ཐེག་པའི་རྣམ་དབྱེ་བསྡུས་པ།

༼བ༽

༄༅། །ཐེག་པའི་རྣམ་དབྱེ་བསྡུས་པ་བཞུགས།།

༄༅། །ཐེག་པའི་རྣམ་པར་དབྱེ་བ་ཞེས་བྱ་བ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ཀྱི་གཞིར་བརྟེན་ནས། །རྡོ་རྗེ་ཐེག་པའི་ཐབས་ཚུལ་གྱིས། །བླ་མེད་གོ་འཕང་ལེགས་བརྙེས་པ། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ལོ། །ཐེག་པ་རྣམས་ཀྱི་ཁྱད་པར་ནི། །ཤེས་ནས་ཇི་བཞིན་རབ་སྤྱད་ནས། །སངས་རྒྱས་གོ་འཕང་ཐོབ་འདོད་པས། །བསྐུལ་བའི་དོན་དུ་འདི་བཤད་དོ། །གནས་སྐབས་ཀྱི་ནི་བདེ་སྡུག་ལ། །བླང་དོར་བྱེད་པ་ཕལ་པ་སྟེ། །དེ་ཡི་དོན་ལ་བླང་དང་དོར། །བྱེད་པ་གྲུབ་མཐར་ཞུགས་པ་ཡིན། །འདུས་བྱས་ཐམས་ཅད་མི་རྟག་ཅིང༌། །ཆོས་རྣམས་ཐམས་ཅད་བདག་མེད་ལ། །ཟག་བཅས་ཐམས་ཅད་སྡུག་བསྔལ་ཞིང༌། །མྱ་ངན་འདས་པ་ཞི་བ་ཞེས། །ཕྱག་རྒྱ་བཞི་པོ་ཁམས་འཆེ་ཞིང༌། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བ། །དེ་ནི་སངས་རྒྱས་པ་ཡིན་ཏེ། །དེ་དང་མི་ལྡན་ཕྱི་རོལ་པའོ། །ངེས་འབྱུང་ཚུལ་ཁྲིམས་གཞིར་བརྟེན་ནས། །བདེན་པ་རྣམ་པ་བཞི་དང་ནི། །རྟེན་འབྲེལ་བཅུ་གཉིས་རྟོགས་ནས་སུ། །འདུ་འཛིའི་ཡུལ་དང་ཡིད་སྤངས་ནས། །རྣམ་པར་དག་པའི་སྤྱོད་པ་དང༌། །ཏིང་འཛིན་ཞི་བའི་ལམ་བརྩོན་པས། །གནས་སྐབས་ཀུན་ནས་ལྡང་བ་ཡི། །ཡིད་ནི་ཉེ་བར་ཞི་གྱུར་པས། །རེ་ཞིག་ཡང་སྲིད་མི་ལེན་པ། །དེ་ནི་ཐེག་པ་ཆུང་ངུ་ཡིན། །ལྟ་བ་བདག་མེད་གཉིས་ལྡན་ཞིང༌། །སྙིང་རྗེ་ཆེན་པོ་ལས་བྱུང་བའི། །སྤྱོད་པ་གཞན་དོན་ཉེར་བསྒྲུབས་ལ། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་པའི། །བསྒོམ་པས་རང་ཡིད་དུལ་བྱས་ནས། །ས་བཅུ་དང་ནི་ལམ་ལྔ་ལ། །བསྐལ་པ་གྲངས་མེད་གསུམ་སོགས་པར། །བརྩོན་པས་ལམ་གྱི་རྒྱུན་གྱི་མཐར། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །སྒྲིབ་པ་བག་ཆགས་བཅས་སྤངས་ནས། །བཅུ་གཅིག་ཀུན་ཏུ་འོད་ཀྱི་ས། །སྒྲུབ་བྱེད་ཕ་རོལ་ཕྱིན་པའི་ཚུལ། །སྔགས་ཀྱི་ཁྱད་པར་གཞག་པ་ནི། །སློབ་དཔོན་ཀྲྀ་པི་ཀ་མ་ལས། །དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་དགོངས་པའང་གསང་སྔགས་པས། །བྱང་ཆུབ་སེམས་དང་སྟོང་ཉིད་དང༌། །སྙིང་རྗེ་ཉིད་ནི་ལམ་གྱི་གཞིར། །དགོངས་པའི་ཕྱིར་ན་དོན་གཅིག་པ། །འོན་ཀྱང་རྣལ་འབྱོར་ཆེན་པོ་ཡིས། །མཚན་