རྒྱལ་བུ་དེ་མུར་བྷོ་ག་ལ་གདམས་པ་ཟླ་བའི་འོད་ཟེར་དང༌། དཔོན་མོ་པུནྜ་རིའི་དོན་དུ་མཛད་པ་བསྒྲུབ་པའི་རིམ་པ་རབ་ཏུ་གསལ་བ།

༼བ༽

༄༅། །རྒྱལ་བུ་དེ་མུར་བྷོ་ག་ལ་གདམས་པ་ཟླ་བའི་འོད་ཟེར་བཞུགས།།

༄༅། །རྒྱལ་བུ་དེ་མུར་བྷོ་ག་ལ་ཉེ་བར་གདམས་པ་ཟླ་བའི་འོད་ཟེར་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བཟོད་པས་བསྐྲུན་པའི་སྐུ་མཆོག་ཚུལ་ཁྲིམས་དྲི་བསུང་ཅན། །སྦྱིན་པའི་དཔལ་གྱིས་རབ་འབྱོར་བརྩོན་པས་དོན་གྲུབ་ཅིང༌། །བསམ་གཏན་གྱིས་ཞི་ཤེས་རབ་མཆོག་གི་རྣམ་གྲོལ་བ། །ཕ་རོལ་ཕྱིན་པས་ཕ་རོལ་གཤེགས་གྱུར་དེ་ལ་འདུད། །རྒྱལ་བུ་ཨ་རོག་ཆེ་ཡི་ནི། །གསུང་གིས་བསྐུལ་ནས་འཕགས་པ་ཡིས། །དེ་སྲས་དེ་མུར་བྷོ་ག་ལ། །ཉེ་བར་གདམས་པ་འདི་སྤྲིང་ངོ༌། །བདག་ཉིད་དང་ནི་གཞན་དག་ལ། །འདི་དང་སྲིད་པ་ཐམས་ཅད་དུ། །གཅིག་ཏུ་ཕན་ཞིང་བདེ་བྱེད་པ། །དམ་ཆོས་ཁོ་ན་ལགས་པའི་ཕྱིར། །བགྱི་བ་གཞན་ཀུན་བཏང་སྙོམས་སུ། །བགྱིས་ནས་ཉིད་ཀྱི་དམ་ཆོས་ཀྱི། །བགྱི་བ་ཉིད་ལ་ནན་ཏན་དུ། །ཀུན་ནས་འབད་ལ་བགྱི་འཚལ་ལོ། །ཆོས་དེའང་རྫོགས་པའི་སངས་རྒྱས་ཀྱི། །བདག་རྐྱེན་ལས་ནི་བྱུང་གྱུར་ཞིང༌། །ངག་ཚིག་དྲི་མ་མེད་པ་ཡིས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་སྟེ། །བསླབ་པ་རྣམ་པ་གསུམ་སྟོན་པ། །ཚད་མ་གསུམ་གྱིས་ཤིན་ཏུ་ངེས། །ཐོག་མཐའ་བར་དུ་རབ་དགེ་བ། །དེ་ནི་དམ་པའི་ཆོས་ཞེས་བྱ། །དེའང་འདུལ་བ་མདོ་སྡེ་དང༌། །མངོན་པའི་སྡེ་སྣོད་གསུམ་ཞེས་བགྱི། །དེ་དོན་ངག་གི་དབྱེ་བ་ནི། །མདོར་བསྡུས་སྟོན་དང་དབྱངས་ཀྱིས་བསྙད། །ལུང་བསྟན་ཚིགས་སུ་བཅད་པ་དང༌། །ཆེད་དུ་བརྗོད་དང་གླེང་གཞི་དང༌། །རྟོག་པ་བརྗོད་པའི་སྡེ་དང་ནི། །དེ་ལྟ་བུ་ནི་བྱུང་བ་དང༌། །སྐྱེས་རབས་གཏན་ལ་དབབ་པ་དང༌། །རྨད་བྱུང་ཤིན་ཏུ་རྒྱས་པ་སྟེ། །འདི་དག་གསུང་རབ་ཡན་ལག་ནི། །རྣམ་པ་བཅུ་གཉིས་ཞེས་བྱར་གསུངས། །འདི་ཡིས་ཉན་ཐོས་ཐེག་པ་ཡི། །ཐེག་པ་མཐའ་དག་བསྡུས་པ་སྟེ། །དེ་དང་ཚུལ་མཚུངས་ཁྱད་འཕགས་པས། །ཐེག་པ་མཆོག་ཀྱང་བསྡུས་པ་ལགས། །དེ་དག་གི་ཚུལ་ཐུན་མོང་དང༌། །སོ་སོ་རུ་ནི་འགྲེལ་བྱེད་པ། །དེ་དག་བསྟན་བཅོས་ཞེས་བྱ་སྟེ། །འདི་དག་ལུང་གི་ཆོས་ཞེས་བྱ། །དེ་ཡི་སྒྲུབ་པ་མདོར་བསྡུ་ན། །འཁོར་དང་ངན་འགྲོའི་འཇིགས་པ་ཡིས། །བདག་ཉིད་འཇིགས་ཤིང་གཞན་དག་ཀྱང༌། །ཀུན་ནས་བསྐྱབ་པར་བྱ་བའི་ཕྱིར། །འཇིགས་མེད་གོ་འཕང་ཐོབ་ཀྱི་བར། །སངས་རྒྱས་ཆོས་དང་དགེ་འདུན་ལ། །སྟོན་པ་ལམ་དང་གྲོགས་དང་ནི། །ཐོབ་བྱ་བསྟན་བྱ་འཁོར་གྱི་ཕྱིར། །རྟག་ཏུ་གུས་པས་སྐྱབས་འགྲོ་བ། །ཆོས་ལ་འཇུག་པའི་སྒོ་ཡིན་ཏེ། །ལམ་གྱི་གཞི་ཡང་འདི་ལགས་སོ། །སྐྱབས་དེ་ཡང་དག་བརྟེན་གྱུར་ནས། །དཀོན་མཆོག་གསུམ་གྱི་ཡོན་ཏན་ནི། །ཤེས་ནས་རྟག་ཏུ་དྲན་པ་དང༌། །སྡུག་བསྔལ་ཚེ་ན་བདག་གཞན་ཀུན། །ཐར་ཕྱིར་དེ་ལ་གསོལ་བ་དང༌། །བདེ་བའི་ཚེ་ན་དེ་སྐྱབས་ཞེས། །དེ་ཡི་བཀའ་དྲིན་དྲན་བྱས་པས། །འཇིགས་པ་ཀུན་ལས་སྐྱོབ་པ་དང༌། །ཡོན་ཏན་གཞི་རྟེན་བརྟེན་པ་དང༌། །དེས་ན་སྐྱབས་ཀྱི་མཆོག་དེ་ཡང༌། །དང་པོ་བདག་འདྲ་ཁོ་ན་སྟེ། །དེ་ཡི་སངས་རྒྱས་སྔ་མ་ལ། །བརྟེན་ནས་སེམས་ཅན་ཀུན་དོན་དུ། །སངས་རྒྱས་ཉིད་ནི་ཐོབ་བྱའོ་ཞེས། །ཐུགས་མཆོག་བསྐྱེད་ནས་ལམ་མཆོག་ལ། །བརྩོན་པས་བྱང་ཆུབ་བརྙེས་པར་གྱུར། །བདག་ཀྱང་དེ་འདྲར་བྱའོ་ཞེས། །བླ་མ་དང་ནི་ཕྱོགས་བཅུ་ཡི། །སངས་རྒྱས་སྲས་དང་བཅས་པ་ཡི། །སྤྱན་སྔར་སྨོན་འཇུག་བདག་ཉིད་ཅན། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །འཁོར་དང་མྱ་ངན་འདས་པའི་སྐྱོན། །དྲན་ནས་འདུན་པར་མི་འདོད་དང༌། །བྱང་ཆུབ་མཆོག་གི་ཡོན་ཏན་ཀུན། །དྲན་པས་དེར་ནི་འདུན་པ་དང༌། །མཁའ་མཉམ་སེམས་ཅན་མ་ལུས་པ། །ཕ་མ་ལ་སོགས་གཉེན་བཤེས་དང༌། །བདག་དང་འདྲ་བར་ཉེར་རྟོགས་ནས། །བརྩེ་བས་ཡིད་དབང་གྱུར་པ་དང༌། །དེ་དག་བདེ་མཆོག་ལ་དགོད་ཕྱིར། །བདག་གིས་བྱང་ཆུབ་མཆོག་བསྒྲུབ་ཅེས། །བྱང་ཆུབ་སྨོན་པ་བརྟེན་བྱས་ནས། །དེ་ཡི་དོན་དུ་གང་བཤད་པ། །སྡིག་ལས་ཡང་དག་ལྡོག་པ་དང༌། །གལ་ཏེ་བྱུང་ན་བཤགས་པ་དང༌། །དགེ་ལ་ཤིན་ཏུ་བརྩོན་པ་དང༌། །དེ་ཡང་བྱང་ཆུབ་བསྔོ་བ་དང༌། །དེ་ཀུན་གཞན་དོན་ལ་སྦྱོར་དང༌། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་གིས། །རང་སེམས་ཀུན་ནས་ཡོངས་གདུལ་བ། །འདི་ནི་བྱང་ཆུབ་འཇུག་པ་ཡིན། །རང་གི་བྱང་ཆུབ་ལམ་བགྲོད་ཕྱིར། །ཅི་འབྱོར་པ་ཡིས་སྦྱིན་པ་བཏང༌། །ཇི་ལྟར་ནུས་པའི་ཚུལ་ཁྲིམས་བསྲུངས། །བཟོད་པས་ཞི་བའི་དཔལ་བསྐྱེད་ནས། །བརྩོན་པས་དཀར་པོའི་ཆོས་རྣམས་བསྡུ། །ཏིང་འཛིན་ཞི་བས་སེམས་སྦྱངས་ནས། །ཤེས་རབ་རབ་ཏུ་བསྐྱེད་པ་ཡིས། །ཆོས་ཀྱི་དབང་ཕྱུག་དམ་པར་བྱ། །གཞན་ཡང་ཟང་ཟིང་སྦྱིན་པ་ཡིས། །འགྲོ་བ་བསྡུས་ནས་ཆོས་བཤད་དེ། །དོན་མཐུན་པ་ཡིས་སྤྲོ་བསྐྱེད་ནས། །དོན་སྤྱོད་པ་ལ་སྦྱར་བར་བྱ། །དེ་ལྟར་ཚོགས་དང་ཞི་གནས་དང༌། །ལྷག་མཐོང་ཐབས་ལ་མཁས་པ་ཡིས། །ཚོགས་ཀྱི་ལམ་དུ་ཚོགས་བསགས་ནས། །སྦྱོར་བའི་ལམ་གྱིས་རྣམ་གྲོལ་ལ། །རྣམ་པར་སྦྱར་ནས་མཐོང་བ་ཡིས། །ལམ་གྱིས་ཆོས་དབྱིངས་ཀུན་འགྲོའི་ལམ། །མཐོང་ཞིང་བསྒོམ་པ་གོམས་པ་ཡི། །རྣལ་འབྱོར་རྣམ་པར་དག་བྱས་ནས། །ས་བཅུ་པོ་ནི་ཡོངས་བགྲོད་དེ། །མཐར་ཕྱིན་པ་ཡི་ལམ་གྱིས་ནི། །བགྲོད་པར་བྱ་བ་མཐར་ཕྱིན་ནས། །དབྱིངས་དང་ཡེ་ཤེས་རོ་གཅིག་ཅིང༌། །སྤངས་དང་རྟོགས་པ་ཕུན་ཚོགས་ལ། །སྐུ་དང་ཡེ་ཤེས་ལྷུན་གྲུབ་པ། །བྱང་ཆུབ་དམ་པར་མངོན་འཚང་རྒྱ། །དེ་འདྲར་ཉིད་ཀྱང་མཛད་དུ་གསོལ། །དེ་ལྟར་ཆོས་ཚུལ་རྒྱ་མཚོའི་དོན། །ཉུང་ཞིང་གསལ་བའི་ངག་གིས་ནི། །དེ་མུར་བྷོ་ག་ལ་བཤད་པ། །འདི་ལ་ཉིན་བཞིན་གཟིགས་པར་རིགས། །དེ་ལས་དགེ་བ་གང་བསྐྲུན་པས། །བསྐུལ་བ་པོ་དང་གདམས་པ་ཡི། །ཡུལ་གྱིས་གཙོ་བྱས་འགྲོ་ཀུན་གྱིས། །སངས་རྒྱས་གོ་འཕང་ཐོབ་པར་ཤོག །རྒྱལ་བུ་དེ་མུར་བྷོ་ག་ལ་གདམས་པ་ཟླ་བའི་འོད་ཟེར་ཞེས་བྱ་བ། མེ་ཕོ་བྱི་བའི་ལོ་ཐ་སྐར་གྱི་ཟླ་བའི་ཚེས་ཉི་ཤུ་གསུམ་ལ་གནམ་དུ་སྦྱར་བའི་ཡི་གེ་པ་ནི་ཨ་ཙ་ར་ཞེས་བྱ་བའོ།། 

༄༅། །དཔོན་མོ་པུནྡ་རིའི་དོན་དུ་མཛད་པ་བསྒྲུབ་པའི་རིམ་པ་རབ་ཏུ་གསལ་བ་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །བདག་ལ་ཕྱི་དང་ནང་གི་རྐྱེན་གྱིས། སྡུག་བསྔལ་དང་བདེ་བ་གང་བྱུང་ཡང༌། ཡིད་ཞུམ་པ་དང༌། དགའ་བར་མི་བྱ་སྟེ། རང་གིས་སྔོན་སྤྱད་པའི་ལས་ལས་བྱུང་ཞིང༌། སྡུག་བསྔལ་དང་བདེ་བ་དེ་ཉིད་ཀྱང༌། འགྱུར་བ་དང་འཇིག་པར་འགྱུར་བའི་ཕྱིར་རོ། །དེའང་འདི་ལྟར། རང་ལ་ནད་དང༌། གཉེན་གཅེས་པ་དང་བྲལ་བའི་མྱ་ངན་དང༌། ལོངས་སྤྱོད་རྒུད་པ་དང༌། གཞན་གྱིས་བརྙས་པ་དང༌། མི་སྙན་པ་བརྗོད་པ་ལ་སོགས་པ་བྱུང་ན། བདག་ལ་འདི་ལྟ་བུ་འབྱུང་བ་མི་འོས་པ་བྱུང་ཞེས་ཡིད་ཞུམ་པ་དང༌། སྡུག་བསྔལ་དུ་གཟུང་བར་མི་བྱ་བར། འདི་ལྟ་བུའི་སྡུག་བསྔལ་བརྣག་དཀའ་བ་ཉམས་སུ་མྱོང་བ་འདི་དག