །བཻཌཱུརྻ་ཡི་ས་གཞི་ལ། །རྣམ་འཕྲུལ་སྣ་ཚོགས་ཀུན་འཕྲུལ་བའི། །ཐུབ་པའི་སྤྲུལ་སྐུ་བཀྲམ་པ་བཞིན། །གུག་སྐྱེད་ཡན་ལག་ཡི་གེ་ཡི། །རྒྱན་གྱིས་རྣམ་པར་བརྒྱན་པ་ནི། །ལྷ་དང་འཕགས་པའི་ཚོགས་རྣམས་ཀྱིས། །དེ་ཡི་རིམ་གྲོ་བགྱི་པ་བཞིན། །ཀློག་མཁན་མཁས་པས་ཡི་གེའི་ཕྲེང༌། །ཀློག་པས་ཀློག་གི་སྒྲ་དབྱངས་ནི། །ཐུབ་དབང་ཡན་ལག་དྲུག་ཅུ་ཡི། །གསུང་གིས་གསུང་རབ་གསུངས་པ་བཞིན། །ཀློག་སྐད་རྒྱུད་མངས་སྒྲ་དབྱངས་ཀྱིས། །སྐྱེ་བོ་འདུས་པ་རྒྱ་མཚོའི་ཡིད། །ཚིམ་ཞིང་དང་བར་བགྱིས་པ་ནི། །ཆོས་ཀྱི་འཁོར་ལོས་གདུལ་བྱ་བཞིན། །གླེགས་བམ་སྟོབས་བཅུ་མངའ་བའི་སྐུ། །མཛེས་པ་དེ་ཡི་འཛུམ་པའི་མདངས། །འོད་ཟེར་བདེ་བར་གཤེགས་པའི་འོད། །གླེགས་ཤིང་རྣམ་བཀྲ་མཚན་དཔེའི་རྒྱན། །ན་བཟའ་རྣམ་པར་བཀྲ་བ་ཡིས། །གླེགས་བམ་རྣམ་པར་བརྒྱན་པ་གང༌། །སྣམ་སྦྱར་སྣམ་ཕྲན་གླེགས་བུའི་ཚོགས། །བསྒྲིགས་པས་ཐུབ་སྐུ་བརྒྱན་པ་བཞིན། །དེ་ལྟར་བསོད་ནམས་འབད་རྩོལ་ལེགས་པར་སྦྱོར་བའི་ཆུ་ཡི་ཆུ་གཏེར་ཆེན་པོ་ལས། །མཐིང་ཤོག་འདབ་མར་ཡིག་ཕྲེང་མེ་ཏོག་མཛེས་པའི་དྲི་ལྡན་ཕན་བདེའི་གྲིབ་བསིལ་ཅན། །དཔལ་འབྱོར་ཕུན་ཚོགས་འབྲས་བུར་བཅས་པའི་དཔག་བསམ་ལྗོན་ཤིང་རྣམ་པར་རྒྱལ་བ་གང༌། །ལྷ་དང་ལྷ་མིན་མི་དང་ཀླུར་བཅས་མ་ལུས་འགྲོ་བའི་འདོད་དགུའི་འབྱུང་གནས་འདི་འཁྲུངས་སོ། །འདི་ཙམ་ཉིད་དུ་མཚར་བའི་ངོ་མཚར་རྨད་དུ་བྱུང་བ། །འཆི་མེད་ཡུལ་དུ་འཆི་མེད་བུ་མོ་མཛེས་མ་རྣམས་ཀྱིས། །འཆི་མེད་དབང་པོ་དགའ་མགུར་མཉེས་པར་བགྱི་བའི་སླད་དུ། །འཆི་མེད་ཡུལ་གྱི་རོལ་མོའི་རྣམ་འཕྲུལ་སྣ་ཚོགས་བགྱི་འདྲ།།  །།འདི་ལྟར་སེམས་དཔའ་ཆེན་པོ་འདིའི་བྱ་བ་འདི་ཙམ་དུ་ངོ་མཚར་བ་ལྷའི་ཡུལ་གྱི་དཔག་བསམ་གྱི་ཤིང་གི་མེ་ཏོག་རྣམས་ལྷའི་བུ་མོ་རྣམས་ཀྱིས་མེ་ཏོག་ཕྲེང་བར་བསྒྲིགས་ཏེ་ནམ་མཁའ་ལས་དཔྱངས་པའམ། ཀླུའི་ཡུལ་གྱི་རིན་པོ་ཆེའི་རིགས་རྣམ་པ་སྣ་ཚོགས་པ་དུ་མ་རྣམས་ཀླུའི་བུ་མོ་རྣམས་ཀྱིས་རིན་པོ་ཆེའི་ཕྲེང་བར་བསྒྲིགས་ཏེ། རི་རབ་ལྷུན་པོའི་ངོས་ལས་དཔྱངས་པ་ལྟར་ཡིད་འཕྲོག་པ་ནི་ཤིན་ཏུ་ཡང་བསྔགས་པར་འོས་ལ། འདིའི་འབྲས་བུ་ཡང་ཁྱད་པར་དུ་འཕགས་པ་འབྱུང་བར་འགྱུར་བ་སྨོས་ཅི་དགོས། དེས་ན་སེམས་དཔའ་ཆེན་པོ་འདིའི་འཁོར་རྣམས་ཀྱང་ཤིན་ཏུ་དགའ་བ་འབའ་ཞིག་གིས་དུས་འདའ་བའི་རིགས་