སངས་རྒྱས་ཀྱི་དུས་ཆེན་བཞིའི་ངོས་འཛིན།

༼བ༽

༄༅། །སངས་རྒྱས་ཀྱི་དུས་ཆེན་བཞིའི་ངོས་འཛིན་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བཅོམ་ལྡན་འདས་དགའ་ལྡན་ནས་འཕོས་ནས། ཡུམ་གྱི་ལྷུམས་སུ་ཞུགས་ཏེ། མེ་མོ་ཡོས་བུའི་ལོ། དཔྱིད་ཟླ་ཐ་ཆུངས་ས་གའི་ཟླ་བའི་ཚེས་བརྒྱད་སྐར་མ་རྒྱལ་དང་འཛོམ་པ་ལ། ལུམྦའི་ཚལ་དུ་སྐུ་བལྟམས། དེ་ནས་རིམ་གྱིས་གཞོན་ནུའི་རོལ་རྩེད་དང་སྒྱུ་རྩལ་མཐར་ཕྱིན། བཙུན་མོའི་འཁོར་ནས་བྱུང་སྟེ། རྒྱལ་སྲིད་སྤངས་ནས། ལོ་ཉི་ཤུ་རྩ་དགུ་ལོན་པའི་ཚེ། ཤིང་མོ་ལུག་གི་དཔྱིད་ཟླ་ཐ་ཆུངས་ཀྱི་ཚེས་བརྒྱད་ལ་གྱད་གྱི་ཡུལ་མཆོད་རྟེན་རྣམ་དག་གི་དྲུང་དུ་རབ་ཏུ་བྱུང༌། དེ་ནས་ལོ་དྲུག་ཏུ་དཀའ་བ་སྤྱད་ནས་བྱང་ཆུབ་ཀྱི་སྙིང་པོར་གཤེགས། བདུད་བཏུལ། ལྕགས་ཕོ་བྱི་བའི་ལོ། །དཔྱིད་ཟླ་ཐ་ཆུངས་ཀྱི་ཉ་ལ་རྡོ་རྗེ་གདན་དུ་སངས་རྒྱས། དེ་ནས་ཞག་བདུན་ཕྲག་བདུན་དུ་ཆོས་མ་གསུངས་པ་ལ་བརྒྱ་བྱིན་དང་ཚངས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་ནས། ཝཱ་རཱ་ཎ་སཱིར་འཁོར་ལྔ་སྡེ་བཟང་པོ་ལ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར། དེ་ནས་བྱ་རྒོད་ཕུང་པོའི་རི་དང་ཡུལ་མཉན་ཡོད་ལ་སོགས་པར་ཐེག་པ་ཆེན་པོ་ལ་སོགས་པ་ཐེག་པ་གསུམ་ཅི་རིགས་པའི་ཆོས་གསུངས། བྱི་བའི་ལོ་དགུན་ཟླ་ཐ་ཆུངས་རྟ་པའི་ཟླ་བའི་ཚེས་བཅོ་ལྔ་ལ་ཆོ་འཕྲུལ་ཆེན་པོ་བསྟན་ནས་མུ་སྟེགས་བཏུལ། དེ་ཉིད་ཀྱི་སྟོན་ཟླ་ཐ་ཆུངས་སྨིན་དྲུག་གི་ཟླ་བའི་ཚེས་བཅོ་ལྔ་ལ་གྲོང་ཁྱེར་གསལ་ལྡན་དུ་ལྷའི་གནས་ནས་བྱོན། ཆོ་འཕྲུལ་ཆུང་ངུ་བསྟན་པ་ཞེས་གྲགས། དེ་ལྟར་ལོ་བཞི་བཅུ་རྩ་དྲུག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་ནས། དགུང་ལོ་བརྒྱད་ཅུ་རྩ་གཅིག་ལ་མེ་མོ་ཕག་གི་ལོ། དཔྱིད་ཟླ་ཐ་ཆུངས་ཀྱི་ཚེས་བཅོ་ལྔ་ལ་གྲོང་ཁྱེར་རྩྭ་མཆོག་ཏུ་ཤིང་སཱ་ལ་ཟུང་གི་དྲུང་ཚལ་དུ་མྱ་ངན་ལས་འདས་སོ། །འདི་རྣམས་མདོ་ལས་འབྱུང་ཞིང་ངེས་པར་བརྟགས་པས་ཡིད་ཆེས་སོ། །དེ་ལྟར་སངས་རྒྱས་ལ་ཆོ་འཕྲུལ་ཆེ་ཆུང་གཉིས། མྱ་ངན་ལས་འདས་པ་དང་སྐུ་བལྟམས་པ་གཉིས་ལ་དུས་མཆོད་བཞིར་གྲགས་སོ། །ཤཱཀྱའི་དགེ་སློང་འཕགས་པས་ཡི་གེར་བཀོད་པའོ།།  །།ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་ད་ཏ། ཧེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་ཝཱ་དཱི་མ་ཧཱ་ཤྲ་མ་ཎཿ ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*