ཚེ་འདི་རྐྱང་པའི་རྐྱེན་ལས་བྱུང་བ་མ་ཡིན་ཏེ། སྐྱེ་བ་སྔ་མ་རང་གིས་འདི་ལྟ་བུ་མྱོང་བར་འགྱུར་བའི་རྒྱུ། སྡིག་པ་སྤྱད་པ་དང༌། ཁྱད་པར་དུ་གཞན་སྡུག་བསྔལ་ལ་སྦྱར་ཞིང༌། གཞན་ཡིད་མི་བདེ་བའི་རྐྱེན་བྱས་པས། བདག་གིས་ཀྱང་སྡུག་བསྔལ་འདི་ལྟ་བུ་ཉམས་སུ་མྱོང་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་མདོ་སྡེ་དག་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པའི་ཕྱིར། རང་གི་སྤྱོད་པའི་ལས་རྐྱེན་ཚང་བའི་ཚེ་རང་ལ་སྨིན་པ་སུ་ཞིག་ལ་འཁང་དུ་ཡོད། ཁྱད་པར་དུ་གཞན་ལ་གནོད་པ་བྱས་པས། རང་ཉིད་ལ་གནོད་པ་བྱེད་པར་འགྱུར་བ་ཆོས་ཉིད་ཡིན། སྤྱོད་འཇུག་ལས། བདག་གི་སྔོན་ཆད་སེམས་ཅན་ལ། །འདི་ལྟ་བུ་ཡི་གནོད་པ་བྱས། །དེས་ན་སེམས་ཅན་གནོད་བྱེད་པ། །བདག་ལའང་འདི་འདྲ་འབྱུང་བར་རིགས། །ཞེས་གསུངས་པའི་དོན་ལ་བསམ་པར་བྱས་ནས། གནོད་པ་དང་སྡུག་བསྔལ་བྱུང་བ་ཐམས་ཅད་རང་གི་སྐྱོན་ཡིན་ཞིང༌། འདི་ལྟ་བུའི་སྡུག་བསྔལ་མྱོང་བས་སྔོན་གྱི་སྡིག་པ་འདག་པར་འགྱུར་བས་ལེགས། བདག་གིས་འདི་ལྟར་སྡིག་པའི་འབྲས་བུ་ཉམས་སུ་མྱོང་བས། སྡིག་པ་གང་བསགས་པའི་སེམས་ཅན་ཐམས་ཅད་ཀྱི་ལས་ངན་ཡང་འདིས་འདག་པར་གྱུར་ཅིག་སྙམ་དུ་ཡང་ཡང་བསམ། བདག་གིས་སྔོན་ལས་ངན་པ་བསགས་པའི་རྐྱེན་གྱིས་སེམས་ཅན་ཐམས་ཅད་ཀྱིས་ལས་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་པས། ད་དུང་དུའང་ལས་ངན་པ་དང༌། གཞན་ལ་འཚེ་བ་བྱས་ན་ཕྱི་མ་ལའང་སྡུག་བསྔལ་དཔག་ཏུ་མེད་པ་འབྱུང་བར་འགྱུར་བས། སླན་ཆད་བདག་གི་སྲོག་ལ་བབས་ཀྱང༌། སྤྱིར་སྡིག་པ་དང་བྱེ་བྲག་ཏུ་གཞན་ལ་འཚེ་བར་མི་བྱ་ཞེས་བསྡམ་པར་བྱ། ཁྱད་པར་དུ། རྒྱལ་བུ་བྱང་ཆུབ་སེམས་དཔའ་ལྟ་བུ་ཞི་བར་གཤེགས་པས། ཐུགས་ཁྲལ་གྱི་རྐྱེན་དུ་གྱུར་བ་དེ་ལྟ་བུ་ལ་ཚུལ་དེ་ཉིད་རྗེས་སུ་དྲན་པར་བགྱི་སྟེ། ཁྱེད་ཡབ་དང་ཡུམ་དང་རྟེན་ཁྱད་པར་འཕགས་པ་འབྲེལ་ཤིན་ཏུ་ཟབ་པར་གྱུར་ནས་གོང་མ་རྣམས་ཀྱི་ཞབས་ཏོག་དང༌། སེམས་ཅན་མང་པོ་ལ་ཕན་པ་བྱུང་བ་འདི། བྱ་བ་ཁྱད་པར་ཅན་ལགས་པས། སྐུ་ཚེ་འདི་ཁོ་ནའི་སྟེས་དབང་ལས་གྲུབ་པ་མ་ལགས་སྔོན་ཐུན་མོང་དུ་དགེ་བའི་རྩ་བ་རྒྱ་ཆེར་མཛད་ནས། ཕན་ཚུན་འདུན་པའི་ཐུགས་ཀྱིས་སྨོན་ལམ་ཁྱད་པར་ཅན་བཏབ་པས། དེ་ལྟར་གྱུར་པ་ལགས། འོན་ཀྱང་དེའི་གནས་སྐབས་སུ་དགེ་བའི་རྩ་བ་རྒྱ་ཆེར་བསྒྲུབས་པ། མཐར་མ་ཕྱིན་པ་ལ་རྒྱུ་མཚན་ཅུང་ཟད་ཀྱིས་ཕན་ཚུན་ཡི་ཆད་པས། དགེ་བའི་འཕྲོ་ལས་པའམ། གཉིས་ཆར་གྱི་གང་ཟག་ཁྱད་པར་ཅན་གཅིག་གམ། སྐྱེ་བོ་མང་པོའི་ཡིད་སུན་ཕྱུང་སྟེ། དགེ་བའི་གེགས་བྱས་པའམ། ཆོས་བཞིན་དུ་གནས་ཤིང་ཤིན་ཏུ་མཐུན་པ་ཕྱེ་བའི་ལས་ཀྱི། དུས་ལ་མ་སླེབ་པར་འབྲལ་བའི་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་པ་ལགས་པས། འདི་ལྟ་བུ་བརྣག་དཀའ་བའི་སྡུག་བསྔལ་མྱོང་བ་འདི་ནི། འདི་གྲུབ་པའི་རྒྱུ་བདག་ཅག་རང་གིས་སྤྱད་པས་བདག་ཅག་རང་གིས་ཉེས་པ་སྟེ། གཞན་སུ་ལའང་ལེ་ལན་འདེད། སྔོན་བསགས་པའི་ལས་ངན་པ་དེ་དང༌། གཞན་ལ་ནོངས་པར་སྤྱད་པ་ཐམས་ཅད་ཡིད་དུ་མི་འོང་བའི་སྡུག་བསྔལ་དེ་དག་ཉམས་སུ་མྱོང་བས་ཟད་པར་གྱུར་ཅིག ཞི་བར་གྱུར་ཅིག དེའི་དབང་གིས་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་ལས་ངན་སྤྱད་པ་ཐམས་ཅད་ཞི་བར་གྱུར་ཅིག སྙམ་དུ་ཡུལ་ཁྱད་པར་ཅན་གྱི་མདུན་ན་སེམས་ཀྱིས་དམིགས་པའི་མདུན་དུ་བསྒོམ་པར་ཞུ། འདི་ཙམ་གྱིས་སྔོན་གྱི་སྒྲིབ་པ་འདག་ཅིང་སླར་ཡང་ཚེ་རབས་གཅིག་གམ། གཉིས་ལ་སོགས་པས་བར་མ་ཆོད་པར། ཧ་ཅང་མི་རིང་བར་ཁྱེད་རང་གཉིས་ཀ་རྟེན་ཁྱད་པར་དུ་འཕགས་ཤིང་མཉམ་པར་འཁྲུངས་ནས། ཆོས་དང་འཇིག་རྟེན་གྱི་འབྲེལ་ཆེས་ཟབ་པས་སྦྲེལ་ཞིང༌། དུས་ཤིན་ཏུ་རིང་དུ་ལྷན་ཅིག་གནས་ཏེ། རང་ཉིད་ཆོས་དང་ཟང་ཟིང་བདེ་བ་ལ་མཚུངས་པར་སྤྱད་པས་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བསྒྲུབས་ནས། ཉིད་ཀྱི་མཉེས་པར་བྱ་བ་ས་དང་ལམ་གྱི་རྟོགས་པ་མངོན་དུ་བགྱི་བའི་སླད་དུ། དཀོན་མཆོག་མཆོད་པ་དང༌། དགེ་འདུན་བསྙེན་བཀུར་བ་དང༌། དཀོན་མཆོག་གི་རྟེན་དང༌། གཙུག་ལག་ཁང་བཞེངས་པ་དང༌། ཕྱོགས་བཞིའི་དགེ་འདུན་གྱིས་བསྙེན་བཀུར་གྱི་གཞིར་འཛུགས་པ་དང༌། དུས་ཁྱད་པར་ཅན་གྱི་མཆོད་པའི་རྒྱུན་གྱི་རྒྱུ་སྦྱོར་བ་དང༌། ཕོངས་པ་དང་ནད་པ་ལ་སྦྱིན་གཏོང་མཛད་པ་དང༌། གཞན་ཡང་རྒྱུན་གྱི་ཐུགས་དམ་གྱི་རྣལ་འབྱོར་གང་ཅི་ཡང་རུང་བ་ལ་འཇུག་པ་དེ་དག་གི་ཚེ། བདག་དང་བདག་གི་རྩ་ལག་གི་དམ་པར་གྱུར་པ་རྒྱལ་བུ་མཚན་འདི་སྐད་ཅེས་བྱ་བ། ཚེ་རབས་ཐམས་ཅད་དུ་ཡོན་ཏན་བདུན་དང་ལྡན་པའི་ལྷ་མིའི་གོ་འཕང་ཕུན་སུམ་ཚོགས་པ་ཐོབ་ནས། སྔོན་གྱི་ཚེ་རབས་རྗེས་སུ་དྲན་པས་མཚམས་སྦྱར་ཏེ། ཕན་ཚུན་དགེ་བའི་རྩ་བ་ཡོངས་སུ་རྫོགས་པའི་རྐྱེན་བྱེད་པ་གྱུར་ཅིག དེ་ལ་ཕྱི་དང་ནང་གི་འཚེ་བ་གང་ཡང་མི་འབྱུང་བར་གྱུར་ཅིག ཇི་ལྟར་བསམ་པའི་དོན་ཐམས་ཅད་ཆོས་དང་མཐུན་པར་འགྲུབ་པར་གྱུར་ཅིག དེ་ལྟར་ཕན་ཚུན་དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་བྱས་པས། མཐར་ཐུག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག ཅེས་ཡང་དང་ཡང་དུ་བསྔོ་བར་བགྱིས་པས། དོན་དེ་ཅི་ནས་ཀྱང་འགྲུབ་པར་འགྱུར་བ་ལགས་ཏེ། འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་བཀོད་པའི་མདོ་ལས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་འབྱུང་བར་འགྱུར། །ཞེས་གསུངས་པ་དང༌། སྔོན་སངས་རྒྱས་ཤཱཀྱ་ཐུབ་པ། བྱང་ཆུབ་སེམས་དཔར་གྱུར་པའི་ཚེ་ན། བྲམ་ཟེའི་ཁྱེའུ་སྐར་མ་ཞེས་བྱ་བར་གྱུར་པའི་ཚེ། རིགས་གཟུགས་ཕུན་སུམ་ཚོགས་པའི་ཚོང་དཔོན་གྱི་བུ་མོ་གཅིག་ཡིད་ཆགས་པར་གྱུར་ཏེ། ཁྱིམ་ཐབ་བྱེད་པར་ཞུས་པས་བྲམ་ཟེའི་ཁྱེའུ་སྐར་མས་སྙིང་རྗེ་བསྐྱེད་ནས། ཚངས་པར་སྤྱད་པ་ལ་བབས་ཏེ། ཁྱིམ་ཐབ་བྱས་ནས་གཅིག་གིས་གཅིག་དགེ་བའི་གེགས་མི་བྱེད་ཅིང་བྱང་ཆུབ་ཀྱི་གྲོགས་བྱེད་པར་དམ་བཅས་པས། བསྐལ་པ་མང་པོའི་ཚོགས་འདུམ་ནས། དེང་ནས་བཟུང་ནས་སྐྱེ་བ་དང་སྲིད་པ་ཐམས་ཅད་དུ་མ་བྲལ་བར་ཁྱིམ་ཐབ་ཏུ་གྱུར་ནས། མཐར་བྲམ་ཟེའི་ཁྱེའུ་སྐར་མ་ནི་སངས་རྒྱས་ཤཱཀྱ་ཐུབ་པར་གྱུར་ལ། ཚོང་དཔོན་གྱི་བུ་མོ་ནི་གྲགས་འཛིན་མར་གྱུར་ཏོ། །ཞེས་གསང་ཆེན་ཐབས་ལ་མཁས་པའི་མདོ་ལ་སོགས་པ། མདོ་སྡེ་མང་པོ་ལས་གསུངས་པའི་ཕྱིར་རོ། །དེས་ན་རེ་ཞིག་དུས་ཀྱི་བསྐལ་ནས་མཇལ་བའི་གོ་སྐབས་རྙེད་དཀའ་བར་གྱུར་ཀྱང༌། སླད་ནས་དུས་རྟག་ཏུ་མཇལ་ཞིང༌། ཚེ་རབས་རྗེས་སུ་དྲན་པའི་རྒྱུས་ངོ་ཤེས་ཏེ། ཕན་ཚུན་དགེ་བའི་རྩ་བ་ཡོངས་སུ་རྫོགས་པའི་གྲོགས་སུ་འགྱུར་བའི་སླད་དུ། མྱ་ངན་དང༌། གདུང་བ་མི་མཛད་པར། མཐར་ཐུག་གི་དོན་རྒྱ་ཆེན་པོ་བསྒྲུབ་པ་ལ་བརྩོན་པར་མཛད་པར་རིགས་སོ། །དེ་དག་ནི་སྡུག་བསྔལ་ལམ་དུ་བསླང་བའི་མན་ངག་ཟབ་མོའི་མདོ་ལས་བཏུས་པའོ། །གཞན་ཡང་འདི་ལྟར་རང་གི་ལུས་དང་ལང་ཚོ་དང༌། སྟོབས་ཕུན་སུམ་ཚོགས་པ་དང༌། གཉེན་བཤེས་དང༌། བུ་དང༌། འཁོར་ཕུན་སུམ་ཚོགས་པར་གྱུར་བ་དང༌། འབྱོར་པ་ཕུལ་དུ་བྱུང་བ་ཐོབ་པ་དང༌། སྙན་པའི་གྲགས་པ་དང༌། དབང་ཕྱུག་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ན་ཡང༌། བདག་ལ་འདི་ལྟ་བུའི་མཐོ་རིས་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐོབ་པ་འདི་ཚེ་འདི་རྐྱང་པའི་རྐྱེན་ལས་བྱུང་བ་མ་ཡིན་ཏེ། སྐྱེ་བ་སྔ་མ་ཡུལ་ཁྱད་པར་ཅན་ལ་དགེ་བའི་རྩ་བ་གྱ་ནོམ་པ་བསགས་པ་དང༌། རང་གི་ལུས་དང༌། ངག་དང༌། ཡིད་ཀྱིས་ཀྱང༌། དགེ་བའི་རྩ་བ་བསྒྲུབས་པས། ད་ལྟར་མཐོ་རིས་ཀྱི་འབྱོར་པ་འདི་ལྟ་བུ་ཐོབ་པར་གྱུར་ལ། འདིའང་སྔོན་གྱི་དགེ་བའི་རྒྱུ་ལས་གྲུབ་པས། སྔོན་བྱས་པའི་དགེ་བའི་རྒྱུན་ཟད་པའི་ཚེ། འབྱོར་པ་ཕུན་སུམ་ཚོགས་པ་ཟད་ཅིང་འཇིག་པར་འགྱུར་ཏེ། སྣུམ་ཟད་ནས་མར་མེ་མནལ་བ་བཞིན་ནོ། །དེས་ན་བདག་གི་འབྱོར་པ་འདིའང་ཡང་ན་མེད་པར་འགྱུར་བའམ། ཡང་ན་མི་མཐུན་པའི་ཕྱོགས་དང་ཕྲད་ནས་རྩོད་པའི་གཞིར་གྱུར་ནས་སླར་ཡང་སྡིག་པའི་རྒྱུར་འགྱུར་བའང་སྲིད་དེ། མདོ་སྡེ་ལས། ནོར་ནི་ཕུང་ཁྲོལ་ཀུན་གྱི་རྩ་བ་སྟེ། །ཞེས་བྱ་བ་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། ས་བདག་སྔ་མའི་དགེ་ཆེན་གྱིས། །ཕྱི་མའི་ངན་འགྲོ་བསྐྱེད་པའང་གདའ། །ཞེས་བྱ་བ་དང༌། སློབ་དཔོན་མེ་ཏྲཱི་པས། ཟང་ཟིང་ཕྱིར་ན་རྩོད་འབྱུང་སྟེ། །ཟང་ཟིང་མེད་ན་བདེ་བའི་མཆོག །ཅེས་གསུངས་པ་ལ་སོགས་པའི་དོན་དྲན་པར་བྱས་ནས། གནས་སྐབས་ཀྱི་འབྱོར་པ་ལ་ཆགས་པ་དང་སྙེམས་པར་མི་བྱ་ཞིང༌། སྔོན་གྱི་དགེ་བའི་རྩ་བ་ལས་གྲུབ་པའི་འབྱོར་པ་འདི། མ་འོངས་པའི་བདེ་བ་དང༌། འབྱོར་པ་ཐོབ་པར་བྱ་བའི་ཕྱིར། དགེ་བའི་རྩ་བ་བསྒྲུབ་པར་བྱ་སྙམ་དུ་བསམས་ནས། ལོངས་སྤྱོད་དེ་དག་ལས། ཆ་ཤས་ཀྱིས་དཀོན་མཆོག་མཆོད་པ། དགེ་འདུན་ལ་བསྙེན་བཀུར་བ་དང༌། ཆ་ཤས་ཀྱིས་ཕོངས་པ་དང༌། ནད་པ་ལ་སྦྱིན་པ་གཏོང་བ་དང༌། ཆ་ཤས་ཀྱིས་སྐྱེ་བོ་ཕལ་པ་ལའང་དུས་ཚིགས་ལ་སྦྱིན་པ་གཏོང་བ་དང༌། རང་གི་མཛའ་བཤེས་དང༌། གཉེན་འདུན་དང༌། འཁོར་དག་ཀྱང་ཆོས་ལ་སྦྱར་ཞིང་དགེ་བའི་རྩ་བ་དག་ལ་བསྐུལ་བར་བྱས་ནས། དེ་ལས་བྱུང་བའི་དགེ་བའི་རྩ་བ་དེས། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང༌། དེ་མ་ཐོབ་ཀྱི་བར་དུའང༌། ལྷ་དང་མིའི་འབྱོར་བ་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག ཅེས་བསྔོ་ཞིང་ཚུལ་དེ་ལྟ་བུ་ཡང་དང་ཡང་དུ་བགྱིས་ན། སྔ་མའི་དགེ་བའི་རྩ་བ་དང༌། ཕྱི་མའི་དགེ་བའི་རྩ་བ་མཚམས་སྦྱོར་ནས། ངན་འགྲོའི་སྡུག་བསྔལ་དང༌། མཐོ་རིས་ཀྱི་རྒུད་པ་མེད་པར། ལྷ་དང་མིའི་བདེ་བ་ལ་རྒྱུན་མི་ཆད་པར་སྤྱད་དེ། མཐར་ཐུག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་བ་ཉིད་དོ། །དེའང་སྔོན་མི་ཕོངས་པ་ཞིག་གི་སངས་རྒྱས་གཅིག་ལ་མེ་ཏོག་རྡོག་པོ་གཅིག་ཕུལ་ཏེ། སེམས་བསྐྱེད་ཞུས་ནས་བྱང་ཆུབ་ཏུ་བསྔོས་པས་སྐྱེ་བ་ཐམས་ཅད་དུ་ངན་འགྲོར་མི་ལྟུང་བར་མཐོ་རིས་ཀྱི་བདེ་བ་ལ་སྤྱད་དེ། བསྐལ་པ་འདི་ཉིད་ལ་སངས་རྒྱས་པའི་མཚན་དེ་བཞིན་གཤེགས་པ་མེ་ཏོག་གི་དབང་ཕྱུག་རྒྱལ་པོ་ཞེས་བྱ་བར་འགྱུར་བ་ལྟ་བུ་སྟེ། མདོ་སྡེ་བསྐལ་པ་བཟང་པོ་ལས། མེ་ཏོག་གཅིག་ནི་རབ་ཕུལ་བས། །གང་ཞིག་ངན་འགྲོ་ལྟུང་མ་གྱུར། །དེ་ལ་དུས་ངེས་བསྟན་པ་ནི། །མཚན་ནི་ཁྱོད་སྔོན་འདི་འདྲ་ལགས། །ཞེས་གསུངས་པ་ལྟར་རོ། །དེས་མཚོན་ནས། བདག་ལ་བདེ་བ་དང༌། ལེགས་པ་དང༌། དགའ་བ་གང་བྱུང་ཡང་འདི་ནི་སྔོན་གྱི་དགེ་བ་ལས་བྱུང་ལ། དེ་ཡང་དཀོན་མཆོག་ལ་བརྟེན་པའི་ཕྱིར། དཀོན་མཆོག་གི་བཀའ་དྲིན་ནོ། །ཞེས་དཀོན་མཆོག་གི་བཀའ་དྲིན་དྲན་པར་བྱ་ཞིང༌། ད་དུང་དུའང༌། བླ་མ་དང་དཀོན་མཆོག་ལ་བརྟེན་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཐམས་ཅད་ཐོབ་པར་བྱ། དེའི་དོན་དུ། བླ་མ་དང་དཀོན་མཆོག་ལ་སྙིང་ཐག་པ་ནས་སྐྱབས་ཤིང༌། གསོལ་བ་གདབ་སྙམ་དུ་དྲན་པར་བྱ་བ་དང༌། གཞན་དཔལ་འབྱོར་ཕུན་སུམ་ཚོགས་པ་དང༌། དགའ་བ་དང༌། བདེ་བ་ལ་ལོངས་སྤྱོད་པ་མཐོང་བའམ། ཐོས་པ་དེ་དག་ལ་ཕྲག་དོག་མི་བསྒོམ་པར། འདི་དག་གིས་དགེ་བའི་རྩ་བ་སྤྱད་པས། འདི་ལྟ་བུའི་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་པ་ཤིན་ཏུ་ཡི་རངས། ད་དུང་དུའང་སྐྱེ་བོ་འདི་དག་དང༌། །སེམས་ཅན་གཞན་ཐམས་ཅད་ཀྱིས་ཀྱང་དགེ་བའི་རྩ་བ་རྒྱ་ཆེན་པོ་སྤྱད་ན་ཅི་མ་རུང་སྙམ་དུ་རྗེས་སུ་ཡི་རང་བར་བགྱིའོ། །འདི་ནི་བདེ་བ་ལམ་དུ་བསླངས་པའི་ཆོས་ཁྱད་པར་ཅན་ཏེ། མདོ་སྡེ་དག་ལས་འབྱུང་བ་བརྗོད་པའོ། །དེ་ལྟར་བདེ་བ་དང༌། སྡུག་བསྔལ་གང་བྱུང་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པས་ལམ་དུ་བསྒྱུར་བ་འདི་ནི། བྱང་ཆུབ་སེམས་དཔའི་མདོ་སྡེ་རྣམས་ལས་ཀྱང་རྒྱ་ཆེར་གསུངས་ཤིང༌། མགོན་པོ་བྱམས་པས་མདོ་སྡེ་རྒྱན་ལས། དེ་ཡི་ཆོས་ཀུན་སྒྱུ་མ་ལྟ་བུ་དང༌། །སྐྱེ་བ་སྐྱེ་མོས་ཚལ་འགྲོ་ལྟར་རྟོགས་ནས། །འབྱོར་པའི་དུས་དང་རྒུད་པའི་དུས་ནའང༌། །ཉོན་མོངས་སྡུག་བསྔལ་དག་གི་འཇིགས་པ་མེད། །ཅེས་གསུངས་པའི་དོན་ཉམས་སུ་བླངས་པའི་རིམ་པ་བཀོད་པ་ལགས། དེ་བཞིན་དུ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་རྣམ་པར་རྟོག་པ་སྐྱེས་པའི་ཚེ། གང་ལ་ཉོན་མོངས་པ་སྐྱེ་བའི་ཡུལ་དང༌། སྐྱེས་པའི་ཉོན་མོངས་པའི་བློའི་རྣམ་པ་དང༌། ཇི་ལྟར་ཉོན་མོངས་པ་བསྐྱེད་པའི་ཚུལ་ཐམས་ཅད་ལེགས་པར་བརྟགས་ཤིང་དཔྱད་པས། ཉོན་མོངས་པ་རང་གི་ངོ་བོས་སྟོང་པར་ཤེས་པའི་ཚེ། ཉོན་མོངས་པ་འགག་ཅིང་སྟོང་པ་ཉིད་ཀྱི་ཆོས་ཀྱི་ཚུལ་ལ་འཇུག་པར་འགྱུར་རོ། །དེ་ལྟར་གྱུར་པའི་རྗེས་ལ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའང་ཚུལ་འདི་ལྟ་བུ་ཞིག་གིས་སྟོང་པ་ཉིད་ཀྱི་སྒོའི་ཏིང་ངེ་འཛིན་ལ་འཇུག་པར་གྱུར་ཅིག་སྙམ་དུ་བསམ་ཞིང་བརྗོད་པར་བྱའོ། །འདི་ནི་ཉོན་མོངས་པ་ལམ་དུ་བསྒྱུར་བའི་མན་ངག་ཏེ། མགོན་པོ་བྱམས་པས་མདོ་སྡེ་རྒྱན་ལས། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །གང་ཕྱིར་ཆོས་མེད་དེ་ཡི་ཕྱིར། །སངས་རྒྱས་རྣམས་ཀྱིས་དེ་དག་ལས། །ངེས་འབྱུང་ཆགས་སོགས་ཡིན་པར་དགོངས། །ཞེས་གསུངས་པའི་དོན་ཉམས་སུ་བླང་བའི་མན་ངག་ལགས། གཞན་ཡང་གཟུགས་སྒྲ་དྲི་རོ་རེག་བྱ། ཡིད་དུ་འོང་བ་རྣམས་ལ་ལོངས་སྤྱོད་པའི་དུས་སུ། འདོད་ཡོན་གྱི་ཡུལ་གང་དང་གང་བྱུང་བ་དེ་དང་དེ་དག་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུ་དཔག་ཏུ་མེད་པར་གྱུར་ནས། བདག་ཉིད་སངས་རྒྱས་ཡིན་པ་དང༌། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལའང༌། མཆོད་པ་དེ་རྣམས་ཐམས་ཅད་ཀྱིས་མཉེས་ཤིང་རང་ལ་བྱིན་གྱིས་རློབ་པ་དང༌། སེམས་ཅན་ཐམས་ཅད་ཀྱང་འདོད་ཡོན་གྱི་བདེ་བ་དེས་ཚིམ་པར་བྱས་པར་བསམ་ཞིང་ལོངས་སྤྱད་ལ། དེ་ལའང་ཞེན་པ་དང་ཆགས་པ་མི་བྱ་བར་རང་བཞིན་མེད་པར་ཤེས་པར་བྱའོ། །འདི་ནི་ངན་སོང་སྦྱོང་བའི་རྒྱུད་ལས། རྡོ་རྗེ་སེམས་དཔའི་གནས་འདུག་ནས། །ཐམས་ཅད་ཟོས་ཏེ་ཀུན་བྱས་ཀྱང༌། །འགྲུབ་འགྱུར་ཉེས་པས་མི་གོས་ན། །སྙིང་རྗེ་ལྡན་པས་སྨོས་ཅི་དགོས། །ཞེས་གསུངས་པའི་དོན་ཏེ། འདོད་ཡོན་གྱི་བདེ་བ་ལ་ལོངས་སྤྱོད་པ་ལམ་དུ་བསྒྱུར་བའི་མན་ངག་གོ །གཞན་ཡང་ནུབ་མོ་སྟན་ལ་འདུག་པའི་ཚེ། བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་གདན་ཐོབ་པར་གྱུར་ཅིག ཅེས་བརྗོད། གཉིད་ལོག་པའི་ཚེ་རྣམ་པར་མི་རྟོག་པའི་ཆོས་ཀྱི་སྐུ་ཐོབ་པར་གྱུར་ཅིག ཅེས་བརྗོད། གཉིད་སད་པའི་ཚེ་མ་རིག་པའི་གཉིད་ལས་སད་པར་གྱུར་ཅིག ཅེས་བརྗོད། གོས་གྱོན་པའི་ཚེ་ངོ་ཚ་དང་ཁྲེལ་ཡོད་ཀྱི་གོས་གྱོན་པར་གྱུར་ཅིག ཅེས་བརྗོད། སྐ་རགས་དང་སྒྲོ་གུ་འཆིང་བའི་ཚེ། ཐབས་དང་ཤེས་རབ་རྗེས་སུ་འབྲེལ་པར་གྱུར་ཅིག ཅེས་བརྗོད། ཁྲུས་བྱེད་པའི་ཚེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག་པར་གྱུར་ཅིག ཅེས་བརྗོད། རྒྱན་འདོགས་པའི་ཚེ། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་རྒྱན་གྱིས་མཛེས་པར་གྱུར་ཅིག ཅེས་བརྗོད། ཟས་ཟ་བའི་ཚེ། ཟག་པ་མེད་པའི་ཏིང་ངེ་འཛིན་གྱི་ཟས་ཟ་བར་གྱུར་ཅིག ཅེས་བརྗོད། ཕྱི་རོལ་དུ་འབྱུང་བའི་ཚེ། འཁོར་བའི་ཕྱི་རོལ་དུ་ཕྱིན་པར་གྱུར་ཅིག ཅེས་བརྗོད། ལམ་དུ་འཇུག་པའི་ཚེ། བྱང་ཆུབ་ཀྱི་ལམ་དུ་འཇུག་པར་གྱུར་ཅིག ཅེས་བརྗོད། ཆུ་ལས་བརྒལ་བའི་ཚེ། སྡུག་བསྔལ་གྱི་ཆུ་བོ་ལས་བརྒལ་བར་གྱུར་ཅིག ཅེས་བརྗོད། ཐེམ་སྐས་ལ་འཛེག་པའི་ཚེ། ཐར་པའི་སྐས་ལ་འཛེག་པར་གྱུར་ཅིག ཅེས་བརྗོད། མི་དང་འཕྲད་པའི་ཚེ། འཕགས་པའི་གང་ཟག་དང་འཕྲད་པར་གྱུར་ཅིག ཅེས་བརྗོད། སྣོད་སྟོང་པ་མཐོང་བའི་ཚེ། སྐྱོན་གྱིས་སྟོང་པར་གྱུར་ཅིག ཅེས་བརྗོད། སྣོད་གང་བ་མཐོང་བའི་ཚེ། ཡོན་ཏན་གྱིས་གང་བར་གྱུར་ཅིག ཅེས་བརྗོད། ཆོས་འཆད་པ་མཐོང་བའམ་ཐོས་པའི་ཚེ། དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་སྐོར་བ་མཐོང་བ་དང་ཐོས་པར་གྱུར་ཅིག ཅེས་བརྗོད། སྐྱེ་བོ་གདུག་པ་ཅན་སྐྲོད་པ་དང༌། ཚར་གཅོད་པའི་ཚེ། བདུད་དང་ཕྱིར་གྲོལ་བ་འཇོམས་པར་གྱུར་ཅིག ཅེས་བརྗོད། འགྲོ་བ་ཉམས་ཐག་པ་ལ་ཕན་འདོགས་པའི་ཚེ། སེམས་ཅན་ཐམས་ཅད་ཆོས་ཀྱི་དབུགས་འབྱིན་པར་གྱུར་ཅིག ཅེས་བརྗོད། ཁང་པའི་སྒོ་འབྱེད་པའི་ཚེ། མྱ་ངན་ལས་འདས་པའི་སྒོ་འབྱེད་པར་གྱུར་ཅིག ཅེས་བརྗོད། ཁང་པར་ཞུགས་པའི་ཚེ། ཐར་པ་ཆེན་པོའི་གྲོང་ཁྱེར་དུ་འཇུག་པར་གྱུར་ཅིག ཅེས་བརྗོད། བདག་དང་གཞན་བཟའ་བཏུང་དང་སྟོན་མོ་ལ་ལོངས་སྤྱོད་པའི་ཚེ། བདག་དང་སེམས་ཅན་ཐམས་ཅད་ཆོས་ཀྱི་བདེ་བ་ལ་ལོངས་སྤྱོད་པར་གྱུར་ཅིག ཅེས་བརྗོད། ཕན་ཚུན་གཏམ་བརྗོད་པ་དང་ཉན་པའི་ཚེ། ཆོས་ཀྱི་གཏམ་གྱིས་བདག་དང་གཞན་གྱི་ཡིད་བདེ་བར་གྱུར་ཅིག ཅེས་བརྗོད། སྒོ་འབྱེད་པ་སྔར་དང་འདྲ་བ་ཐུར་ལ་བབ་པའི་ཚེ། སེམས་ཅན་གྱི་དོན་ལ་འཇུག་པར་གྱུར་ཅིག ཅེས་བརྗོད། དེ་ནས་ལམ་གྱི་ཀུན་དུ་སྤྱོད་པ་ཐམས་ཅད་དང༌། ཁང་པར་འཇུག་པ་ལ་སོགས་པའི་ཚུལ་སྔར་དང་འདྲ། དུས་ནམ་ཡང་རུང་སྟེ་སྦྱིན་པ་ཆེ་ཆུང་གང་བཏང་ཡང༌། བདག་གི་སྦྱིན་པའི་ལས་འདིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་ནས་འཚང་རྒྱ་བར་གྱུར་ཅིག ཅེས་བརྗོད། བསྙེན་གནས་ཉིན་ཞག་གཅིག་པ་ནས་བཟུང་སྟེ། ཚུལ་ཁྲིམས་དངོས་སམ། དེའི་ཆར་གཏོགས་པ་བསྲུང་བའི་ཚེ། བདག་གི་ཚུལ་ཁྲིམས་ཀྱི་ལས་འདིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་ནས་འཚང་རྒྱ་བར་གྱུར་ཅིག