དྷཱུ་པ་གཉིས་པའི་རྩིས།

༼བ༽

༄༅། །དྷྲུ་བ་གཉིས་བའི་རྩིས་བཞུགས།།

༄༅། །ན་མོ་གུ་རུ་བྷཊྚཱ་ར་ཀཱ་ཡ། གང་གི་ཐུགས་རྗེས་འགྲོ་ཀུན་རབ་བཟུང་ནས། །སྐལ་པ་ཇི་བཞིན་སྨིན་ཅིང་གྲོལ་མཛད་པ། །བླ་མ་མཆོག་དང་དཔལ་ལྡན་དུས་འཁོར་ལ། །གུས་པས་བཏུད་དེ་རྩིས་ཀྱི་གཞུང་འདི་བརྩམ། །ནམ་མཁའི་གནས་སུ་ཕྱི་བ་སོགས། །འདས་པ་བསྲེས་པ་ལོ་དག་ཡིན། །ཉི་མས་བསྒྱུར་ལ་ནག་སོགས་སྦྱིན། །གནས་གཉིས་འོག་མ་མིག་གིས་བསྒྱུར། །ཆུ་དང་རིག་བྱེད་རྣམ་བསྲེས་ནས། །མདའ་རོས་རྙེད་པ་སྟེང་དུ་བསྲེ། །ཟླ་བ་རྣམ་པར་དག་པའོ། །གནས་གསུམ་དབུས་མ་སོ་ཡིས་བསྒྱུར། །འོག་མ་དུས་ཀྱིས་བགོས་ལྷག་ལ། །ཐིག་ལེ་བྱིན་ལ་སྟེང་ནས་གཅིག །ཕབ་པས་དྲུག་ཅུ་ལ་སྦྱངས་པའི། །ལྷག་མ་གཟའ་ཡི་ཆུ་སྲང་ཡིན། །ཐོབ་པས་དབུས་སྦྱང་དྲུག་ཅུས་བགོ །ལྷག་མ་ཆུ་ཚོད་རྙེད་སྟེང་སྦྱིན། །ཐུབ་པས་བགོས་པའི་ལྷག་མ་གཟའ། །ཟླ་དག་གནས་གཉིས་འོག་མ་ནི། །དུས་ཉིས་བགོས་ལྷག་ཆ་ཤས་ཡིན། །མིག་གིས་སྟེང་བསྒྱུར་རྙེད་པ་སྦྱིན། །ཀླུ་ལག་གིས་ཕྱེའི་ལྷག་མ་ཚོགས། །གནས་གསུམ་དབུས་མ་དྲག་པོས་བསྒྱུར། །འོག་མ་སོ་དགུས་བགོས་ལྷག་མ། །དྲུག་ཅུས་བསྒྱུར་ལ་སོ་དགུས་དབྱེ། །རྙེད་པའི་ནོར་གྱིས་སྟེང་ནས་གཅིག །ཕབ་པའི་དྲུག་ཅུ་ལ་སྦྱངས་པའི། །ལྷག་མ་ཆུ་སྲང་གནས་སུ་གཞག །ཐོག་མ་གོང་མས་དབུས་མ་སྦྱང༌། །དྲུག་ཅུས་བགོས་ལྷག་ཆུ་ཚོད་དོ། །ཟུང་གིས་སྟེང་བསྒྱུར་རྙེད་པ་གཞུག །འཁོར་ལོས་བགོས་ལྷག་སྐར་མའོ། །དེ་དག་མ་དག་དྷྲུ་བ་ཡིན། །རྣམ་པར་དག་པར་བྱ་བའི་ཕྱིར། །གཟའ་དང་ཆུ་ཚོད་ཆུ་སྲང་ནས། །མེ་དང་རི་མདའ་ཉི་ཤུས་སྦྱང༌། །མིག་མཚོ་ཆ་ཤས་དུས་ཀྱི་ཚོགས། །སྐར་གནས་ཆུ་ཚོད་ཆུ་སྲང་ནས། །ཟླ་རི་ཉི་ཤུ་དྲུག་གིས་སྦྱང༌། །རྣམ་པར་དག་པའི་དྷྲུ་བ་སྟེ། །ཟླ་བ་རེ་ཡི་ངེས་པའོ། །དེ་ལས་ཚེས་དང་རེས་གཟའ་དང༌། །སྐར་མ་སྦྱོར་བ་བྱེད་པ་ཡི། །ཉིན་རེའི་ངེས་པ་ཚོལ་བ་ནི། །གཞན་དང་འདྲ་བ་ཤེས་པར་བྱ། །དེ་བཞིན་སྒྲ་གཅན་ཕྱེད་དག་དང༌། །གཟའ་ལྔ་པོ་ཡི་ལོངས་སྤྱོད་ཀྱང༌། །འདི་ཉིད་ཀྱི་ནི་ཚུལ་ལྟ་བུར། །མ་དག་པ་དང་རྣམ་དག་པའི། །ཚུལ་གཉིས་ཀྱིས་ནི་བརྩིར་རུང་མོད། །བྱེད་པ་ཆུང་ཕྱིར་འདིར་མ་སྤྲོས། །འོན་ཀྱང་ཚུལ་འདིས་རྣམ་དཔྱད་ན། །དེ་དག་ཀྱང་ནི་ཤེས་པར་འགྱུར། །དེ་ལྟར་བྱེད་པའི་རྒྱུ་རྩིས་མི་འདྲ་བར། །གྲུབ་པའི་འབྲས་བུ་མཐུན་པ་ངེས་བྱེད་པའི། །ཚུལ་འདི་གཞན་དག་གིས་ཀྱང་རྟོགས་བྱའི་ཕྱིར། །བློ་གྲོས་རྒྱལ་མཚན་དཔལ་གྱིས་སྦྱར་བ་ཡིན། །རྒྱུད་ལས་འབྱུང་བ་དང༌། དེ་ལ་བརྟེན་ནས་གཞན་དག་གིས་སྦྱར་བའི་རྩིས་ཀྱི་བསྟན་བཅོས་རྣམས་དང༌། རྣམ་པར་གཞག་པ་མི་མཐུན་པར་བརྩི་ཡང༌། འབྲས་བུ་རྣམ་པར་དག་པ་ངེས་པར་འགྱུར་བ། དྷྲུ་བ་གཉིས་པ་ཞེས་བྱ་བའི་རྩིས་འདི་ནི། ས་མོ་ལུག་གི་ལོ་ལ་རྒྱའི་ཡུལ་དུ་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*