རྩིས་ཀྱི་གཙུག་ལག་དང་མཐུན་པར་ངེས་པ།

༼བ༽

༄༅། །རྩིས་ཀྱི་གཙུག་ལག་དང་མཐུན་པར་ངེས་པ་ཞེས་བྱ་བ་བཞུགས།།

༄༅། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །མཁྱེན་པའི་ཉི་འོད་རབ་གསལ་ཞིང༌། །བརྩེ་བའི་ཟླ་ཟེར་ཀུན་འཇུག་པ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ནས། །གཙུག་ལག་ངེས་པ་འདིར་བཤད་བྱ། །རྣམ་པར་དག་པའི་མཁའ་དབྱིངས་ལ། །ཤིང་ཕོ་བྱི་བ་ལ་སོགས་པ། །འདས་པའི་ལོ་གྲངས་བསྲེས་པ་ཡིས། །དག་པའི་ལོ་ནི་ངེས་པར་འགྱུར། །ཟླ་བའི་དོན་དུ་ཉི་མས་བསྒྱུར། །ཟླ་བ་གཅིག་པ་ལ་སོགས་པ། །འདས་པ་བསྲེས་ལ་གནས་གཉིས་བཞག །འོག་མར་ཐུབ་པ་ཟླ་བ་བསྲེ། །མིག་གིས་བསྒྱུར་ལ་མདའ་རོས་བགོ །རྙེད་པ་སྟེང་དུ་བྱིན་པ་ཡིས། །ཟླ་བ་རྣམ་པར་དག་པར་འགྱུར། །ཟླ་དག་དེ་ཡང་ཟླ་རེས་བཞིན། །རེ་རེའི་གྲངས་ཀྱིས་འཕེལ་བ་ལས། །གང་ཚེ་ཅིག་ཅར་གཉིས་འཕེལ་བ། །དེ་ཚེ་དེ་ནི་ཟླ་བའི་ཤོལ། །འོག་གི་ལྷག་མ་མིག་གིས་བགོ །རྙེད་པ་གྲངས་ནི་གང་ཡིན་པ། །འདས་པ་ཡིན་ནི་ཟླ་གྲངས་ཏེ། །དེ་ཚེ་ཟླ་ལྷག་བྱུང་བར་ཤེས། །ཟླ་བ་སུམ་ཅུ་རྩ་གཉིས་དང༌། །ཡང་ནི་སུམ་ཅུ་རྩ་གསུམ་སྟེ། །སྤེལ་ཞིང་ཟླ་ལྷག་འབྱུང་བའི་ཕྱིར། །མ་འོངས་པ་ནི་ཤུགས་ལས་བརྟག །དེ་ནས་དྷྲུ་བ་ངེས་བྱའི་ཕྱིར། །ཟླ་བ་དག་པ་གནས་གསུམ་བཞག །སྟེང་དུ་རིག་བྱེད་རྣམ་པར་སྦྱིན། །དབུས་མ་སོས་བསྒྱུར་མེ་བསྲེ་ཞིང༌། །འོག་ཏུ་མདའ་སྦྱིན་དུས་ཀྱིས་དབྱེ། །ལྷག་མ་ཕྱོགས་ཀྱིས་བསྒྱུར་བ་ཡིས། །སྟེང་ནས་གཅིག་ཕབ་དྲུག་ཅུ་ལ། །སྦྱངས་ལྷག་གཟའ་ཡི་ཆུ་སྲང་ཡིན། །རྙེད་པའི་ནོར་གྱིས་དབུས་ནས་སྦྱངས། །དེ་ལ་དྲུག་ཅུས་བགོས་པ་ཡི། །ལྷག་མ་གཟའ་ཡི་ཆུ་ཚོད་དོ། །ཐོག་པ་གང་ཡིན་སྟེང་དུ་གཞུག །ཐུབ་པས་བགོས་པའི་ལྷག་མ་གཟའ། །སླར་ཡང་ཟླ་དག་གནས་གཉིས་བཞག །སྟེང་དུ་རིག་བྱེད་སྦྱིན་བྱ་ཞིང༌། །འོག་ཏུ་མདའ་དང་ཕྱོགས་བསྲེས་ནས། །དུས་དང་ཉི་མས་ཕྱེ་བ་ཡི། །ལྷག་མ་ཆ་ཤས་ཉིད་དུ་འགྱུར། །སྟེང་མ་མིག་གིས་བསྒྱུར་བ་ལ། །སོ་དང་རྒྱ་མཚོ་རྣམ་པར་སྦྱིན། །རྙེད་པ་བྱིན་ལ་ཀླུ་ལག་གིས། །ཕྱེ་བའི་ལྷག་མ་ཚོགས་སུ་འགྱུར། །ཡང་ནི་ཟླ་དག་གནས་གསུམ་བཞག །དབུས་མ་དྲག་པོས་བསྒྱུར་བ་ལ། །དུས་དང་རྒྱ་མཚོ་རྣམ་པར་སྦྱིན། །འོག་ཏུ་ནོར་བསྲེ་སོ་དགུས་དབྱེ། །ལྷག་མ་དྲུག་ཅུས་བསྒྱུར་བ་ལ། །སོ་དགུས་ཕྱེ་ལ་རྙེད་པ་དེས། །སྟེང་ནས་གཅིག་ཕབ་དྲུག་ཅུ་ལ། །སྦྱངས་ལྷག་སྐར་མའི་ཆུ་སྲང་ཡིན། །རྙེད་པ་ནོར་གྱིས་སྟེང་ནས་སྦྱངས། །དེ་ལ་དྲུག་ཅུས་བགོས་པ་ཡི། །ལྷག་མ་སྐར་མའི་ཆུ་ཚོད་དོ། །སྟེང་མ་མིག་གིས་བསྒྱུར་བ་ལ། །མིག་ལྷག་བསྲེས་ནས་ཐོབ་པ་སྦྱིན། །འཁོར་ལོས་བགོས་ལྷག་སྐར་མའོ། །དེ་ཡི་ཐོབ་པ་ཕལ་ཆེར་ནི། །ཕྱི་མའི་ངེས་པར་འགྱུར་བ་ཡིན། །དེས་ན་གཟའ་ཚེས་སྐར་མ་དང༌། །སྦྱོར་བ་དང་ནི་བྱེད་པ་སྟེ། །ཡན་ལག་ལྔ་ཡི་ཉིན་རེའི་རྩིས། །གཞན་བཞིན་འདིར་ཡང་ཤེས་པར་བྱ། །སྒྲ་གཅན་ངེས་པར་བྱ་བའི་ཕྱིར། །ཟླ་བ་རྣམ་པར་དག་པ་ལ། །མདའ་མེ་བྱིན་ལ་མིག་གིས་བསྒྱུར། །ཟླ་བའི་དོན་དུ་གཟུགས་དང་ནི། །ཉི་མའི་དོན་དུ་མིག་བསྲེས་ནས། །མཁའ་དུས་ཆུ་བོས་རྙེད་པ་དོར། །ལྷག་མ་བསྒྱུར་བྱའི་ངེས་པ་སྟེ། །དེ་ལས་ལོངས་སྤྱོད་དེ་ལས་ནི། །མུན་པ་ཅན་དང་དུས་ཀྱི་མེ། །ཇི་ལྟར་བྱ་བའི་རིམ་པ་ཡིན། །གཞུང་འདིར་རྒྱས་པར་མ་སྤྲོས་མོད། །གཞན་དང་མཚུངས་པར་ཤེས་པར་བྱ། །འཕགས་པའི་ཡུལ་དུ་རབ་བྱུང་ནས། །ལོ་ཡི་མགོར་འཛིན་རྒྱ་རྣམས་ཀྱིས། །ཤིང་ཕོ་བྱི་བ་ཐོག་མར་འདོད། །ཟླ་བའང་དབུས་འགྱུར་ཚལ་དུ་ནི། །རྒྱལ་གྱི་ཟླ་བས་ཐོག་མ་འདྲེན། །ཤམྦྷ་ལ་ནི་ནག་པའི་ཟླ། །ཟླ་བ་རྣམས་ཀྱི་ཐོག་མར་འདོད། །རྒྱ་ཡི་ལྟ་བ་དཔྱིད་རྭ་བ། །གཅིག་པ་ཞེས་བྱར་འདོད་པ་ཡིན། །བོད་རྣམས་ཕལ་ཆེར་དེ་རྗེས་འབྲང༌། །དེ་ཕྱིར་ལོ་དང་ཟླ་བའི་ཚེས། །རྒྱ་ཡི་རྗེས་སུ་འབྲངས་ནས་ནི། །ཡང་དག་ངེས་པ་ཚོལ་བའི་ཚུལ། །དུས་ཀྱི་འཁོར་ལོའི་ཚུལ་བཞིན་བཤད། །ཟླ་ཤོལ་འདོར་བའི་ཚུལ་ཡང་ནི། །དཔལ་ལྡན་དུས་ཀྱི་འཁོར་ལོའི་ལུགས། །དེ་རྗེས་འབྲང་བའི་གཞུང་ལས་ཤེས། །བོད་ལ་གྲགས་པའི་རྒྱ་རྩིས་པ། །འཁྲུལ་པ་ཉིད་དུ་འཆད་པར་བྱེད། །འདིར་ནི་རྒྱ་ཡི་གཙུག་ལག་ལས། །འབྱུང་བའི་ཚུལ་བཞིན་བདག་གིས་བཤད། །དེ་ཕྱིར་རྩིས་ཀྱི་གཙུག་ལག་གཉིས། །མཐུན་ཆ་གཞུང་འདིས་ངེས་དབྱེ་བས། །གཙུག་ལག་མཐུན་པར་ངེས་པ་ཡིན། །འདི་བཤད་པ་ལས་གང་བསྐྲུན་པའི། །དགེ་བས་སྐྱེ་བོ་ཇི་སྙེད་པ། །འཁྲུལ་པ་མེད་པའི་ལམ་ཞུགས་ནས། །སྒྲིབ་མེད་ཡེ་ཤེས་ཐོབ་པར་ཤོག །གཙུག་ལག་དང་མཐུན་པར་ངེས་པ་ཞེས་བྱ་བའི་རྩིས། ས་ཕོ་འབྲུག་གི་ལོའི་བྱ་སྦོའི་ཟླ་བའི་ཚེས་བརྒྱད་ཀྱི་ཉིན་པར་མན་གོང་གི་སའི་ཆར་འཕགས་པས་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*