རིག་པར་སྨྲ་བ་གྲགས་བཟང་ལ་སྤྲིང་བ།

༼བ༽

༄༅། །རིགས་པར་སྨྲ་བ་གྲགས་བཟང་ལ་སྤྲིང་བ་བཞུགས།།

༄༅། །རིགས་པར་སྨྲ་བ་གྲགས་བཟང་ལ་སྤྲིང་བ། གང་ལ་བློ་དང་ངེས་པ་ཕུན་ཚོགས་ཤིང༌། །འཆད་རྩོད་རྩོམ་པའི་དཔལ་གྱི་བཟོ་ཡོད་ཀྱང༌། །རྒྱུ་འབྲས་ལས་ལ་འཛེམ་པའི་ཡིད་དང་ནི། །ངོ་ཚ་ཁྲེལ་ཡོད་གཉེན་པོ་དང་བྲལ་ན། །ཡོན་ཏན་དེ་དག་སྐྱོན་གྱི་དཔུང་གྱུར་ནས། །འདིར་ནི་མཆོག་དམན་ཀུན་གྱི་སྨད་འགྱུར་ཞིང༌། །ཕྱི་མར་བརྣག་དཀའི་སྡུག་བསྔལ་མྱོང་འགྱུར་བ། །ཤེས་རབ་གསལ་བ་ཁྱོད་ཀྱི་ཅིས་མི་ཤེས། །འདི་འདྲ་ཤེས་ཤིང་ཤེས་པ་ཇི་བཞིན་དུ། །བློ་རྩེ་ལྡན་པ་གཞན་གྱིས་འདོམས་བྱས་ཀྱང༌། །ད་དུང་དྭང་དུ་མི་ལེན་སླར་ཞིང་དུ། །མྱོས་པས་མྱོས་ལ་གཞན་གྱིས་ཅི་བྱར་ཡོད། །ད་དུང་ཐུབ་ལ་སྟོན་པའི་འདུ་ཤེས་དང༌། །ཁོ་བོ་ལ་ཡང་བླ་མར་སེམས་བྱེད་ན། །དུག་ལ་དུག་ཏུ་ཤེས་ནས་སྤང་བ་དང༌། །ཉེ་བར་གདམས་པའི་བདུད་རྩིའང་བཏུང་བགྱིས་དང༌། །ཐུབ་པ་ཚངས་པར་གྱུར་པས་མྱོང་བྱེད་ཅིང༌། །དབང་སྒྱུར་རྒྱལ་པོ་དང་ནི་བྲན་བཟང་ལ། །ཟླ་བ་ཇི་བཞིན་ཁྱོད་ལ་བདག་འགྱུར་རོ། །དེས་ནི་ཕུན་སུམ་ཚོགས་ཀྱང་ཕུན་ཚོགས་ཉིད། །ཁྱོད་འདྲའི་དཔལ་མི་འགྱུར་བ་དེ་བས་ན། །དྲང་སྲོང་གནས་སུ་དྲང་པོའི་འཇུག་ཚུལ་ལེགས། །དང་པོའི་ལས་པས་གཞན་སེམས་བསྲུངས་པ་བས། །བདག་སེམས་བསྲུངས་ན་བདག་གཞན་ཐམས་ཅད་ཀྱི། །སེམས་བསྲུང་འགྱུར་ཞིང་དེ་ལ་དཔལ་ཀུན་ཡང༌། །འདུ་བར་འགྱུར་ཞེས་མཁས་རྣམས་མཐུན་པར་སྨྲ། །འདི་ནི་ཡི་གེ་ཐེངས་པའི་ཐེང་ཡིག་སྟེ། །འདི་ཉིད་ཡི་གེའི་རྟེན་གྱི་མཆོག་ཀྱང་ཡིན། །ཉེས་པའི་ནད་སེལ་བཀྲུ་སྨན་དམ་པ་དང༌། །དགེ་བའི་ལུས་ཟུངས་འཕེལ་བྱེད་སྨན་ཡང་འདི། །འདི་ནི་ཞེ་སྡང་གཉེན་པོའི་ནོར་ཟླ་ཡིན། །ཟླ་བ་མིག་གིས་མཐོང་ཚེ་བྲིས་པ་ཡིན།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*