ཟབ་མོ་སྣང་བའི་རབ་བྱེད།

༼བ༽

༄༅། །ཟབ་མོ་སྣང་བའི་རབ་བྱེད་བཞུགས།།

༄༅། །ཟབ་མོ་སྣང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རྒྱུ་དང་རྐྱེན་ལས་སྐྱེས་དངོས་རྣམས། །རྟེན་འབྲེལ་ཉིད་ཡིན་འཁྲུལ་པའི་གཞི། །ཡིན་ཕྱིར་དེ་ནི་ཀུན་རྫོབ་སྟེ། །དོན་བྱེད་ཕྱིར་ན་བདེན་པའང་དེ། །དེ་ཉིད་བརྟགས་ན་གནས་མེད་པས། །རང་བཞིན་མེད་པའི་རང་བཞིན་ཅན། །དམ་པའི་ཡུལ་ཕྱིར་དོན་དམ་པ། །བསླུ་བ་མེད་ཕྱིར་བདེན་པའང་ཡིན། །དེ་དག་ཆོས་དང་ཆོས་ཉིད་ཕྱིར། །དབྱེ་བ་མེད་མོད་གང་ཟག་གི །བློ་ལ་ལྟོས་ནས་སོ་སོར་གཞག །མ་བརྟགས་བློ་དོན་དབྱེ་བའི་གཞི། །ལས་དང་ཉོན་མོངས་ལས་བྱུང་བའི། །རྟེན་འབྱུང་འཁོར་བའི་ཀུན་རྫོབ་སྟེ། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །རྟེན་འབྱུང་རྣམ་པར་བྱང་བ་ཡིན། །དེ་དག་གཉིས་ཀའི་རང་བཞིན་ཡང༌། །རང་བཞིན་མེད་པར་མཚུངས་ཕྱིར་དང༌། །དེ་དག་བློ་ཡང་མཚུངས་པའི་ཕྱིར། །མཉམ་པ་ཉིད་ཅེས་ཐུབ་པས་གསུངས། །འཁོར་དང་མྱ་ངན་འདས་པ་ལ། །བདེན་པ་གཉིས་སུ་འཇོག་པ་དང༌། །དེ་གཉིས་ཀུན་དུ་གཅིག་པ་དང༌། །ཐ་དད་ཉིད་ཅེས་གང་སྨྲ་བ། །དེ་ཡིས་ཇི་ལྟར་གནས་དོན་དང༌། །ལུང་ཡང་ཇི་བཞིན་རྟོགས་མ་ཡིན། །ཚུལ་འདིས་ཐུབ་པའི་གསུང་གི་གསང༌། །རྣམ་པར་དཔྱད་ནས་ཤེས་བྱ་ལ། །ཀུན་ཏུ་སྤྱོད་ཅིང་མཉམ་འཇོག་པ། །མ་འོངས་པ་ཡི་སངས་རྒྱས་ཡིན། །བྱང་ཆུབ་དཔལ་གྱིས་བྱང་ཆུབ་ལམ། །ཀུན་ཏུ་ཆུབ་པར་བྱ་བའི་ཕྱིར། །ཐེག་ཆེན་དོན་ལ་བློ་གསལ་བ། །བློ་གྲོས་རྒྱལ་མཚན་དཔལ་གྱིས་སྦྱར། །དགེ་དེས་འགྲོ་བ་ཀུན་ཡིད་ལ། །ཟབ་མོའི་དེ་ཉིད་སྣང་བར་ཤོག །ཟབ་མོ་སྣང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ། ཆོས་སྨྲ་བ་བྱང་ཆུབ་དཔལ་ཞེས་བྱ་བས་བསྐུལ་ནས། འཕགས་པས་ཤིང་མོ་བྱི་བའི་ལོ། སྒྲོག་ཁྲུམས་ཀྱི་ཟླ་བའི་ཚེས་ཉི་ཤུ་གཅིག་ལ་མདོ་ཁམས་ཀྱི་སའི་ཆར་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*