རྒྱལ་བུ་ཧོ་ཀོ་ལ་གདམས་པ།

༼བ༽

༄༅། །རྒྱལ་པོ་ཧོ་ཀོ་ལ་གདམས་པ་བཞུགས་སོ།།

༄༅། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདིར་རྒྱལ་བུ་ཧོ་ཀོའི་དོན་དུ། སངས་རྒྱས་ཀྱི་གསུང་ལས་འབྱུང་བའི་ཆོས་ཀྱི་ཚུལ་ཅུང་ཟད་བརྗོད་པར་བྱ་སྟེ། སྣོད་དང་བཅུད་ལ་སོགས་པའི་ཆོས་འདི་དག་ཐམས་ཅད་ནི་རྒྱུ་མེད་པ་མ་ཡིན་ཏེ། འདི་ལྟར་སྣང་བ་དང༌། སྣང་བ་དེ་དག་ཀྱང་རེས་འགའ་བ་ཡིན་པའི་ཕྱིར་རོ། །དབང་ཕྱུག་དང་ཚངས་པ་ལ་སོགས་པའི་ལྷ་དང༌། གནམ་ལ་སོགས་པ་རྟག་པ་གཅིག་པུའི་བྱེད་པ་པོས་བྱས་པ་མ་ཡིན་ཏེ། དེ་ལྟ་བུའི་བྱེད་པ་པོའི་སྒྲུབ་བྱེད་འགའ་ཡང་མ་དམིགས་པའི་ཕྱིར་དང༌། བྱ་བའི་ཆོས་དུ་མ་ཡོད་པའི་ཕྱིར་གཅིག་པུ་ཉིད་ཀྱང་མི་འཐད་ལ། དངོས་པོ་ཐམས་ཅད་རིམ་གྱིས་འགྲུབ་པའི་ཕྱིར་དུས་གཅིག་བྱེད་པར་ཡང་མི་རིགས་ཤིང༌། རིམ་གྱིས་བྱེད་ན་བྱེད་པ་པོ་ཉིད་ཀྱང་མི་རྟག་པར་འགྱུར་རོ། །དེ་བས་ན་བྱེད་པ་པོ་མེད་དོ། །སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུ་རིགས་པ་ལས་གཞན་མ་ཡིན་པའི་ཕྱིར། སེམས་ལ་ཐོག་མ་མེད་དོ། །ལུས་ཀྱི་རྒྱུ་ནི་འབྱུང་བ་ཆེན་པོ་བཞིའོ། །ལུས་དང་སེམས་ལྷན་ཅིག་ཏུ་ཚོགས་པར་བྱེད་པ་དང༌། དེའི་བདེ་བ་དང༌། སྡུག་བསྔལ་བ་དང༌། འབྱོར་པ་དང་རྒུད་པ་ལ་སོགས་པའི་ཁྱད་པར་རྣམས་ནི། དེ་ཉིད་ཀྱིས་སྔོན་མངོན་པར་སྤྱད་པའི་ལས་དང༌། གནས་སྐབས་ཀྱི་རྐྱེན་རྣམས་ལས་འབྱུང་ངོ༌། །སེམས་ཅན་དེ་དག་གནས་པའི་རྟེན་སྣོད་ཀྱི་འཇིག་རྟེན་ཆགས་པའི་གཞི་ནི་ནམ་མཁའོ། །རྒྱུ་ནི་འབྱུང་བ་ཆེན་པོ་བཞི་སྟེ། ས་དང༌། ཆུ་དང༌། མེ་དང༌། རླུང་ངོ༌། །དེ་དག་འདུས་ཏེ་ཆགས་པ་དང༌། འཇིག་པ་ནི་དེར་སྐྱེ་བར་འགྱུར་བའི་སེམས་ཅན་རྣམས་ཀྱི་ལས་ཀྱི་མཐུ་ལས་འབྱུང་ངོ༌། །ཆགས་པའི་ཚུལ་ནི་ཐོག་མར་རླུང་འདུས་པའི་གཞི་ཤིན་ཏུ་བརྟན་ཞིང་རྒྱ་ཆེ་བ་ཆགས་སོ། །དེའི་སྟེང་དུ་རླུང་གཡོས་པའི་དྲོད་ལས་བྱུང་བའི་བླངས་པའི་ཚོགས་སྤྲིན་གྱི་ཕུང་པོར་གྱུར་པ་ལས་ཆར་གྱི་རྒྱུན་བབས་པས་རླུང་ལ་བརྟེན་ནས། གནས་པ་ནི་འོག་གི་རྒྱ་མཚོའོ། །དེར་གསེར་གྱི་རྡུལ་སྤྲིས་མའི་ཚུལ་གྱིས་ཤིན་ཏུ་སྲ་བར་ཆགས་པ་ནི། དབང་ཆེན་གསེར་གྱིས་གཞིའོ། །དེའི་སྟེང་དུ་སྔ་མ་ལྟར་སྤྲིན་ལས་ཆར་གྱི་རྒྱུན་བབས་པ་ནི་ཕྱིའི་རྒྱ་མཚོའོ། །དེའི་ནང་དུ་རིན་པོ་ཆེའི་རྡུལ་གྱི་ཚོགས་འདུས་པ་ལས། རིའི་རྒྱལ་པོ་རི་རབ་གསེར་གྱི་རི་བདུན་དང་བཅས་པ་འགྲུབ་བོ། །དེའི་ཕྱོགས་དང༌། མཚམས་རྣམས་སུ་རིན་པོ་ཆེའི་རྡུལ་དང་འདྲིས་པའི་རྡུལ་གཞན་ལས་གླིང་བཞི་དང༌། གླིང་ཕྲན་བརྒྱད་འགྲུབ་སྟེ། ཤར་ལུས་འཕགས་པོ། གཡས་དང༌། གཡོན་དུ་ལུས་དང༌། ལུས་འཕགས་པོ་དང་བཅས་པ་གསུམ་ནི་ཟླ་གམ་མོ། །ལྷོ་འཛམ་བུ་གླིང༌། གཡས་དང༌། གཡོན་དུ་རྔ་ཡབ་དང༌། རྔ་ཡབ་གཞན་དང་བཅས་པ་གསུམ་ནི་སོག་ཁའོ། །ནུབ་བ་ལང་སྤྱོད། གཡས་དང༌། གཡོན་དུ་གཡོ་ལྡན། ལམ་མཆོག་འགྲོ་དང་བཅས་པ་གསུམ་ནི་ཟླུམ་པོའོ། །བྱང་སྒྲ་མི་སྙན། གཡས་དང༌། གཡོན་དུ་སྒྲ་མི་སྙན་དང༌། སྒྲ་མི་སྙན་གྱི་ཟླ་དང་བཅས་པ་གསུམ་ནི་གྲུ་བཞི་སྟེ། དེ་དག་ནི་གླིང་བཅུ་གཉིས་སོ། །དེ་དག་གི་བར་རྣམས་སུ་གླིང་ཤིན་ཏུ་ཕྲ་བ་མང་དུ་ཆགས་པ་ནི་མིའི་འཇིག་རྟེན་ནོ། །གསེར་གྱི་རི་བདུན་དང༌། རི་རབ་གྱི་ཁོང་སེང་རྣམས་ནི་ལྷ་མ་ཡིན་གྱི་གནས་སོ། །རྒྱ་མཚོ་ཆེན་པོ་དང༌། མཚོ་བྲན་རྣམས་ཀླུའི་གནས་སོ། །རི་རབ་ཀྱི་བང་རིམ་དང་ནམ་མཁའ་ལ་གཡས་སྐོར་དུ་འཁོར་བའི་རླུང་གི་དཀྱིལ་འཁོར་ནི། རྒྱལ་ཆེན་རིགས་བཞི་པ་རྣམས་ཀྱི་གནས་སོ། །རི་རབ་ཀྱི་སྟེང་ན་སུམ་ཅུ་རྩ་གསུམ་པའི་གནས་སོ། །དེའི་སྟེང་དུ་རིམ་པ་བཞིན་རླུང་གི་དཀྱིལ་འཁོར་ཤིན་ཏུ་བརྟན་པ་ལ་རིན་པོ་ཆེའི་རང་བཞིན་གྱི་གཞི་ཆགས་པ་རིམ་པ་བཞི་ནི་འདོད་པའི་ལྷ་གོང་མ་རྣམས་ཀྱི་གནས་སོ། །དེ་དག་གི་སྟེང་དུ་དེ་ལྟར་རིམ་པ་གསུམ་ཆགས་པ་ནི་གཟུགས་ཁམས་བསམ་གཏན་དང་པོའི་གནས་ཏེ། དེ་ལྟ་བུའི་འཇིག་རྟེན་སྟོང་ལ་སྟོང་སྤྱི་ཕུད་ཅེས་བརྗོད་དོ། །དེ་ལྟ་བུ་སྟོང་ལ་སྟོང་གཉིས་པ་བར་མ་ཞེས་བརྗོད་དོ། །དེ་ལྟ་བུ་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བརྗོད་དེ། འཇིག་རྟེན་གྱི་ཁམས་འདི་ནི་མི་མཇེད་དོ། །དེ་ནི་མཉམ་དུ་ཆགས་ཤིང་འཇིག་པ་ཡིན་ནོ། །བསམ་གཏན་དང་པོའི་སྟེང་དུ་རིམ་པ་གསུམ་ཆགས་པ་ནི་བསམ་གཏན་གཉིས་པའི་གནས་སོ། །དེའི་སྟེང་དུ་རིམ་པ་གསུམ་ཆགས་པ་ནི་བསམ་གཏན་གསུམ་པའི་གནས་སོ། །དེ་དག་ནི་སྣོད་ཀྱི་འཇིག་རྟེན་ཆགས་