རྒྱལ་བུ་དེ་གུས་བྷོ་ག་ལ་གདམས་པ།

༼བ༽

༄༅། །རྒྱལ་བུ་དེ་གུས་བྷོ་ག་ལ་གདམས་པ་བཞུགས།།

༄༅། །རྒྱལ་བུ་དེ་གུས་བྷོ་ག་ལ་ཉེ་བར་གདམས་པ་བདུད་རྩིའི་འབྱུང་གནས་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཕན་བདེ་མ་ལུས་འབྱུང་བའི་གནས། །ཉེས་པ་བཀྲུ་བའི་འཇུག་ངོགས་མཆོག །སངས་རྒྱས་ཀུན་ལ་ཕྱག་འཚལ་ནས། །རྒྱལ་བུ་ཁྱོད་ལ་འདི་གསོལ་ལོ། །གང་ཞིག་ཐོས་ན་སྙན་ཚིགས་གསུང་ལྡན་ཞིང༌། །ཅུང་ཟད་མྱངས་ན་དགའ་བདེ་རྣམས་འཕེལ་ལ། །རྒྱུན་དུ་བསྟེན་ན་སྲིད་ཞིའི་དཔལ་བསྐྱེད་པས། །གདམས་པ་འདི་ནི་བདུད་རྩིའི་འབྱུང་གནས་ཡིན། །ཁྱོད་ཀྱི་ཡབ་དང་ཡུམ་དང་ནི། །མེས་དང་ཁུ་བོ་ལ་སོགས་པ། །འཆི་མེད་བདུད་རྩིའི་སྒོར་ཞུགས་ནས། །ཆོས་ཚུལ་ཅི་རིགས་སྤྱོད་མཛོད་ཅིང༌། །ཁྱོད་ཀྱང་སྨོན་ལམ་བཟང་པོའི་མཐུས། །སྐྱེས་མ་ཐག་ཏུ་ཆོས་དང་ཕྲད། །དགེ་བའི་བཤེས་ཀྱིས་ཡོངས་སུ་བཟུང༌། །སྡོམ་པ་བཟང་པོས་ལེགས་བསྡམས་པས། །སངས་རྒྱས་རིགས་སུ་ཁྱོད་བསྐྲུན་གྱིས། །རིགས་དང་མཐུན་པའི་ལས་མཛོད་ཅིག །ལས་དེའང་སྡིག་ལས་ལྡོག་པ་དང༌། །དགེ་ལ་ཡང་དག་བརྩོན་པ་དང༌། །སེམས་ཀྱིས་སེམས་རབ་འདུལ་བགྱིད་པ། །ཐུབ་པས་བཀའ་སྩལ་བཞིན་དུ་མཛོད། །ཉོན་མོངས་པ་ཡིས་ཀུན་བསླངས་ནས། །སྒོ་གསུམ་དག་གིས་ཉེར་བསྒྲུབས་ཏེ། །གཞན་ལ་གནོད་བགྱིད་སྡུག་བསྔལ་གྱི། །འབྲས་འབྱིན་སྡིག་པར་ཐུབ་པས་གསུངས། །སྲོག་གཅོད་པ་ཡིས་ཚེ་ཐུང་ཞིང༌། །ནད་མང་བ་དང་རྣམ་སྨིན་འབྲས། །དམྱལ་བར་མཆི་ཞེས་ལུང་ལས་འབྱུང༌། །ཚ་བའི་དམྱལ་བ་ལྕགས་སྲེག་གཞིར། །ལས་ཀྱི་གཤིན་རྗེས་རབ་དྲུད་ནས། །ཁྲོ་ཆུ་ཁོལ་བཅས་ཟངས་ཆེན་དུ། །འཚེད་ཅིང་འགའ་ཞིག་གཤེགས་པ་དང༌། །ཤིན་ཏུ་འབར་བའི་མཚོན་ཆ་ཡིས། །འབིགས་དང་གཏུབ་དང་དམྱལ་བགྱིས་ཀྱང༌། །ཇི་སྲིད་ལས་ངན་མ་ཟད་པ། །དེ་སྲིད་འཆི་བར་མི་འགྱུར་བར། །སྡུག་བསྔལ་