གདོད་མའི་དུས་གསལ་བའི་རྩིས།

༼བ༽

༄༅། །གདོད་མའི་དུས་གསལ་བའི་རྩིས་བཞུགས།།

༄༅། །གདོད་མའི་དུས་གསལ་བར་བྱེད་པ་ཞེས་བྱ་བའི་རྩིས། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་དམ་པ་དང་པོ་ཡི། །སངས་རྒྱས་ཞབས་ལ་ཕྱག་འཚལ་ནས། །དང་པོའི་དུས་ཚོད་ངེས་རྟོགས་ཕྱིར། །རྩིས་ཀྱི་གཙུག་ལག་འདིར་བཤད་བྱ། །ཆོས་ཀྱི་དབྱིངས་ལ་རབ་བྱུང་སོགས། །འདས་པ་བསྲེས་པ་ལོ་དག་ཡིན། །ཉི་མས་བསྒྱུར་ལ་ནག་སོགས་སྦྱིན། །གནས་གཉིས་འོག་མ་སྡེ་པས་བསྒྱུར། །དེ་ལ་ནོར་དང་ཟླ་བ་སྦྱིན། །ནམ་མཁའ་མེ་དང་ཟླ་བས་བགོ །ཐོབ་པ་སྟེང་དུ་བྱིན་པ་ཡིས། །ཟླ་བ་རྣམ་པར་དག་པར་འགྱུར། །ལྷག་མ་རྒྱ་མཚོས་རྙེད་པ་ཡིས། །འདས་པའི་ཟླ་ལྷག་ནམ་བྱུང་ཤེས། །ཟླ་བ་དག་པ་གནས་གསུམ་གཞག །དབུས་ལ་གཟུགས་སྦྱང་སོ་ཡིས་བསྒྱུར། །འོག་ཏུ་མེས་སྦྱང་དུས་ཀྱིས་བགོ །ལྷག་མ་ཐིག་ལེས་བརྒྱན་པ་ཡི། །སྟེང་ནས་གཅིག་ཕབ་དྲུག་ཅུ་ལ། །སྦྱངས་ལྷག་གཟའ་ཡི་ཆུ་སྲང་ངོ༌། །ཐོབ་ལ་དྲག་པོ་བསྲེས་ལ་སྦྱང༌། །མཁའ་རོས་བགོས་ལྷག་ཆུ་ཚོད་དོ། །ཐོབ་ལ་གཟུགས་བསྲེས་སྟེང་དུ་སྦྱིན། །ཐུབ་པས་བགོས་པའི་ལྷག་མ་གཟའ། །སླར་ཡང་ཟླ་དག་གནས་གཉིས་གཞག །འོག་མར་རི་དང་ཆུ་བོས་སྦྱང༌། །དུས་ཉིས་བགོས་ལྷག་ཆ་ཤས་ཡིན། །སྟེང་དུ་གཟུགས་བསྲེ་མིག་གིས་བསྒྱུར། །ཐོབ་པ་བྱིན་ལ་ཀླུ་ལག་གིས། །བགོས་པའི་ལྷག་མ་རིལ་པོའི་གནས། །ཡང་ནི་ཟླ་དག་གནས་གསུམ་གཞག །དབུས་མ་འཕྲོག་བྱེད་ཀྱིས་ནི་བསྒྱུར། །འོག་མ་གཟུགས་དང་ལག་པས་སྦྱང༌། །སླར་ཡང་དགུ་དང་མེ་ཡིས་བགོ །ལྷག་མ་དྲུག་ཅུས་བསྒྱུར་བ་ལ། །སོ་དགུས་ཕྱེ་ལ་རྙེད་པ་དེས། །སྟེང་ནས་གཅིག་ཕབ་དྲུག་ཅུ་ལ། །སྦྱངས་ལྷག་སྐར་མའི་ཆུ་སྲང་ཡིན། །རྙེད་པ་གོང་མར་གཅིག་བསྲེས་པས། །དབུས་ནས་སྦྱངས་ནས་མཁའ་རོས་བགོ །ལྷག་མ་དབྱུ་གུའི་གནས་སུ་གཞག །སྟེང་ལ་གཅིག་སྦྱང་མིག་གིས་བསྒྱུར། །རྙེད་པའི་ཆ་ལ་གཅིག་དོར་གཞུག །འཁོར་ལོས་བགོས་ལྷག་སྐར་མའོ། །དེ་ནས་གཟའ་ཚེས་སྐར་མ་དང༌། །སྦྱོར་བ་དང་ནི་བྱེད་པ་སྟེ། །ཡན་ལག་ལྔ་ཡི་རྩིས་རྣམས་ཀུན། །གཞན་དང་མཚུངས་པར་ཤེས་པར་བྱ། །སྒྲ་གཅན་ཟླ་བ་རྣམ་དག་ལ། །འདོད་པ་བྱིན་ལ་ཟུང་གིས་བསྒྱུར། །ཟླ་བར་གཅིག་བསྲེ་ཉི་མར་མིག །མཁའ་དུས་ཆུ་བོས་རྙེད་པ་དོར། །ལྷག་མ་འཁོར་ལོས་སྒྱུར་བ་སོགས། །ལོངས་སྤྱོད་ཀྱི་ནི་ངེས་པ་དང༌། །དེ་ལས་མུན་ཅན་དུས་མེའི་རྩིས། །ཇི་ལྟར་བྱ་བའང་གཞན་དང་མཚུངས། །དེ་ནས་གཟའ་ལྔ་ངེས་བྱའི་ཕྱིར། །ཟླ་བ་དག་པ་སུམ་ཅུས་བསྒྱུར། །འདས་པའི་ཚེས་བསྲེ་གནས་གསུམ་གཞག །སྟེང་མ་ལ་ནི་མེ་སྦྱིན་ཞིང༌། །དབུས་དང་འོག་ནས་ནོར་མེས་སྦྱང༌། །འོག་ཏུ་རི་མཁའ་རིས་ཐོབ་པ། །དབུས་སུ་བྱིན་ལ་ཆུ་དུས་ཀྱིས། །རྙེད་པས་སྟེང་ནས་སྦྱང་བར་བྱ། །དེ་ཉིད་གནས་གཉིས་འོག་མ་ལ། །ཐུབ་པས་བགོས་པའི་ལྷག་མ་དང༌། །ཚེས་དེའི་གཟའ་དང་མཚུངས་ན་དག །མི་མཚུངས་ན་ཡང་སྣོན་འབྲིད་ཀྱིས། །མཚུངས་པར་བྱས་པ་གསལ་ཞག་སྟེ། །གཟའ་ལྔ་ཀུན་གྱི་ཐུན་མོང་ངོ༌། །དེ་ལ་མིག་དམར་དོན་དུ་ནི། །ཕྱོགས་དང་ཟླ་བ་བསྲེས་བྱས་ནས། །རི་ཀླུ་དུས་ཀྱིས་རྣམ་པར་དབྱེ། །གཟའ་ལྷག་སྤྱི་ཉི་བརྒྱ་ཡིས་བསྒྱུར། །ནོར་རི་མཁའ་དང་འབྱུང་བས་སྦྱང༌། །དེ་ལ་རི་བུག་རི་ཀླུས་བགོ །ཕུར་བུ་དུས་མདའ་བུ་གས་སྦྱང༌། །འོག་མ་རྒྱ་མཚོས་རབ་ཏུ་དབྱེ། །པ་སངས་སྤྱི་ཉི་ཕྱོགས་ཀྱིས་བསྒྱུར། །བུ་ག་མཁའ་དང་དུས་ཀྱིས་སྦྱང༌། །རི་རྒྱལ་མིག་གིས་བགོ་བར་བྱ། །སྤེན་པ་ཆུ་མེ་བུ་ག་སྦྱིན། །དུས་རོ་རི་མཁའ་ཟླ་བས་དབྱེ། །ལྷག་མས་བསྒྱུར་བྱའི་ངེས་པའོ། །དེ་ལ་འཁོར་ལོས་བསྒྱུར་བྱས་ལ། །དཀྱིལ་འཁོར་སོ་སོས་དབྱེ་བ་སོགས། །ལོངས་སྤྱོད་བྱ་བའི་རིམ་པ་དང༌། །དེ་ལས་དལ་བའི་ངེས་པ་དང༌། །མྱུར་བའི་ངེས་པ་བཙལ་བ་སོགས། །གཞུང་གཞན་ལས་ནི་འབྱུང་བ་བཞིན། །འདིར་ཡང་ངེས་པར་སྦྱར་བ་ཡིན། །ཇི་བཞིན་དུ་ནི་རྟོགས་པར་འགྱུར། །གང་ཞིག་གིས་ནི་ཕ་མཐའ་ཡས་པའི་མ་འོངས་རྩིས་རྣམས་རྟོགས་འགྱུར་ཞིང༌། །དེ་ཉིད་ཀྱིས་ནི་སུམ་སྟོང་ལྷག་པའི་གདོད་མའི་རྩིས་ཀྱང་ཤེས་བྱེད་པའི། །རྩིས་ཀྱི་གཙུག་ལག་གསལ་བ་འདི་ནི་ཀུན་དགའ་གྲགས་ཀྱིས་རབ་བསྐུལ་ནས། །འཕགས་པས་སྦྱར་བའི་དགེ་བ་གང་དེས་འགྲོ་ཀུན་ཀུན་མཁྱེན་ཉིད་གྱུར་ཅིག །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སྟོན་པ་བདེ་བར་གཤེགས་པ་ལྷུམས་སུ་ཞུགས་པ་ལ་སོགས་པའི་དུས་རྣམས་བདེ་བླག་ཏུ་རྟོགས་པར་བྱེད་ཅིང༌། བསྟན་པའི་དུས་ཀྱི་རྩིས་ལ་ཕྱིན་ཅི་ལོག་ཏུ་རྟོགས་པ་དེ་དག་སུན་འབྱིན་པར་བྱེད་པའི་གཏན་ཚིགས་ངེས་པར་གྲུབ་པ། གདོད་མའི་དུས་གསལ་བར་བྱེད་པ་ཞེས་བྱ་བ་འདི་ནི། ཆོས་ཀྱི་རྗེ་དཔལ་ས་སྐྱ་པཎྜི་ཏ་ཆེན་པོའི་ཞབས་རྡུལ་སྤྱི་བོས་གུས་པས་ལེན་པའི། དགེ་སློང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བས། རབ་བྱུང་མེ་མོ་ཡོས་བུའི་ལོ། དཔྱིད་ཟླ་འབྲིང་པོའི་ཡར་གྱི་ངོ་ལ་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*