པ་དང༌། འཇིག་པ་དང་བཅས་པའོ། །དེའི་སྟེང་དུ་བསམ་གཏན་བཞི་པ་རྣམས་གནས་ཏེ་སྣོད་ཀྱི་འཇིག་རྟེན་ལོགས་སུ་ཆགས་པ་དང༌། འཇིག་པ་ནི་མེད་ལ་སོ་སོའི་གཞལ་མེད་ཁང་ལུས་དང་ལྷན་ཅིག་བྱུང་བ་དང༌། གནས་པ་དང༌། འཇིག་པར་འགྱུར་ཞིང་གཞན་སྤྱོད་ཡུལ་གྱི་གནས་ནི་ནམ་མཁའ་ཉིད་དོ། །གཟུགས་མེད་པའི་ཁམས་ནི་ལུས་མེད་པའི་ཕྱིར་གཞན་དུ་གྱུར་པའི་གནས་མེད་ལ། སྔ་མའི་སྲོག་གང་དུ་འགགས་པའི་ཕྱོགས་དེ་ཉིད་དུ། ཏིང་ངེ་འཛིན་གྱི་སེམས་ཐོབ་ནས་མི་གཡོ་བར་གནས་པ་ཉིད་དོ། །དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་ཕྱོགས་བཅུ་མཐའ་ཡས་པར་གནས་པ་སྟེ། འོན་ཀྱང་ཆེ་ཆུང་གི་ཚད་དང༌། རྣམ་པ་དང༌། གནས་པའི་དུས་གཅིག་ཏུ་མ་ངེས་ཤིང༌། འཇིག་རྟེན་གྱི་ཁམས་ལ་ལ་རི་རབ་གླིང་བཞི་དང་བཅས་པ་དང༌། ལ་ལ་རི་རབ་གླིང་བཞི་མེད་པ་དང༌། ལ་ལ་ཉི་མ་དང་ཟླ་བའི་འོད་ལ་བརྟེན་པ་དང༌། ལ་ལ་རིན་པོ་ཆེའི་འོད་ལ་བརྟེན་པ་དང༌། ལ་ལ་དེ་བཞིན་གཤེགས་པའི་འོད་ལ་བརྟེན་པ་སྟེ། སྣ་ཚོགས་པའི་ཚུལ་གྱིས་གནས་སོ། །དེ་དག་ནི་སྣོད་ཀྱི་འཇིག་རྟེན་ནོ། །དེ་ལྟར་སྣོད་ཀྱི་འཇིག་རྟེན་ཆགས་པའི་རྗེས་ལ་ཁམས་གོང་མའི་ལྷ་དེར་གནས་པའི་ལས་ཟད་ནས་འདོད་པའི་ཁམས་སུ་སྐྱེ་བ་རྣམས་རིམ་པ་བཞིན་བབས་ནས། རིམ་གྱིས་བསམ་གཏན་གྱི་སེམས་འགགས་ནས་འདོད་པའི་ཁམས་ཀྱིས་འདོད་ཆགས་ཀྱི་ལས་སད་པའི་དབང་གིས་ཕོ་དང་མོར་གྱུར་པ་རྣམས་ནི། འདོད་ཁམས་ཀྱི་ལྷ་དང༌། ལྷ་མ་ཡིན་དང༌། མི་རྣམས་སུ་འགྱུར་ཞིང༌། དེ་ནས་འཇིག་རྟེན་གྱི་ཁམས་གཞན་དུ་གནས་པའི་སེམས་ཅན་འདིར་སྐྱེ་བའི་ལས་བསགས་པ་རྣམས་དེ་དག་ཏུ་ཚེའི་དུས་བྱས་ནས་འདིར་གནས་པའི་ལྷ་དང༌། ལྷ་མ་ཡིན་དང༌། མི་རྣམས་ཀྱི་བུ་དང༌། གཞན་ཡང་དུད་འགྲོ་དང༌། ཡི་དྭགས་དང༌། མནར་མེད་པའི་སེམས་ཅན་དམྱལ་བའི་བར་དུ་སྐྱེ་བར་འགྱུར་ལ། དེ་དག་གི་སྐྱེ་བའི་གནས་ནི་བཞི་སྟེ། བརྫུས་ཏེ་སྐྱེ་བ་དང༌། དྲོད་གཤེར་ལས་སྐྱེ་བ་དང༌། སྒོ་ང་ལས་སྐྱེས་བ་དང༌། མངལ་ནས་སྐྱེ་བའོ། །ཞེ་སྡང་ཤས་ཆེ་བའི་མི་དགེ་བའི་དབང་གིས་དམྱལ་བར་འགྱུར་ཏེ། ས་ཆེན་པོའི་འོག་ན་གནས་པའི་ཚ་བའི་སེམས་ཅན་དམྱལ་བ་རྣམས་དང༌། གྲང་བའི་སེམས་ཅན་དམྱལ་བ་རྣམས་དང༌། སའི་སྟེང་སྣ་ཚོགས་སུ་གནས་པ་ཉི་ཚེ་བ་དང༌། ཉེ་འཁོར་བ་ཚ་བ་དང༌། གྲང་བ་དང༌། དམྱལ་ཞིང་གཏུབ་པའི་སྡུག་བསྔལ་མཐའ་ཡས་པ་དང་ལྡན་པའོ། །འདོད་ཆགས་ཤས་ཆེ་བའི་མི་དགེ་བས་ཡི་དྭགས་སུ་འགྱུར་ཏེ། ས་འོག་དང༌། ས་སྟེང་དང༌། ནམ་མཁའ་ལ་རྒྱུ་བའི་ཕྱིའི་སྒྲིབ་པ་ཅན་དང་ནང་གི་སྒྲིབ་པ་ཅན་གྱིས་བསྡུས་པ་བཀྲེས་པ་དང༌། སྐོམ་པ་ལ་སོགས་པའི་སྡུག་བསྔལ་དུ་མ་དང་ལྡན་པའོ། །གཏི་མུག་ཤས་ཆེ་བའི་མི་དགེ་བས་དུད་འགྲོར་འགྱུར་ཏེ། རྒྱ་མཚོ་ཆེན་པོ་དང༌། ཁ་འཐོར་བར་གནས་པ་བླུན་ཞིང་རྨོངས་ལ་འཇིགས་སྐྲག་དང་བཅས་པས་གཞན་གྱི་དབང་དུ་གྱུར་པའོ། །ཀླུའི་རིགས་མཆོག་ཏུ་གྱུར་པ་ཕལ་ཆེར་འབྱོར་པ་དང་ལྡན་ཡང༌། དུད་འགྲོའི་ཁོངས་སུ་གཏོགས་པས་བླུན་ཞིང་ནམ་མཁའ་ལྡིང་གི་འཇིགས་པ་དང་བཅས་པའོ། །དེ་དག་ནི་ངན་སོང་གསུམ་མོ། །གཏི་མུག་དང་འདྲེས་པའི་དགེ་བས་མིར་སྐྱེ་སྟེ། གླིང་གི་དབྱེ་བ་བཅུ་གཉིས་སོ། །ཤིན་ཏུ་ཕྲ་བའི་གླིང་རྣམས་ན་གནས་པའང༌། གང་དུ་ཉེ་བའི་གླིང་བཅུ་གཉིས་པའི་ཕྱོགས་སུ་འདུ་བ་ཉིད་དོ། །མི་དེ་དག་འཇིག་རྟེན་ཆོས་བརྒྱད་ཀྱི་རྣམ་པར་རྟོག་པ་ཤས་ཆེ་ཞིང༌། ཡིད་ཀྱི་སྟོབས་ཆེ་ལ་ཧ་ཅང་བདེ་བ་དང༌། སྡུག་བསྔལ་བའི་དབང་དུ་མ་གྱུར་པས་ཡིད་ལས་སུ་རུང་བའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་མིའི་རིགས་ལས་འབྱུང་ངོ༌། །ཞེ་སྡང་དང་ཕྲག་དོག་འདྲེས་པའི་དགེ་བས་ལྷ་མ་ཡིན་དུ་སྐྱེ་སྟེ། ལྷའི་འབྱོར་པ་ཕུན་སུམ་ཚོགས་པ་དང་མཚུངས་ཀྱང༌། ཅུང་ཟད་སྐལ་བ་དམན་པས་ལྷ་མ་ཡིན་ཞེས་བརྗོད་ལ། ལྷའི་འབྱོར་པ་ལ་ཞེ་སྡང་བའི་ཕྱིར་འཐབ་པ་དང༌། རྩོད་པ་དུས་འདའ་བའོ། །འདོད་ཆགས་དང་འདྲེས་པའི་དགེ་བས་འདོད་པའི་ལྷ་རྣམས་སུ་འགྱུར་ཏེ། ཉི་ཟླ་ལ་སོགས་པ་ནམ་མཁའ་ལ་འགྲོ་བ་དང༌། རི་རབ་ཀྱི་བང་རིམ་ལ་བརྟེན་པ་རྣམས་ནི་རྒྱལ་ཆེན་རིགས་བཞི་ཞེས་བརྗོད་དོ། །རི་རབ་ཀྱི་སྟེང་ན་གནས་པ་རྣམས་ནི་སུམ་ཅུ་རྩ་གསུམ་པའི་ལྷའོ། །དེ་དག་ནི་ལྷ་མ་ཡིན་གྱི་འཇིགས་པ་དང་བཅས་པའོ། །དེའི་སྟེང་ན་གནས་པ་ནི་འཐབ་བྲལ་ལོ། །དེའི་སྟེང་ན་གནས་པ་ནི་དགའ་ལྡན་པ་སྟེ། མགོན་པོ་བྱམས་པ་ལ་སོགས་པས་ཆོས་སྟོན་པའི་བདེ་བ་ལ་སྤྱོད་དོ། །དེའི་སྟེང་ན་གནས་པ་ནི་འཕྲུལ་དགའ་བའོ། །དེའི་སྟེང་ན་གནས་པ་ནི་གཞན་འཕྲུལ་དབང་བྱེད་པ་སྟེ། འདོད་པའི་ལྷ་རིགས་དྲུག་གོ །དེ་དག་ནི་འདོད་པའི་བདེ་བ་ལ་ཡིད་ཆགས་པའི་ཕྱིར་འདོད་པའི་ཁམས་ཞེས་བརྗོད་དོ། །མི་གཡོ་བའི་ལས་ཀྱིས་ཁམས་གོང་མའི་ལྷ་རྣམས་སུ་སྐྱེ་སྟེ། གཞན་འཕྲུལ་དབང་བྱེད་ཀྱི་སྟེང་ན་རིམ་པ་བཞིན། ཚངས་རིས་དང༌། ཚངས་པའི་མདུན་ན་འདོན་དང༌། ཚངས་ཆེན་པ་གསུམ་སྟེ། བསམ་གཏན་དང་པོའོ། །དེ་དག་བསམ་གཏན་གྱི་དངོས་གཞི་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཁྱད་པར་ཅན་ནོ། །དངོས་གཞི་ཁྱད་པར་ཅན་ནི། རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་དང་ལྡན་པའོ། །དེའི་སྟེང་དུ་རིམ་པ་གསུམ་ལ་འོད་ཆུང་དང༌། ཚད་མེད་འོད་དང༌། འོད་གསལ་གྱི་ལྷ་རྣམས་གནས་ཏེ། བསམ་གཏན་གཉིས་པའོ། །དེ་དག་ནི་དགའ་བ་དང་བཅས་ཤིང༌། བདེ་བ་དང་བཅས་པའི་ཏིང་ངེ་འཛིན་དང་བཅས་པའོ། དེའི་སྟེང་དུ་རིམ་པ་གསུམ་ལ་དགེ་ཆུང་དང༌། ཚད་མེད་དགེ་དང༌། དགེ་རྒྱས་ཀྱི་ལྷ་རྣམས་གནས་ཏེ། དགའ་བ་མེད་ལ་བདེ་བ་དང་བཅས་པའི་ཏིང་ངེ་འཛིན་ཏོ། །བསམ་གཏན་གསུམ་པའོ། །དེ་ནས་སྤྲིན་མེད་དང༌། བསོད་ནམས་སྐྱེས་དང༌། འབྲས་བུ་ཆེ་བའི་ལྷ་རྣམས་གནས་སོ། །དེ་ནས་མི་ཆེ་བ་དང༌། མི་གདུང་བ་དང༌། གྱ་ནོམ་སྣང་བ་དང༌། ཤིན་ཏུ་མཐོང་བ་དང༌། འོག་མིན་གྱི་ལྷ་རྣམས་གནས་ཏེ་ལྔ་པོ་དེ་དག་ནི་གནས་གཙང་མའི་རིས་ཀྱི་ལྷའོ། །དེ་ལྟར་བརྒྱད་ནི་བསམ་གཏན་བཞི་པས་བསྡུས་པ་སྟེ། དགའ་བ་དང༌། བདེ་བའི་རྣམ་པར་རྟོག་པ་མེད་པ་བཏང་སྙོམས་ཡོངས་སུ་དག་པའི་ཏིང་ངེ་འཛིན་དང་ལྡན་པའོ། །དེ་དག་ནི་འོད་ཀྱི་རང་བཞིན་གྱི་གཟུགས་ཤིན་ཏུ་བཟང་བ་དང་ལྡན་པའི་ཕྱིར་གཟུགས་ཀྱི་ཁམས་ཞེས་བརྗོད་དོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་རྣམས་ནི་ལམ་གྱི་གནས་སྐབས་སུ་ཏིང་ངེ་འཛིན་གྱི་ཚུལ་ལྟར་བསྒོམས་པས། འབྲས་བུའི་ཚེ་དེ་ལ་བརྟེན་པའི་ཡིད་ཉེ་བར་ཞི་བ་ཐོབ་པ་རྣམས་ལ་དེ་སྐད་ཅེས་བྱའོ། །སེམས་ཀྱི་རྟེན་གཟུགས་མེད་པའི་ཕྱིར། གཟུགས་མེད་པའི་ཁམས་ཞེས་བརྗོད་དོ། །དེ་ལྟར་སྣོད་དང་བཅུད་ཀྱི་འཇིག་རྟེན་དེ་དག་རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་གིས་འབྱུང་བ་ཡིན་ཏེ། བེམས་པོ་རྣམས་ནི་རང་རང་གི་ཉེ་བར་ལེན་པའི་རྒྱུ་སྔ་མས་ཕྱི་མའི་འབྲས་བུའི་ངོ་བོ་བསྐྱེད་ལ། སྔ་མའི་ལྷན་ཅིག་བྱེད་པའི་རྐྱེན་རྣམས་ཀྱིས་འབྲས་བུའི་ཁྱད་པར་རྣམས་འཕེལ་བར་བྱེད་པ་ནི་ཕྱིའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་གསུངས་སོ། །སེམས་ཅན་རྣམས་འབྱུང་བའི་ཚུལ་ནི། སེམས་ཐོག་མ་མེད་པའི་ཕྱིར་བག་ཆགས་ཀྱི་སྒྲིབ་པའང་ཐོག་མ་མེད་ལ། དེའི་དབང་གིས་ཡུལ་ཡང་དག་པ་ཇི་ལྟ་བ་བཞིན་མ་ཤེས་པ་ནི་མ་རིག་པ་སྟེ། དེའི་དབང་གིས་ཡུལ་ལ་རྟག་པ་དང་གཅིག་པུ་དང༌། བདེན་པར་བཟུང་ནས་ཡིད་དུ་འོང་བ་ལ་ཆགས་པ་དང༌། ཡིད་དུ་མི་འོང་བ་ལ་སྡང་བ་ལ་སོགས་པ་ཉོན་མོངས་པ་རྣམས་འབྱུང་ངོ༌། །དེས་ཀུན་ནས་བསླངས་ནས་ལུས་དང་ངག་དང༌། ཡིད་ཀྱི་ལས་མངོན་པར་འདུ་བྱེད་པ་ནི་འདུ་བྱེད་དེ། དེ་གཉིས་ནི་སྔོན་གྱི་མཐའོ། །མངལ་ལ་སོགས་པའི་མཚམས་སྦྱོར་བར་བྱེད་པའི་རིགས་ནི་རྣམ་པར་ཤེས་པའོ། །ཕུང་པོ་ལྔ་གྲུབ་པ་ནི་མིང་དང་གཟུགས་སོ། །མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་གྲུབ་པ་ནི་སྐྱེ་མཆེད་དྲུག་གོ །ནང་གི་སྐྱེ་མཆེད་དེ་དག་ཉིད་ཕྱིའི་ཡུལ་དང་ཕྲད་པ་ནི་རེག་པའོ། །བདེ་བ་དང༌། སྡུག་བསྔལ་ཉམས་སུ་མྱོང་བ་ནི་ཚོར་བའོ། །ཡུལ་ཡིད་དུ་འོང་བ་ལ་ཆགས་པ་ནི་སྲེད་པའོ། །དེ་ཐོབ་པར་འདོད་པའི་ཕྱིར་ཡོངས་སུ་ཚོལ་བ་ནི་ལེན་པའོ། །དེའི་དབང་གིས་འབྲས་བུ་འགྲུབ་པར་འགྱུར་བ་ནི་སྲིད་པ་སྟེ། བརྒྱད་པོ་དེ་ནི་ད་ལྟར་བའོ། །ཚེ་འདིའི་རྒས་པ་དང༌། འཆི་བའང་དེ་དག་ཏུ་བསྡུའོ། །སྐྱེ་བ་ནི་ཕྱི་མར་ཉིང་མཚམས་སྦྱར་བའོ། །སྦྱར་ནས་ཕྱི་མའི་གནས་སྐབས་ཡོངས་སུ་སྨིན་པ་དང༌། ཞིག་པ་ནི་རྒ་ཤི་སྟེ། དེ་གཉིས་ནི་ཕྱི་མའི་མཐའོ། །དེ་ལྟར་ན་ཚེ་གསུམ་གྱིས་ཡན་ལག་བཅུ་གཉིས་རྫོགས་སོ། །དེ་ཉིད་རྒྱུ་འབྲས་ཚར་གཉིས་ཀྱིས་བསྡུས་ཏེ་མ་རིག་པ་དང༌། འདུ་བྱེད་ནི་ད་ལྟར་གྱི་རྒྱུའོ། །རྣམ་པར་ཤེས་པ་ནས་ཚོར་བའི་བར་ལྔ་ནི་འབྲས་བུ་ད་ལྟར་བའོ། །སྲེད་པ་དང༌། ལེན་པ་དང༌། སྲིད་པ་ནི་ཕྱི་མའི་མཐའི་རྒྱུའོ། །སྐྱེ་བ་དང༌། རྒ་ཤི་ནི་འབྲས་བུ་ཕྱི་མའི་མཐའ་ཉིད་དོ། །དེ་ལྟར་ན་སྔ་མའི་འབྲས་བུར་གྱུར་བའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཕྱི་མའི་རྒྱུར་འགྱུར་བའི་ཕྱིར་ཐོག་མ་དང་ཐ་མའི་ངེས་པ་མེད་པས། འཁོར་བའི་འཁོར་ལོ་རྒྱུན་མི་འཆད་པ་ཉིད་དོ། །རྟེན་ཅིང་འབྲེལ་པར་འབྱུང་བ་དེ་དག་ཡོངས་སུ་རྫོགས་པ་ནི་འདོད་པའི་ཁམས་ཀྱི་སེམས་ཅན་ལ་ཡོད། གཟུགས་དང་གཟུགས་མེད་པ་དག་ལ་ཡང་བག་ཆགས་ཀྱི་ཚུལ་གྱིས་ཚང་བ་ཉིད་དོ། །དེ་ལྟར་གྲུབ་པའི་སྣོད་དང༌། བཅུད་ཀྱི་འཇིག་རྟེན་དེ་དག་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ཀྱིས་བསྡུས་པའོ། །དེའང་སྤུངས་པའི་ཕྱིར་ཕུང་པོའོ། །དེ་ནི་ལྔ་སྟེ་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་ཕུང་པོའོ། །གཟུགས་ཀྱི་ཕུང་པོ་ནི་གཟུགས་སུ་རུང་བའོ། །དེའང་བཅུ་གཅིག་སྟེ། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ། །དེ་ནི་སྡོམ་པ་ལ་སོགས་པ་ལ་བརྗོད་དོ། །ཚོར་བ་ནི་མྱོང་བའོ། །དེའང་རྣམ་པ་གསུམ་སྟེ། བདེ་བ་དང༌། སྡུག་བསྔལ་བ་དང༌། བཏང་སྙོམས་སོ། །དེ་དག་ཉིད་ཀྱང་མིག་ལ་སོགས་པ་ལ་བརྟེན་པའི་ཕྱིར་དྲུག་ཏུ་འགྱུར་རོ། །འདུ་ཤེས་ནི་མཚན་མར་འཛིན་པའོ། །དེའང་གསུམ། རྒྱ་ཆེ་བ་དང༌། བར་པ་དང༌། ཆུང་ངུའོ། །དེ་དག་ཀྱང་མིག་ལ་སོགས་པ་ལ་བརྟེན་ནས་འབྱུང་བའི་ཕྱིར་དྲུག་ཏུ་འགྱུར་རོ། །འདུ་བྱེད་ནི་ལས་མངོན་པར་འདུ་བྱེད་པའོ། །དེ་ལ་གཉིས་ཏེ། སེམས་ཀྱི་ཁྱད་པར་སེམས་ལས་བྱུང་བའི་འདུ་བྱེད་དང༌། གཟུགས་དང༌། སེམས་དང༌། སེམས་ལས་བྱུང་བ་དང་མི་ལྡན་པའི་འདུ་བྱེད་དོ། །རྣམ་པར་ཤེས་པ་ནི་ཡུལ་རྣམ་པར་རིག་པའོ། །དེ་ནི་དྲུག་སྟེ་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་རྣམ་པར་ཤེས་པའོ། །སྐྱེ་མཆེད་ནི་རྣམ་པར་ཤེས་པ་སྐྱེ་བའི་སྒོར་གྱུར་པའོ། །དེ་ནི་བཅུ་གཉིས་ཏེ། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་སྐྱེ་མཆེད་དང༌། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། ཆོས་ཀྱི་སྐྱེ་མཆེད་དོ། །ཁམས་ནི་རིགས་ཀྱི་དོན་ནོ། །དེ་ནི་བཅོ་བརྒྱད་དེ། རྟེན་མིག་ལ་སོགས་པ་དྲུག་དང༌། དམིགས་པ་གཟུགས་ལ་སོགས་པ་དྲུག་དང༌། བརྟེན་པ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དྲུག་གོ །ཆོས་ཀྱི་སྐྱེ་མཆེད་དང༌། ཆོས་ཀྱི་ཁམས་ཀྱི་རྫས་ནི་རྣམ་པ་བདུན་ཏེ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང༌། འདུས་མ་བྱས་གསུམ་མོ། །འདུས་མ་བྱས་གསུམ་ལས་མ་གཏོགས་པ་ཐམས་ཅད་ནི་འདུས་བྱས་སོ། །འདུས་མ་བྱས་ནི་རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པའོ། །དེ་ནི་གསུམ་སྟེ། ནམ་མཁའ་དང༌། སོ་སོར་བརྟགས་པས་འགོག་པ་ཤེས་རབ་ཀྱིས་ཐོབ་པར་བྱ་བ་དང༌། སོ་སོར་བརྟགས་མིན་གྱི་འགོག་པ་རྐྱེན་མ་ཚང་བས་འབྲས་བུ་གཏན་དུ་མི་སྐྱེད་པའོ། །འཇིག་རྟེན་གྱི་ཁམས་གཅིག་གི་རྣམ་པར་གཞག་པ་དེས། འཇིག་རྟེན་གྱི་ཁམས་གཞན་གྱི་ཚུལ་ཡང་ཤེས་པར་བྱ་སྟེ། མི་འདྲ་བའི་ཁྱད་པར་ནི་གོང་དུ་བཤད་ཟིན་ཏོ། །དེ་ལྟར་ཆགས་པའི་འཇིག་རྟེན་འདི་ནི་ཚེ་དཔག་ཏུ་མེད་པ་ནས་ཚེ་ལོ་བཅུ་པ་ལ་ཐུག་པར་འགྲིབ་པའི་བར་ནི་ཡར་གྱི་དུས་རིང་མོ་ཡིན་ལ། དེ་ནས་བརྒྱད་ཁྲི་པ་ལ་ཐུག་པར་འཕེལ་ནས། ཡང་བཅུ་པའི་བར་དུ་འགྲིབ་པ་ནི་བར་གྱི་ཁུག་པ་སྟེ། དེ་ལྟ་བུའི་བཅོ་བརྒྱད་དང༌། ཡང་འཕེལ་ནས་དཔག་ཏུ་མེད་པར་གྱུར་པ་མར་གྱི་དུས་རིང་མོ་སྟེ། བསྐལ་པ་ཉི་ཤུར་གནས་སོ། །དེ་ནས་སེམས་ཅན་རྣམས་ཚེའི་དུས་བྱས་ནས་འཇིག་རྟེན་གྱི་ཁམས་གཞན་དུ་སྐྱེས་ནས་འཇིག་རྟེན་འདི་སྟོངས་པ་དང༌། སྣོད་ཀྱི་འཇིག་རྟེན་འཇིག་པར་འགྱུར་རོ། །འཇིག་པར་བྱེད་པའི་རྐྱེན་ནི་རྣམ་པ་གསུམ་སྟེ། ཉི་མ་བདུན་ཤར་ནས། མེས་བསམ་གཏན་དང་པོ་མན་ཆད་འཇིག་གོ །སྤྲིན་ལས་ཆར་གྱི་རྒྱུན་འབེབས་པའི་ཆུས་བསམ་གཏན་གཉིས་པ་མན་ཆད་འཇིག་གོ །རླུང་གིས་བསམ་གཏན་གསུམ་པ་མན་ཆད་འཇིག་གོ །འཇིག་པའི་ཡུན་ཡང་བསྐལ་པ་ཉི་ཤུའོ། །བསྐལ་པ་ཉི་ཤུའི་བར་དུ་སྟོངས་སོ། །ཆགས་པའི་ཡུན་ཡང་བསྐལ་པ་ཉི་ཤུའོ། །གནས་པའང་བསྐལ་པ་ཉི་ཤུར་གནས་ཏེ། དེ་ལྟར་བརྒྱད་ཅུ་ལ་བསྐལ་པ་ཆེན་པོ་ཞེས་བརྗོད་དོ། །དེ་ལྟར་ཆགས་པ་དང༌། འཇིག་པའི་འཇིག་རྟེན་དང༌། སྐྱེ་བ་དང༌། འཆི་བའི་སེམས་ཅན་གྱི་ཁམས་ཚད་མེད་ཅིང་མཐའ་ཡས་པའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་ཐར་བར་བྱེད་པའི་ཐབས་ཀྱི་ཚུལ་ལ། ཚངས་པ་དང༌། དབང་ཕྱུག་ལ་སོགས་པའི་ལྷ་དང༌། སེར་སྐྱ་དང༌། གཟེགས་ཟན་ལ་སོགས་པའི་དྲང་སྲོང་དང༌། མི་ཤ་ཧ་དང༌། ལ་བགིན་དང༌། མ་ཧ་མད་ལ་སོགས་པའི་ལུགས་མང་དུ་ཡོད་ཀྱང༌། དེ་དག་གིས་འཁོར་བ་ལས་གྲོལ་བར་བྱེད་པ་མ་ཡིན་ཏེ། སྟོན་པ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་ཀུན་དུ་སྤྱོད་པ་དང་ལྡན་པས་འཁོར་བ་ལས་མ་གྲོལ་བའི་ཕྱིར་དང༌། དེས་བསྟན་པའི་གཞུང་ལུགས་དག་ཀྱང་འགལ་བ་དང༌། འཁྲུལ་པ་དུ་མ་དང་ལྡན་ཞིང༌། འཁོར་བའི་རྩ་བ་ཉོན་མོངས་པའི་གཉེན་པོར་མི་འགྱུར་བའི་ཕྱིར་རོ། །སངས་རྒྱས་བཅོམ་ལྡན་འདས་ནི་འཁོར་བའི་ཉེས་པ་ཐམས་ཅད་དང་བྲལ་ཞིང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་ཡིན་ཏེ། བདག་བདེ་བ་ལ་མ་ཆགས་ཤིང༌། སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཉེ་བར་ཞུགས་པ་དང༌། སྐུ་གསུང་ཐུགས་ཀྱི་མཛད་པ་ལ་སྨད་དུ་མེད་པའི་ཕྱིར་དང༌། དེའི་གསུང་རབ་ཀྱི་ཚིག་དང་དོན་ལ་འགལ་བ་དང༌། འཁྲུལ་པའི་ཉེས་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །ཆོས་ཀྱི་ཚུལ་དེའང་རྣམ་པ་གཉིས་ཏེ། ཐེག་པ་ཆུང་ངུ་དང༌། ཐེག་པ་ཆེན་པོའོ། །ཐེག་པ་ཆུང་ངུའི་ཚུལ་ནི་བདག་ཉིད་འཁོར་བའི་སྡུག་བསྔལ་ཞི་བར་འདོད་པའི་རིགས་ཅན་གྱི་དོན་དུ། གཞི་སོ་སོར་ཐར་པའི་སྡོམ་པས་སེམས་ཅན་ལ་གནོད་པ་གཞི་དང་བཅས་པ་ལས་ལྡོག་པ་ལ་བརྟེན་ནས་བདེན་པ་བཞི་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་ལམ་དུ་བྱེད་པ་སྟེ། དེའང་བདེན་པ་བཞི་ནི་སྡུག་བསྔལ་གྱི་བདེན་པ་འཁོར་བའི་འབྲས་བུ་འདུ་བྱེད་དང༌། འགྱུར་བ། སྡུག་བསྔལ་གྱི་བདག་ཉིད་ཅན། གང་དུ་གནས་པའི་ཡུལ་སྣོད་ཀྱི་འཇིག་རྟེན་དང་བཅས་པ་ཤེས་པར་བྱ་བ་སྟེ། ནད་བཞིན་ནོ། །ཀུན་འབྱུང་བདེན་པ་ནི་འཁོར་བའི་རྒྱུ་ལས་དང༌། ཉོན་མོངས་པ་སྤང་བར་བྱ་བ་སྟེ། ནད་ཀྱི་རྒྱུ་བཞིན་ནོ། །འགོག་པའི་བདེན་པ་ནི་སྡུག་བསྔལ་གྱི་རྒྱུ་དང་བཅས་པ་འགགས་པས། ཞི་བར་གནས་པ་མངོན་དུ་བྱ་བ་སྟེ། ནད་མེད་པ་བདེ་བར་གནས་པ་བཞིན་ནོ། །ལམ་གྱི་བདེན་པ་དེ་མངོན་དུ་བྱེད་པའི་ཐབས་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་ལམ་གྱིས་བསྡུས་པ་རྒྱུད་ལ་བསྟེན་པར་བྱ་བ་སྟེ། སྨན་བཞིན་ནོ། །འདི་ནི་གཙོ་བོར་ཉན་ཐོས་རྣམས་ཀྱི་ལམ་མོ། །འཁོར་བའི་རྒྱུ་འབྲས་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་གོང་དུ་བཤད་ཟིན་ལ། མྱ་ངན་ལས་འདས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་ཆོས་རྣམས་ལ་སོ་སོར་བརྟགས་ཤིང༌། མཉམ་པར་བཞག་པས་ཡུལ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པས་མ་རིག་པ་གྲོགས་ཉོན་མོངས་དང་བཅས་པ་འགག་གོ །དེ་འགགས་པས་ཉོན་མོངས་པས་ཀུན་ནས་བསླང་བའི་ལས་མངོན་པར་འདུ་མི་བྱེད་པའི་ཕྱིར་འདུ་བྱེད་འགག་གོ །དེ་འགགས་པས་རྣམ་པར་ཤེས་པ་ཉིང་མཚམས་མི་སྦྱོར་བའི་ཕྱིར་རྣམ་པར་ཤེས་པ་འགག་གོ །དེ་འགགས་པས་ལུས་མི་ལེན་པའི་ཕྱིར་མིང་དང་གཟུགས་འགག་གོ །གཞི་མ་གྲུབ་པས་ཁྱད་པར་གྱི་ཆོས་མི་འགྲུབ་པའི་ཕྱིར་སྐྱེ་མཆེད་དྲུག་འགག་གོ །དེ་འགགས་པས་ཕྱིའི་ཡུལ་དང་ཕྲད་པ་མེད་པའི་ཕྱིར་རེག་པ་འགག་གོ །དེ་འགགས་པས་ཡུལ་ཉམས་སུ་མྱོང་བ་མེད་པའི་ཕྱིར་ཚོར་བ་འགག་གོ །དེ་འགགས་པས་ཡུལ་ལ་ཆགས་པ་མི་འབྱུང་བའི་ཕྱིར་སྲེད་པ་འགག་གོ །དེ་འགགས་པས་འདོད་པའི་དོན་ཡོངས་སུ་མི་ཚོལ་བའི་ཕྱིར་ལེན་པ་འགག་གོ །དེ་འགགས་པས་རྒྱུའི་ནུས་པ་མི་འབྱུང་བའི་ཕྱིར་སྲིད་པ་འགག་གོ །དེ་འགགས་པས་འབྲས་བུའི་ཆོས་མངོན་པར་མི་འགྲུབ་པའི་ཕྱིར་སྐྱེ་བ་འགག་གོ །དེ་འགགས་པས་སྲིད་པའི་འབྲས་བུ་ཡོངས་སུ་སྨིན་པ་མི་འབྱུང་བས་རྒས་པ་དང༌། སྲིད་པ་ཞིག་པར་འགྱུར་བ་མི་འབྱུང་བའི་ཕྱིར་འཆི་བ་འགག་ཅིང་མྱ་ངན་དང༌། སྨྲེ་སྔགས་དང༌། ཡིད་མི་བདེ་བ་ལ་སོགས་པ། སྲིད་པའི་སྡུག་བསྔལ་ཐམས་ཅད་མི་འབྱུང་བའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བརྗོད་དེ། འདི་ནི་གཙོ་བོར་འཕགས་པ། རང་སངས་རྒྱས་ཀྱི་ལམ་མོ། །དེ་ལྟར་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ལམ་དེ་དག་བསྒོམ་པ་ལས། འཕགས་པའི་སེམས་དང་པོ་ཐོབ་པ་ནི་རྒྱུན་དུ་ཞུགས་པ་སྟེ། ཇི་ལྟར་འགོར་ཡང་སྲིད་པ་ལན་བདུན་ན་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་དོ། །འདོད་པའི་ཁམས་སུ་ལན་ཅིག་སྐྱེས་ནས་སླར་ཡང་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ནི་ལན་ཅིག་ཕྱིར་འོང་བའོ། །ཁམས་གོང་མ་དེ་ཉིད་དུ་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ནི་ཕྱིར་མི་འོང་བའོ། །ལུས་དེ་ཉིད་ཀྱི་ལམ་ལྔ་མཐར་ཕྱིན་པར་བྱས་ནས་ཡང་སྲིད་མི་ལེན་པ་ནི་དགྲ་བཅོམ་པ་སྟེ། དེ་དག་རེ་རེ་ལའང་ཞུགས་པ་དང༌། འབྲས་བུ་ལ་གནས་པ་གཉིས་གཉིས་ཡོད་པས། འཕགས་པའི་གང་ཟག་བརྒྱད་དུ་འགྱུར་རོ། །དགྲ་བཅོམ་པ་དེ་ཡང་གསུམ་སྟེ། ཉན་ཐོས་དགྲ་བཅོམ་པ་དང༌། རང་སངས་རྒྱས་དགྲ་བཅོམ་པ་དང༌། སངས་རྒྱས་དགྲ་བཅོམ་པའོ། །གསུམ་ཀའི་ཡང་ཉེར་ལེན་གྱི་ཕུང་པོ་མ་སྤངས་པའི་བར་དུ་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཡིན་ལ། ཉེ་བར་ལེན་པའི་ཕུང་པོ་དང་བྲལ་ནས་སེམས་ཉེ་བར་ཞི་བ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་སྟེ། དེ་ཉིད་མཐར་ཐུག་པའི་འབྲས་བུར་འདོད་དེ། དེ་དག་ནི་ཐེག་པ་ཆུང་ངུའི་ཚུལ་བརྗོད་པའོ། །ཐེག་པ་ཆེན་པོའི་ཚུལ་ནི་རྒྱུ་དང་ལམ་དང༌། འབྲས་བུ་གསུམ་མོ། །རྒྱུ་ནི་སེམས་ཏེ། སེམས་ཀྱི་རང་བཞིན་རྣམ་པར་དག་པ་ནི་རང་བཞིན་གྱི་རིགས་སོ། །སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་དུ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ནི་རྒྱས་པའི་རིགས་ཞེས་བརྗོད་དོ། །དེ་ནི་རྒྱུའོ། །ལམ་གྱི་སྔོན་དུ་འགྲོ་བ་སྐྱབས་སུ་འགྲོ་བ་ནི་རྒྱུ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ནས། ཡུལ་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་དུས་རང་ཉིད་སངས་མ་རྒྱས་ཀྱི་བར་དུ། ཚུལ་སངས་རྒྱས་ལ་སྟོན་པ་དང༌། ཆོས་ལ་ལམ་དང༌། དགེ་འདུན་ལ་གྲོགས་ཀྱི་ཚུལ་དུ་སྐྱབས་སུ་སོང་ནས་དཀོན་མཆོག་གསུམ་གྱི་རྗེས་སུ་འཇུག་པའོ། །ལམ་གྱི་དངོས་གཞི་ལ་གཉིས་ལས། བསམ་པ་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྟེ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་པར་འདོད་པའི་བྱམས་པ་དང༌། སྡུག་བསྔལ་མཐའ་དག་དང་བྲལ་བར་འདོད་པའི་སྙིང་རྗེ་དང༌། དེ་དག་གི་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་བསམ་པས། ཀུན་ནས་བསླངས་ནས་བདག་གིས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་དུ་དམ་བཅའ་བ་ནི། སྨོན་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའོ། །སངས་རྒྱས་པའི་ལམ་དང་ཐབས་མཐའ་དག་བསྒྲུབ་པར་དམ་བཅའ་བ་ནི་འཇུག་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའོ། །དེ་མཐར་ཕྱིན་པར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་འཁོར་བ་ཐོག་མ་མེད་པ་ནས་ཕ་དང་མ་དང༌། བུར་གྱུར་པའི་ཕྱིར། དེ་ལ་སྙིང་རྗེ་ཆེན་པོ་བསྐྱེད་པ་དང༌། འཁོར་བ་དང་མྱ་ངན་ལས་འདས་པའི་ཉེས་དམིགས་དྲན་པ་དང༌། སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མདུན་དུ་ཁས་བླངས་པའི་དམ་བཅའ་ཉམས་ཀྱིས་དོགས་པའི་འདུ་ཤེས་ལྔ་ལ་གོམས་པར་བྱའོ། །གཉིས་པ་སྦྱོར་བ་ལ་ལྟ་བ་དང༌། སྤྱོད་པ་དང༌། བསྒོམ་པ་གསུམ་ལས་ལྟ་བ་ནི་གོང་དུ་བསྟན་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། ལམ་དང་འབྲས་བུས་བསྡུས་པའི་ཆོས་ཐམས་ཅད་ཀུན་རྫོབ་ཇི་ལྟར་སྣང་བའི་རྨི་ལམ་ལྟ་བུ་དང༌། སྒྱུ་མ་ལྟ་བུ་དང༌། དེ་ཐམས་ཅད་ཀྱི་རང་བཞིན་དོན་དམ་པ་སྤྲོས་པ་དང་བྲལ་བ་ནམ་མཁའ་ལྟ་བུར་ཤེས་ཤིང་གོམས་པར་བྱའོ། །གཉིས་པ་སྤྱོད་པ་ལ་གཉིས་ལས། རང་གི་དོན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་པའི་ཕྱིར། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ནི་སྦྱིན་པའོ། །དབྱེ་ན་བཞི་སྟེ་ཟང་ཟིང་དང་མི་འཇིགས་པ་དང༌། ཆོས་དང་བྱམས་པའི་སྦྱིན་པའོ། །ལམ་གྱི་མི་མཐུན་ཕྱོགས་ཐམས་ཅད་སྤོང་བ་ནི་ཚུལ་ཁྲིམས་སོ། །དབྱེ་ན་གསུམ་སྟེ། སྡིག་པ་ལས་ལྡོག་པ་སྡོམ་པའི་ཚུལ་ཁྲིམས། དགེ་བ་ལ་ནན་ཏན་དུ་བྱེད་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། དངོས་དང་བརྒྱུད་པས་སེམས་ཅན་གྱི་དོན་ཅི་ནུས་སུ་བསྒྲུབ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སོ། །ལམ་གྱི་མི་མཐུན་པའི་ཕྱོགས་ཀྱིས་ཡིད་མི་ལྡོག་པ་ནི་བཟོད་པའོ། །དབྱེ་ན་གསུམ་སྟེ། སྡུག་བསྔལ་དང་དུ་ལེན་པ་དང༌། གནོད་པ་ལ་ཇི་མི་མཇེད་པ་དང༌། ཆོས་ལ་ངེས་པར་སེམས་པའོ། །ལམ་བསྒྲུབ་པ་ལ་ནན་ཏན་དུ་བྱེད་པ་ནི་བརྩོན་འགྲུས་སོ། །དབྱེ་ན་གཉིས་ཏེ། དགེ་བ་ལ་འདུན་པ་གོ་ཆའི་བརྩོན་འགྲུས་དང༌། འདུན་པ་བཞིན་ལུས་ངག་ཡིད་གསུམ་གྱིས་བསྒྲུབ་པ་སྦྱོར་བའི་བརྩོན་འགྲུས་སོ། །སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པ་ནི་བསམ་གཏན་ནོ། །དབྱེ་ན་གཉིས་ཏེ། མི་མཐུན་པའི་ཕྱོགས་ཞི་བར་བྱེད་པ་སྤོང་བའི་ཏིང་ངེ་འཛིན་དང༌། ཐོབ་བྱའི་ཡོན་ཏན་མངོན་དུ་བྱེད་པ་བསྒྲུབ་པའི་ཏིང་ངེ་འཛིན་ཏོ། །ཡུལ་ཇི་ལྟ་བ་བཞིན་ཤེས་པ་ནི་ཤེས་རབ་བོ། །དབྱེ་ན་གཉིས་ཏེ། ཆོས་ཅན་སོ་སོར་རྒྱུ་དང༌། འབྲས་བུའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པ་ཀུན་རྫོབ་ཤེས་པ་དང༌། དེ་དག་གི་ཆོས་ཉིད་སྤྲོས་པ་དང་བྲལ་བར་ཤེས་པ་དོན་དམ་ཤེས་པའོ། །གཉིས་པ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་བསྡུ་བའི་དངོས་པོ་བཞི་ནི། སེམས་ཅན་བསྡུ་བ་དང༌། གནས་སྐབས་ཀྱི་བདེ་བ་ལ་དགོད་པའི་ཕྱིར་ཅི་འབྱོར་བའི་ཡོ་བྱད་སྟེར་བ་ནི་ཟང་ཟིང་གིས་བསྡུ་བའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་སྟོན་པ་ནི་སྙན་པར་སྨྲ་བར་བསྡུ་བའོ། །ཇི་ལྟར་ཐོས་པའི་དོན་ཉམས་སུ་ལེན་དུ་འཇུག་པ་ནི་དོན་སྤྱོད་པས་བསྡུ་བའོ། །གདུལ་བྱ་དེ་དག་ཡིད་ཆེས་པར་བྱ་བའི་ཕྱིར། རང་གི་སྤྱོད་པའང་དེ་དག་དང་ཚུལ་མཐུན་པར་འཇུག་པ་ནི་དོན་མཐུན་པས་བསྡུ་བའོ། །གསུམ་པ་བསྒོམ་པ་ནི། བྱམས་པ་དང༌། སྙིང་རྗེ་བསྒོམ་པའི་ཡུལ་སེམས་ཅན་དང༌། དད་པ་བསྒོམ་པའི་ཡུལ་བླ་མ་དཀོན་མཆོག་དང༌། ཡི་དམ་གྱི་ལྷ་ལ་སོགས་པ་རྣམས་ནི་དམིགས་པ་དང་བཅས་པ་སྟེ། གང་བསྒོམ་པར་བྱ་བའི་ཡུལ་དེ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་དང་འདྲ་བར་ཤེས་ནས། དེ་ལ་སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པའོ། །ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་བསྒོམ་པ་ནི་དམིགས་པ་མེད་པ་སྟེ། ཕྱིའི་ཆོས་ཐམས་ཅད་རང་བཞིན་མེད་པ། རང་གི་སེམས་ཀྱང་རང་བཞིན་མེད་པའི་ཕྱིར་སྤྲོས་པ་དང་བྲལ་བའི་ཚུལ་གྱིས་མི་དམིགས་པའི་ངང་ལ་མཉམ་པར་འཇོག་པ་ནི་དམིགས་པ་མེད་པའི་ཏིང་ངེ་འཛིན་ཏེ་ཞི་གནས་སོ། །ཚུལ་དེ་དག་བསྒོམས་པའི་རྗེས་ལ་བསྒོམ་པའི་ཚུལ་དེ་དག་ཉིད་ལ་སོ་སོར་དཔྱད་པས་བསྒོམ་པ་དང༌། བསྒོམ་བྱ་གང་ཡང་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་ཏིང་ངེ་འཛིན་ཉིད་ལའང་དམིགས་པ་དང་ཞེན་པ་མེད་པར་འགྱུར་བ་ནི་ལྷག་མཐོང་ངོ༌། །ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བ་ནི་བསྒོམ་པའོ། །དེ་ལྟར་ལྟ་བ་དང༌། སྤྱོད་པ་དང་བསྒོམ་པའི་ཚུལ་ལ་ནན་ཏན་དུ་བྱས་པས། འཕགས་པའི་སེམས་ཐོབ་པར་འགྱུར་བའི་བསོད་ནམས་དང༌། ཡེ་ཤེས་ཀྱི་ཚོགས་ཕལ་ཆེ་བར་ཚང་བ་ནི་ཚོགས་ཀྱི་ལམ་ཞེས་བརྗོད་དོ། །དེའི་རྗེས་སུ་ཏིང་ངེ་འཛིན་ཤིན་ཏུ་གོམས་པས་འཇིག་རྟེན་པའི་མངོན་པར་ཤེས་པ་དང༌། རྫུ་འཕྲུལ་ལ་དབང་འབྱོར་ཞིང༌། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལ་མཚམས་སྦྱོར་བར་བྱེད་པའི་སེམས་ཐོབ་པ་ནི་སྦྱོར་བའི་ལམ་ཞེས་བྱའོ། །དེའི་མཐར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་སྤྲོས་པ་དང་བྲལ་བར་མཐོང་བ་ནི་མཐོང་བའི་ལམ་ཞེས་བྱའོ། །མཐོང་བའི་དོན་དེ་ཁོ་ན་ཉིད་བསྒོམས་ཤིང་གོམས་པར་བྱས་པས་འཕགས་པའི་ཡོན་ཏན་གོང་ནས་གོང་དུ་རྒྱས་པར་འགྱུར་བ་ནི་བསྒོམ་པའི་ལམ་ཞེས་བྱའོ། །དེ་ལ་རྟོགས་པའི་རིམ་པས་ཕྱེ་ན་ས་བཅུར་འགྱུར་ཏེ། མཐོང་བའི་ལམ་གྱི་ཡེ་ཤེས་སྐྱེས་པས་འཕགས་པའི་སེམས་ཐོབ་པ་ལ་དགའ་བར་འགྱུར་བ་ནི་རབ་ཏུ་དགའ་བ་སྟེ། སྐད་ཅིག་མ་གཅིག་ལ་རྫུ་འཕྲུལ་གྱིས་སངས་རྒྱས་ཀྱི་ཞིང་བརྒྱར་འགྲོ་བ་དང༌། འཇིག་རྟེན་གྱི་ཁམས་བརྒྱ་བསྒུལ་བ་དང༌། སངས་རྒྱས་བརྒྱའི་ཞལ་མཐོང་བ་དང༌། དེ་དག་གི་བྱིན་རླབས་མི་འདྲ་བ་བརྒྱ་འཇུག་པ་དང༌། ཏིང་ངེ་འཛིན་མི་འདྲ་བ་བརྒྱ་ཐོབ་པ་དང༌། དེ་དག་ལ་འཇུག་པ་དང༌། ལུས་མི་འདྲ་བ་བརྒྱས་སེམས་ཅན་མི་འདྲ་བ་བརྒྱ་ལ་ཆོས་མི་འདྲ་བ་བརྒྱ་བསྟན་ནས་སྨིན་པར་བྱེད་པ་དང༌། བསྐལ་བ་བརྒྱར་གནས་པ་དང༌། བསྐལ་པ་བརྒྱའི་སྔོན་དང་ཕྱི་མའི་མཐའ་རིག་པ་སྟེ། ཡོན་ཏན་བརྒྱ་ཕྲག་བཅུ་གསུམ་འཐོབ་བོ། །དེའི་རྗེས་སུ་སངས་རྒྱས་དགྱེས་པའི་ཚུལ་ཁྲིམས་ཐོབ་པར་འགྱུར་བ་ནི། ས་གཉིས་པ་དྲི་མ་མེད་པ་སྟེ། སྔར་གྱི་ཡོན་ཏན་དེ་དག་སྟོང་དུ་བསྒྲེས་པ་ཐོབ་པར་འགྱུར་རོ། །དེའི་རྗེས་སུ་ལུང་གི་ཆོས་ཀྱི་སྣང་བ་བྱེད་པར་འགྱུར་བ་ནི། ས་གསུམ་པ་འོད་བྱེད་པ་སྟེ། སྔར་གྱི་ཡོན་ཏན་དེ་དག་འབུམ་དུ་བསྒྲེས་པ་ཐོབ་པར་འགྱུར་རོ། །དེའི་རྗེས་སུ་རྟོགས་པ་དམ་པའི་ཆོས་དང་ལྡན་པར་འགྱུར་བ་ནི་ས་བཞི་པ་འོད་