དགེ་བའི་བཤེས་གཉེན་ཞིག་ལ་བསྐུར་བའི་ཡི་གེ

༼བ༽

༄༅། །དགེ་བའི་བཤེས་གཉེན་ཞིག་ལ་བསྐུར་བའི་ཡི་གེ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་ལས་སངས་རྒྱས་ཆོས་ཚོགས་ཀུན་འབྱུང་ན། །དཔལ་འབྱོར་གཞན་རྣམས་སྨོས་ཀྱང་ཅི་འཚལ་ཏེ། །དངོས་གྲུབ་རྒྱ་མཚོའི་འབྱུང་གནས་ཉིད་ཤེས་ནས། །མཚུངས་མེད་བླ་མའི་ཚོགས་ལ་ཕྱག་འཚལ་ལོ། །བློ་ཆེན་ཕྱིར་ན་ལྟ་བ་དག །ཐུགས་རྗེ་ཆེ་ཕྱིར་སྤྱོད་པ་དག །དགོངས་པ་ཟབ་ཕྱིར་བསྒོམ་པ་ཡང༌། །དག་པར་བདག་གིས་ཁྱོད་འཚལ་ལོ། །ཐེག་མཆོག་ཚུལ་ཁྲིམས་བཟང་པོ་ཡིས། །ཁྱོད་ཀྱི་སྐུ་ལུས་རྣམ་དག་ཅིང༌། །གསན་པའི་ཚོགས་དང་ཏིང་འཛིན་གྱིས། །གསུང་དང་ཐུགས་ཀྱང་དག་པ་ལགས། །ཚིག་དོན་མཁས་ཕྱིར་བཤད་པ་དག རིགས་དབང་གྱུར་ཕྱིར་རྩོད་པ་དག །སྡེབ་སྦྱོར་ཕ་རོལ་སོན་པའི་ཕྱིར། །རྩོམ་པའི་ཕྱིར་ན་དག་པའང་ཁྱོད། །ཁྱོད་ཀྱིས་ཕ་རོལ་དགོངས་པའི་ཕྱིར། །འཇིག་རྟེན་གསོག་དང་གསོབ་ཏུ་གཟིགས། །དེ་ཕྱིར་འཇིག་རྟེན་ཆོས་བརྒྱད་ཀྱི། །རྟོག་པ་རྟོག་པར་ཁྱོད་ཀྱིས་དགོངས། །དེ་ནས་ཆོས་རྣམས་བཏང་སྙོམས་སུ། །འཇོག་ལ་ངོ་མཚར་ཅི་ཞིག་མཆིས། །འོན་ཀྱང་གཞན་ལ་མ་མཐོང་ཕྱིར། །ཁྱོད་ཀྱི་ངོ་མཚར་མ་ལགས་སམ། །གསེར་འགྱུར་རྩི་ཡིས་ལྕགས་བཞིན་དུ། །ཚུལ་ཁྲིམས་ཕ་རོལ་ཕྱིན་དང་ཐུགས། །རོ་གཅིག་གྱུར་པས་བཅོས་མ་ཡི། །ཚུལ་ཁྲིམས་ཁྱོད་ཀྱིས་བཅོས་མར་གཟིགས། །ཚུལ་འདི་བྱིས་པའི་ཡུལ་མིན་ཕྱིར། །བྱིས་པ་རྣམས་ཀྱིས་རྣམ་པར་སྨད། །དེ་འདྲ་དམ་པས་བསྔགས་པའི་ཕྱིར། །ཁྱོད་ཉིད་དམ་པར་བདག་གིས་འཚལ། །སྟོན་པ་ཁྱོད་ཀྱིས་འཇིག་རྟེན་ལས། །འདས་པའི་གོ་འཕང་བརྙེས་པའམ། །འོན་ཏེ་སྔོན་ཆད་མ་བརྙེས་པ། །བདག་གིས་ཇི་བཞིན་མ་འཚལ་མོད། །ཁྱོད་ཀྱི་ལེགས་བཤད་སེང་གེའི་སྒྲ། །དོན་མཐུན་འཇིགས་མེད་སྒྲོགས་པ་དང༌། །གཞན་གྱིས་མ་དཔྱད་དཔྱོད་པ་གང༌། །འཐད་པ་དུས་མས་བརྒྱན་པ་དང༌། །སྡེབ་སྦྱོར་སྦྱོར་བའི་སྙན་ངག་གིས། །ངག་གཞན་ཟིལ་གྱིས་གནོན་པ་དང༌། །ཉིད་ཀྱི་དོན་ལ་མི་དགོངས་པར། །བརྩེ་བས་གཞན་དོན་གཞོལ་བ་དང༌། །ཟབ་མོའི་སྙིང་པོ་ཐུགས་ཆུད་ནས། །ཏིང་འཛིན་སྙིང་པོར་མཛད་པ་སོགས། །དམ་པ་གཞན་ལ་རབ་དཀོན་པ། །ཁྱོད་ལ་ལྷུན་གྱིས་གྲུབ་པའི་ཚུལ། །འདི་ལ་དཔག་ན་དམ་པ་ཡི། །ཡེ་ཤེས་རྒྱ་མཚོར་ཞུགས་པའམ། །འོན་ཏེ་རིང་པོར་མི་ཐོགས་པར། །འཇུག་པར་འགྱུར་བ་ཉིད་ལགས་གྲང༌། །འདི་འདྲ་རྟོགས་པས་ཕྱིར་ཞིང་དུ། །ངོ་མཚར་སླར་ཞིང་འཕེལ་བར་འགྱུར། །དེ་འདྲ་གང་ན་ཁྱོད་བཞུགས་ཀྱང༌། །ངེས་པར་ཐུགས་སུ་ཆུད་གྱུར་ཅིག །དེ་ལྟར་རབ་ཏུ་དང་བ་ལས། །འཁྲུངས་པའི་དགེ་བ་གང་དེ་ཡིས། །སྐྱེ་བ་དག་ནི་ཐམས་ཅད་དུ། །ཁྱོད་དང་ཁྱོད་ཉིད་འདྲ་བའི་བཤེས། །སེམས་དཔའ་རྒྱ་མཚོའི་ཚོགས་རྣམས་དང༌། །སྔོན་དུ་དྲན་པས་ཉེར་སྤྲེལ་ཏེ། །གཞན་གྱི་དོན་ལ་རོ་གཅིག་ཏུ། །རྣམ་པ་ཀུན་ཏུ་རོལ་པར་ཤོག །འདི་ལྟར་བརྗོད་པར་འདོད་པ་ཡི། །འདུན་པ་དག་པས་ཀུན་བསླངས་ནས། །མངོན་སུམ་མིན་ཡང་མངོན་སུམ་བཞིན། །རྣམ་པར་བསམས་ནས་གླེངས་བ་ལགས། །སླར་ཡང་ཁྱོད་ལ་མཆོད་པའི་ཕྱིར། །ཕྱི་ནང་གསང་བའི་མཆོད་སྤྲིན་ནི། །ཀུན་བཟང་རྣམ་འཕྲུལ་ལྟ་བུ་ཡིས། །མཆོད་ཅིང་མཆོད་པར་བགྱིད་པར་ཤོག །རིན་ཆེན་དྲི་མེད་གསེར་སྲང་གསུམ། །མར་མེའི་མཆོད་པའི་སླད་དུ་འབུལ། །འབར་བས་མཚན་པའི་གོས་དང་ནི། །འགམ་ཧ་རྒྱབ་ཡོལ་ཉིད་དུ་འབུལ། །དར་ཡུག་དམར་པོ་མ་ཉམས་པ། །ཁྱེད་ཀྱི་ཅོད་པན་སླད་དུ་འབུལ། །སླར་ཡང་གསེར་སྲང་ལྔ་དང་ནི། །དར་གོས་གསུམ་དང་རྟ་མཆོག་གསུམ། །རྒྱལ་བ་བཞུགས་པའི་གཙུག་ལག་ཁང༌། །རྫོགས་པར་བགྱི་བའི་སླད་དུ་འབུལ། །དེར་བཞུགས་དགེ་འདུན་ཐམས་ཅད་ལ། །ཆབ་ཚའི་བསྙེན་བཀུར་ཞིག་ཀྱང་འབུལ། །དེ་ལས་བྱུང་བའི་དགེ་བ་ཡང༌། །དམ་པ་ཁྱོད་ལ་ལེགས་འབུལ་གྱིས། །ཁྱོད་ཀྱི་དགོངས་པ་གང་ལགས་པ། །དེ་ཀུན་འགྲུབ་པའི་རྒྱུར་གྱུར་ཅིག །འགྲོ་བ་བཤེས་དང་བྲལ་བ་དང༌། །ལོག་པའི་བཤེས་ཀྱིས་ཟིན་གྱུར་པ། །དེ་དག་ཐམས་ཅད་ཁྱོད་འདྲ་ཡི། །ཡང་དག་བཤེས་ཀྱིས་རྗེས་འཛིན་ཤོག །འགྲོ་བ་ལམ་དང་བྲལ་བ་དང༌། །ལོག་པའི་ལམ་དུ་ཞུགས་གྱུར་པ། །དེ་དག་ཐམས་ཅད་ཁྱོད་བཞེད་པའི། །ཡང་དག་ལམ་ལ་འཇུག་པར་ཤོག །དེ་ལྟར་མཆོད་པར་འོས་པ་ལེགས་མཆོད་ནས། །བསྔགས་པར་འོས་པ་བསྔགས་པའི་ཆ་ཙམ་ཞིག །བརྗོད་པ་འདི་ནི་བློ་གྲོས་འཇིགས་མེད་པ། །བློ་གྲོས་རྒྱལ་མཚན་དཔལ་གྱིས་བརྗོད་པ་ཡིན། །ཤིང་མོ་གླང་གི་ལོ་དཔྱིད་ཟླ་འབྲིང་པོའི་ཚེས་བཅུ་ཞི་ལ། དཔལ་ས་སྐྱར་བྲིས། བཀྲ་ཤིས་པར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*