ཁོར་མོ་བརྒྱུད་ཅེས་གདའ། །འགའ་ཞིག་ལོ་གྲངས་དུ་མ་དང༌། །བསྐལ་པའི་བར་དུ་གནས་པའང་མཆིས། །གྲང་བའི་དམྱལ་བ་ཉི་མ་ཡི། །འོད་ཀྱིས་ཀུན་ནས་མ་ཁྱབ་པའི། །འཁྱགས་པའི་ཕུང་པོ་བརྩེགས་པ་དང༌། །གངས་རིའི་བར་དུ་དེ་སྐྱེས་ནས། །རླུང་དང་གྲང་མོས་གདུངས་པའི་ཚེ། །ཆུ་བུར་དུ་མ་འཐོན་པ་དང༌། །གས་ཤིང་དུ་མར་གྱེས་པ་དང༌། །རྣག་ཁྲག་ཟགས་ཤིང་དེ་འཁྱགས་པས། །འགུལ་བ་ཙམ་དུའང་མི་སྤྱོད་པའི། །སྡུག་བསྔལ་ལོ་གྲངས་དུ་མ་རུ། །སྤྱད་ནས་འཆི་ཞེས་འབྱུང་བས་ན། །དེ་འདྲ་དགོངས་ཤིང་གནས་སྐབས་སུ། །རང་གི་ལུས་སྲོག་དཔེར་བགྱིས་ནས། །སྲོག་གཅོད་པ་ལས་ལྡོག་པར་མཛོད། །མ་བྱིན་ལེན་པས་ལོངས་སྤྱོད་རྒུད། །འདོད་ལོག་སྤྱད་པས་དགྲ་དང་བཅས། །གཉིས་ཀའང་འདོད་ཆགས་དང་འབྲེལ་བ། །ཤས་ཆེའི་སླད་དུ་དེ་འདྲའི་འབྲས། །ཡི་དྭགས་འགྲོ་བར་འགྲོམ་ཞེས་གསུང༌། །གླིང་བར་དང་ནི་ས་འོག་སོགས། །བྱེ་མའི་ཁྲོད་དང་མྱ་ངམ་ཐང༌། །ངམ་གྲོག་དག་ཏུ་དེ་སྐྱེས་ནས། །བཟའ་བཏུང་སྒྲ་ཡང་མི་ཐོས་ན། །སྤྱད་དུ་ལྟ་ཡང་ག་ལ་མཆིས། །ཅུང་ཟད་རྙེད་ནའང་ལས་ཀྱིས་དེ། །རྣག་ཁྲག་ཏུ་མཐོང་སྲེད་པ་ཡིས། །ཟོས་ན་མེ་མ་མུར་སོགས་འགྱུར། །དེ་འདྲ་ཟླ་བ་ཉིན་ཞག་དུ། །བགྱིས་པའི་ལོ་གྲངས་ལྔ་བརྒྱ་སོགས། །བརྣག་དཀའ་སྡུག་བསྔལ་བརྣག་བགྱི་ཞེས། །ཡང་དག་ལུང་ལས་ངེས་འབྱུང་བ། བསམས་ཤིང་རང་ཉིད་དཔེར་བགྱིས་ནས། །མ་བྱིན་ལེན་དང་འདོད་ལོག་ལས། །རྣམ་པ་ཀུན་ཏུ་ལྡོག་པར་བགྱི། །བརྫུན་དུ་སྨྲས་པས་གཞན་གྱིས་སླུ། །ཕྲ་མས་གཉེན་བཤེས་དག་དང་འབྲལ། །ངག་འཁྱལ་གྱིས་ནི་ངག་མི་བཙན། །ཚིག་ཚུབ་སྨྲས་པས་གཞན་གྱིས་སྨོད། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་ཀྱིས་ནི་གནོད་བྱེད་མང༌། །མཐོང་ཆོས་ཚེ་འདིར་མྱོང་བ་སྟེ། །རྣམ་སྨིན་གཞན་དུ་ཆེས་ཆེར་མྱོང༌། །ཤིན་ཏུ་ལྕི་བ་ངན་འགྲོ་བས། །དེ་རྣམས་འབད་པས་སྤང་བར་མཛོད། །ལོག་པར་ལྟ་བས་ལྟ་ངན་ཞིང༌། །ཡང་དག་ལམ་ལས་གོལ་བགྱིས་པས། །དུད་འགྲོའི་འགྲོ་བར་འགྲོ་བར་འགྱུར། །བྱིངས་ཀྱི་དུད་འགྲོ་རྒྱ་མཚོར་གནས། །ཕན་ཚུན་གཅིག་གིས་གཅིག་ལ་ཟ། །འགའ་ཞིག་མི་ཡིས་བསྲོགས་ཏེ་གསོད། །རླབས་ཀྱིས་གཡེངས་པས་གནས་མ་ངེས། །སྐྱབས་མེད་རྟག་ཏུ་འཇིགས་དང་བཅས། །ཁ་འཐོར་བ་ནི་མི་ཡུལ་སོགས། །གནས་མ་ངེས་པར་རྣམ་པར་གནས། །བཀོལ་དང་བཞོ་དང་བྲེག་པ་དང༌། །སྣ་ཚོགས་ལས་ལ་བསྐུལ་བ་སོགས། །སྡུག་བསྔལ་དུ་མ་སྤྱད་སྤྱད་ནས། །བསད་ནས་ཤ་སོགས་འཚལ་བགྱིད་པ། །གཟིགས་མོད་བྱོལ་སོང་གཞན་དག་ཀྱང༌། །རིགས་མཐུན་པ་དང་རིགས་མི་མཐུན། །ཕལ་ཆེར་དགྲར་གྱུར་དེ་སླད་དུ། །ཚེ་མཐར་མ་ཕྱིན་རྟག་པར་ཡང༌། །འཇིགས་ཤིང་སྡུག་བསྔལ་དུ་མས་གཟིར། །ཀླུ་ཆེན་རྣམས་ཀྱང་རྨོངས་རྟུལ་ཞིང༌། །ཕལ་ཆེར་མེ་དང་བྱེ་ཚན་དང༌། །མཁའ་ལྡིང་སོགས་ཀྱི་འཇིགས་དང་བཅས། །དེ་འདྲའི་ཚུལ་ལ་ལེགས་དགོངས་ནས། །ལོག་པར་ལྟ་བ་སྤང་བར་མཛོད། །དེ་ལྟར་མི་དགེ་བཅུ་ལས་བཟློག་བགྱི་ཞིང༌། །གཞན་ཡང་སྡིག་པའི་ཆར་གཏོགས་ཐམས་ཅད་ལ། །ཤིན་ཏུ་འཛེམ་ཞིང་ཅུང་ཟད་བྱུང་ན་ཡང༌། །བཤགས་ཤིང་བསྡམས་ནས་ཤིན་ཏུ་དག་པར་བགྱི། །མ་ཆགས་པ་དང་མི་སྡང་དང༌། །གཏི་མུག་མེད་པས་ཀུན་བསླང་བའི། །ལས་གང་གཞན་ལ་ཕན་འགྱུར་ཞིང༌། བདེ་བའི་འབྲས་འབྱིན་དགེ་བར་གསུངས། །གཞན་དག་གསོད་པ་ལས་བཟློག་དང༌། །འཆི་བར་ངེས་པ་སྲོག་བླུ་དང༌། །ལུས་དང་སྲོག་ལ་ཕན་བགྱིས་པས། །ཚེ་རིང་བ་དང་བདེ་ལྡན་འགྱུར། །མ་བྱིན་ལེན་ལས་གཞན་བཟློག་དང༌། །རང་ལ་བཏང་བར་དགའ་བ་དང༌། །གཞན་ལ་མཁོ་བ་ཉེར་བྱིན་པས། །དཔལ་འབྱོར་ཀུན་གྱིས་འབྱོར་པར་འགྱུར། །གཞན་དག་འདོད་ལོག་ལས་བཟློག་དང༌། །ཆགས་པའི་ཉེས་དམིགས་དྲན་བགྱིས་ནས། །ཚངས་སྤྱོད་དག་ལ་གོམས་བགྱིས་པས། །དགྲ་མེད་ཏིང་འཛིན་བདེ་ལྡན་འགྱུར། །གཞན་དག་བརྫུན་ལས་བཟློག་པ་དང༌། །ཚུལ་འཆོས་སྤངས་ཤིང་བདེན་སྨྲས་པས། །གཞན་དག་གིས་ནི་མི་སླུ་དང༌། །བདག་ཀྱང་ཚད་མའི་སྐྱེས་བུར་འགྱུར། །གཞན་དག་ཕྲ་མ་ལས་བཟློག་དང༌། །མི་མཐུན་པ་དག་མཐུན་བགྱིས་ནས། །མཐུན་པ་སླར་ཡང་བརྟན་བགྱིས་པས། །བཤེས་མང་མཛའ་བ་བརྟན་པར་འགྱུར། །གཞན་དག་ངག་འཁྱལ་ལས་བཟློག་དང༌། །རང་ཉིད་དོན་ལྡན་དུས་བབ་དང༌། །རན་པར་སྨྲས་པས་ངག་བཙན་ཞིང༌། །ཡིད་ཀྱང་རྣལ་དུ་ཕེབས་པར་འགྱུར། །གཞན་དག་ཚིག་རྩུབ་ལས་བཟློག་ཅིང༌། །རང་ཉིད་སྙན་པར་སྨྲས་པས་ཡིས། །གཞན་དག་དགའ་བར་བྱེད་པ་ལ། །འཇིག་རྟེན་ཀུན་གྱིས་བསྟོད་པར་འགྱུར། །གཞན་དག་བརྣབ་སེམས་ལས་བཟློག་ཅིང༌། །བདག་གི་བདོག་པ་གཞན་དག་ལ། །ལྷུག་པར་གཏོང་བ་སྨོན་པ་ཡིས། །རེ་བ་མཐའ་དག་འབྲས་བཅས་འགྱུར། །གཞན་དག་གནོད་སེམས་ལས་བཟློག་ཅིང༌། །རང་ཉིད་གཞན་ལ་ཕན་འདོད་དང༌། །ཕན་པའི་ལས་ལ་ཉེར་སྦྱར་བས། །ཀུན་གྱིས་བདག་ལ་ཕན་བྱེད་འགྱུར། །གཞན་དག་ལོག་ལྟ་ལས་བཟློག་ཅིང༌། །ཡང་དག་ལྟ་ལ་གོམས་པ་དང༌། །གཞན་དག་ཀྱང་ནི་ཉེར་སྦྱར་བས། །བདེ་འགྲོ་རྒྱུད་མར་བརྒྱུད་པར་འགྱུར། །འདི་དག་གི་ཡང་མཐོང་ཆོས་འབྲས། །ཆུང་ངུར་ཉམས་སུ་མྱོང་བ་སྟེ། །རྣམ་སྨིན་ཚེ་རབས་གཞན་དག་ཏུ། །དེ་འདྲ་ཕུལ་བྱུང་སྨིན་པར་འགྱུར། །འདི་དག་དཀར་པོའི་ལས་ཀྱི་ལམ་བཅུ་སྟེ། །འདི་ཡིས་མཚོན་ནས་དགེ་བའི་ལས་ཀུན་ལ། །བརྩོན་པས་བསྒྲུབ་ཅིང་དེ་ཡང་གཞན་དོན་ཕྱིར། །བྱང་ཆུབ་བསྔོས་པས་མི་ཟད་འཕེལ་བར་མཛོད། །དེ་ལྟར་བདེ་སྡུག་དགེ་སྡིག་གི །རྗེས་སུ་འབྲང་བར་ལེགས་འཚལ་བ། །འཇིག་རྟེན་པ་ཡི་ཡང་དག་ལྟ། །ཉིད་ལགས་ཚུལ་བཞིན་སྤྱད་བགྱིས་པས། །མཐོང་དང་ཇི་སྐད་བཤད་པ་ཡི། །དཔལ་ཡོན་དག་གིས་རབ་འབྱོར་པ། །མི་དང་ལྷ་མ་ཡིན་དང་ལྷའི། །བདེ་འགྲོ་གསུམ་ནི་ཐོབ་པར་འགྱུར། །དགེ་དེས་མཐོ་རིས་ཐོབ་བྱེད་ཀྱང༌། །སྲིད་པའི་རྩ་བ་མི་གཅོད་ཕྱིར། །འཁོར་བར་སླར་ཡང་འཁོར་འགྱུར་ཞིང༌། །ཡང་སྲིད་མེད་པར་མཆི་མ་ལགས། །བདེ་འགྲོ་དཔྱད་ན་སྡུག་བསྔལ་ཏེ། །འདོད་པ་མི་རྙེད་འབྲལ་བ་དང༌། །མི་འདོད་མི་སྤོང་ཕྲད་པ་དང༌། །ཆེན་པོ་ཕལ་ཆེར་སེམས་སྡུག་དང༌། །དམན་པ་ཕལ་ཆེར་ལུས་སྡུག་པས། །མི་ཡི་འགྲོ་བ་རྣམ་པར་གདུངས། །ལྷ་ཡི་དཔལ་ལ་ཞེ་སྡང་ཞིང༌། །རྩོད་པས་དུས་འདའ་གཡུལ་ངོ་རུ། །དུས་བྱེད་ཕྱིར་ན་ལྷ་མིན་རྣམས། །འདི་དང་ཕྱི་མར་རྣམ་པར་བཅོམ། །འཕོ་ཞིང་ལྷུང་དང་དགྲར་བཅས་དང༌། །བག་མེད་པ་ཡིས་ལྷ་རྣམས་ཉམས། །སྐྱེ་རྒ་ན་དང་འཆི་བ་ཡིས། །གནས་རིས་འོག་མ་དངོས་སུ་གདུངས། །གོང་མ་དག་ལ་ཆ་མཐུན་ཡོད། །དེ་དག་སྡུག་བསྔལ་སྡུག་བསྔལ་ཏེ། །བདེ་ཉམས་འགྱུར་བའི་སྡུག་བསྔལ་ལགས། །ཀུན་ཀྱང་ལས་དང་ཉོན་མོངས་ལས། །བྱུང་ཕྱིར་འདུ་བྱེད་སྡུག་བསྔལ་གྱིས། །འགྲོ་བ་འདི་དག་རྣམ་པར་གདུངས། །དེ་ལྟར་འཁོར་བའི་སྡུག་བསྔལ་དྲན་བགྱིས་ནས། །འདི་ལས་ངེས་འབྱིན་བགྱིད་པ་རང་གིས་སེམས། །དུལ་བར་བགྱིད་པ་ལགས་པ་དེ་སླད་དུ། །ཉིད་ཐུགས་ཀུན་དུ་དུལ་བར་མཛད་དུ་གསོལ། །སེམས་འདི་གཟུགས་ཅན་མ་ལགས་ཤིང༌། །དྲི་བཞིན་རྣམ་པར་གཡོ་བ་དང༌། །ཇི་ལྟར་གོམས་པའི་དབང་འགྱུར་བས། །སེམས་ནི་སེམས་ཀྱིས་བཅོས་པར་བགྱི། །གང་ལ་ཉོན་མོངས་སྐྱེ་འགྱུར་བའི། །ཡུལ་དེ་རྣམ་པར་སྤང་བགྱི་ཞིང༌། །གཡེང་བ་ཀུན་ལས་རབ་བཟློག་ནས། །ཡིད་ནི་མཉམ་པར་གཞག་པར་མཛོད། །འདོད་ཆགས་ཤས་ཆེ་མི་གཙང་ཤ་ཚིལ་དང༌། །པགས་པ་ཀེང་རུས་ལྟ་བས་རྣམ་པར་བཟློག །ཞེ་སྡང་ལ་ནི་བྱམས་པའི་ཆུ་ཡིས་ཏེ། །གཏི་མུག་ལ་ནི་རྟེན་འབྲེལ་ལམ་གྱིས་སོ། །ང་རྒྱལ་ལ་ནི་ཁམས་ཀྱིས་རབ་ཏུ་དབྱེ། །དེ་སྐད་ཐུབ་པས་གསུངས་པའི་ཚུལ་འདི་ཡིས། །ཉོན་མོངས་རྣམས་ཀྱི་མགོ་བཅལ་ནས། །ལྷ་དང་ལུས་དང་སེམས་ལ་སོགས། །དམིགས་པ་ལ་ནི་སེམས་གཏད་དེ། །སེམས་ནི་མཉམ་པར་གཞག་བྱས་ནས། །ཐོག་མར་ཞི་གནས་བསྒྲུབ་པར་བྱ། །དམིགས་པ་རྣམས་དང་ཆོས་རྣམས་ཀུན། །རྣམ་པར་དཔྱད་ན་ཆུ་ཤིང་ལྟར། །བདེན་པའི་སྙིང་པོས་རབ་ཏུ་སྟོང༌། །འདི་ནི་རྣམ་པར་ཐར་པའི་སྒོ། །སྟོང་པ་ཉིད་ཅེས་བྱ་བར་བཤད། །གང་ལ་མཚན་གཞི་མ་གྲུབ་པས། །མཚན་མར་གདགས་པ་ཅུང་ཟད་མེད། །བློས་ཀྱང་དེ་ལྟར་མི་འཛིན་པ། །འདི་ནི་མཚན་མ་མེད་པའོ། །མཚན་མ་མེད་པས་མཚོན་བྱ་དང༌། །ཐོབ་བྱ་མེད་ཕྱིར་ཐོབ་པའང་མེད། །དེ་ཕྱིར་སྨོན་པར་བྱར་མེད་པས། །སྨོན་པ་མེད་པ་ཞེས་བྱའོ། །ཚུལ་འདི་ཆོས་རྣམས་ཐམས་ཅད་ཀྱི། །ངོ་བོ་ཉིད་དུ་ལྷུན་གྲུབ་པས། །མངོན་པར་འདུས་མ་བྱས་པ་ཡི། །རྣམ་པར་ཐར་པའི་སྒོ་ཞེས་གསུངས། །དེ་ལྟར་དཔྱོད་པ་ལྷག་མཐོང་སྟེ། །དེ་གཉིས་ཟུང་དུ་འཇུག་པ་ལ། །བསྒོམ་པ་གོམས་པའི་སྦྱོར་བ་ཡིས། །རྣམ་གྲོལ་ཡེ་ཤེས་སྐྱེ་བར་འགྱུར། །དེ་མ་གཏོགས་པའི་འགྲོ་ཀུན་ལ། །སྙིང་རྗེ་ཆེན་པོ་བསྒོམ་བྱ་ཞིང༌། །དེ་ལྟར་སྟོང་ཉིད་སྙིང་རྗེ་ཡིས། །བདག་གཞན་དོན་ཀུན་ཀུན་ནས་བསྒྲུབས། །དེ་ཡིས་ས་ལམ་ཀུན་བགྲོད་ནས། །ཡོན་ཏན་ཀུན་གྱིས་འབྱོར་གྱུར་ཞིང༌། །སེམས་ཅན་ཀུན་གྱི་གཉེན་གཅིག་པ། །མངོན་པར་རྫོགས་པར་དེ་འཚང་རྒྱ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པའི་སྙིང་པོ་བླ་ན་མེད། །ཉུང་ཞིང་གསལ་བའི་ངག་གི་ནི། །བདག་གིས་བཀོད་པའི་དགེ་བ་དེས། །སྐུལ་བྱེད་རྒྱལ་བུས་གཙོ་བྱས་པ། །བདག་དང་སེམས་ཅན་ཐམས་ཅད་ཀྱིས། །བླ་ན་མེད་པའི་བྱང་ཆུབ་ནི། །ཤིན་ཏུ་མྱུར་དུ་ཐོབ་པར་ཤོག །ཉེ་བར་གདམས་པ་བདུད་རྩིའི་འབྱུང་གནས་ཞེས་བྱ་བ། རྒྱལ་བུ་དེ་གུས་བྷོ་ག་ཞེས་བྱ་བས་བསྐུལ་བའི་ངོར། དགེ་སློང་འཕགས་པས་མེ་ཕོ་བྱི་བའི་ལོ། གདུ་བུའི་ཟླ་བའི་ཚེས་ཉི་ཤུ་ལྔ་ལ་སྦྱར་བའི་ཡི་གེ་པ་ནི་ཨ་ཙ་ར་ཞེས་བྱ་བའོ། །ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*