བསམ་གཏན་ཤེས་རབ་ཀྱི་དྲིས་ལན།

༼བ༽

༄༅། །བསམ་གཏན་ཤེས་རབ་ཀྱི་དྲིས་ལན་བཞུགས།།

༄༅། །བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མཁྱེན་པའི་དཀྱིལ་འཁོར་ལེགས་བཤད་འོད་ཟེར་ཅན། །ཆོས་རྗེ་ཆོས་ཀྱི་ཉི་མ་ལ་བཏུད་དེ། །གང་གིས་དྲི་བ་བྱས་པ་དེ་ཡི་ལན། །མདོ་ཙམ་བཤད་པ་འདི་ལ་གུས་པས་ཉོན། །ཐེག་པ་གསུམ་དང་སྡེ་སྣོད་གསུམ་རྣམ་པར་ཐར་པའི་སྒོ་གསུམ་དུ་བསྡུས་ཏེ་ཉམས་སུ་ལེན་པའི་ཚུལ་ཇི་ལྟར་ལགས་ཞེས་ཟེར་བ་ལ། ཐོག་མར་ཐེག་པ་གསུམ་ངོས་གཟུང་ན་ཐུན་མོང་དུ་གྲགས་པ་དང༌། ཐུན་མོང་མ་ཡིན་པར་གྲགས་པ་གཉིས་ཡོད། ཐུན་མོང་དུ་གྲགས་པ། ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་དང༌། ཐེག་པ་ཆེན་པོའོ། །ཐུན་མོང་མ་ཡིན་པ་ལ་གྲགས་པ་ནི། ཐེག་པ་ཆུང་ངུ༌། ཐེག་པ་ཆེན་པོ། རྡོ་རྗེ་ཐེག་པ་གསུམ་ཡིན། སྡེ་སྣོད་གསུམ་ནི། འདུལ་བ། མདོ་སྡེ། མངོན་པ་གསུམ་ཡིན། དེ་ལ་འདིའི་སྐབས་སུ་བབ་པ། ཐུན་མོང་མ་ཡིན་པའི་ཐེག་པ་གསུམ་ཅིག་ཅར་ཉམས་སུ་ལེན་པའི་ཚུལ་ནི། སྤྱིར་སྡིག་ཏོ་མི་དགེ་བའི་ཕྱོགས་ཙམ་ལ་ལྡོག་པ་ཐེག་པ་ཆུང་ངུའི་ཉམས་ལེན་ཐམས་ཅད་འདུ་བ་ཡིན་ལ། གཞན་གྱི་དོན་གཙོ་བོར་གྱུར་པས་དགེ་བའི་རྩ་བ་ཐམས་ཅད་བསྒྲུབ་པ་ལ་ནན་ཏན་དུ་བྱེད་པ་ཐེག་པ་ཆེན་པོའི་ཉམས་ལེན་ཐམས་ཅད་འདུ་ཞིང་རང་གི་ལུས་ངག་ཡིད་གསུམ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་དམ་ཚིག་ཏུ་བྱིན་གྱིས་རློབ་པ་ལ་ནན་ཏན་དུ་བྱེད་པར་རྡོ་རྗེ་ཐེག་པའི་ཉམས་ལེན་ཐམས་ཅད་འདུ་བས། ཏིང་ངེ་འཛིན་རེ་རེའམ། ཆོ་ག་རེ་རེ་ལའང༌། གསུམ་ལྡན་དུ་ཉམས་སུ་བླངས་པས་ཐེག་པ་གསུམ་ཅིག་ཅར་ཉམས་སུ་བླང་བར་འགྱུར་བ་ཡིན། སྡེ་སྣོད་གསུམ་ཅིག་ཅར་ཉམས་སུ་ལེན་པའི་ཚུལ་ཡང་དེ་ཉིད་དུ་འདུ་མོད་ཀྱི། །འོན་ཀྱང་འདིར་དམིགས་ཀྱིས་བསལ་བ་ཅུང་ཟད་ལོགས་སུ་བརྗོད་ན། ཚུལ་ཁྲིམས་ཀྱི་ཚོགས་ཀྱིས་ལུས་བསྡམས་ནས་