དུས་ཀྱི་འཁོར་ལོའི་རྩིས་དུས་གསལ་བའི་སྒྲོན་མེ།

༼བ༽

༄༅། །དུས་ཀྱི་འཁོར་ལོའི་རྩིས་དུས་གསལ་བའི་སྒྲོན་མེ་བཞུགས།།

༄༅། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲ་ག་ཎི་ཏ་ཀཱ་ལ་པྲ་ཀཱ་ཤ་དཱི་པཾ་ནཱ་མ། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་རྩིས་དུས་གསལ་བའི་སྒྲོན་མེ་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །དུས་གསུམ་དུས་མེད་ངོ་བོ་ཉིད། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཅན། །སྲིད་དང་མྱ་ངན་འདས་པའི་དཔལ། །དུས་ཀྱི་འཁོར་ལོར་ཕྱག་འཚལ་ལོ། །དོན་ཆེ་བ་ལ་ཚེགས་ཆུང་བའི། །དུས་ཀྱི་འཁོར་ལོ་ཉུང་ངུའི་རྩིས། །དམ་པའི་བཀའ་ཡིས་རབ་བསྐུལ་ནས། །བདག་གིས་འདིར་ནི་བཤད་པར་བྱ། །ནམ་མཁའི་དབྱིངས་སུ་རབ་བྱུང་སོགས། །འདས་པ་བསྲེས་པ་ལོ་དག་ཡིན། །ཉི་མས་བསྒྱུར་ལ་ནག་སོགས་སྦྱིན། །གནས་གཉིས་འོག་མར་རི་བསྲེས་ལ། །མིག་གིས་བསྒྱུར་ལ་མདའ་རོ་ཡིས། །རྙེད་པ་སྟེང་བྱིན་ཟླ་དག་ཡིན། །ལྷག་མ་མིག་གིས་རྙེད་པ་ཡིས། །འདས་པའི་ཟླ་ལྷག་ནམ་བྱུང་བརྟག །སུམ་ཅུ་གཉིས་གསུམ་སྤེལ་འབྱུང་བས། །མ་འོངས་པ་ནི་ཤུགས་ལས་ཤེས། །ཟླ་བ་དག་པ་གནས་གསུམ་གཞག །དབུས་སུ་གཟུགས་བསྲེ་སོ་ཡིས་བསྒྱུར། །དེ་ལ་ཉི་མ་རྣམ་པར་སྦྱིན། །འོག་ཏུ་མིག་བསྲེ་དུས་ཀྱིས་བགོ །ལྷག་མ་ཕྱོགས་ཀྱིས་བསྒྱུར་བ་ཡིས། །སྟེང་ནས་གཅིག་ཕབ་དྲུག་ཅུ་ལ། །སྦྱངས་ལྷག་གཟའ་ཡི་ཆུ་སྲང་ཡིན། །ཐོབ་པས་དབུས་སྦྱང་དྲུག་ཅུས་བགོ །ལྷག་མ་ཆུ་ཚོད་རྙེད་སྟེང་གཞུག །ཐུབ་པས་བགོས་པའི་ལྷག་མ་གཟའ། །གནས་གཉིས་འོག་མར་ནོར་ཟླ་སྦྱིན། །དུས་ཉིས་བགོས་ལྷག་ཆ་ཤས་ཡིན། །སྟེང་མ་མིག་གིས་བསྒྱུར་བ་ལ། །ནོར་ལ་མེ་བསྲེས་སྦྱིན་པར་བྱ། །ཀླུ་ལ་གིས་ཕྱེའི་ལྷག་མ་ཚོགས། །སླར་ཡང་ཟླ་དག་གནས་གསུམ་གཞག །དབུས་མ་དྲག་པོས་བསྒྱུར་བར་བྱ། །འོག་ཏུ་ནོར་སྦྱིན་སོ་དགུས་དབྱེ། །ལྷག་མ་མཁའ་རོས་བསྒྱུར་བ་ལ། །སོ་དགུས་ཕྱེ་ལ་ཐོབ་པ་ཡིས། །སྟེང་ནས་གཅིག་ཕབ་མཁའ་དུས་ལ། །སྦྱངས་ལྷག་སྐར་མའི་ཆུ་སྲང་ཡིན། །རྙེད་པ་སྔ་མར་རོ་བསྲེས་པས། །དབུས་ལ་སྦྱངས་ནས་དྲུག་ཅུས་བགོ །ལྷག་མ་ཆུ་ཚོད་སྟེང་མ་ནི། །མིག་གིས་བསྒྱུར་ལ་རྙེད་པ་གཞུག །འཁོར་ལོས་བགོས་ལྷག་སྐར་མ་སྟེ། །དྷྲུ་བ་རྣམ་པར་དག་པའོ། །གཟའ་བ་ཟླ་བ་དབྱུ་གུར་སོ། །ཆུ་སྲང་ནས་ནི་ཕྱོགས་ཀྱིས་སྦྱང༌། །རིལ་པོར་མིག་དང་ཆ་ཤས་གཟུགས། །སྐར་མར་མིག་དང་ཆུ་ཚོད་དྲག །གཟུགས་མིག་རེས་ཀྱིས་ཆུ་སྲང་ནས། །སྦྱངས་པས་འོག་མའི་དྷྲུ་བར་འགྱུར། །གཟའ་ལ་མིག་དང་ཆུ་ཚོད་དྲག །ཆུ་སྲང་ལ་ནི་སྦྱིན་དོར་མེད། །རིལ་པོར་ཉི་མ་ཆ་ཤས་དུས། །ཉི་མའི་སྐར་མར་འདོད་པ་དང༌། །དབྱུ་གུར་རོ་ནི་སྦྱིན་པར་བྱ། །དགུ་དང་བཅུ་ཡི་རེ་མོས་ཀྱིས། །ཆུ་སྲང་ནས་ནི་སྦྱངས་པ་ཡིས། །ཟླ་བ་དྲུག་པའི་དྷྲུ་བར་འགྱུར། །ཉིན་རེའི་ངེས་པ་བཙལ་བའི་ཕྱིར། །གཟའ་ལ་ཚེས་སྦྱིན་དབྱུ་གུར་དབྲོག །རིལ་པོར་ཚེས་སྦྱིན་མ་ནུས་བགོ །ཐོབ་པ་མཉམ་སྦྱིན་མི་མཉམ་དོར། །ལྷག་མས་ཟླ་བའི་རྐང་པ་གཟུང༌། །འབྱུང་དབང་མདའ་ཆུ་མེ་མིག་ཟླ། །བཟློག་པ་དང་བཅས་གནས་བཅུ་བཞི། །འདི་དང་ཉི་མ་གཟའ་ལྔ་ལའང༌། །གལ་ཏེ་རྐང་པའི་མཚམས་མ་འདས། །ཟོས་ཟིན་ལོངས་སྤྱོད་བསྡོམས་པ་དང༌། །འདས་ན་བཟའ་རྒྱུའི་ལོངས་སྤྱོད་རྣམས། །བསྡོམས་ལ་རྐང་པའི་འོག་ཏུ་གཞག །ཟླ་རྐང་སྟོང་པར་ཐིག་ལེ་དང༌། །གཅིག་དང་བཅུ་གསུམ་པ་ལ་ལྔ། །མིག་དང་ཉི་མ་དག་ལ་ཕྱོགས། །མེ་དང་དྲག་པོར་ཚེས་སུ་བརྗོད། །ཆུ་དང་ཕྱོགས་ལ་བཅུ་དགུ་སྟེ། །མདའ་དང་བུ་གར་ཉི་ཤུ་གཉིས། །དུས་དང་ནོར་ལ་རྒྱལ་བ་སྟེ། །བདུན་པ་ལ་ནི་ཉི་ཤུ་ལྔ། །རྐང་ཟོས་སྔོན་མས་ཆ་ཤས་བསྒྱུར། །དུས་ཉིས་ཐོབ་པ་དེ་རྩར་གཞག །ལྷག་མ་དྲུག་ཅུས་བསྒྱུར་བ་ལ། །ཐོབ་པ་ཆུ་སྲང་ལྷག་མ་ནི། །དྲུག་གིས་བསྒྱུར་ནས་ཐོབ་པ་དབུགས། །རྐང་པ་ཡི་ནི་དབྱུ་གུ་ལ། །རྐང་པ་ཟོས་པའི་སྔོན་མ་ཡིས། །ལོངས་སྤྱོད་མཚམས་མ་འདས་ན་སྦྱིན། །འདས་ན་རིམ་བཞིན་སྦྱང་བར་བྱ། །དེས་ནི་གཟའ་ཡི་ལོངས་སྤྱོད་དུ། །སྦྱིན་དོར་སྔར་གྱི་མཚན་མས་ཤེས། །སླར་ཡང་ཚེས་གྲངས་གནས་གཉིས་གཞག །རིག་བྱེད་ཀྱིས་ནི་སྟེང་མ་བསྒྱུར། །འོག་མ་ཉི་ཤུ་དྲུག་གིས་བསྒྲེ། །མཁའ་རོས་ཐོབ་པ་སྟེང་བྱིན་ལ། །དྲུག་ཅུས་ཐོབ་པ་རྒྱུ་སྐར་ཏེ། །རིམ་བཞིན་ཉི་མའི་གནས་སུ་སྦྱིན། །དེ་ཉིད་གནས་གཉིས་བཞག་པ་ཡི། །གཡོན་གྱི་སྐར་མའི་གནས་ནས་དུས། །དབྱུ་གུའི་གནས་ནས་མདའ་ཆུས་སྦྱང༌། །མ་ལྡང་འཁོར་ལོ་ཕྱེད་སྦྱིན་ཞིང༌། །ཅི་སྟེ་སྦྱངས་ཀྱང་འཁོར་ལོ་ཕྱེད། །ལྷག་ན་དེ་ཉིད་ཀྱིས་ནི་སྦྱང༌། །དེ་ལྟར་སྦྱིན་དོར་བྱས་པ་ནི། །རིམ་མིན་བྱང་དུ་བགྲོད་པ་སྟེ། །སྦྱིན་དོར་མེད་རིམ་ལྷོ་བགྲོད་དོ། །སྐར་གནས་དྲུག་ཅུས་བསྒྱུར་ལ་བསྲེ། །མདའ་ཡོན་ཟླས་རྙེད་ཉི་རྐང་གཟུང༌། །རོ་དང་ཆུ་དང་ཟླ་བ་སྟེ། །བཟློག་པ་དང་བཅས་དུས་ཀྱི་གནས། །ཉི་རྐང་སྟོང་པར་ཐིག་ལེ་དང༌། །གཅིག་དང་མདའ་ལ་དུས་ཡིན་ཏེ། །མིག་དང་ཆུ་ལ་ཕྱོགས་སུ་བརྗོད། །རྩེ་མོ་ཅན་ལ་འཕྲོག་བྱེད་དོ། །ཡང་དག་རྒྱུ་བས་ལྷག་མ་བསྒྱུར། །མདའ་ཡོན་ཟླས་རྙེད་དེ་རྩར་གཞག །ལྷག་མ་དྲུག་ཅུས་བསྒྱུར་བ་ལ། །འོག་གི་ཆུ་སྲང་ལྡན་བྱས་ནས། །མདའ་ཡོན་ཟླས་རྙེད་ཆུ་སྲང་སྟེ། །དྲུག་གིས་བསྒྱུར་ནས་ཐོབ་པ་དབུགས། །རྐང་པའི་དབྱུ་གུར་ཡང་དག་རྒྱུའི། །ལོངས་སྤྱོད་མཚམས་མ་འདས་ན་སྦྱིན། །འདས་ན་རིམ་པ་བཞིན་དུ་སྦྱང༌། །དེས་ནི་གཟའ་ཡི་ལོངས་སྤྱོད་དང༌། །ཉིན་མོར་བྱེད་པའི་ལོངས་སྤྱོད་དུ། །རིམ་མིན་སྦྱིན་ཞིང་རིམ་པ་སྦྱང༌། །ཉི་མ་དག་པ་གནས་གཉིས་གཞག །གཅིག་གི་སྐར་མར་ཚེས་གྲངས་སྦྱིན། །གཞན་དུ་ཚེས་ལ་རོ་ཡིས་བསྒྱུར། །དེ་ལ་གཟའ་ཡི་ལོངས་སྤྱོད་བསྲེ། །མཁའ་རོས་ཐོབ་པ་སྐར་མ་སྟེ། །དེ་ཡི་གཅིག་ལ་རིམ་བཞིན་སྦྱང༌། །སོ་སོའི་གནས་སུ་མ་ལྡང་ན། །རང་རང་སྟེང་ནས་ཕབ་ལ་སྦྱང༌། །རང་གྲངས་ལངས་པའམ་ཅི་སྟེ་ལྷག །གོང་དུ་ཕུད་ལ་ལྷག་མ་གཟུང༌། །ཉི་ཟླ་བསྲེ་ལ་འཁོར་ལོ་ཡིས། །ཕྱེ་བའི་ལྷག་མ་སྦྱོར་བའོ། །གཟའ་ནི་གང་ཤར་དེ་ཉིད་དེ། །དེ་ཡིས་ཚེས་ཀྱི་ཆད་ལྷག་བརྟག །ལོངས་སྤྱོད་གང་ཤར་མ་འོངས་པ། །དེ་ཡིས་ཚེས་ཀྱི་འཕོ་མཚམས་གཟུང༌། །སྐར་མའི་གནས་དང་སྦྱོར་བ་ནི། །ལོངས་སྤྱོད་དང་བཅས་འདས་པ་འཆར། །ཚེས་གྲངས་ཟུང་བསྒྱུར་ཟླ་བས་སྦྱང༌། །ཐུབ་པས་བགོས་ལྷག་བྱེད་པ་ཡིན། །ཉི་ཟླ་མིག་དམར་གཟའ་ལྷག་དང༌། །ཕུར་བུ་པ་སངས་སྤེན་པ་སྟེ། །ཉིན་ཞག་ལ་ནི་རེས་ཀྱིས་འཇུག །ཁ་ཅིག་ཚེས་ལ་དབང་ཞེས་ཟེར། །ཚེས་གཅིག་ནས་བརྩམས་དགའ་བ་དང༌། །བཟང་པོ་རྒྱལ་བ་སྟོང་པ་དང༌། །རྫོགས་པ་རྣམས་ནི་རིམ་པ་བཞིན། །ཟླ་བ་རེ་ལ་ལན་དྲུག་འཆར། །ཐ་སྐར་བྲ་ཉེ་སྨིན་དྲུག་དང༌། །སྣར་མ་མགོ་ལག་ནམ་སོ་རྒྱལ། །སྐག་མཆུ་གྲེ་དབོ་མེ་བཞི་དང༌། །ནག་པ་ས་རི་ས་ག་དང༌། །ལྷ་མཚམས་སྣྲོན་སྣྲུབས་ཆུ་སྟོད་སྨད། །དེ་ནས་བྱི་བཞིན་འདིར་མི་བགྲང༌། །གྲོ་བཞིན་མོན་གྲེ་མོན་གྲུ་དང༌། །ཁྲུམས་སྟོང་ཁྲུམས་སྨད་ནམ་གྲུའོ། །རྒྱུ་སྐར་དེ་རྣམས་སྡུད་བྱེད་ཁྱིམ། །ལུག་གླང་འཁྲིག་པ་ཀརྐ་ཊ། །སེང་གེ་བུ་མོ་སྲང་སྡིག་པ། །གཞུ་དང་ཆུ་སྲིན་བུམ་པ་ཉ། །རེ་རེར་རྒྱུ་སྐར་གཉིས་གཉིས་དང༌། །ཆུ་ཚོད་དག་ནི་བཅོ་ལྔ་གནས། །རྣམ་སེལ་མཛའ་བོ་ཚེ་དང་ལྡན། །སྐལ་བཟང་བཟང་པོ་ཤིན་ཏུ་སྐྲངས། །ལས་བཟང་འཛིན་པ་གཟེར་དང་འབྲས། །འཕེལ་བ་ངེས་པ་རྨ་ཆེན་དང༌། །དགའ་བ་རྡོ་རྗེ་དངོས་གྲུབ་ལྟུང༌། །དཔའ་བོ་ཡོངས་འཇོམས་ཞི་བ་གྲུབ། །བསྒྲུབ་བྱ་དགེ་བ་དཀར་པོ་དང༌། །ཚངས་པ་དབང་པོ་ཤ་ཁོན་འཛིན། །སྦྱོར་བ་ཉི་ཤུ་རྩ་བདུན་ཏེ། །མིང་གིས་འབྲས་བུ་ཡོངས་ཤེས་བྱ། །ཚེས་གཅིག་ཉིན་ཕྱེད་ནས་བརྩམས་ནས། །གདབ་པ་བྱིས་ཅན་ཡེ་ཤེས་ཏིལ། །ཁྱིམ་སྐྱེས་ཚོང་དཀྲིས་ཉིན་ཞག་གི །ཕྱེད་ལ་ལན་བརྒྱད་བསྐོར་བའི་རྗེས། །བཀྲ་ཤིས་བཞི་མདོ་ཀླུ་དང་ནི། །མི་སྡུག་པ་རྣམས་ལན་ཅིག་འབྱུང༌། །དེ་ལྟར་གཟའ་ཚེས་སྐར་མ་དང༌། །སྦྱོར་བ་དང་ནི་བྱེད་པ་སྟེ། །ཡན་ལག་རྣམ་པ་ལྔ་ཡི་རྩིས། །ཤིན་ཏུ་གསལ་བར་བསྟན་ཟིན་ཏོ། །དེ་ནས་ཉི་ཁྱིམ་འཕོ་མཚམས་ཀྱི། །རེས་ཀྱིས་གཟའ་རྣམས་རྟོགས་བྱའི་ཕྱིར། །ལོ་དག་གནས་གཉིས་སྟེང་མ་ལ། །མིག་བསྲེས་མཁའ་མཁའ་རྒྱ་མཚོས་བསྒྱུར། །འོག་མར་མདའ་དུས་བསྲེས་པས་སྦྱང༌། །དེ་ལ་རི་ཟླ་མིག་གིས་དབྱེ། །ཐོབ་པ་གཟའ་ཡི་གནས་སུ་གཞག །ལྷག་མ་དྲུག་ཅུས་བསྒྱུར་བ་ལ། །ཐོབ་པ་ཆུ་ཚོད་ལྷག་མ་ནི། །མཁའ་རོས་བསྒྱུར་ལ་རྙེད་ཆུ་སྤང༌། །དྲུག་གིས་བསྒྲེས་ནས་ཐོབ་པར་དབུགས། །གཟའ་ལ་མིག་དང་ཆུ་ཚོད་དུ། །སུམ་ཅུ་བསྲེས་ལ་མཁའ་རོས་དབྱེ། །ལྷག་མ་ཆུ་ཚོད་རྙེད་སྟེང་སྦྱིན། །ཐུབ་པས་བགོས་པའི་ལྷག་མ་གཟའ། །དེ་ནི་སྤྱི་ཡི་ངེས་པའོ། །སོ་སོའི་ངེས་པ་བརྟག་པའི་ཕྱིར། །ལུག་ལ་གཟའ་ཡི་གནས་སུ་གཟུགས། །ཆུ་ཚོད་དུ་ནི་རི་མདའ་སྦྱིན། །གླང་ལ་ཆུ་དང་མེ་མདའོ། །འཁྲིག་པར་གཟུགས་དང་རི་ཟླ་བསྲེ། །ཀརྐ་ཊ་ལ་གཟའ་རུ་མཚོ། །ཆུ་ཚོད་དུ་ནི་ལྔ་བཅུ་གསུམ། །སེང་གེར་གཟུགས་དང་མིག་ལག་སྦྱིན། །བུ་མོར་མཚོ་དང་རྒྱལ་བ་བསྲེས། །སྲང་ལ་དུས་དང་ཟླ་མདའ་སྦྱིན། །སྡིག་པར་གཟུགས་དང་བཞི་བཅུ་བདུན། །གཞུ་ལ་མེ་དང་མི་བདག་གཞུག །ཆུ་སྲིན་མཚོ་དང་རི་མེ་སྦྱིན། །བུམ་པར་དུས་དང་རིག་བྱེད་བསྲེ། །ཉ་ཡི་དབྱུ་གུར་ལྔ་བཅུ་གཉིས། །བྱིན་པས་སོ་སོའི་ངེས་པར་འགྱུར། །སྒྲ་གཅན་ཟླ་བ་རྣམ་དག་ལ། །ཆུ་རི་བྱིན་ལ་མིག་གིས་བསྒྱུར། །ཟླ་བར་གཅིག་བསྲེ་ཉི་མར་ལག །མཁའ་དུས་ཆུ་བོས་རྙེད་པ་དོར། །ལྷག་མ་འཁོར་ལོས་བསྒྱུར་བ་ལ། །མཁའ་དུས་ཆུས་ཐོབ་སྐར་མ་སྟེ། །ལྷག་མ་མཁའ་རོས་བསྒྱུར་བ་ལ། །རྙེད་པ་ཆུ་ཚོད་ལྷག་མ་ནི། །དྲུག་ཅུས་བསྒྱུར་ནས་རྙེད་ཆུ་སྲང༌། །ལྷག་མ་རོས་བསྒྱུར་རྙེད་པ་དབུགས། །དེས་ནི་འཁོར་ལོ་ལ་སྦྱངས་པའི། །ལྷག་མ་མུན་པ་ཅན་ཡིན་ནོ། །དེ་ལ་འཁོར་ལོ་ཕྱེད་བསྲེས་པས། །དུས་ཀྱི་མེ་ཡི་ངེས་པར་འགྱུར། །འདི་དག་རྒྱུ་སྐར་དཀྱིལ་འཁོར་ལ། །རྟག་པར་གཡས་སྐོར་རྒྱུ་བ་སྟེ། །གཟའ་གཞན་གཡོན་སྐོར་གྱིས་ནི་འགྲོ། །དེ་ལྟར་གདོང་དང་མཇུག་མ་དང༌། །སྟོང་གི་ཉི་མའི་ལོངས་སྤྱོད་དང༌། །ཉ་ཡི་ཟླ་བའི་ལོངས་སྤྱོད་དག །མཉམ་ན་ངེས་པར་འཛིན་པར་འགྱུར། །ཕྱེད་དག་དབྱུ་གུར་མིག་མཚོ་དང༌། །ཆུ་སྲང་ཚེས་དང་དབུགས་སུ་ཆུ། །བྱིན་པས་ཟླ་བ་དྲུག་པར་འགྱུར། །གཟའ་ལྔ་ངེས་པར་བྱ་བའི་ཕྱིར། །ཟླ་བ་དག་པ་མཁའ་མེས་བསྒྱུར། །འདས་པའི་ཚེས་བསྲེ་གནས་གསུམ་གཞག །སྟེང་དབུས་མིག་དང་འཁོར་ལོས་སྦྱང༌། །འོག་ཏུ་མེ་དང་རི་དུས་བསྲེ། །རི་མཁའ་རིས་ཐོབ་དབུས་སུ་སྦྱིན། །ཆུ་རོས་ཐོབ་པས་སྟེང་ལ་དབྲོག །གནས་གཉིས་འོག་མ་རིས་བགོས་ལྷག །ཚེས་དེའི་གཟའ་དང་མཚུངས་ན་དག །མི་མཚུངས་ནའང་སྣོན་འབྲིད་ཀྱིས། །མཚུངས་པར་བྱས་པ་གསལ་ཞག་སྟེ། །གཟའ་ལྔ་ཀུན་གྱི་ཐུན་མོང་ངོ༌། །དེ་ལ་མིག་དམར་དོན་དུ་ནི། །ཐུབ་པ་མེ་དང་ལག་པ་བསྲེ། །རི་ཀླུ་དུས་ཀྱིས་རྙེད་པ་དོར། །ལྷག་མ་འཁོར་ལོས་བསྒྱུར་བ་ལ། །དཀྱིལ་འཁོར་དུས་ཐོབ་སྐར་མ་སྟེ། །ལྷག་མ་མཁའ་རོས་བསྒྱུར་བ་ལ། །རྙེད་པ་ཆུ་ཚོད་ལྷག་མ་ནི། །དྲུག་ཅུས་བསྒྱུར་ནས་རྙེད་ཆུ་སྲང༌། །ལྷག་མ་རོས་བསྒྱུར་རྙེད་པ་དབུགས། །བཀྲ་ཤིས་ཀྱི་ནི་ལོངས་སྤྱོད་དོ། །དེ་ཉིད་གནས་གཉིས་ཅིག་ཤོས་ཀྱི། །སྐར་མར་དགུ་དང་དབྱུ་གུ་ནས། །མཁའ་དང་མེ་ཡིས་སྦྱང་བར་བྱ། །མ་ལྡང་འཁོར་ལོ་ཕྱེད་སྦྱིན་ཞིང༌། །སྦྱངས་ཀྱང་འཁོར་ལོས་ཕྱེད་ལྷག་ན། །སླར་ཡང་དེ་ཉིད་ཀྱིས་ནི་སྦྱང༌། །དོར་ན་རིམ་མིན་གཞན་རིམ་པ། །གཟའ་ལྔ་ཀུན་ལ་ཤེས་པར་བྱ། །སྐར་གནས་དྲུག་ཅུས་བསྒྱུར་ལ་བསྲེ། །མདའ་ཡོན་ཟླས་རྙེད་དལ་རྐང་གཟུང༌། །སྔ་མར་དེ་ཉིད་ཁམས་དང་རི། །ཕྱི་མ་ལ་ནི་དེ་ལས་བཟློག །རྐང་པ་སྟོང་པར་ཐིག་ལེ་དང༌། །གཅིག་དང་ལྔ་ལ་ཉི་ཤུ་ལྔ། །མིག་དང་མཚོ་ལ་བཞི་བཅུ་གསུམ། །རྩེ་མོ་ཅན་ལ་ལྔ་བཅུའོ། །ཡང་དག་རྒྱུ་བས་ལྷག་མ་བསྒྱུར། །མདའ་ཡོན་ཟླས་རྙེད་དེ་རྩར་གཞག །ལྷག་མ་དྲུག་ཅུས་བསྒྱུར་ལ་བསྲེ། །རྙེད་པ་ཆུ་སྲང་ལྷག་མ་ནི། །རོས་བསྒྱུར་དབུགས་བསྲེ་རྙེད་པ་དབུགས། །མཚམས་མ་འདས་ན་སྦྱིན་པ་དང༌། །འདས་ན་རིམ་བཞིན་སྦྱང་བར་བྱ། །དེ་ཡིས་ལོངས་སྤྱོད་ཅིག་ཤོས་ལ། །རིམ་མིན་སྦྱིན་ཞིང་རིམ་པ་སྦྱང༌། །མིག་དམར་དལ་པ་དག་པའོ། །མྱུར་ལ་དེ་ཉིད་གནས་གཉིས་གཞག །གཅིག་གིས་མ་དག་ཉི་མར་སྦྱང༌། །གལ་ཏེ་མ་ལྡང་འཁོར་ལོ་སྦྱིན། །ཅི་སྟེ་ལྷག་ན་ཕྱེད་ཀྱིས་སྦྱང༌། །ལྷག་མའི་སྐར་མས་མྱུར་རྐང་གཟུང༌། །དང་པོར་རྒྱལ་བ་མེ་མིག་གསུམ། །ཟླ་མིག་གནས་གཉིས་ཁམས་དང་ཚེས། །དྲག་པོ་མེ་རྣམས་སྔ་མའི་ཆ། །ཕྱི་མས་འཕྲོག་བྱེད་ནོར་མེ་དང༌། །མཁའ་ནོར་དང་ནི་ལྔ་བཅུ་གསུམ། །སྟོང་པར་ཐིག་ལེ་གཟུགས་རྒྱལ་བ། །མིག་ལ་རི་མཚོ་མེར་བདུན་ཅུ། །ཆུ་ལ་མེ་བུག་མདར་ཆུ་དྲག །དུས་ལ་དབང་འདོད་རིར་མེ་ཚེས། །ཀླུ་ལ་ནོར་དང་རྒྱལ་པོ་སྟེ། །སྲིན་པོར་བུ་ག་ཐུབ་པ་གཟུགས། །ཕྱོགས་ལ་མིག་དང་ཁམས་ཡིན་ནོ། །དྲག་པོར་ཟླ་བ་རི་བོ་གཟུགས། །ཉི་མར་མེ་དང་འདོད་པ་སྟེ། །འདོད་པ་ལ་ནི་མེ་དང་མདའ། །ཡང་དག་རྒྱུ་བས་ཆུ་ཚོད་བསྒྱུར། །མཁའ་རོས་ཐོབ་པ་དེ་རྩར་གཞག །ལྷག་མ་ཆུ་སྲང་འོག་མ་ནི། །རོས་བསྒྱུར་དབུགས་བསྲེ་རྙེད་པ་དབུགས། །སྔ་མར་སྦྱིན་ཞིང་ཕྱི་མར་སྦྱང༌། །དེ་ཡི་དལ་བ་ཅིག་ཤོས་ལ། །རིམ་མིན་བུ་ལོན་རིམ་པ་ནོར། །མིག་དམར་མྱུར་བའི་ངེས་པའོ། །གཟའ་ལྷག་སྤྱི་ཉི་བརྒྱ་ཡིས་བསྒྱུར། །དེ་ལ་རྒྱལ་བ་འཁོར་ལོ་སྦྱིན། །རི་བུག་རི་ཀླུས་རྙེད་པ་དོར། །ལྷག་མ་རིམ་བཞིན་འཁོར་ལོ་དང༌། །མཁའ་རོ་མཁའ་རོ་རོས་བསྒྱུར་ནས། །འཁོར་ལོས་རྙེད་པ་རྒྱུ་སྐར་དང༌། །ཆུ་ཚོད་དང་ནི་ཆུ་སྲང་དབུགས། །ལྷག་མའི་ལོངས་སྤྱོད་ངེས་པའོ། །དལ་བའི་དོན་དུ་མ་དག་པའི། །ཉི་མ་གནས་གཉིས་ཅིག་ཤོས་ལ། །སྐར་མར་མི་བདག་དབྱུ་གུ་ནས། །མཁའ་དང་མེས་སྦྱང་རིམ་པ་དང༌། །རིམ་པ་མིན་པ་འདིར་ཡང་དཔྱད། །སྐར་གནས་དྲུག་ཅུས་བསྒྱུར་ལ་བསྲེ། །མདའ་ཡོན་ཟླས་རྙེད་དལ་རྐང་གཟུང༌། །སྔ་མར་ཕྱོགས་རི་རྩེ་མོ་ཅན། །ཕྱི་མ་ལ་ནི་དེ་ལས་བཟློག །སྟོང་པར་ཐིག་ལེ་གཟུགས་མདའ་ཕྱོགས། །མིག་མཚོར་བཅུ་བདུན་མེར་ཉི་ཤུ། །ཡང་དག་རྒྱུ་བས་ལྷག་མ་བསྒྱུར། །མདའ་ཡོན་ཟླས་རྙེད་དེ་རྩར་གཞག །ལྷག་མ་དྲུག་ཅུས་བསྒྱུར་ལ་བསྲེ། །རྙེད་པ་ཆུ་སྲང་ལྷག་མ་ནི། །རོས་བསྒྱུར་དབུགས་བསྲེ་རྙེད་པ་དབུགས། །མཚམས་མ་འདས་སྦྱིན་འདས་ན་སྦྱང༌། །དེ་ཡིས་དལ་བ་ཅིག་ཤོས་ལ། །རིམ་མིན་སྦྱིན་ཞིང་རིམ་པ་སྦྱང༌། །གཟའ་ལྷག་དལ་བ་དག་པའོ། །མྱུར་ལ་དེ་ཉིད་གནས་གཉིས་གཞག །གཅིག་གིས་ལོངས་སྤྱོད་ངེས་པར་སྦྱང༌། །རིམ་དང་རིམ་མིན་རྣམ་པར་དཔྱད། །ལྷག་མའི་སྐར་མས་མྱུར་རྐང་གཟུང༌། །དང་པོར་རྒྱལ་པོ་མི་བདག་ཚེས། །མ་ནུར་འདོད་པ་དྲག་པོ་རི། །མདའ་མཁའ་ཕྱི་མར་རིག་བྱེད་དྲག །ཉི་ཤུ་ཉེར་བརྒྱད་སུམ་ཅུ་བཞི། །རྐང་པ་སྟོང་པར་ཐིག་ལེ་དང༌། །གཟུགས་ལ་རྒྱལ་པོ་མིག་ལ་སོ། །རྩེ་མོ་ཅན་ལ་བཞི་བཅུ་བདུན། །ཆུ་ལ་ཟླ་དུས་མདའ་ཆུ་རི། །དུས་ལ་མདའ་ནོར་རིར་མིག་སྲིན། །ནོར་དང་སྲིན་པོར་རི་བུག་གོ །ཕྱོགས་ལ་མེ་བུག་དྲག་མིག་ཀླུ། །ཉི་མར་མིག་དུས་འདོད་མཚོ་མེ། །ཡང་དག་རྒྱུ་བས་ཆུ་ཚོད་བསྒྱུར། །མཁའ་རོས་ཐོབ་པ་དེ་རྩར་གཞག །ལྷག་མ་ཆུ་སྲང་འོག་མ་ནི། །རོས་བསྒྱུར་དབུགས་བསྲེ་རྙེད་པ་དབུགས། །སྔ་མར་སྦྱིན་ཞིང་ཕྱི་མར་སྦྱང༌། །དེ་ཡིས་དལ་བ་ཅིག་ཤོས་ལ། །རིམ་མིན་བུ་ལོན་རིམ་པ་ནོར། །གཟའ་ལྷག་མྱུར་བའི་ངེས་པའོ། །ཕུར་བུའི་དོན་དུ་གསལ་ཞག་ལ། །སྲིན་པོ་དུས་དང་དྲག་པོ་བསྲེ། །སོ་མེ་རྒྱ་མཚོས་རྙེད་པ་དོར། །ལྷག་མ་རིམ་བཞིན་འཁོར་ལོ་དང༌། །མཁའ་རོ་མཁའ་རོ་རོས་བསྒྱུར་ནས། །འཁོར་ལོས་རྙེད་པ་རྒྱུ་སྐར་དང༌། །ཆུ་ཚོད་དང་ནི་ཆུ་སྔར་དབུགས། །ཕུར་བུའི་ལོངས་སྤྱོད་ངེས་པའོ། །དེ་ཉིད་གནས་གཉིས་ཅིག་ཤོས་ལ། །སྐར་མའི་གནས་ནས་ཉི་མས་སྦྱང༌། །འདིར་ཡང་རིམ་དང་རིམ་མིན་དཔྱད། །སྐར་གནས་དྲུག་ཅུས་བསྒྱུར་ལ་བསྲེ། །མདའ་ཡོན་ཟླས་རྙེད་དལ་རྐང་གཟུང༌། །སྔ་མར་དྲག་པོ་བུ་ག་མེ། །ཕྱི་མ་ལ་ནི་དེ་ལས་བཟློག །སྟོང་པར་ཐིག་ལེ་གཟུགས་མདར་དྲག །མིག་མཚོར་ཉི་ཤུ་མེར་མེ་ལག །ཡང་དག་རྒྱུ་བས་ལྷག་མ་བསྒྱུར། །མདའ་ཡོན་ཟླས་རྙེད་དེ་རྩར་གཞག །ལྷག་མ་དྲུག་ཅུས་བསྒྱུར་ལ་བསྲེ། །རྙེད་པ་ཆུ་སྲང་ལྷག་མ་ནི། །རོས་བསྒྱུར་དབུགས་བསྲེ་རྙེད་པ་དབུགས། །མཚམས་མ་འདས་སྦྱིན་འདས་ན་སྦྱང༌། །དེ་ཡིས་ལོངས་སྤྱོད་ཅིག་ཤོས་ལ། །རིམ་མིན་སྦྱིན་ཞིང་རིམ་པ་སྦྱང༌། །ཕུར་བུའི་དལ་བ་དག་པའོ། །མྱུར་ལ་དེ་ཉིད་གནས་གཉིས་གཞག །གཅིག་གིས་མ་དག་ཉི་མར་སྦྱང༌། །འདིར་ཡང་རིམ་དང་རིམ་མིན་དཔྱད། །སྦྱངས་ལྷག་སྐར་མས་མྱུར་རྐང་གཟུང༌། །སྔ་མར་ཕྱོགས་བཅུ་བུ་ག་ནོར། །དུས་རོ་མིག་ཟླ་ཕྱི་མར་ནི། །མེ་རོ་སྲིན་དྲག་རྒྱལ་པོ་རི། །སྟོང་པར་ཐིག་ལེ་གཟུགས་ལ་ཕྱོགས། །ཕྱོགས་ལ་ཉི་ཤུ་མེར་སྲིན་མིག །ཆུ་ལ་རི་མེ་མདར་མེ་ཆུ། །དུས་ལ་སྲིན་མཚོ་རིར་ཟླ་མདའ། །ནོར་ལ་མིག་དབང་སྲིན་བུག་ཆུ། །ཕྱོགས་ལ་མེ་མཚོ་དྲག་ཆུ་མེ། །ཉི་མར་མེ་མིག་འདོད་པར་རི། །ཡང་དག་རྒྱུ་བས་ལྷག་མ་བསྒྱུར། །མཁའ་རོས་ཐོབ་པ་དེ་རྩར་གཞག །ལྷག་མ་ཆུ་སྲང་འོག་མ་ནི། །རོས་བསྒྱུར་དབུགས་བསྲེ་རྙེད་པ་དབུགས། །སྔ་མར་སྦྱིན་ཞིང་ཕྱི་མར་སྦྱང༌། །དེ་ཡིས་དལ་བ་ཅིག་ཤོས་ལ། །རིམ་མིན་བུ་ལོན་རིམ་པ་ནོར། །ཕུར་བུ་མྱུར་བའི་ངེས་པའོ། །པ་སངས་སྤྱི་ཉི་ཕྱོགས་ཀྱིས་བསྒྱུར། །དེ་ལ་མེ་དུས་རི་བོ་བསྲེ། །རི་རྒྱལ་མིག་གིས་རྙེད་པ་དོར། །ལྷག་མ་རིམ་བཞིན་འཁོར་ལོ་དང༌། །མཁའ་རོ་མཁའ་རོ་རོས་བསྒྱུར་ནས། །འཁོར་ལོས་རྙེད་པ་རྒྱུ་སྐར་དང༌། །ཆུ་ཚོད་དང་ནི་ཆུ་སྲང་དབུགས། །དཀར་པོའི་ལོངས་སྤྱོད་ངེས་པའོ། །དལ་བའི་དོན་དུ་མ་དག་པའི། །ཉི་མ་གནས་གཉིས་ཅིག་ཤོས་ལ། །སྐར་མའི་གནས་ནས་དུས་ཀྱིས་སྦྱང༌། །འདིར་ཡང་རིམ་དང་རིམ་མིན་དཔྱད། །སྐར་གནས་དྲུག་ཅུས་བསྒྱུར་ལ་བསྲེ། །མདའ་ཡོན་ཟླས་རྙེད་དལ་རྐང་གཟུང༌། །སྔ་མར་མདའ་དང་རིག་བྱེད་ཟླ། །ཕྱི་མ་ལ་ནི་དེ་ལས་བཟློག །སྟོང་པར་ཐིག་ལེ་གཟུགས་མདར་ལྔ། །མིག་མཚོར་སྲིན་པོ་མེ་ལ་ཕྱོགས། །ཡང་དག་རྒྱུ་བས་ལྷག་མ་བསྒྱུར། །མདའ་ཡོན་ཟླས་རྙེད་དེ་རྩར་གཞག །ལྷག་མ་དྲུག་ཅུས་བསྒྱུར་ལ་བསྲེ། །རྙེད་པ་ཆུ་སྲང་ལྷག་མ་ནི། །རོས་བསྒྱུར་དབུགས་བསྲེ་རྙེད་པ་དབུགས། །རྐང་པའི་མཚམས་མ་འདས་ན་སྦྱིན། །འདས་ན་རིམ་བཞིན་སྦྱང་བར་བྱ། །དེ་ཡིས་དལ་བ་ཅིག་ཤོས་ལ། །རིམ་མིན་སྦྱིན་ཞིང་རིམ་པ་སྦྱང༌། །པ་སངས་དལ་བ་དག་པའོ། །མྱུར་ལ་དེ་ཉིད་གནས་གཉིས་གཞག །གཅིག་གིས་ལོངས་སྤྱོད་ངེས་པར་སྦྱང༌། །འདིར་ཡང་རིམ་དང་རིམ་མིན་དཔྱད། །ལྷག་མའི་སྐར་མས་མྱུར་རྐང་ཟུང༌། །སྔ་མར་དེ་ཉིད་གནས་གསུམ་དང༌། །རྒྱལ་བ་གནས་གཉིས་མིག་ལག་གཉིས། །ཁམས་ཚེས་གདེངས་ཅན་ཕྱི་མ་ལ། །དུས་དང་མཁའ་མེ་དགུ་བཅུ་དགུ། །ཐ་མར་མེ་དང་རི་བོའོ། །སྟོང་པར་ཐིག་ལེ་གཟུགས་དེ་ཉིད། །མིག་ལ་མཁའ་མདའ་མེ་མདར་རི། །ཆུ་ལ་སྲིན་བུག་མདར་མེ་ཉི། །དུས་ལ་དབང་པོ་མ་ནུ་དང༌། །ཐུབ་པར་རི་དང་རྒྱལ་པོ་སྟེ། །ཀླུ་ལ་དབང་པོ་དང་ནི་ཁམས། །སྲིན་པོར་ནམ་མཁའ་མཁའ་དང་མིག །ཕྱོགས་ལ་ཀླུ་དང་ནམ་མཁའ་ལག །དྲག་པོར་མིག་དང་ནམ་མཁའ་ཟུང༌། །ཉི་མར་ལག་པ་རི་བོ་གཟུགས། །འདོད་པར་མེ་དང་ཐུབ་པའོ། །ཡང་དག་རྒྱུ་བས་ཆུ་ཚོད་བསྒྱུར། །མཁའ་རོས་ཐོབ་པ་དེ་རྩར་གཞག །ལྷག་མ་ཆུ་སྲང་འོག་མ་ནི། །རོས་བསྒྱུར་དབུགས་བསྲེ་རྙེད་པ་དབུགས། །སྔ་མར་སྦྱིན་ཞིང་ཕྱི་མར་སྦྱང༌། །དེ་ཡི་དལ་བ་ཅིག་ཤོས་ལ། །རིམ་མིན་བུ་ལོན་རིམ་པ་ནོར། །པ་སངས་མྱུར་པའི་ངེས་པའོ། །སྤེན་པའི་དོན་དུ་གསལ་ཞག་ལ། །མདའ་དང་རི་བོ་མཁའ་མིག་སྦྱིན། །དུས་རོ་རི་མཁའ་ཟླ་རྙེད་དོར། །ལྷག་མ་རིམ་བཞིན་འཁོར་ལོ་དང༌། །མཁའ་རོ་མཁའ་རོ་རོས་བསྒྱུར་ནས། །འཁོར་ལོས་རྙེད་པ་རྒྱུ་སྐར་དང༌། །ཆུ་ཚོད་དང་ནི་ཆུ་སྲང་དབུགས། །སྤེན་པའི་ལོངས་སྤྱོད་ངེས་པའོ། །དེ་ཉིད་གནས་གཉིས་ཅིག་ཤོས་ཀྱི། །སྐར་མར་ནོར་ཟླས་སྦྱང་བར་བྱ། །འདིར་ཡང་རིམ་དང་རིམ་མིན་དཔྱད། །སྐར་གནས་དྲུག་ཅུས་བསྒྱུར་ལ་བསྲེ། །མདའ་ཡོན་ཟླས་རྙེད་དལ་རྐང་གཟུང༌། །སྔ་མར་མིག་ལག་ཚེས་དང་རོ། །ཕྱི་མ་ལ་ནི་དེ་ལས་བཟློག །རྐང་པ་སྟོང་པར་ཐིག་ལེ་དང༌། །གཟུགས་དང་མདའ་ལ་ཉི་ཤུ་གཉིས། །མིག་དང་ཆུ་ལ་རི་མེ་སྟེ། །མེ་ལ་བཞི་བཅུ་རྩ་གསུམ་མོ། །ཡང་དག་རྒྱུ་བས་ལྷག་མ་བསྒྱུར། །མདའ་ཡོན་ཟླས་རྙེད་དེ་རྩར་གཞག །ལྷག་མ་དྲུག་ཅུས་བསྒྱུར་ལ་བསྲེ། །རྙེད་པ་ཆུ་སྲང་ལྷག་མ་ནི། །རོས་བསྒྱུར་དབུགས་བསྲེ་རྙེད་པ་དབུགས། །མཚམས་མ་འདས་སྦྱིན་འདས་ན་སྦྱང༌། །དེ་ཡིས་ལོངས་སྤྱོད་ཅིག་ཤོས་ལ། །རིམ་མིན་སྦྱིན་ཞིང་རིམ་པ་སྦྱང༌། །སྤེན་པའི་དལ་བ་དག་པའོ། །མྱུར་བ་དེ་ཉིད་གནས་གཉིས་གཞག །གཅིག་གིས་མ་དག་ཉི་མར་སྦྱང༌། །འདིར་ཡང་རིམ་དང་རིམ་མིན་དཔྱད། །སྦྱང་ལྷག་སྐར་མས་མྱུར་རྐང་གཟུང༌། །སྔ་མར་དུས་དབང་མདའ་ཆུ་མཚོ། །མིག་ལག་ནམ་མཁའ་ཕྱི་མར་ནི། །མིག་མཚོ་མདའ་དུས་ནོར་མེའོ། །སྟོང་པར་ཐིག་ལེ་གཟུགས་ལ་རོ། །མིག་ལ་དྲག་པོ་མེར་མི་བདག །ཆུ་ལ་མཁའ་མིག་མདར་རྒྱལ་བ། །རོ་ལ་དུས་དང་མིག་ཡིན་ཏེ། །རི་དང་ཀླུ་ལ་གདེངས་ཅན་ལག །སྲིན་པོ་ལ་ནི་དུས་དང་མིག །དེ་བཞིན་ཕྱོགས་ལ་མིག་དང་ཟུང༌། །དྲག་པོར་རི་ཟླ་ཉི་མར་དྲག །འདོད་པ་ལ་ནི་རྩེ་མོ་ཅན། །ཡང་དག་རྒྱུ་བས་ལྷག་མ་བསྒྱུར། །མཁའ་རོས་ཐོབ་པ་དེ་རྩར་གཞག །ལྷག་མ་ཆུ་སྲང་འོག་མ་ནི། །རོས་བསྒྱུར་དབུགས་བསྲེ་རྙེད་པ་དབུགས། །སྔ་མར་སྦྱིན་ཞིང་ཕྱི་མར་སྦྱང༌། །དེ་ཡིས་དལ་བ་ཅིག་ཤོས་ལ། །རིམ་མིན་བུ་ལོན་རིམ་པ་ནོར། །སྤེན་པ་མྱུར་བའི་ངེས་པའོ། །ཉི་མ་དལ་བའི་འགྲོས་ཀྱིས་ཏེ། །ཟླ་བ་རྟག་པར་མྱུར་བར་རྒྱུ། །སྒྲ་གཅན་རྐང་པ་མེད་པ་ཡི། །འགྲོས་ཀྱིས་གཡས་སྐོར་རྒྱུ་བར་བྱེད། །གཟའ་གཞན་དལ་མྱུར་དྲང་བ་དང༌། །འཁྱོག་པོའི་འགྲོས་བཞིས་རྒྱུ་བ་སྟེ། །འདི་ཡི་ཚུལ་ཡང་གཞུང་གཞན་དང༌། །མན་ངག་ལས་ནི་ཡོངས་ཤེས་བྱ། །དེ་ལྟར་ཚིག་ཉུང་ཚིགས་ཆུང་བའི། །རྩིས་ཀྱི་གཙུག་ལག་བརྗོད་པ་ལས། །བདག་བློའི་ནོངས་པ་གང་མཆིས་པ། །དམ་པ་རྣམས་ཀྱིས་བཟོད་པར་དགོངས། །དེ་ལས་དགེ་བ་གང་བསྐྲུན་པ། །དེ་ཡིས་ལུས་ཅན་ཐམས་ཅད་ཀྱིས། །སྒྲིབ་མེད་ཀུན་ཏུ་གཟིགས་པ་ཡི། །སངས་རྒྱས་སྤྱན་ནི་ཐོབ་པར་ཤོག །དཔལ་དུས་ཀྱི་འཁོར་ལོའི་རྩིས་དུས་གསལ་བའི་སྒྲོན་མེ་ཞེས་བྱ་བ། བླ་མ་དགེ་བའི་བཤེས་གཉེན་གློ་བོ་ལོ་ཙཱ་བའི་བཀས་བསྐུལ་ནས། དགེ་སློང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་འཕགས་པའི་ཡུལ་དུ་རབ་བྱུང་དུ་གྲགས་ཤིང༌། རྒྱ་ནག་པོའི་ལུགས་ཀྱི་མེ་མོ་ཡོས་བུའི་ལོ་དཔྱིད་ཟླ་འབྲིང་པོའི་ཡར་ངོ་ལ། དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*