རྒྱལ་སྲས་ཇིམ་གྱིམ་ལ་སྤྲིང་བ།

༼བ༽

༄༅། །རྒྱལ་སྲས་ཇིམ་གྱིམ་ལ་སྤྲིང་བ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དགེ་སློང་རྡོ་རྗེ་འཛིན་པ་འཕགས་པས། རྒྱལ་བུ་ཇིམ་གྱིམ་ལ་སྤྲིང་བ། ཡུལ་གྱིས་རིང་དུ་བསྐལ་པའི་བརྗོད་པ་ཀུན། །ཕལ་ཆེར་དོན་དང་ལྡན་པ་ཤིན་ཏུ་དཀོན། །དེ་ཕྱིར་དེ་འདྲའི་ཚུལ་ལ་བརྟགས་ནས་དོན། །སྒྲུབ་པ་མཛངས་པའི་རྣམ་ཐར་མ་ལགས་སམ། །གང་ཞིག་དང་པོ་མངོན་པར་དགའ་བ་ལས། །ཕྱི་ནས་དེ་དག་རྗེས་སུ་མི་སྐྱོང་བ། །དེ་ཡི་མཛའ་བཤེས་སྟོན་ཀའི་ཆུ་འཛིན་ལྟར། །རིམ་གྱིས་དེངས་པར་གྱུར་པ་མ་ལགས་སམ། །གང་ཞིག་དང་པོ་ཕན་ཚུན་བག་ཕེབས་ནས། །ཡིད་རབ་གཙུགས་པའི་སྲད་བུའི་འཆིང་བ་ཡིས། །སླར་ཞིང་དམ་པར་གྱུར་པ་རྣམས་ཀྱི་བཤེས། །རྒྱ་མཚོར་རླུང་གི་ཚོགས་འདྲར་མ་ལགས་སམ། །གང་ཞིག་དང་པོ་མངོན་དུ་གནས་པ་བས། །ཕྱི་ནས་དུས་དང་གནས་ཀྱིས་བསྐལ་པའི་ཚེ། །སླར་ཞིང་དྲན་པའི་ཡིད་རབ་ཉེར་འགྱུར་བ། །གཞུང་ལུགས་བཟང་པོ་བསྲེལ་བ་མ་ལགས་སམ། །འབྱུང་ཁུངས་བཟང་པོའི་གླིང་ལས་བྱུང་གྱུར་ཞིང༌། །མཁས་པའི་དེད་དཔོན་མཆོག་གིས་དབང་བྱས་ནས། །ལེགས་པར་བཤད་པའི་འོད་ཟེར་སྟོང་འབར་བའི། །བཤེས་གཉེན་ཡིད་བཞིན་ནོར་བུ་མ་ལགས་སམ། །བླང་དང་དོར་བྱ་ལྟ་བའི་མིག་གསལ་ཞིང༌། །གཙུག་ལག་གཉིས་ལ་དཔྱོད་པའི་ཡིད་གསལ་ཡང༌། །འཇིག་རྟེན་དོན་དུ་རྣལ་འབྱོར་མི་ཉམས་པ། །སྲིད་པ་གསུམ་ན་དཀོན་པ་མ་ལགས་སམ། །འདི་འདྲ་ཁྱེད་ཀྱིས་མཁྱེན་མོད་དེ་ལྟ་ནའང༌། །དེ་འདྲ་སྒྲོགས་པ་དཔྱོད་ལྡན་ངང་ཚུལ་བས། །འདི་ལ་འགལ་བར་གྱུར་པ་གང་ལགས་པ། །དེ་ལ་དེས་པ་ཁྱོད་ཀྱིས་བཟོད་པར་དགོངས། །བྱི་བའི་ལོ་ཟླ་བ་དྲུག་པ་ལ་དྲ་མདའ་ནས་བསྐུར་བ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*