ཉོན་མོངས་པའི་ཀུན་ནས་ལྡང་བ་མངོན་དུ་རྒྱུ་འདུལ་བ་ནི། འདུལ་བ་ཉམས་སུ་ལེན་པའི་ཚུལ་ཡིན་ཞིང༌། བསྒོམ་པར་བྱ་བ་དང༌། ཉམས་སུ་བླང་བར་བྱ་བའི་གདམས་པ་དང༌། རྗེས་སུ་གདམས་པའི་ཚིག་ཐོས་པས་དེ་གཞན་ལ་སྟོན་པའི་ངག་ཡོངས་སུ་དག་ཅིང༌། དོན་སེམས་ལ་ངེས་པས། མཐའ་གཞན་དུ་རྟོག་པ་དང༌། ཐེ་ཚོམ་དང་བྲལ་བའི་ཚུལ་ལ་ནན་ཏན་དུ་བྱེད་པ། མངོན་པ་ཉམས་སུ་ལེན་པའི་ཚུལ་ཡིན་ལ། དེ་ལྟར་ངེས་པའི་ཕྱི་ནང་གི་དམིགས་པ་ལ་ཡིད་རྩེ་གཅིག་ཏུ་མཉམ་པར་བཞག་པས་ཞི་གནས་བསྐྱེད་དེ། ཏིང་ངེ་འཛིན་གྱི་ཚོགས་ཀྱིས་ཡིད་ཡོངས་སུ་དག་པར་བྱེད་པ་ལ་ནན་ཏན་དུ་བྱེད་པ་ནི། མདོ་སྡེ་ཉམས་སུ་ལེན་པའི་ཚུལ་ཡིན་ནོ། །དེ་དག་རྣམ་པར་ཐར་པའི་སྒོ་གསུམ་དུ་དུས་ཏེ་ཉམས་སུ་ལེན་པའི་ཚུལ་ནི། གོང་དུ་བསྟན་པའི་དམིགས་པའི་ཆོས་ཐམས་ཅད་དང༌། གཞི་ཕུང་པོ་ཁམས་དང༌། སྐྱེ་མཆེད་བདེན་པས་སྟོང་པར་ཤེས་པ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། བསྒོམ་པ་དང༌། ལམ་ལ་མཚན་མར་མི་ལྟ་བ། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་དང༌། ཉམས་སུ་མྱོང་བ་དང༌། འབྲས་བུ་ངོ་བོ་ཉིད་མེད་པར་ཤེས་པས་སྨོན་པར་མི་བྱེད་པ་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་སྟེ། དགེ་བའི་ཆོས་ཐམས་ཅད། དེ་ལྟར་ཉམས་སུ་ལེན་པ་ནི། རྣམ་པར་ཐར་པའི་སྒོ་གསུམ་གྱིས་བསྡུས་ཏེ་ཉམས་སུ་ལེན་པ་ཡིན་ནོ། །ཐེག་པ་གསུམ་དང་སྡེ་སྣོད་གསུམ། །རྣམ་པར་ཐར་པའི་སྒོ་གསུམ་པོ། །བསྡུས་ནས་ཉམས་ས་ལེན་པའི་ཚུལ། །འདི་ལ་ཁྱེད་ཡིད་དགའ་བར་གྱིས། །ཆོས་ཚུལ་འདི་ལ་རབ་འདུན་པ། །བསམ་གཏན་ཤེས་རབ་ཀྱིས་བསྐུལ་ནས། །དགེ་སློང་འཕགས་པ་ཞེས་བྱས་སྦྱར། །དགེ་དེས་འགྲོ་ཀུན་བདེ་ལེགས་ཤོག །མེ་མོ་ཡོས་བུའི་ལོ་སྨིན་དྲུག་གི་ཟླ་བའི་ཚེས་བཅོ་ལྔའི་ཉིན་པར་འདམ་དུ་བྲིས་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*