རྩིས་དུས་གསལ་བའི་སྒྲོན་མེའི་དོན་ཡང་དག་པར་བསྡུས་པ།

༼བ༽

༄༅། །རྩིས་དུས་གསལ་བའི་སྒྲོན་མེའི་དོན་ཡང་དག་པར་བསྡུས་པ་བཞུགས།།

༄༅། །དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །རབ་བྱུང་སོགས་བསྡོམས་བཅུ་གཉིས་ཀྱིས་བསྒྱུར་འདས་ཟླ་བསྲེ། །འོག་ཏུ་རིར་བཅས་ཟུང་བསྒྱུར་མདའ་རོས་རྙེད་སྟེང་སྦྱིན། །གསུམ་དབུས་གཅིག་བསྲེ་སོས་བསྒྱུར་བཅུ་གཉིས་སྦྱིན་འོག་ཏུ། །གཉིས་བསྒྱུར་རིས་དབྱེ་ལྷག་མ་བཅུས་བསྒྱུར་གཅིག་སྟེང་ཕབ། །དྲུག་ཅུར་སྦྱངས་ལྷག་སྲང་ཐོབ་དབུགས་ནས་སྦྱངས་དྲུག་ཅུས། །ཕྱེད་ལྷག་ཆུ་ཚོད་ཐོབ་པ་སྟེང་བསྲེ་རིས་ལྷག་གཟའི། །གཉིས་འོག་བཅོ་བརྒྱད་བསྲེས་ནས་དུས་ཉིས་ཕྱེད་ལྷག་ཆ། །སྟེང་ཟུང་བསྒྱུར་ལ་གསུམ་བཅས་ནོར་བསྲེས་ཉེར་བརྒྱད་ཀྱིས་ལྷག་ཚོགས། །གསུམ་དབུས་དྲག་བསྒྱུར་འོག་ཏུ་བརྒྱད་སྦྱིན་སོ་དགུས་ལྷག །དྲུག་ཅུས་བསྒྱུར་ལ་སོ་དགུས་ཐོབ་པས་སྟེང་ནས་གཅིག །དྲུག་ཅུས་སྦྱངས་ལྷག་སྲང་དབུགས་དྲུག་ཅུ་ནོར། །སྦྱངས་ནས་དྲུག་ཅུས་ལྷག་དབུགས་སྟེང་ཟུང་བསྣུན་པར་ནོར། །སྦྱིན་ནས་ཉེར་བདུན་གྱིས་ལྷག་རྒྱུ་སྐར་ངེས་པའོ། །ཟླ་དག་དོན་བཞི་བྱིན་ནས་སུམ་ཅུས་བསྒྱུར་ཚེས་བསྲེ། །དྲུག་སྟོང་དགུ་བརྒྱས་ཕྱེད་ལྷག་ཉེར་བདུན་ལ་སོགས་ཀྱིས། །བསྒྱུར་རྙེད་རྣམས་ཀྱིས་ཕྱེད་དག་ལོངས་སྤྱོད་གཟུང༌། །ཟླ་དག་སུམ་ཅུས་བསྒྱུར་ལ་ཚེས་བསྲེ་གསུམ་བཀོད་ལ། །གཉིས་དང་ཉི་ཤུ་བདུན་སྦྱངས་དྲུག་བརྒྱ་དོན་གསུམ་བསྲེ། །བདུན་བརྒྱ་བདུན་གྱིས་ཐོབ་དབུགས་བྱིན་ནས་རེ་བཞི་ཐོབ། །སྟོང་འཕྲོག་རེས་གཟའ་དང་བསྟུན་གསལ་བའི་ཞག །དམར་ཕྱིར་ཉིས་བརྒྱ་སོ་བདུན་བྱིན་ནས་དྲུག །བརྒྱ་བརྒྱ་བཅུ་བདུན་དབྱེ་བ་ལྷག་ཕྱིར་བརྒྱ་ཡིས་བསྒྱུར། །ཉིས་སྟོང་བདུན་བརྒྱ་བཅུ་དྲུག་བསྲེས་ནས་ནི། །བརྒྱད་སྟོང་བདུན་བརྒྱ་གོ་བདུན་གྱིས་བགོ་ཕུར་ཕྱིར་སྟོང་བརྒྱ་རེ་དགུ་བསྲེ། །བཞི་སྟོང་སུམ་བརྒྱ་སོ་གཉིས་ཀྱིས་དབྱེ་དཀར་ཕྱིར་བཅུ་བསྣུན་བདུན་བརྒྱ་རེ་གསུམ་སྦྱིན། །ཉིས་སྟོང་ཉིས་བརྒྱ་ཞེ་བདུན་གྱིས་དབྱེ་དལ་ཕྱིར་ཉིས་སྟོང་དོན་ལྔ་བྲིས་ནས་ནི། །ཁྲི་ཕྲག་བདུན་བརྒྱ་རེ་དྲུག་གིས་ཕྱེ་དག་རྣམས་ལོངས་སྤྱོད་བྱ། །ལོངས་སྤྱོད་གསུམ་དབུས་དམར་ཕྱིར་དབུ་དང་སུམ་ཅུ་ཕུར་བཅུ་གཉིས། །སྤེན་པ་བཅོ་བརྒྱད་ལྷག་ཕྱིར་ཉི་མར་བཅུ་དྲུག་དང༌། །སུམ་ཅུ་དཀར་ཕྱིར་དྲུག་སྦྱར་རིམ་པས་ཡིན་མིན་དཔྱད། །སྐར་ལྷག་དྲུག་ཅུས་བསྒྱུར་བསྲེ་བརྒྱ་དང་སོ་ལྔས་དབྱེ། །ཐོབ་པ་དལ་རྐང་བཟུང་ཞིང་སྔ་ཕྱི་དཔྱད་ལ་དེས། །ལྷག་སྐར་ཉི་དང་གཞན་གྱི་ལོངས་སྤྱོད་དག་ལ་ནི། །རིམ་མིན་སྦྱིན་ཞིང་རིམ་པ་སྦྱངས་བ་དལ་བ་དག་པའོ། །མྱུར་ཕྱིར་དལ་གསུམ་དམར་ཕུར་སྤེན་པའི་གཅིག་གི་ཉི་མས་སྦྱངས། །ལྷག་སྐར་ལོངས་སྤྱོད་སྦྱངས་ཤིང་ཀུན་གྱིས་ལྷག་མས་མྱུར་རྐང་བཟུང༌། །སྔ་ཕྱིར་དཔྱད་ནས་དལ་བར་མིན་དོར་རིམ་པ་ནོར། །མྱུར་བར་དག་པ་ཡིན་ཏེ་གཟའ་རྣམས་རྣམ་པར་དཔྱད་དུས་གསལ་བའི་སྒྲོན་མའི་དོན་ཡང་དག་པར་བསྡུས་པ་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*