ལོ་བདག་ཉི་ཤུའི་རྩིས།

༼བ༽

༄༅། །ལོ་བདག་ཉི་ཤུའི་རྩིས་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། མཁྱེན་པས་ཤེས་བྱ་ཀུན་གཟིགས་ནས། །བརྩེ་བས་གཞན་ལ་སྟོན་མཛད་པ། །སྟོན་པ་མཆོག་ལ་ཕྱག་འཚལ་ནས། །ལོ་ཡི་བདག་པོའི་རྩིས་བཤད་བྱ། །བསིལ་ཟེར་ཅན་ལ་ཞི་བ་སོགས། །འདས་པ་བསྲེས་པ་ལོ་དག་ཡིན། །དེ་ཉིད་མེས་བསྣུན་ཆུ་བོ་སྦྱིན། །རིས་ཕྱེའི་ལྷག་མ་ལོ་བདག་གཟའ། །གང་ཞིག་ལོ་ཡི་བདག་པོར་ནི། །ཚ་ཟེར་བྱེད་པར་གྱུར་པ་ན། །དེ་ཚེ་འབྲུ་དཀོན་ནགས་ཚལ་དང༌། །ཀླུ་དང་ལྟེང་ཀ་སྐམ་པ་དང༌། །སྦྲུལ་སོགས་སྲོག་ཆགས་གདུག་པས་འཚེ། །ཚད་སོགས་ཡམས་ཀྱི་ནད་འབྱུང་ཞིང༌། །སྨན་རྣམས་སྟོབས་དང་མི་ལྡན་ལ། །དགུན་ནི་ཉི་མས་ལྷག་པར་གདུང༌། །སྤྲིན་རྣམས་ཆར་དང་མི་ལྡན་ཞིང༌། །ནམ་མཁའ་ཟླ་བ་རྒྱུ་སྐར་རྣམས། །མདངས་དང་བྲལ་བར་གྱུར་པ་དང༌། །དཀའ་ཐུབ་ལྡན་པ་ལྷག་པར་སྡུག །ཡུལ་དབུས་དམག་གིས་འཁྲུག་པར་འགྱུར། །ཟླ་བ་བདག་པོར་གྱུར་པའི་ཚེ། །སྨན་རྣམས་བཅུད་དང་ལྡན་པ་དང༌། །མཁའ་ལ་སྤྲིན་སྡུད་ཆར་འབེབས་ཤིང༌། །ཆུ་ཀླུང་ལྟེང་ཀ་ལྷག་པར་འཕེལ། །ནགས་ཚལ་མེ་ཏོག་ལོ་ཏོག་རྒྱས། །བཞོན་རྣམས་འོ་མ་རྒྱས་པ་དང༌། །གཞོན་ནུ་རྣམས་ནི་རྩེ་ཞིང་རོལ། །མི་བདག་བྱམས་པས་ཡུལ་འཁོར་སྐྱོང༌། །མིག་དམར་བདག་པོར་གྱུར་བའི་ཚེ། །མེ་ཡི་སྟོབས་ནི་ཆེར་འཕེལ་བས། །ནགས་དང་གྲོང་སོགས་སྲེག་པར་བྱེད། །མི་རྣམས་དབུལ་པོར་འགྱུར་བ་དང༌། །རྐུན་མ་ལྷག་པར་འཕེལ་འགྱུར་ཞིང༌། །ཡུལ་འགར་ཆར་པ་ལྷག་པར་འབབ། །ལ་ལར་ཐན་པས་གདུང་བར་བྱེད། །འབྲུ་རྣམས་ལེགས་པར་སྨིན་གྱུར་ཀྱང༌། །གློ་བུར་རྐྱེན་གྱིས་ཉམས་པར་བྱེད། །མཁྲིས་པའི་ནད་ནི་འཕེལ་བར་འགྱུར། །འཐབ་རྩོད་རབ་ཏུ་མང་བ་དང༌། །རྒྱལ་པོས་ཡུལ་འཁོར་བཏང་སྙོམས་འདོར། །གཟའ་ལྷག་ལོ་བདག་གྱུར་པའི་ཚེ། །རིག་པ་རྣམ་པ་སྣ་ཚོགས་ཀྱིས། །འཇིག་རྟེན་རྒྱས་པར་འགྱུར་བ་དང༌། །