རྒྱལ་བུ་ནོ་མོ་གན་ལ་སྤྲིང་བའི་རབ་བྱེད།

༼བ༽

༄༅། །རྒྱལ་བུ་ནོ་མོ་གན་ལ་སྤྲིང་བའི་རབ་བྱེད་བཞུགས།།

༄༅། །རྒྱལ་བུ་ནོ་མོ་གན་ལ་སྤྲིང་བའི་རབ་ཏུ་བྱེད་པ། ཚིགས་སུ་བཅད་པ་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་གིས་མངོན་པར་མཐོ་བ་དང༌། །ངེས་པར་ལེགས་པའི་ཚུལ་ལུགས་ཀུན། །སྤྱད་པས་སྲིད་ཞིའི་དཔལ་གྱུར་པ། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །མ་བསྐུལ་ཡང་ནི་བདག་གི་ཡིད། །ཁྱོད་ལ་གཞོལ་ཞིང་འབབ་ལགས་ན། །བསྐུལ་ན་སྨོས་ཀྱང་ཅི་འཚལ་ཏེ། །དེ་སླད་འཕྲིན་འདི་གླེང་བར་བགྱི། །ཁྱོད་ཀྱི་ཕུན་ཚོགས་གང་ལགས་པ། །སྟེས་དབང་གིས་ནི་བརྙེས་པ་དང༌། །ངོ་བོ་ཉིད་དང་གནམ་དང་ནི། །ལྷ་ཡིས་བྱིན་པ་མ་ལགས་ཤིང༌། །ཉིད་ཀྱི་སྐུ་ཚེས་སྔ་མ་ལ། །དགེ་བ་སྤྱད་པའི་དབང་དང་ནི། །ཡབ་དང་ཡུམ་དང་མ་མ་དང༌། །ཕན་པར་བགྱིས་པས་བསྐྲུན་པ་ལགས། །དེ་སླད་དགེ་ལ་དགྱེས་པ་དང༌། །ཡབ་དང་ཡུམ་དང་གཉེན་བཤེས་ཀྱི། །བྱས་པ་དྲིན་དུ་གཟོ་བ་དང༌། །དྲིན་ལ་ལན་གྱིས་བླན་པར་མཛོད། །མི་གང་བརྟུལ་ཞུགས་ལེགས་འཛིན་དང༌། །རིགས་དང་ཡོན་ཏན་ལྡན་པ་ནི། །འདུས་པའམ་ནི་རེ་རེ་ལའང༌། །ཁྱོད་ཀྱིས་གུས་དང་བཀུར་བར་བགྱི། །མགོན་མེད་པ་དང་ནད་པ་དང༌། །གློ་བུར་ལྷགས་དང་རྒན་པོ་དང༌། །དྲན་པ་ཉམས་པར་གྱུར་ལ་སོགས། །ཉམས་ཐག་བརྩེ་བས་བསྐྱང་བར་མཛོད། །ཤེས་ལྡན་ནོར་གྱིས་ཕོངས་པ་དང༌། །ཡ་རབས་རྒུད་པར་གྱུར་པ་དང༌། །ལོག་པར་ལྟུང་བ་དག་ལ་ཡང༌། །བརྙས་པར་མི་བགྱི་ཕན་པར་བགྱི། །བྱད་དང་དུག་སྦྱོར་བགྱིད་པ་དང༌། །གཡོ་དང་སྒྱུ་ཡིས་སྤྱོད་པ་དག །ཚུལ་དེ་དག་ལས་བཟློག་པའམ། ཡང་ན་རིང་དུ་བསྐྲད་པར་མཛོད། །མི་གང་རིག་པས་འབྱོར་པ་དང༌། །གཞན་ལ་ཕན་པ་ལྷུར་ལེན་དང༌། །དྲང་པོའི་ཚུལ་ལ་ལེགས་བརྟེན་པ། །རིང་ན་གནས་ཀྱང་དགུག་པར་བགྱི། །སྔོན་གྱི་རྒྱལ་པོས་བཅས་པའི་ཁྲིམས། །གནའ་ལུགས་རྙིང་པ་ལགས་མོད་ཀྱང༌། །འགྲོ་ལ་གནོད་འགྱུར་སྤང་བགྱི་སྟེ། །ཕན་འགྱུར་ཀུན་དུ་སྤེལ་བར་མཛོད། །ཁྲིམས་སུ་བཅའ་བ་གང་ལགས་པ། །ཧ་ཅང་ཞིབ་ན་སྐྱེ་བོ་རྣམས། །ཤིན་ཏུ་གདུང་བར་འགྱུར་བ་དང༌། །བཅའ་བའང་མྱུར་དུ་འཇིག་འགྱུར་ལགས། །བཅས་པ་སྔ་མ་སྔ་མ་རྣམས། །ཕྱི་མ་ཕྱི་མས་སུན་ཕྱུང་ན། །འབངས་ཀྱིས་ཅི་བགྱི་མི་འཚལ་བས། །བཅའ་བ་བརྟན་པོ་ཉིད་དུ་མཛོད། །ཉུང་ངུའི་དོན་ལ་མང་པོ་དང༌། །ཆུང་ངུའི་དོན་ལ་ཆེན་པོ་ལ། །འཕྲལ་གྱི་ཆེད་དུ་གཏན་གྱི་དོན། །ཡོངས་སུ་ཉམས་པར་མི་བགྱིའོ། །འདི་བགྱི་འདི་ལས་འདི་འདྲའི་དོན། །འགྲུབ་ཆེས་སྙན་པར་གང་སྨྲ་བ། །རང་དོན་བསྒྲུབ་པ་ཤས་ཆེ་བས། །དཔྱོད་པ་ཞིབ་མོས་དཔྱད་པར་བགྱི། །རྟག་རེས་འཁོར་དང་ཤོ་གོམ་སོགས། །ཧ་ཅང་བསྡུ་བ་མང་གྱུར་ན། །བཞོ་བ་མང་བའི་བ་བཞིན་དུ། །སྐམ་པར་འགྱུར་བའི་དོགས་པ་མཛོད། །བུང་བ་ཡིས་ནི་སྦྲང་རྩི་ལྟར། །ཅུང་ཟད་དུས་སུ་སྡུད་པ་དང༌། །བསྡུས་ནས་ཆུད་ཟོས་མི་བགྱིད་པ། །འདི་ནི་ལེགས་པར་རྙེད་པ་ལགས། །གདུག་པའི་སྦྲུལ་གྱིས་མི་ལ་ལྟར། །མི་བརྩེ་ཐབས་ལ་མི་མཁས་པས། །དཔྱོད་པ་གཞན་ལ་ཉེར་གནོད་པའི། །རྙེད་པ་ཤིན་ཏུ་སྨད་པ་ལགས། །ཁྱོད་ཀྱི་སྲས་ལ་ཇི་བཞིན་དུ། །འབངས་ལ་ཕན་པ་ཉེར་དགོངས་ན། །བུ་ཡི་ཕ་ལ་ཇི་བཞིན་དུ། །གུས་པས་རྗེད་པར་འགྱུར་བ་དགོངས། །བྱིན་པས་དགེ་བ་རྗེས་འབྲང་བས། །འཇིག་རྟེན་གཞན་དུ་བདེ་བ་སྟེ། །སྤྱད་པ་བདེ་དང་རྗེས་འབྲེལ་པས། །འདིར་ནི་དགའ་བ་བསྐྱེད་པ་ལགས། །དེ་སླད་བསོད་ནམས་ཞིང་དང་ནི། །དམན་པའི་ཞིང་ལ་དུས་ཀུན་དུ། །དགོས་པ་དག་དང་རྗེས་མཐུན་པར། །ས་བོན་ལྷུག་པར་གདབ་ཏུ་གསོལ། །དུས་དང་གནས་སྐབས་མཁྱེན་བགྱིས་ནས། །འཚེ་བ་མེད་པའི་དཔལ་འཕེལ་བའི། །ལོངས་སྤྱོད་དག་ལ་བདག་དང་གཞན། །དགྱེས་དགུར་སྤྱོད་པ་ལྷ་ཡི་ཚུལ། །ལོངས་སྤྱོད་ལོག་པར་སྤྱོད་པ་དང༌། །མི་སྤྱོད་ཆུད་ཟོས་ཉིད་འགྱུར་བ། །ལོག་པའི་དོན་དང་དོན་མེད་པར། །མཁྱེན་ནས་ཉིད་ཀྱིས་སྤང་བར་མཛོད། །རང་གི་བཀུར་སྟི་ལྷག་བགྱིད་དང༌། །ཆོག་མི་ཤེས་པར་ལོངས་སྤྱོད་དང༌། །གཞན་གྱི་དཔལ་ལ་ཞེ་སྡང་བ། །བསོད་ནམས་འཛད་པའི་རྒྱུ་གསུམ་ལགས། །གཉིད་ཀྱི་བདེ་བའི་རོ་མྱང་དང༌། །སྒྱིད་ལུག་པ་ལ་བརྟེན་པ་དང༌། །བྲེ་མོའི་གཏམ་ལ་དགའ་བ་སྟེ། །བྱ་བ་ཉམས་པའི་རྒྱུ་གསུམ་ལགས། །འཁྲིག་ལ་ཀུན་དུ་སྲེད་པ་དང༌། །ཆང་གི་རོ་ལ་ཆགས་པ་དང༌། །སྤྱོད་ལམ་བག་མེད་བགྱིད་པ་སྟེ། །ནད་སྐྱེད་པ་ཡི་རྒྱུ་གསུམ་ལགས། །ནོངས་མེད་སེམས་ཅན་འགུམ་བགྱིད་དང༌། །མི་མ་ཡིན་ལ་ཐོ་འཚམ་དང༌། །དུས་ཀྱི་ཆོ་གའི་རྒྱུན་གཅོད་པ། །ཚེ་འཛད་བགྱིད་པའི་རྒྱུ་གསུམ་ལགས། །མཆོད་འོས་བཀུར་བར་མི་བགྱིད་དང༌། །མཉམ་པ་དག་ལ་འགྲན་པ་དང༌། །དམན་པ་དག་ལ་བརྙས་པ་སྟེ། །ཚུལ་ཉམས་བགྱིད་པའི་རྒྱུ་གསུམ་ལགས། །དེ་དག་རྣམས་ནི་དེ་ལྟ་བུའི། །ངང་ཚུལ་ལགས་པར་མཁྱེན་བགྱིས་ནས། །ཉིད་ཀྱང་དེ་ལས་ལྡོག་པ་དང༌། །གཞན་དག་ཀྱང་ནི་བཟློག་ཏུ་གསོལ། །དེ་ཡིས་ཉིད་དཔལ་འཕེལ་བ་དང༌། །དོན་གྲུབ་བདེ་བར་གནས་པ་དང༌། །ཚེ་འཕེལ་བ་དང་ཚུལ་བཞིན་དུ། །སྤྱད་པས་བདག་གཞན་བདེ་བར་འགྱུར། །ལེགས་པར་བགྱིས་ལ་བྱ་དགའ་དང༌། །ནོངས་པར་སྤྱོད་ལ་ཆད་པ་ཡིས། །སྲིད་འབངས་འཆོས་པར་བགྱིད་པ་ནི། །ས་སྐྱོང་རྣམས་ཀྱི་ལུགས་ལགས་མོད། །དེ་ཚུལ་ལེགས་པར་བརྟག་བགྱི་སྟེ། །བྱ་དགའ་འཚམ་པ་འཚམ་པ་ཡིས། །དེ་ཉིད་ལ་ནི་སྨན་པ་དང༌། །གཞན་ཡིད་མི་བཟོད་མེད་པར་མཛོད། །ཆད་པའང་ནད་ཕྱིར་གཏར་དཔྱད་ལྟར། །ན་སྨད་བགྱིད་པ་རིགས་ལགས་ཀྱི། །ནད་མེད་བགྱིད་སླད་གསོད་པ་ལྟར། །སྲོག་དང་བྲལ་བགྱིད་དེ་ལྟར་མིན། །ངང་ཚུལ་ངན་པའི་སྐྱེ་བོ་ཡིས། །རེ་ཞིག་ལེགས་པ་བགྱིས་ལགས་ཀྱང༌། །ཧ་ཅང་གཟེངས་བསྟོད་མི་བགྱི་སྟེ། །དེ་དང་གཞན་ལའང་གནོད་པའི་རྒྱུ། །རང་བཞིན་བཟང་པོ་རྐྱེན་དབང་གིས། །རེ་ཞིག་འཁྲུལ་པར་སྤྱད་བགྱིས་ཀྱང༌། །ཤིན་ཏུ་ངན་སྨད་མི་བགྱི་སྟེ། །དེ་ཡི་ངང་ཚུལ་དེ་འདྲའི་ཕྱིར། །སྐྱེས་བུའི་འབད་པས་མ་བསྒྲུབས་པ། །རྩྭ་དང་ཆུ་ལ་སོགས་པ་ཡི། །འཚོ་བ་ཕལ་པས་འཚོ་བགྱིད་ཅིང༌། །འཚེ་བ་མེད་པར་གནས་བགྱིད་པ། །བྱ་དང་རི་དྭགས་ལ་སོགས་ལ། །ཟས་ཀྱི་ཆེད་དུ་དེ་བཞིན་དུ། །རྩེ་འཇོའི་དོན་དུ་འཚེ་བགྱིད་པ། །གནའ་ཡི་ལུགས་སུ་གདའ་མོད་ཀྱང༌། །རིགས་པ་དང་ནི་མི་རིགས་པ། །རྣམ་པར་དཔྱོད་པའི་ཡིད་གསལ་བ། །ཁྱེད་ཀྱིས་རིགས་པའི་ཚུལ་བརྟེན་ནས། །ཡང་དག་ཅི་བཞིན་དཔྱད་པར་བགྱི། །འབྲུ་དང་འབྲས་བུ་སྣ་ཚོགས་དང༌། །འོ་མ་ཞོ་དང་ལན་ཚྭ་སོགས། །བཟའ་དང་བཏུང་བ་སྣ་ཚོགས་ཀྱིས། །བདག་ཉིད་བདེ་བར་འཚོ་བཞིན་དུ། །བདག་གི་བདེ་བ་ཁྱད་བསད་ནས། །མང་པོའི་དཀའ་སྤྱད་སྣ་ཚོགས་ཀྱིས། །རང་གི་སྡིག་དང་སྡུག་བསྔལ་དང༌། །གཞན་གནོད་སྒྲུབ་པ་ག་ལ་རིགས། །དེ་དག་རྣམས་ལའང་སྲོག་ཕངས་ཤིང༌། །ལུས་ལ་འཚེ་བ་སྡུག་བསྔལ་བ། །དེ་ཡི་དཔེ་ནི་བདག་ཉིད་དེ། །བདག་ལ་ཇི་ལྟར་གདའ་བ་དགོངས། །མཚོན་ཆས་ལག་བྲེལ་འཇིགས་འཇིགས་འདྲས། །བསྐོར་བས་འབྲོས་པའི་གནས་མེད་ཅིང༌། །རྟབས་པས་གོམ་པ་ཁྱོར་ཁྱོར་པོ། །འཇིགས་པས་རིག་རིག་ལྟ་བ་ཡི། །གནས་སྐབས་འདི་ལ་མི་བརྩེ་ན། །ཁྱོད་ལ་སྙིང་རྗེ་མེད་པའམ། །གལ་ཏེ་ཡོད་ན་གང་ཞིག་ལ། །འཇུག་པར་འགྱུར་བ་གསུང་དུ་གསོལ། །འོན་ཀྱང་ལུགས་སུ་གྱུར་པའི་སླད། །ཀུན་ནས་དགག་པར་མི་སྤྱོད་ན། །ཆ་ཤས་ཀྱིས་ནི་སྤང་བར་བགྱི། །དེ་ཙམ་ཁྱོད་ཀྱིས་ཅིས་མི་སྤྱོད། །འཇིག་རྟེན་དག་དང་བསྟན་བཅོས་ལས། །སྨད་དང་འཚེ་བ་སྤང་བགྱི་ཞིང༌། །བསྔགས་དང་ཕན་པ་གང་ལགས་པ། །དྭང་དུ་བཞེས་ཤིང་སྤེལ་དུ་གསོལ། །མདོར་ན་ཉིད་དཔལ་འཕེལ་བ་དང༌། །གཞན་གྱི་དཔལ་ལ་མི་གནོད་དང༌། །དཔལ་ཡང་དཔལ་གྱི་རྒྱུར་འགྱུར་བ། །དེ་འདྲ་ཁོ་ནར་མཛད་དུ་གསོལ། །སྲིད་འབངས་བདེ་བར་བགྱིད་པ་དང༌། །བདེ་བ་རྒྱུད་མར་བརྒྱུད་པ་དང༌། །རང་གི་གདུང་རྒྱུད་རྒྱུན་བརྟན་པ། །ལུགས་ཀྱི་འབྲས་བུ་དེ་ཙམ་ལགས། །དཔལ་མགྲིན་རང་བྱུང་འཇུག་སྲེད་དང༌། །ལྷ་ཡི་བླ་མ་ཡིད་སྲུབས་རྩེན། །ལྷ་མིན་བླ་མ་འབོད་སྒྲོགས་སོགས། །ཆེ་བའི་ཆེ་བར་གྲགས་རྣམས་དང༌། །སེར་སྐྱ་གཟེགས་ཟན་རྐང་མིག་དང༌། །འུག་ཕྲུག་པ་ལ་སོགས་པ་ཡི། །བློ་གསལ་རྣམས་ཀྱིས་སྦྱར་བ་དང༌། །ལབ་གིན་མི་ཤ་ཧ་དང་ནི། །མ་ཧཱ་མེད་ལ་སོགས་པ་ཡི། །ལོག་རྟོག་རྣམས་ཀྱིས་སྦྱར་བའི་གཞུང༌། །དེ་ཀུན་མཐའ་གཉིས་ལ་འཆེལ་ཞིང༌། །དངོས་དང་བརྒྱུད་པས་རང་གཞན་ལ། །གནོད་པར་འགྱུར་བ་དེ་སླད་དུ། །སྲིད་དང་ངན་འགྲོ་ཁོ་ནའི་རྒྱུར། །ཤེས་རབ་གསལ་བ་ཁྱོད་ཀྱིས་ནི། །གསལ་བར་མཁྱེན་ནས་སྤང་དུ་གསོལ། །དོན་ངན་པ་ཡི་ཚིག་ལེགས་ཀྱང༌། །རོ་ཞིམ་པ་ཡི་དུག་བཞིན་དུ། །གནས་སྐབས་དགའ་བ་བསྐྱེད་ལགས་ཀྱང༌། །ཕྱི་ནས་སྡུག་བསྔལ་ཁོ་ནའི་རྒྱུ། །ནང་དུ་ཉེ་བར་མ་ཞི་བའི། །ཀུན་སྤྱོད་བཟང་པོ་སྟོན་ལགས་ཀྱང༌། །ཡིད་བརྟན་རུང་བ་མ་ལགས་ཏེ། །ཆུ་སྐྱར་དང་ནི་བྱི་ལ་བཞིན། །སྲིད་པའི་རྩ་བ་མི་གཅོད་པའི། །གནས་སྐབས་ཞི་བར་བགྱིད་ལགས་ཀྱང༌། །ངེས་པར་འབྱུང་བ་མ་ལགས་ཏེ། །ཚ་བའི་རིམས་ལ་ཆུ་གྲང་བཞིན། །དེ་སླད་ཡང་སྲིད་སུན་འབྱིན་ཞིང༌། །ཐར་པ་དམ་པ་ཐོབ་བགྱིད་པ། །བདེ་བར་གཤེགས་པ་ཁོ་ནའི་གསུང༌། །དེ་ཡང་དགེ་བའི་བཤེས་ལས་བཙལ། །ཚུལ་ཁྲིམས་ཕུང་པོས་སྐུ་དུལ་ཞིང༌། །མང་དུ་གསན་པས་གསུང་ཡང་དག །ཏིང་ངེ་འཛིན་གྱིས་ཐུགས་ཞི་ལ། །བརྩེ་བས་སེམས་ཅན་རྗེས་འཛིན་པའི། །བཤེས་གཉེན་བཤེས་ཀྱི་དམ་པ་སྟེ། །དེ་འདྲ་གང་ན་སུ་བཞུགས་ཀྱང༌། །དེ་ལ་སངས་རྒྱས་ཉིད་ཇི་བཞིན། །ཤིན་ཏུ་གུས་པས་བསྟེན་པར་བགྱི། །དེ་ལས་ཡན་ལག་བརྒྱད་པ་ཡི། །བསྙེན་གནས་བླངས་ནས་བསྲུང་བར་མཛོད། །དེ་ཙམ་གྱིས་ཀྱང་འདོད་ལྷའི་དཔལ། །ཐོབ་པར་འགྱུར་ཞེས་རྒྱལ་བས་གསུངས། །གཞན་ཡང་ཇི་ལྟར་ནུས་པ་ཡི། །སོ་སོར་ཐར་པའི་སྡོམ་པ་ཡིས། །ཁྱོད་ཀྱི་བརྟུལ་ཞུགས་མཛེས་པར་མཛོད། །དེ་ནི་ལམ་རྣམས་ཀུན་གྱི་གཞི། །ཐེག་པ་ཆེ་ལ་མ་གཏོགས་པར། །ཐར་པ་ཆེན་པོ་མི་འཐོབ་པས། །ཁྱོད་ཐུགས་ཐེག་པ་ཆེན་པོ་ལ། །ཀུན་ནས་གཞོལ་ཞིང་གོམས་པར་མཛོད། །གང་ལ་སྐྱབས་ན་བསླུ་འགྱུར་བའི། །ཡུལ་དེ་སྐྱབས་གནས་མ་ལགས་པས། །ལྷ་དང་འབྱུང་པོ་ལ་སོགས་པའི། །ཆེན་པོའང་འདིར་ནི་མཆོད་བྱ་ཙམ། །འཕགས་པ་རང་རྒྱལ་ལ་སོགས་པ། །ཉེ་བར་ཞི་ལ་རབ་གཞོལ་བ། །དེ་དག་ཕྱག་བགྱིར་འོས་པ་སྟེ། །གནས་སྐབས་ཀྱི་ནི་སྐྱབས་སུའང་བགྱི། །དེ་སླད་བག་ཆགས་བཅས་པ་ཡི། །ཉེས་པ་ཡོང་ཡེ་མ་མཆིས་ཤིང༌། །ཉམས་པ་མེད་པའི་ཡོན་ཏན་གཏེར། །ཐུབ་པ་ཁོ་ན་སྐྱབས་ཀྱི་མཆོག །སྐྱབས་མཆོག་དེ་འདྲས་ལེགས་གསུངས་ཤིང༌། །དེ་ཡི་གོ་འཕང་ཐོབ་བགྱིད་པ། །ཚུལ་དེའང་བགྲོད་པར་བགྱི་བ་ཡི། །སྐྱབས་སུ་གྱུར་པ་ཉིད་ལགས་ལ། །དེ་ཡི་རྗེས་འཇུག་དེ་ཉིད་ཀྱི། །ཡེ་ཤེས་རྒྱ་མཚོར་ཉེར་འབབ་པའི། །བྱང་ཆུབ་སེམས་དཔའི་དགེ་འདུན་ཡང༌། །སློབ་པའི་གནས་སྐབས་ཀྱི་ནི་སྐྱབས། །དེ་ལ་སྐྱབས་པའང་ཡང་དག་པར། །བླངས་ཤིང་བརྡ་ལས་བྱུང་བ་དང༌། །ཆོས་ཉིད་ཀྱིས་ནི་ཐོབ་པ་ལས། །སྔ་མ་མེད་པར་ཕྱི་མ་མིན། །དེ་ཕྱིར་དགེ་བའི་བཤེས་གཉེན་ནས། །བདག་དང་སེསམ་ཅན་མ་ལུས་པ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཐོབ་བྱའི་དོན་དུ་སྐྱབས་མཆི་ནས། །སྐྱེས་བུ་མཆོག་ལ་བརྟེན་པ་དང༌། །དེ་ལས་དམ་ཆོས་མཉན་པ་དང༌། །ཐོས་པ་ཇི་བཞིན་བསྒྲུབ་པ་སྟེ། །ཐུན་མོང་བསླབ་བྱ་རྣམ་གསུམ་དང༌། །སངས་རྒྱས་མིན་ལ་སྟོན་པ་དང༌། །ཆོས་མ་ཡིན་ལ་ལམ་དང་ནི། །དགེ་འདུན་མིན་ལ་གྲོགས་མཆོག་ཏུ། །ཡོངས་སུ་གཟུང་བར་མི་བགྱི་བ། །སོ་སོའི་བསླབ་པ་རྣམ་གསུམ་ལ། །ཀུན་ནས་ཡོངས་སུ་བསླབ་བགྱི་ཞིང༌། །སྡུག་བསྔལ་ཚེ་ན་ཚུལ་དེ་ལས། །བདག་གཞན་ཐར་ཕྱིར་གསོལ་བ་དང༌། །བདེ་བ་མྱོང་ཚེ་དཀོན་མཆོག་གི །བཀའ་དྲིན་ཉིད་ཅེས་རྗེས་དྲན་བགྱི། །གང་ཚེ་སངས་རྒྱས་ཆོས་སྐུ་དང༌། །ཆོས་ནི་དོན་དམ་ཟབ་མོ་དང༌། །གང་གིས་དགེ་འདུན་བྱེད་ཆོས་དང༌། །བདག་ཉིད་ཐ་དད་མེད་ཤེས་པས། །སངས་རྒྱས་ཆོས་དང་དགེ་འདུན་ལས། །བདུད་རྣམས་བྱེ་བ་བརྒྱ་ཡིས་ཀྱང༌། །གང་ཕྱིར་དབྱེ་བར་མི་ནུས་པ། །དེ་ཕྱིར་དགེ་འདུན་ཞེས་བཤད་དེ། །དེ་ཚེ་དེ་ནི་ཆོས་ཉིད་ཀྱིས། །ཐོབ་པའི་སྐྱབས་སུ་འགྲོ་བ་ལགས། །དེ་ལྟའི་སྐྱབས་སུ་འགྲོ་བ་ནི། །ཡོན་ཏན་མ་ལུས་ཀུན་གྱི་གཞི། །སྐྱབས་དེ་ཡང་དག་བླངས་གྱུར་ནས། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་སྟེ། །སེམས་དེའང་ཀུན་རྫོབ་དོན་དམ་པ། །རྣམ་པ་གཉིས་ཀྱིས་བསྡུས་པ་ལགས། །ཀུན་རྫོབ་པ་ཡི་བྱང་ཆུབ་སེམས། །སྨོན་པ་དང་ནི་འཇུག་པ་གཉིས། །སེམས་ཅན་དོན་བྱེད་རྫོགས་པ་ཡི། །བྱང་ཆུབ་ཐོབ་འདོད་སྨོན་པ་སྟེ། །ཡུལ་གྱི་མདུན་དུ་ཆོ་ག་ཡིས། །ཐོབ་པར་བྱ་ཞེས་དམ་འཆའ་བ། །སྨོན་པ་ཡི་ནི་སེམས་བསྐྱེད་ལགས། །སངས་རྒྱས་བསྒྲུབ་པའི་ཐབས་ཚུལ་ཀུན། །བསྒྲུབ་པར་འདོད་པ་འཇུག་པའི་སེམས། །དམ་འཆའ་འཇུག་པའི་སེམས་བསྐྱེད་ལགས། །ཞུམ་དང་སྒྱིད་ལུག་འཁོར་བ་ཡི། །ཉེས་པས་སྐྲག་པའི་ཡིད་གསུམ་སྤང༌། །འགྲོ་ལ་བྱམས་དང་སྙིང་རྗེ་དང༌། །སྲིད་ངད་ཞི་བའི་ཉེས་དམིགས་དང༌། །སངས་རྒྱས་ཡོན་ཏན་རྗེས་དྲན་པ། །བསྒོམ་པར་བགྱི་བ་ལྔ་པོ་དང༌། །གྲོགས་བཟང་ཉེ་བར་བསྟེན་པ་ཡིས། །བྱང་ཆུབ་སྨོན་པ་བསྲུང་བར་བགྱི། །མཆོད་པར་འོས་པ་བསླུ་བ་དང༌། །གནས་མ་ཡིན་ལ་འགྱོད་བསྐྱེད་དང༌། །སེམས་ཅན་མཆོག་ལ་སྐུར་འདེབས་དང༌། །གཡོ་དང་སྒྱུ་ཡིས་སྤྱོད་པའི་ཚུལ། །ནག་པོའི་ཆོས་སུ་གསུངས་པ་བཞི། །རྣམ་པ་ཀུན་དུ་སྤང་བགྱི་ཞིང༌། །བདེན་ཞིང་རིགས་པར་སྨྲ་བ་དང༌། །སྒྱུ་མེད་འགྲོ་ལ་ཕན་སེམས་དང༌། །རྒྱལ་སྲས་བཀུར་ཞིང་བསྔགས་པ་དང༌། །ཐེག་པ་ཆེ་ལ་ཡིད་སྦྱོར་བ། །དཀར་པོའི་ཆོས་སུ་གསུངས་བཞི་ལ། །ཀུན་ནས་ཡོངས་སུ་གོམས་པར་བགྱི། །རྙེད་དང་བཀུར་སྟི་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང༌། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང༌། །གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་ནས་གཞན་ལ་རྡེག་པ་དང༌། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང༌། །དམ་ཆོས་འདྲར་སྣང་སྟོན་པ་རྣམས། །རྩ་བའི་ལྟུང་བར་གསུངས་པའི་ཕྱིར། །ལས་དེ་དག་ལས་ལྡོག་པར་བགྱི། །དཀོན་མཆོག་གསུམ་དང་དགེ་བའི་བཤེས། །ཅི་འབྱོར་པ་ཡིས་མཆོད་པ་དང༌། །དགེ་བའི་ལས་དང་རྣལ་འབྱོར་ལ། །ཅི་ནུས་པ་ཡིས་བརྩོན་པ་དང༌། །རང་གི་སྤྱོད་ཡུལ་གྱུར་པ་ཡི། །འགྲོ་ལ་ཕན་པ་ཉེར་སྦྱོར་བ། །ཐོས་པ་བསགས་ནས་ཐོས་པའི་དོན། །སྣོད་དང་འཚམ་པར་འཆད་པ་བཞི། །བསྒྲུབ་པར་བགྱི་བའི་ཆོས་ལགས་པས། །དུས་ལས་མི་འདའ་བསྒྲུབ་པར་བགྱི། །སྡིག་ལ་འགྱོད་ཅིང་བཤགས་པ་དང༌། །གཞན་གྱི་དགེ་ལ་ཡི་རང་དང༌། །བསོད་ནམས་ཡོངས་སུ་བསྔོ་བ་དང༌། །ཆོས་ཀུན་སྒྱུ་མར་ཤེས་པ་བཞི། །ཐབས་ལ་མཁས་པའི་ཆོས་ལགས་པའི། །ཚུལ་དེ་དག་ལ་བསླབ་པར་མཛོད། །འདི་དག་འཇུག་པ་སེམས་བསྐྱེད་པའི། །བསླབ་པར་བྱ་བ་སྨོས་པ་ལགས། །རྐྱེན་ལ་མ་ལྟོས་ཆོས་མེད་ཅིང༌། །ལྟོས་ཕྱིར་ངོ་བོས་དེ་མ་གྲུབ། །ངོ་བོ་མེད་ལ་སྐྱེ་བ་དང༌། །འགག་པ་ལ་སོགས་ཁྱད་པར་ཅི། །དེ་ལྟར་ཆོས་ཀུན་སྤྲོས་བྲལ་བར། །ཤེས་ནས་དམིགས་པ་མེད་པའི་ཡིད། །མཉམ་གཞག་གོམས་པས་གཟུང་འཛིན་གྱི། །འཆིང་བ་ཀུན་ལས་རྣམ་གྲོལ་བས། དམ་པ་རྣམས་ཀྱི་སྤྱོད་ཡུལ་བའི། །ཡེ་ཤེས་མངོན་པར་བྱང་ཆུབ་པ། །འདི་ནི་དོན་དམ་བྱང་ཆུབ་སེམས། །ཆོས་ཉིད་ཁོ་ནས་ཐོབ་པ་ལགས། །སེམས་དེ་མཐར་ཕྱིན་བགྱི་སླད་དུ། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང༌། །བརྩོན་འགྲུས་བསམ་གཏན་ཤེས་རབ་ཀྱིས། །རང་གི་ཡོན་ཏན་རྫོགས་བགྱི་ཞིང༌། །ཟང་ཟིང་སྦྱིན་དང་སྙན་སྨྲ་དང༌། །དོན་སྤྱོད་པ་དང་དོན་མཐུན་པས། །གཞན་གྱི་དོན་ཀུན་ལེགས་བསྒྲུབ་ཅིང༌། །ཞི་གནས་ལྷག་མཐོང་གུས་བསྟན་པས། །ཚོགས་ཀྱི་ལམ་དང་སྦྱོར་ལམ་ལ། །བགྲོད་ནས་མཐོང་པའི་ལམ་ཞུགས་ཏེ། །རབ་ཏུ་དགའ་དང་དྲི་མ་མེད། །འོད་བྱེད་པ་དང་འོད་འཕྲོ་ཅན། །སྦྱང་དཀའ་བ་དང་མངོན་དུ་གྱུར། །རིང་དུ་སོང་དང་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་སྤྲིན་གྱི། །ས་རྣམས་ཀུན་གྱི་རྟོགས་པ་དང༌། །ཡོན་ཏན་རིམ་བཞིན་མངོན་བྱས་ནས། །བསྒོམ་པའི་ལམ་རྣམས་ཡོངས་རྫོགས་ཏེ། །མཐར་ཕྱིན་པ་ཡི་ལམ་གྱིས་ནི། །སྒྲིབ་པ་བག་ཆགས་བཅས་སྤངས་ནས། །དབྱིངས་དང་