འཕྲོ་པ་སྟེ། སྔར་གྱི་ཡོན་ཏན་དེ་དག་བྱེ་བ་བརྒྱར་བསྒྲེས་པ་ཐོབ་པར་འགྱུར་རོ། །དེའི་རྗེས་སུ་གདུལ་དཀའ་བའི་སེམས་ཅན་གྱི་དོན་བྱེད་པའི་སྟོབས་ཐོབ་པར་འགྱུར་བ་ནི་ས་ལྔ་པ་སྦྱང་དཀའ་བ་སྟེ། སྔར་གྱི་ཡོན་ཏན་དེ་དག་བྱེ་བ་ཕྲག་སྟོང་དུ་བསྒྲེས་པ་ཐོབ་པར་འགྱུར་རོ། །དེའི་རྗེས་སུ་ཀུན་རྫོབ་དང༌། དོན་དམ་པ་ཡང་དག་པར་ཤེས་པས་འཁོར་བ་དང༌། མྱ་ངན་ལས་འདས་པའི་ཆོས་གཉིས་ཀ་མངོན་དུ་གྱུར་པ་ནི་ས་དྲུག་པ་མངོན་དུ་གྱུར་པ་སྟེ། སྔར་གྱི་ཡོན་ཏན་དེ་དག་བྱེ་བ་ཕྲག་འབུམ་དུ་བསྒྲེས་པ་ཐོབ་པར་འགྱུར་རོ། །དེའི་རྗེས་སུ་མཚན་མ་དང་བཅས་པའི་སེམས་ཀྱི་གཡེང་བ་ཕལ་ཆེ་བ་ཞི་ཞིང༌། །བགྲོད་པ་གཅིག་པའི་ལམ་དུ་ཞུགས་པ་ནི་ས་བདུན་པ་རིང་དུ་སོང་བ་སྟེ། སྔར་གྱི་ཡོན་ཏན་དེ་དག་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དུ་བགྲེས་པ་ཐོབ་པར་འགྱུར་རོ། །དེའི་རྗེས་སུ་མཚན་མའི་རྣམ་པར་གཡེང་བ་མཐའ་དག་དང་བྲལ་བས། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་དོན་ལ་དབང་འབྱོར་བ་ནི་ས་བརྒྱད་པ་མི་གཡོ་བ་སྟེ། སྔར་གྱི་ཡོན་ཏན་དེ་དག་འཇིག་རྟེན་གྱི་ཁམས་འབུམ་གྱི་རྡུལ་ཕྲ་རབ་དང་མཉམ་པ་བསྒྲེས་པ་ཐོབ་པར་འགྱུར་རོ། །དེའི་རྗེས་སུ་དོན་དང༌། ཆོས་དང༌། ཚིག་དང༌། སྤོབས་པ་སྟེ་སོ་སོ་ཡང་དག་པར་རིག་པ་བཞི་ལ་དབང་འབྱོར་པས། ཆོས་སྨྲ་བའི་སྐྱེས་བུ་ཆེན་པོར་འགྱུར་བ་ནི་ས་དགུ་པ་ལེགས་པའི་བློ་གྲོས་ཏེ། སྔར་གྱི་ཡོན་ཏན་དེ་དག་འཇིག་རྟེན་གྱི་ཁམས་གྲངས་མེད་པ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་དང་མཉམ་པ་བསྒྲེས་པ་ཐོབ་པར་འགྱུར་རོ། །དེའི་རྗེས་སུ་ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་ལ་དབང་འབྱོར་པས། སྤྲུལ་པའི་ལུས་སྟོན་པ་དང༌། ཆོས་ཀྱི་སྒོ་དུ་མ་འཆད་པ་ལ་ཐོགས་པ་མེད་པ་ནི། ས་བཅུ་པ་ཆོས་ཀྱི་སྤྲིན་ཏེ། སྔར་གྱི་ཡོན་ཏན་དེ་དག་འཇིག་རྟེན་གྱི་ཁམས་མཐའ་ཡས་པའི་རྡུལ་དང་མཉམ་པ་བསྒྲེས་པ་ཐོབ་པར་འགྱུར་རོ། །དེ་དག་ནི་བསྒོམ་པའི་ལམ་མོ། །དེའི་རྗེས་སུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བག་ཆགས་དང་བཅས་པའི་སྒྲིབ་པ་རྩད་ནས་བཅོམ་ནས་འབྲས་བུ་མངོན་དུ་བྱེད་པ་ནི་མཐར་ཕྱིན་པའི་ལམ་སྟེ། དེ་དག་ནི་ཐེག་པ་ཆེན་པོའི་ལམ་མོ། །དེ་ལྟར་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་དག་ནས་ནམ་མཁའ་ལ་སྤྲིན་དེངས་པ་ལྟར། དབྱིངས་དང་ཡེ་ཤེས་རོ་གཅིག་པར་གྱུར་པ་ནི་ཆོས་ཀྱི་སྐུ་ཞེས་བརྗོད་དོ། །ཐུགས་ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན་དུ། སྔོན་གྱི་བསོད་ནམས་དང་སྨོན་ལམ་གྱི་དབང་གི་འཕགས་པ་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ། སྐུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་ཞིང༌། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ། ཐུགས་ལ་ཟག་པ་མེད་པའི་ཆོས་ཐམས་ཅད་མེ་ལོང་གི་གཟུགས་བརྙན་ལྟར་སྣང་བ་མེ་ལོང་ལྟ་བུའི་ཡེ་ཤེས་དང༌། འཁོར་བ་དང༌། མྱ་ངན་ལས་འདས་པ་ལ་ཐུགས་སྙོམས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། ཆོས་ཅན་སོ་སོར་མ་འདྲེས་པ་ཡོངས་སུ་རྫོགས་པ་མཁྱེན་པ་སོ་སོར་རྟོག་པའི་ཡེ་ཤེས་དང༌། རྟོག་པ་མེད་བཞིན་དུ་སེམས་ཅན་གྱི་དོན་དུ་བསྒྲུབ་པ་བྱ་བ་གྲུབ་པའི་ཡེ་ཤེས་དང༌། ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བ་ཐུགས་སུ་ཆུད་པ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། ཡེ་ཤེས་ལྔ་དང་ལྡན་པ་ས་བཅུ་པའི་བྱང་ཆུབ་སེམས་དཔའ་ཁོ་ན་ལ་ཐེག་པ་ཆེན་པོའི་ཆོས་སྟོན་པ། རྟག་ཏུ་མྱ་ངན་ལས་མི་འདའ་བར་བཞུགས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ལོངས་སྤྱོད་རྫོགས་པའི་སྐུ་དེའི་མཐུས། སེམས་ཅན་གྱི་ཁམས་མཐའ་ཡས་པའི་ཡིད་ལ་རང་གི་མོས་པ་བཞིན་དུ་སྣང་བས། སེམས་ཅན་གྱི་དོན་བྱེད་པ་སྤྲུལ་པའི་སྐུའོ། །དེ་ལྟར་སྐུ་གསུམ་ཡེ་ཤེས་ལྔ་དང་ལྡན་པའི་སངས་རྒྱས་འཁོར་བ་ཇི་སྲིད་དུ་བཞུགས་ནས། སེམས་ཅན་གྱི་དོན་བྱེད་པ་ཐེག་པ་ཆེན་པོའི་འབྲས་བུའོ། །དེ་ལྟར་ཐེག་པ་ཆུང་ངུ་དང༌། ཆེན་པོའི་ཆོས་ཀྱི་རྣམ་པར་གཞག་པ་ཅུང་ཟད་བརྗོད་པ་འདི་ནི། རྒྱལ་བུ་ཧོ་ཀོའི་དོན་དུ། འཕགས་པས་ཆུ་ཕོ་སྤྲེའུའི་ལོ་ཟླ་བ་ལྔ་པ་ལ་ཤིང་ཀུན་དུ་བསྡེབས་པའི་ཡི་གེ་བ་ནི་ཨ་ཙ་རའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*