མི་རྣམས་དུལ་བར་གནས་པ་དང༌། །ལོ་ཐོག་རྩི་ཐོག་རྒྱས་པ་དང༌། །བརྟུལ་ཞུགས་ལྡན་པས་བསྙེན་བཀུར་ཐོབ། །རྒྱལ་པོ་རྣམས་ཀྱི་སྟོབས་འཕེལ་ཞིང༌། །འགྲོ་བ་ཆོས་བཞིན་སྤྱོད་པར་འགྱུར། །ཕུར་བུ་ལོ་བདག་གྱུར་པའི་ཚེ། །མཆོད་སྦྱིན་གཉིས་ནི་རྣམ་པར་འཕེལ། །དགེ་སྦྱོང་བྲམ་ཟེས་གྲགས་པ་ཐོབ། །ལྷ་རྣམས་འཇིག་རྟེན་སྐྱོང་བར་བྱེད། །འབྲུ་དང་རྩི་ཤིང་རྒྱས་པ་དང༌། །རྟ་དང་གླང་པོ་བ་ལང་སོགས། །བཞོན་པ་ཐེག་པ་འཕེལ་བ་དང༌། །ཆར་ཆུ་དུས་སུ་འབབ་འགྱུར་ཞིང༌། །བློ་ལྡན་རིག་པ་རྒྱས་པར་འགྱུར། །པ་སངས་ལོ་བདག་གྱུར་པ་ན། །རྒྱལ་རིགས་བཟང་པོའི་སྟོབས་འཕེལ་བས། །གདུག་པའི་སེམས་ལྡན་འཇོམས་པར་བྱེད། །སྐྱེ་བོ་ནད་མེད་བདེ་བར་གནས། །ཚོང་པ་རྣམས་ཀྱི་ནོར་རྒྱས་ཤིང༌། །འགྲོན་པོ་ཇི་སྙེད་བདེ་བར་འགྱུར། །སྦྲུམ་མ་རྣམས་ནི་བདེ་བར་བཙའ། །རིན་པོ་ཆེ་རྣམས་འཕེལ་བར་འགྱུར། །སྤེན་པ་ལོ་བདག་གྱུར་པའི་ཚེ། །དགྲ་དང་ཆོམ་ཀུན་གདོན་རྣམས་ཀྱིས། །ཡུལ་འཁོར་ཚེ་བར་བྱེད་པ་དང༌། །ནོར་ཕྱུགས་དང་བྲལ་ནད་སོགས་ཀྱིས། །མི་རྣམས་འཆི་བ་མང་བ་དང༌། །དུས་མ་ཡིན་པའི་རླུང་གིས་ནི། །ས་དང་ནམ་མཁའི་མདངས་འཕྲོག་ཅིང༌། །ཆར་མེད་ཆུ་བོ་འགྲིབ་པར་སྣང༌། །ཉི་མ་ཟླ་བ་མི་གསལ་ཞིང༌། །ལ་ལར་ལོ་ཐོག་རྣམས་མི་སྐྱེ། །ལ་ལར་སྐྱེས་པ་ཉམས་པར་འགྱུར། །བུད་མེད་བུ་ཡི་ནད་ཀྱིས་འཆི། །བུ་ཚ་བཙས་པ་ཕལ་ཆེར་ཡང༌། །དབང་པོ་གཙང་བར་མི་འགྱུར་རོ། །དེ་ལྟར་ལོ་བདག་ཤེས་བྱས་ནས། །ངན་པར་སྣང་ལ་འབྱུང་བའི་ཚེ། །དགེ་སྦྱོང་བྲམ་ཟེ་རྣམས་ཀྱིས་ནི། །མཆོད་སྦྱིན་སྦྱིན་སྲེག་ཆོ་ག་བརྩམས། །བདག་གིས་ལོ་བདག་རྩིས་བཤད་པས། །བདག་གཞན་བདག་མེད་དོན་རྟོགས་ནས། །བདག་དང་བདག་གིར་འཛིན་གྲོལ་བའི། །བདག་ཉིད་ཆེན་པོ་བདག་ཐོབ་ཤོག །ལོ་བདག་གི་རྩིས་ཉི་ཤུ་རྩ་གཉིས་པ་ཞེས་བྱ་བ། འཕགས་པས་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*