ཨ་ཙ་ར་ལ་སྤྲིང་བ།

༼བ༽

༄༅། །ཨ་ཙ་ར་ལ་སྤྲིང་བ་བཞུགས།།

༄༅། །མི་གང་དལ་བ་འབྱོར་པ་ཐོབ་གྱུར་ཅིང༌། །བསྟན་པ་བདུད་རྩིའི་སྒོ་མོར་ཞུགས་གྱུར་ནས། །བརྟུལ་ཞུགས་བཟང་པོའི་སྡོམ་པ་ཁས་བླངས་ཏེ། །བླང་དང་དོར་བའི་དེ་ཉིད་ཤེས་བཞིན་དུ། །ཚེ་འདིའི་བདེ་དང་མཛའ་བཤེས་དོན་དང་ནི། །རྙེད་དང་སྙིང་པོ་མེད་དང་གྲགས་པའི་ཕྱིར། །རྣལ་འབྱོར་མི་བརྩོན་བརྟུལ་ཞུགས་ཉམས་བྱེད་པ། །འདི་ལས་བླུན་པ་སྲིད་པ་གསུམ་ན་གང༌། །ཕུན་སུམ་ཚོགས་ཀྱང་བདེ་ལ་མ་ཆགས་དང༌། །འདི་ཡི་དོན་དུ་རྣལ་འབྱོར་མི་འདོར་དང༌། །ཉོན་མོངས་སྐྱེས་ཚེ་བསླབ་པ་རྗེས་དྲན་པ། །དམ་པ་ཡིན་པར་ཁྱོད་ཀྱིས་ཅིས་མི་ཤེས། །འདི་འདྲའི་ཚུལ་ལ་ཚུལ་བཞིན་ཤེས་ཙམ་གྱིས། །ཆོག་པ་ཉིད་དུ་ཆོག་ཤེས་མི་བྱེད་པ། །ཡང་ནས་ཡང་དུ་རྣམ་པར་སྤྱད་བྱ་ཞིང༌། །སྒོམ་པ་གོམས་པ་ངང་གིས་འཕེལ་བ་དང༌། །བདེ་བ་མྱོང་ཚེ་གཞན་ལ་སྟེར་བ་དང༌། །སྡུག་བསྔལ་མྱོང་ཚེ་གཞན་ཕྱིར་བརྣག་པ་དང༌། །བཏང་སྙོམས་ཚེ་ན་ཞི་ལ་མཉམ་འཇོག་པའི། །ཆོས་ཚུལ་གསུམ་ལ་ཁྱོད་ཡིད་ནན་ཏན་བྱོས། །སྔོན་གྱི་དམ་པས་ཉམས་སུ་བཞེས་ནས་བསྲུངས། །ཁོ་བོས་ཐོས་ནས་ཡིད་དབང་ངེས་པར་འགྱུར། །ངེས་པ་ཇི་བཞིན་བརྩེ་བས་གདམས་འདི་ལ། །གཡེལ་བ་མ་བྱེད་ཤེས་ལྡན་འབྱོར་པ་སྟེ། །དེ་ལྟར་ཀུན་ནས་འདམས་པའི་རྟེན་དུ་ནི། །བདུད་རྩི་རིལ་བུ་ལྔ་ཕྲག་བཅུ་སྟེར་གྱི། །ཕྱི་དང་ནང་གི་རྒྱལ་བའི་དཀྱིལ་འཁོར་ཀུན། །མཆོད་ནས་རྟག་པའི་དངོས་གྲུབ་བླང་བར་གྱིས། །ལྕགས་མོ་ལུག་གི་ལོ་མཆོད་པའི་ཟླ་བའི་ཚེས་ཉི་ཤུ་བདུན་གྱི་སྲོད་ཀྱི་ཆ་ལ་ཤིང་ཀུན་མཁར་དུ་བྲིས་པའི་ཡི་གེ བཀྲ་ཤིས་པར་གྱུར་ཅིག ཨ་ཙ་ར་ལ་གདམས་པའི་སྤྲིང་ཡིག་གོ།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*