སོ། །སྙམ་ནས་སྨྲས་པ། འདི་ཡི་སྙན་ངག་མཁན་རྣམས་ལ། །སྙན་ངག་རྒྱན་དུ་གདམས་པ་བཞིན། །སྙན་ངག་མཁན་པོ་རྣམས་ཀྱིས་ཀྱང༌། །ལན་དུ་སྙན་ངག་བརྗོད་པ་བཞིན། །དགེ་བ་འདི་དང་དགེ་གཞན་འདྲེས་པས་བདག་གཞན་མ་ལུས་ཀུན། །ཀུན་ཏུ་ཀུན་དགའི་གཏེར་ལ་ཀུན་ནས་སྤྱོད་ཚུལ་བཟང་པོ་འདིས། །འདི་ལྟར་ཚུལ་བཞིན་སྟོན་པའི་གསུང་རབ་ཟབ་མོའི་ཆོས། །ཆོས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བ་སྨོས་ཅི་འཚལ། །དེ་ལྟར་གསུང་རབ་རིན་ཆེན་གསེར་གྱིས་རབ་བཞེངས་ནས། །བཀླགས་དང་མཆོད་དང་བསྟོད་པའི་དགེ་བ་འདི་དང་དགེ་བ་གཞན། །མ་ལུས་བློ་ཡིས་གཅིག་ཏུ་བསྡོམས་ནས་རྗེས་སུ་ཡི་རང་གིས། །རྣམ་སྤེལ་དགེ་བའི་རྒྱལ་སྲས་ཇིམ་གྱིམ་ཡབ་ཡུམ་མཆེད་ཟླར་བཅས། །བཙུན་མོ་དམ་པ་གོ་གོ་ཅན་དང་སྲས་ཀྱི་ཐུ་བོ་ནི། །ཀ་མ་ལ་དང་དྷརྨ་ཕ་ལ་དེ་བཞིན་ད་མུར་དང༌། །སྲས་མོ་གུ་ལོག་གཱི་ཏི་ཞེས་བྱ་གཞན་ཡང་འབྱོན་གྱུར་པའི། །གདུང་རྒྱུད་འཁོར་དང་རྒྱལ་སྲིད་བཅས་པ་ཐམས་ཅད་དུས་ཀུན་ཏུ། །ཆུ་བོའི་རྒྱུན་ལྟར་སྐུ་ཚེ་ཆེས་ཆེར་རིང་བ་དང༌། །ལྷུན་པོའི་རི་ལྟར་དཔལ་འབྱོར་ཆེས་ཆེར་མཐོ་བ་དང༌། །འཇིག་རྟེན་དབང་ལྟར་དབང་ཕྱུག་ཆེས་ཆེར་རྒྱས་གྱུར་ཅིག །སྐྱེ་བ་སྐྱེ་བར་རྒྱལ་བ་རྒྱ་མཚོ་ལས། །ཉིན་རེ་ཉིན་རེར་དམ་ཆོས་ལེགས་ནོད་ཅིང༌། །གང་དང་གང་དུ་སྐྱེས་པ་ཐམས་ཅད་དུ། །དགེ་དང་དགེ་བའི་དཔལ་འབྱོར་འབྱོར་པར་ཤོག །གཞན་ཡང་རང་གཞན་བདེ་གཤེགས་གསུང༌། །གསུང་རབ་རྒྱ་མཚོ་འགྲོ་བའི་བླ། །བླ་མའི་གསུང་བཞིན་བསྒྲུབས་པའི་མཐུས། །མཐུ་ལྡན་སྟོབས་བཅུ་བརྙེས་པར་ཤོག །དེ་ལྟར་གསུང་རབ་རྒྱ་མཚོ་རྒྱ་མཚོ་ལྟར། །ཟབ་ཅིང་རྒྱ་ཆེ་རྒྱ་ཆེར་ལེགས་གསུངས་པ། །ཉེ་བར་བཞེངས་ཚུལ་ཚུལ་བཞིན་བརྗོད་ཅིག་ཅེས། །ལྷ་དེས་བསྐུལ་ནས་བསྐུལ་བཞིན་འཕགས་པས་སྦྱར།།  །།རྒྱལ་པོ་ཆེན་པོ་དབང་ཕྱུག་དམ་པའི་དཔལ་གྱིས་རྣམ་པར་འབྱོར་པ་གོ་པེ་ལ་གན་རྒྱལ་པོ་ཞེས་ཀུན་དུ་གྲགས་པའི་སྲས་ཀྱི་དམ་པ། རྒྱལ་པོ་ཇིམ་གྱིམ་ཞེས་བྱ་བས། གསུང་རབ་རིན་པོ་ཆེ་མཐའ་དག་རིན་པོ་ཆེ་གསེར་གྱིས་བཞེངས་པའི་ཚུལ། ཚུལ་བཞིན་དུ་བརྗོད་པའི་རབ་ཏུ་བྱེད་པ་འདི་ནི་དགེ་སློང་འཕགས་པ་ཞེས་བྱ་བས། ས་ཕོ་སྟག་གི་ལོ་སྨིན་དྲུག་གི་ཟླ་བའི་ཚེས་ལྔའི་ཉིན་པར་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*