ཅེས་བརྗོད། གཞན་གྱི་འཚེ་བ་དང་ལོག་བསྒྲུབ་ལ་ཡིད་སྲན་ཚུགས་པ་དང༌། ཆོས་ཀྱི་དོན་དུ་དཀའ་བ་སྤྱོད་པ་ལ་ཡིད་བཟོད་པ་དང༌། བཟོད་པར་རྟོགས་པ་བསྒོམ་པའི་ཚེ། བདག་གི་བཟོད་པའི་ལས་འདིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་ནས་འཚང་རྒྱ་བར་གྱུར་ཅིག ཅེས་བརྗོད། རང་གི་ལུས་ངག་ཡིད་གསུམ་དགེ་བའི་རྩ་བ་གང་ཅི་ཡང་རུང་བ་ལ་བརྩོན་པར་འཇུག་པའི་ཚེ། བདག་གི་བརྩོན་འགྲུས་ཀྱི་ལས་འདིས། བདག་དང་སེམས་ཅན་ཐམས་ཅད་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་ནས་འཚང་རྒྱ་བར་གྱུར་ཅིག ཅེས་བརྗོད། །བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང༌། ལྷ་ལ་སོགས་པའི་དམིགས་པ་ལ་མཉམ་པར་འཇོག་པའི་ཚེ། བདག་གི་བསམ་གཏན་གྱི་ལས་འདིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་ནས་འཚང་རྒྱ་བར་གྱུར་ཅིག ཅེས་བརྗོད། ཆོས་གསན་པ་དང༌། འདྲི་བ་དང༌། གཟིགས་པ་དང༌། དོན་རྣམ་པར་དཔྱོད་པ་དང༌། ཆོས་སྤྱི་དང༌། རང་གི་མཚན་ཉིད་ཚུལ་བཞིན་ཡིད་ལ་བྱེད་པའི་ཤེས་རབ་བསྐྱེད་པའི་ཚེ། བདག་གི་ཤེས་རབ་ཀྱི་ལས་འདིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་ནས་འཚང་རྒྱ་བར་གྱུར་ཅིག ཅེས་བརྗོད། ཚུལ་འདི་སངས་རྒྱས་ཕལ་པོ་ཆེ་ལས། འཇམ་དཔལ་གཞོན་ནུར་གྱུར་པས་གསུངས་པ། སྤྱོད་ཡུལ་ཡོངས་སུ་དག་པ་ཞེས་བགྱི་པ་ལགས། དེ་ཉིད་མགོན་པོ་བྱམས་པས་མདོ་སྡེ་རྒྱན་དུ། རྒྱལ་སྲས་སྤྱོད་ཚེ་ཇི་ལྟ་ཇི་ལྟ་བུར། །དབང་པོའི་སྤྱོད་ཡུལ་སྣ་ཚོགས་འཇུག་འགྱུར་བ། །དེ་ལྟར་དེ་ལྟར་རིག་ཅིང་མཐུན་ཚིག་གིས། །སེམས་ཅན་ཕན་ཕྱིར་དེ་དག་མངོན་བྱེད་དོ། །ཞེས་གསུངས་པའི་དོན་ཉམས་སུ་ལེན་པ། ཀུན་ཏུ་སྤྱོད་པ་ཐམས་ཅད་ལམ་དུ་བསྒྱུར་བའི་མན་ངག་ལགས། དེ་དག་གི་བདེ་བ་དང་སྡུག་བསྔལ་ལ་སོགས་པ་ཕྱི་ནང་གི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ་ཐབས་ལ་མཁས་པའི་ལམ་བསྟན་ནས། ཆོས་དང་འཇིག་རྟེན་གཉིས་ཀའི་ཐུན་མོང་གི་ཀུན་ཏུ་སྤྱོད་པའི་ཚུལ་ནི། ཉིད་ཀྱི་དགོངས་པ་སྐྱེ་བོ་ཕལ་པས་དཔག་དཀའ་བ་སྒོ་གསུམ་གྱི་མཛད་པ་ཐམས་ཅད་ཡིད་དུ་འོང་ཞིང་འགྲོགས་ན་བདེ་བ་དང༌། རང་ཉིད་དྲང་པོར་སྤྱད་པའི་གཟིས་སྐྱེ་བོ་ཐམས་ཅད་ཀྱི་སྒྱུའི་སྤྱོད་པ་བྱེད་མི་ནུས་ཤིང་ངང་གི་ཟིལ་གྱིས་ནོན་པ་དང༌། ཐུགས་དགོངས་དང༌། མཛད་སྤྱོད་ཐམས་ཅད་བརྟན་ཞིང་གྱ་གྱུ་མེད་པ་ཉིད་དུ་མཛོད་ཅིག་སྨོས་པ་ལགས་ཏེ། དོན་འདི་སློབ་དཔོན་ཀླུ་སྒྲུབ་ཀྱིས་གཏམ་དུ་བྱ་བ་རིན་པོ་ཆེའི་ཕྲེང་བ་ལས། རྒྱ་མཚོ་བཞིན་དུ་ཟབ་པ་དང༌། །ཟླ་བ་ཉ་བཞིན་དེས་པ་དང༌། །སྟོན་ཀའི་ཟླ་ལྟར་གཟི་ལྡན་དང༌། །རི་རབ་བཞིན་དུ་ཆེས་བརྟན་མཛོད། །ཅེས་གསུངས་པའི་དོན་ལགས། གང་ཞིག་ཤེས་ན་ཤེས་པ་བདེར་གནས་ཤིང༌། །ཚུལ་བཞིན་བསྒྲུབས་ན་སྒྲུབ་པ་རྣམ་དག་ལ། །གོམས་ན་ཀུན་མཁྱེན་མཁྱེན་པ་ཐོབ་བྱེད་པ། །དེ་ལྟའི་ཆོས་ཚུལ་ཚུལ་བཞིན་བདག་གིས་བཤད། །དེ་ལས་དགེ་བ་རྒྱ་ཆེན་གང་བསྐྲུན་པ། །བདག་དང་བསྐུལ་བ་བྱེད་པས་གཙོ་བྱས་པའི། །སེམས་ཅན་ཀུན་གྱི་ཆོས་ཚུལ་འདི་སྤྱད་ནས། །སངས་རྒྱས་གོ་འཕང་དམ་པ་ཐོབ་པར་ཤོག །བསྒྲུབ་པའི་རིམ་པ་རབ་ཏུ་གསལ་བ་ཞེས་བྱ་བའི་ཆོས་ཀྱི་ཚུལ་འདི་ནི། དཔོན་མོ་པུནྡ་རི་ཞེས་བྱ་བས། སེམས་ཅན་ལ་ཕན་པའི་ཆོས་ཤིག་མཛད་པར་ཞུ་ཞེས་ཤིན་ཏུ་རྒྱ་ཆེན་པོའི་འབུལ་བ་དང་བཅས་ནས་རྒྱང་རིང་པོ་ནས་བསྐུལ་བའི་དོན་དུ། དགེ་སློང་འཕགས་པས་ལྕགས་ཕོ་འབྲུག་གི་ལོ། དཔྱིད་ཟླ་འབྲིང་པོའི་ཚེས་བཅོ་ལྔའི་ཉིན་པར་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*