ཡེ་ཤེས་རོ་གཅིག་པའི། །ཆོས་ཀྱི་སྐུ་ལས་མ་གཡོས་བཞིན། །མཚན་དང་དཔེ་བྱེད་འབར་བའི་སྐུ། །ཡེ་ཤེས་ལྔ་དང་དབྱེར་མེད་ལ། །ཡན་ལག་དྲུག་ཅུའི་སྒྲ་དབྱངས་ཀྱིས། །ཐེག་པ་མཆོག་གི་ཆོས་སྟོན་ཞིང༌། །སྲས་དང་ལྷན་ཅིག་ཟག་མེད་ཀྱི། །བདེ་ལ་རྫོགས་པར་ལོངས་སྤྱོད་པ། །མི་འགྱུར་རྒྱུན་མི་འཆད་བཞིན་དུ། །འགྲོ་བ་རྣམས་ཀྱི་མོས་པ་བཞིན། །ཀུན་ལ་སྣ་ཚོགས་ཀུན་སྣང་བས། །ཀུན་གྱི་དོན་མཛད་སྤྲུལ་པ་དང༌། །བཅས་པའི་གོ་འཕང་ལེགས་བརྙེས་ནས། །མི་ཟད་རྒྱན་གྱི་འཁོར་ལོ་ཡིས། །འཁོར་བའི་འཁོར་ལོ་ཇི་སྲིད་དུ། །སྲིད་དང་ཞི་བའི་རྒྱན་དུ་འགྱུར། །སྔོན་གྱི་སྐྱེས་མཆོག་དཔག་མེད་པས། །ཚུལ་ལུགས་དེ་འདྲས་སངས་རྒྱས་བརྙེས། །ད་ལྟར་བཞུགས་པའི་རྒྱལ་སྲས་རྣམས། །རིང་པོར་མི་ཐོགས་དེ་འདྲར་འགྱུར། །གང་དག་འདི་ལ་འཇུག་འགྱུར་བ། །དེ་དག་མ་འོངས་སངས་རྒྱས་ལགས། །དེ་སླད་ཁྱོད་ཀྱང་ཚུལ་འདི་ཡིས། །སྲིད་ཞིའི་དཔལ་དུ་མཛད་དུ་གསོལ། །གདུང་རྒྱུད་དམ་པར་ལེགས་འཁྲུངས་ཤིང༌། །དཔལ་འབྱོར་མཆོག་གི་ལྷམ་མེ་བ། །རྒྱལ་བུ་ནོ་མོ་གན་གྱིས་ནི། །རིང་ནས་ཡོངས་སུ་བསྐུལ་གྱུར་ནས། །གཙུག་ལག་གཉིས་ཀྱི་ཚུལ་གསལ་བར། །སྟོན་པའི་རབ་ཏུ་བྱེད་པ་འདི། །ལུགས་དང་ལུང་གི་རྗེས་འབྲང་ནས། །རིགས་པ་ཡིས་ཀྱང་དཔྱད་དེ་བཤད། །ཁྱེད་ཐུགས་དད་པས་བསྐུལ་ནས་ནི། །བདག་ཡིད་དགེ་བས་སྦྱར་འདི་ལ། །ཉན་ཞིང་གཞན་ལས་གསན་པའམ། །ཡང་ན་གཟིགས་པར་མཛད་དུ་གསོལ། །ལུང་དང་ཤེས་བྱའི་དཀྱིལ་འཁོར་ལ། །ཤེས་རབ་ཤིན་ཏུ་མ་སྦྱངས་པས། །འདི་ལ་ནོངས་པ་གང་མཆིས་པ། །དམ་པ་རྣམས་ཀྱིས་བཟོད་པར་དགོངས། །དེ་ལས་དགེ་བ་གང་བསྐྲུན་པས། །བདག་དང་འགྲོ་བ་མ་ལུས་པ། །ཐེག་པ་མཆོག་གི་ལམ་ཞུགས་ནས། །སངས་རྒྱས་གོ་འཕང་ཐོབ་པར་ཤོག །རྒྱལ་བུ་ནོ་མོ་གན་ལ་སྤྲིང་བའི་རབ་ཏུ་བྱེད་པ་འདི་ནི། ཆོས་ཐམས་ཅད་ལ་བསྙེངས་པ་མི་མངའ་བའི་མཁྱེན་རབ་ཅན། ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཆེན་པོའི་ཞབས་རྡུལ་སྤྱི་བོས་བླངས་པ། འཕགས་པས་ཆུ་ཕོ་སྤྲེའུའི་ལོ་དེ་བཞིན་གཤེགས་པས་ཆོ་འཕྲུལ་ཆེན་པོ་བསྟན་པའི་ཟླ་བའི་ཚེས་བཅུ་གཅིག་ལ་ཤིང་ཀུན་དུ་སྦྱར་བའོ། །ཡི་གེ་པ་ནི་ཨ་ཙ་ར་ཞེས་བྱ་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*