ཡེ་ཤེས་འབུམ་ལ་གདམས་པ་བདུད་རྩིའི་ཐིག་ལེ།

༼བ༽

༄༅། །ཡེ་ཤེས་འབུམ་ལ་གདམས་པ་བདུད་རྩིའི་ཐིག་ལེ་བཞུགས།།

༄༅། །གདམས་པ་བདུད་རྩིའི་ཐིག་ལེ་ཞེས་བྱ་བ། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་རབ་རྒྱས་ཤིང༌། །མཁྱེན་པའི་འོད་ཟེར་ཀུན་ནས་ལེགས་འཕྲོས་པས། །གདུལ་བྱའི་བློ་གྲོས་པད་ཚལ་རྒྱས་བྱེད་པ། །སངས་རྒྱས་སྐྱེ་དགུའི་སྒྲོན་ལ་ཕྱག་འཚལ་ལོ། །དགེ་སློང་འཕགས་པའི་བློ་གྲོས་དགེ་བ་ལས། །བྱུང་བའི་གདམས་པ་བདུད་རྩིའི་ཐིག་ལེ་འདི། །རང་གི་སློབ་མ་བློ་གསལ་དོན་གཉེར་པ། །ཡེ་ཤེས་འབུམ་གྱི་ཡིད་ལ་གཞོལ་གྱུར་གྲང༌། །ཚེ་འདིའི་ལོངས་སྤྱོད་རྨི་ལམ་ཇི་བཞིན་དུ། །གཡོ་ཞིང་མི་བརྟན་ཇི་ལྟར་དཔྱད་ན་ཡང༌། །དྲན་པའི་ཡུལ་དང་འཆིང་བའི་རྒྱུར་འགྱུར་བས། །ཚེ་འདིའི་དཔལ་ལ་བློ་ལྡན་སུ་ཞིག་ཆགས། །སྲིད་པའི་བདེ་བ་གཡན་པ་ཕྲུག་འདྲ་ཞིང༌། །རྒྱུ་དང་ངོ་བོ་འབྲས་བུའི་སྡུག་བསྔལ་གྱིས། །ཀུན་ཏུ་ཁྱབ་ཅིང་ཀུན་ནས་གདུང་བ་ཡི། །སྲིད་པ་འདི་ལ་མཁས་པ་སུ་ཞིག་ཆགས། །སྙིང་རྗེའི་ས་བོན་ཀུན་ནས་སྲེག་བྱེད་པས། །སྟོབས་སོགས་རང་གི་ཡོན་ཏན་འཇོམས་བྱེད་ཅིང༌། །གཞན་གྱི་དོན་ལ་རྟག་ཏུ་རྒྱབ་ཕྱོགས་པ། །མྱ་ངན་འདས་ལ་བརྩེ་ལྡན་སུ་ཞིག་སྨོན། །ཡོད་པ་ལྟ་བས་འཇིག་ཚོགས་ལྟ་འཕེལ་ཞིང༌། །ཆད་པར་ཞེན་པས་དགེ་བ་དྲུང་ནས་འཆད། །གཉི་གར་འཛིན་པས་འཛིན་པ་རྣམ་འཕེལ་བའི། །སྤྲོས་པ་ལ་ནི་བློ་ལྡན་སུ་ཞིག་སྤྲོ། །དེ་ལྟར་ཉམ་ངའི་གནས་བཞི་སྤངས་ནས་ཀྱང༌། །སྣང་བ་མི་འགོག་སྒྱུ་འཕྲུལ་འདྲ་བ་དང༌། །རང་བཞིན་སྐྱེ་མེད་བདེ་བ་ཆེན་པོ་དང༌། །ཟུང་འཇུག་སངས་རྒྱས་རོལ་པས་རྣམ་རོལ་པའི། །འདི་ནི་རྒྱལ་བའི་སྲས་ཀྱི་ཐུ་བོ་སྟེ། །དེ་ཡིས་བདུད་ཀྱི་དཀྱིལ་འཁོར་ཟིལ་གནོན་ཅིང༌། །འཕགས་པའི་ཚོགས་རྣམས་དགྱེས་པར་བྱས་ནས་ཀྱང༌། །ཀུན་མཁྱེན་ཡེ་ཤེས་རྒྱ་མཚོར་འཇུག་པ་ཡིན། །ཚུལ་འདི་རྒྱལ་བས་མངོན་དུ་བྱས་ནས་གསུངས། །ཁོ་བོས་ཐོས་ནས་ཐོས་པ་ཇི་བཞིན་བཤད། །ཁྱོད་ཀྱིས་ཉམས་སུ་ལོང་དང་དམ་པ་རྣམས། །བརྫུན་མི་གསུང་བས་འབྲས་བུ་ཕྱིས་མཐོང་འགྱུར། །ཁྱོད་ཀྱིས་བརྣག་པའི་དོན་ཡང་འདི་ཡིན་ཏེ། །ཡི་གེ་ཡིག་རྟེན་ཐེངས་པའི་རྟགས་ཀྱང་འདི། །སླན་ཆད་ཕྲད་དང་མ་ཕྲད་ཅིར་གྱུར་ཀྱང༌། །རེ་དོགས་མེད་པའི་རྣལ་འབྱོར་ཅིས་ཀྱང་བདེ། །འཕགས་པས་ཤིང་མོ་ཕག་གི་ལོ་ཟླ་བ་བརྒྱད་པའི་ཚེས་ལྔ་ལ་ཅོང་ཏོར་བྲིས་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*