ཉིད་ལྡན་པའི་བླ་མ་ལས། །དབང་བཞི་ཡོངས་སུ་རྫོགས་པར་བླང༌། །དེ་ཚེ་དབང་གི་ཡེ་ཤེས་ཀྱིས། །ལྟ་བ་དུག་མེད་རྟོགས་པས་ན། །གཞི་དང་ལྟ་བ་རྟོགས་པའི་ཐབས། །མ་རྨོངས་པ་ཞེས་བྱ་བ་སྟེ། །འདི་ནི་ཁྱད་པར་དང་པོ་ཡིན། །རྒྱ་ཆེན་བསྐྱེད་པའི་རིམ་པ་ཡིས། །ལུས་དང་སྐྱེ་བ་སྦྱོང་བ་དང༌། །སངས་རྒྱས་ཞིང་རྣམས་དག་པ་དང༌། །སེམས་ཅན་ཡོངས་སུ་སྨིན་པར་བྱེད། །ཟབ་མོ་རྫོགས་པའི་རིམ་པ་ཡིས། །སེམས་དང་འཆི་བ་སྦྱོང་བ་དང༌། །ནང་གི་ས་དང་ལམ་བགྲོད་ནས། །ཏིང་འཛིན་ཡེ་ཤེས་མངོན་དུ་བྱེད། །གཞན་ཡང་ཞི་རྒྱས་དབང་དང་ནི། །མངོན་སྤྱོད་སོགས་པའི་ཐབས་མང་པོས། །ཚེ་རིང་བ་དང་ནད་མེད་དང༌། །ཤེས་རབ་རྣམ་པར་སྤེལ་བ་ཡིས། །ལམ་གྱི་ཡན་ལག་རྫོགས་བྱེད་པ། །ཐབས་མང་པ་ཞེས་བརྗོད་པ་ཡིན། །ཇི་ལྟར་སྔགས་ཀྱིས་བྱིན་བརླབས་པས། །དུག་ཀྱང་བདུད་རྩིར་འགྱུར་བ་ལྟར། །ཐབས་ལ་མཁས་པའི་ཁྱད་པར་གྱིས། །ཉོན་མོངས་རྣམས་དང་འདོད་ཡོན་ཀུན། །ཡང་དག་ལམ་དུ་ཡོངས་བསྒྱུར་ནས། །བདེ་བ་ཀུན་ལ་ལོངས་སྤྱོད་པ། །དཀའ་བ་མེད་པའི་ཁྱད་པར་ཡིན། །སྔགས་དང་སྨན་དང་ཏིང་འཛིན་གྱིས། །ཚེ་ཡི་དངོས་གྲུབ་བསྒྲུབས་ནས་ནི། །རིག་འཛིན་ཚེ་དང་ལུས་བཟང་པོས། །ཚོགས་གཉིས་མྱུར་དུ་འདུམ་བྱས་ནས། །ཚེ་འདིར་སངས་རྒྱས་ཐོབ་བྱེད་པས། །དབང་པོ་རྣོན་པོའི་དབང་བྱས་ཞེས། །མྱུར་དུ་འགྲུབ་པའི་ཁྱད་པར་ཡིན། །དེ་དག་གི་ཡང་དོན་བསྡུ་ན། །དབང་བསྐུར་བ་ཡི་གཞིར་བརྟེན་ནས། །རིམ་གཉིས་འཁོར་དང་བཅས་པ་ཡིས། །ས་ནི་བཅུ་གཉིས་རབ་བགྲོད་ནས། །རྡོ་རྗེ་འཛིན་པའི་ས་དགེ་བ། །བཅུ་གསུམ་པ་ནི་ཐོབ་འགྱུར་བ། །འདི་དག་སྔགས་ཀྱི་རྣམ་གཞག་ཡིན། །དེ་ཕྱིར་དབང་བསྐུར་ཤིན་ཏུ་གཅེས། །དད་དང་འདུན་པ་རབ་ལྡན་ཞིང༌། །བསྒྲུབ་པ་སྙིང་པོར་བྱེད་པ་ཡི། །རི་ཁྲོད་བསྟེན་པ་ཚུལ་གཞོན་གྱིས། །གསོལ་བ་བཏབ་ནས་འཕགས་པས་སྦྱར། །དགེ་བས་གསོལ་བ་འདེབས་བྱེད་པས། །གཙོ་བྱས་སེམས་ཅན་ཐམས་ཅད་ཀྱིས། །ཐེག་པ་གཉིས་ཀྱི་ཚུལ་ཞུགས་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཐེག་པ་རྣམ་པར་དབྱེ་བ་མདོར་བསྡུས་པ་འདི་ནི་འཕགས་པས། མེ་ཕོ་བྱི་བའི་ལོ་ཟླ་བ་བདུན་པའི་ཚེས་གཅིག་ལ། མདོ་ཁམས་ཀྱི་སའི་ཆ་ཟླ་སྙིང་མར་མེ་མདོ་ཞེས་བྱ་བར་སྦྱར་བའི་ཡི་གེ་པ་ནི་ཨ་ཙ་ར་ཞེས་བྱ་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*