བདེན་པ་གཉིས་རྣམ་པར་ངེས་པ།

༼བ༽

༄༅། །བདེན་པ་གཉིས་རྣམ་པར་ངེས་པ་བཞུགས།།

༄༅། །བདེན་པ་གཉིས་རྣམ་པར་ངེས་པ་ཞེས་བྱ་བ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཀུན་རྫོབ་དང་ནི་དམ་པའི་དོན། །ཇི་སྙེད་པ་དང་ཇི་བཞིན་དུ། །ཐུགས་སུ་ཆུད་ནས་བརྩེ་བ་ཡིས། །འགྲོ་ལ་སྟོན་མཛད་དེ་ལ་འདུད། །ཆོས་རྣམས་ཀུན་ཞེས་བྱ་བ་ནི། །ཕུང་པོ་ལྔ་པོ་འདི་དག་སྟེ། །སྣང་ཕྱིར་འཇིག་ཕྱིར་རེས་འགའི་ཕྱིར། །མེད་དང་རྟག་དང་རྒྱུ་མེད་མིན། །དེ་ཕྱིར་དེ་དག་རྒྱུ་རྐྱེན་ལ། །བརྟེན་ནས་འབྲེལ་བར་འབྱུང་བའི་ཕྱིར། །རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན། །བརྟགས་ན་འཇིག་ཕྱིར་ཀུན་རྫོབ་སྟེ། །མ་བརྟགས་པ་ཡི་བློ་ལ་དོན། །བྱེད་པར་སྣང་ཕྱིར་བདེན་པ་ཡིན། །ཕྱོགས་དང་དུས་ཀྱིས་ཕྱེ་ན་དེ། །གཅིག་མིན་རྩོམ་པོ་མེད་པ་ཡི། །དུ་མ་མིན་ཞིང་དེ་བས་ན། །ཡོད་མིན་ཟླ་གྲངས་མེད་པའི་ཕྱིར། །མེད་མིན་འགལ་ཕྱིར་གཉིས་ཀ་མིན། །སྒྲུབ་བྱེད་མེད་ཕྱིར་གཉིས་མིན་མིན། །དེ་ཕྱིར་བརྟགས་ན་གནས་མེད་པ། །འདི་ཉིད་དེ་ཡི་རང་བཞིན་ཏེ། །གནོད་པ་མེད་ཕྱིར་དམ་པའི་དོན། །བསླུ་བ་མེད་ཕྱིར་བདེན་པའོ། །དེ་ལྟར་བདེན་གཉིས་རྣམ་ཕྱེ་ནས། །གཉིས་སུ་མེད་པར་བསྟན་པ་འདི། །ཐུབ་པའི་གསུང་གི་སྙིང་པོ་ཡིན། །ཚུལ་འདི་ཆོས་ཀུན་རྣམ་དཔྱད་བྱ། །ཟབ་མོའི་དོན་ལ་རབ་འདུན་པའི། །བློ་གྲོས་དཔལ་གྱིས་གསོལ་བཏབ་ནས། །བློ་གྲོས་རྒྱལ་མཚན་དཔལ་གྱིས་སྦྱར། །འདི་དོན་འགྲོ་བས་རྟོགས་གྱུར་ཅིག །ཆུ་མོ་ཕག་གི་དབྱར་ཐ་ཆུངས་ཚེས་བཅུ་བཞིའི་ཉིན་པར་ཁའི་ཕིང་ཧུར་བྲིས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*