༼བ༽
༄༅། །ཕྱག་ཆེན་ཉམས་ལེན་བཞུགས།།
༄༅། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད། །ཆོས་རྣམས་ཀུན་གྱི་དེ་ཁོ་ན། །འཁོར་འདས་ཀུན་ལ་རྒྱས་འདེབས་པ། །ཕྱག་རྒྱ་ཆེན་པོ་ཞེས་སུ་བཤད། །བདག་དང་རྡུལ་དང་རྣམ་རིག་པ། །སྟོང་པར་ལྟ་བ་ལ་སོགས་པ། །མཚན་མར་འཛིན་པ་ཀུན་སྤངས་ཏེ། །དམིགས་མེད་ངང་ལ་ལྷུག་པར་གཞག །དེ་ལས་ཉམས་མྱོང་གང་སྐྱེས་ཀྱང༌། །དགའ་དང་ཞུམ་པར་མི་བྱ་སྟེ། །བླང་བ་དང་ནི་དོར་བའི་བློ། །ཐམས་ཅད་འདིར་ནི་སྤང་བར་བྱ། །ཏིང་འཛིན་དེ་ལ་མཉམ་གཞག་ནས། །འགྲོ་འཆག་ཉལ་དང་འདུག་པ་ཡི། །རྗེས་ཀྱི་སྤྱོད་པ་ཐམས་ཅད་ཀུན། །སྒྱུ་མ་ལྟ་བུའི་ཚུལ་གྱིས་སྤྱད། །ཆོས་ཉིད་དང་ནས་འགྲོ་ཀུན་ལ། །ཚད་མེད་སྙིང་རྗེ་བསྒོམ་བྱ་ཞིང༌། །བདག་ལ་ཆགས་པ་མེད་པའི་བློས། །ཇི་ལྟར་ནུས་པའི་གཞན་དོན་བསྒྲུབ། །ཅི་འབྱོར་པ་ཡིས་དཀོན་མཆོག་མཆོད། །ལྷ་དང་སྔགས་ཀྱི་བཟླས་པ་སོགས། །དགག་པར་བྱ་བ་མ་ཡིན་ཏེ། །ཐམས་ཅད་ཡེ་ཤེས་ཆེན་པོ་དང༌། །འགལ་བ་མེད་པར་འགྲུབ་པའི་ཕྱིར། །ཐབས་དང་བྲལ་བའི་སྟོང་ཉིད་ནི། །ཡོན་ཏན་མ་ལུས་ཀུན་གྱི་དགྲ། །སྟོང་ཉིད་བྲལ་བའི་ཐབས་ཀྱིས་ཀྱང༌། །གྲོལ་བར་བྱེད་པ་མ་ཡིན་ནོ། །རིག་སྟོང་ཟུང་དུ་འཇུག་པའི་སེམས། །ཐབས་ཤེས་ཟུང་འཇུག་ལམ་གྱིས་ནི། །སྐུ་གཉིས་ཟུང་འཇུག་ཐོབ་བྱེད་པ། །ཐེག་ཆེན་མ་ལུས་འདིར་འདུས་སོ། །བསོད་ནམས་ཡེ་ཤེས་འཁོར་ལོ་ཟུང༌། །ཐབས་མཁས་སྲོག་ཤིང་གིས་སྦྲེལ་ཏེ། །སྨོན་ལམ་རྟ་མཆོག་གིས་དྲངས་ནས། །ཀུན་མཁྱེན་གྲོང་དུ་འཇུག་བྱེད་ཡིན། །ཕྱག་རྒྱ་ཆེན་པོ་ཉམས་སུ་ལེན་པའི་མན་ངག་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཆེན་པོའི་ཞབས་རྡུལ་སྤྱི་བོས་ལེན་པ། འཕགས་པས་རི་བོ་རྩེ་ལྔར་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.