རྒྱལ་བུ་མངྒ་ལ་ལ་གཏམ་དུ་བྱ་བ།

༼བ༽

༄༅། །རྒྱལ་བུ་མངྒ་ལ་ལ་གཏམ་དུ་བྱ་བ་བཞུགས།།

༄༅། །རྒྱལ་བུ་མངྒ་ལ་ལ་གཏམ་དུ་བྱ་བ། བཀྲ་ཤིས་ཀྱི་ཕྲེང་བ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བཀྲ་ཤིས་ཡིད་འོང་དཔལ་གྱི་སྐུ་མངའ་ཞིང༌། །བཀྲ་ཤིས་འགག་མེད་ཀུན་ཏུ་འཇུག་པའི་གསུང༌། །བཀྲ་ཤིས་མཁྱེན་བརྩེས་རོལ་པའི་ཐུགས་མངའ་བ། །བཀྲ་ཤིས་ཕུན་ཚོགས་སངས་རྒྱས་དཔལ་ལ་འདུད། །རྒྱལ་སྲས་གཞོན་ནུ་བཀྲ་ཤིས་མཚན་ལྡན་པས། །ཉེ་བར་བསྐུལ་ནས་རྒྱལ་བའི་གསུང་རབ་དང༌། །ལུང་དང་རིགས་པ་ཡིས་ཀྱང་རྣམ་དཔྱད་ནས། །བཀྲ་ཤིས་རྣམ་པར་སྤེལ་ནས་དབུལ་བར་བགྱི། །འདི་ལྟར་ཁྱོད་ཀྱིས་བརྙེས་པའི་མཐོ་རིས་ཀྱི། །དཔལ་ཡོན་ཕུན་སུམ་ཚོགས་པ་གང་ལགས་པ། །ཉིད་ཀྱི་རང་དབང་བསྣམས་ནས་བྱོན་མིན་ཏེ། །སྐུ་ཡང་གཞན་གྱིས་བསྐྱེད་ནས་བསྐྲུན་ཕྱིར་རོ། །གནམ་དང་ལྷ་དང་ཕྱ་ཞེས་གྲགས་པ་ཡི། །བྱེད་པོས་བགྱིས་པ་མིན་ཏེ་རྟག་པ་དང༌། །བྱེད་པོར་འགལ་ཞིང་འཇིག་རྟེན་དོན་ཕལ་ཆེར། །རྩོལ་བའི་རྗེས་སུ་འབྲང་བར་མཐོང་ཕྱིར་རོ། །དེ་སླད་འཇིག་རྟེན་བདེ་སྡུག་ཕལ་ཆེ་བ། །ལས་ལས་བྱུང་ཞེས་ཐུབ་པས་གང་གསུངས་དེ། །རིགས་པ་ཡིས་ཀྱང་གྲུབ་པ་དེ་བས་ན། །གང་གིས་བདེ་བགྱིས་དགེ་བའི་ལས་རྣམས་ལ། །གུས་པར་མཛོད་ཅིག་ལྷན་ཅིག་བྱེད་པའི་རྐྱེན། །ཡབ་ཡུམ་བརྒྱུད་པར་བཅས་དང་དེ་བཞིན་དུ། །གང་གིས་ཅུང་ཟད་ཕན་བགྱིས་དེ་དག་ལའང༌། །འཕྲལ་དུ་དྲིན་ལ་ལན་དུ་བླན་པར་བགྱི། །དེ་ཡིས་སྔོན་གྱི་དགེ་བ་ཉེར་འཕེལ་ཞིང༌། །ཉིད་ཀྱི་རྗེས་སུ་གཞན་ཡང་རྗེས་འབྲངས་པས། །བདག་གཞན་ཀུན་གྱི་དགེ་འཕེལ་དེ་ལས་ནི། །ཕྱོགས་མཐར་གཏུགས་པའི་བཀྲ་ཤིས་འབྱུང་ལགས་གྲང༌། །རིགས་དང་གཟུགས་དང་ཤེས་རབ་ལོངས་སྤྱོད་དང༌། །དབང་ཕྱུག་ནད་མེད་པ་དང་ཚེ་རིང་བ། །མཐོ་རིས་ཡོན་ཏན་བདུན་དུ་ཐུབ་པ་ཡིས། །རབ་ཏུ་བཀའ་སྩལ་དེ་དག་བསྐྱང་བར་བགྱི། །རིགས་ཀྱི་ཕུལ་དུ་ཁྱོད་ནི་ཉེར་འཁྲུངས་མོད། །འོན་ཀྱང་མཛད་སྤྱོད་དགེ་བས་དག་བགྱི་སྟེ། །སྤྱོད་པ་མེད་ན་རིགས་དོན་ཉམས་སོ་ཞེས། །གཙུག་ལག་དག་ལས་ལེགས་པར་འབྱུང་ཕྱིར་རོ། །འཇིག་རྟེན་པ་ཡི་དགེ་སྤྱོད་དེ་ཡང་ནི། །ཆང་མི་འཐུང་དང་འཚོ་བ་དག་པ་དང༌། །རྣམ་མི་འཚེ་དང་མཆོད་འོས་མཆོད་པ་དང༌། །ཉམས་ཐག་སྦྱིན་པས་རྗེས་སུ་བསྐྱང་བའོ་ཞེས། །འཕགས་པ་ཀླུ་སྒྲུབ་ཞལ་སྔ་ནས་གསུངས་ཤིང༌། །གཞན་ཡང་ཁྲེལ་ཡོད་ངོ་ཚས་ལེགས་བསྡམས་ནས། །ཀུན་གྱིས་སྨད་པའི་ལས་ལས་ལྡོག་པ་དང༌། །བསྔགས་པའི་ལས་རྣམས་དག་ལ་རབ་བརྩོན་ཞིང༌། །གཞན་དག་གིས་ནི་སྔོན་ཆད་མ་བགྱིས་པ། །གང་ཞིག་མཐོང་བའི་བ་སྤུ་ལྡང་འགྱུར་ཞིང༌། །ཀུན་ལ་མི་གནོད་ཀུན་དུ་ཕན་འགྱུར་པ། །གཙུག་ལག་མཆོད་རྟེན་ཀུན་དགའ་ར་བ་དང༌། །ཕོངས་པ་རྣམས་ཀྱི་བསྟི་གནས་ལེགས་བགྱིས་པས། །གྲགས་པའི་བ་དན་ཕྱོགས་བཅུར་གཡོ་བགྱིད་པ། །དེ་འདྲ་ཁོ་ན་ལགས་པ་དེ་སླད་དུ། །དེ་འདྲས་ཉིད་ཀྱི་ཆོ་འབྲང་གསལ་བར་མཛོད། །རང་གིས་ཉེར་སྤྱད་བྱ་ཕྱིར་ཁང་བཟངས་དང༌། །ཉེ་བའི་ཁང་བཟངས་ཁྲུས་ཀྱི་ཁང་པ་དང༌། །རྟ་བབས་སྐྱེད་མོས་ཚལ་དང་བཀོད་མ་སོགས། །ཤིན་ཏུ་རྒྱ་ཆེན་རྨད་དུ་བྱུང་བ་གང༌། །མང་པོའི་ཚོགས་ཀྱིས་འབད་ནས་སྒྲུབ་བགྱིད་པས། །གནས་སྐབས་དགའ་དང་ངོ་མཚར་སྐྱེད་ལགས་ཀྱང༌། །རང་གིས་རང་གི་བསྙེན་བཀུར་ལྷག་བགྱིས་པ། །སྔོན་བསགས་པ་ཡི་དགེ་བ་བས་བགྱིད་ཅིང༌། །སླར་ཞིང་སྲེད་པ་འཕེལ་འགྱུར་དེ་སླད་དུ། །དེ་འདྲའི་ཚུལ་ལ་ཤིན་ཏུ་བག་ཡོད་མཛོད། །ཅི་བདེར་གྲུབ་ལ་ཁ་ན་མ་ཐོ་མེད། །གཞན་གྱིས་བསྟབས་པ་ཚུལ་བཞིན་སྤྱད་པར་བགྱི། །མཐོ་རིས་འབྱོར་པ་རྣམས་ཀྱི་གཞི་དང་ནི། །གྲུ་ལྟར་སྲིད་པའི་རྒྱ་མཚོའི་ཕ་རོལ་དུ། །ཕྱིན་པར་བགྱིད་པའི་རྟེན་ཡང་གཟུགས་ལགས་པས། །དབང་པོ་གསལ་དང་ལུས་སྟོབས་རྒྱས་ཕྱིར་དང༌། །བདེ་ལ་ཡུན་རིང་རེག་པར་གནས་བགྱིའི་ཕྱིར། །ཡུལ་དུས་གནས་སྐབས་དག་དང་རྗེས་འབྲེལ་པའི། །གསོལ་ཟས་སྨན་སོགས་འཚོ་བའི་ཡོ་བྱད་ཀྱིས། །ཆབ་ཀྱི་པདྨ་བཞིན་དུ་བསྐྱང་བར་མཛོད། །ཁྲུས་ཀྱིས་དྲི་མ་སྦྱངས་ནས་མདངས་ཕྱུང་ཞིང༌། །ཧ་ཅང་སྒེག་མིན་གོས་གསར་གྱིས་ཀླུབས་ཀྱིས། །དྲི་བཟང་མེ་ཏོག་གསར་པས་མཛེས་བྱས་ལ། །ལྷ་ཡི་དཔལ་ཡང་འཇུག་ཅེས་ལུགས་ལས་འབྱུང༌། །ཤེས་རབ་བདག་གཞན་གསལ་བགྱིད་སྒྲོན་མ་སྟེ། །རྒོལ་བའི་སྤོབས་པ་འཇོམས་བྱེད་དཔའ་བོ་ལགས། །སྙན་པའི་གྲགས་པ་ཀུན་ཏུ་གཡོ་བགྱིད་པ། །དེ་སླད་ཁྱོད་ཀྱིས་ཤེས་རབ་སྤེལ་བར་མཛོད། །སྐྱེས་ཐོབ་ཤེས་རབ་སྔོན་གྱི་ལས་རྗེས་འབྲང༌། །སྦྱངས་ཐོབ་ཤེས་རབ་རང་གི་རྩོལ་བ་ལ། །རག་ལས་ཕྱིར་ན་ཤིན་ཏུ་བརྩོན་པ་ཡིས། །མཁྱེན་རབ་གསལ་བ་གསལ་བར་མཛད་དུ་གསོལ། །ཚད་མཐར་ཐུག་པ་ལུས་ཀྱི་ཡོན་ཏན་ཡང༌། །སྒྱུ་རྩལ་མཁན་བཞིན་སྦྱངས་པས་གཞན་དག་ལས། །ཁྱད་དུ་འཕགས་པའི་ཡོན་ཏན་གཞན་དག་གིས། །བསྔགས་པར་བགྱིད་པ་མངོན་དུ་གཟིགས་ལགས་ན། །ཤེས་རབ་གཟུགས་ཅན་མ་ལགས་དེ་སླད་དུ། །ཚད་མ་མཆིས་ཕྱིར་དེ་ཡི་ཡོན་ཏན་ཡང༌། །གཞལ་དུ་མ་མཆིས་ཕྱིར་ན་ཐུབ་པ་བཞིན། །གཞལ་མེད་ཡོན་ཏན་དཔལ་གྱིས་འབྱོར་པར་མཛོད། །དེ་ཡང་རང་ལ་དགོས་པའི་བསྟན་བཅོས་དགའ། །ཉི་མ་རེ་རེ་ཚིག་རེ་གཟུང་བྱས་ན། །གྲོག་མཁར་དང་ནི་སྦྲང་རྩི་ཇི་བཞིན་དུ། །རིང་པོར་མི་ཐོགས་མཁས་པར་འགྱུར་རོ་ཞེས། །བདག་ཉིད་ཆེན་པོའི་གསུང་ལས་འབྱུང་བས་ན། །དེ་འདྲའི་ཚུལ་གྱིས་འཛིན་དང་གསན་པ་དང༌། །རྣམ་པར་དཔྱོད་པ་ཞིབ་མོས་ལེགས་དཔྱད་པས། །མཁྱེན་རབ་ཡར་ངོའི་ཟླ་བཞིན་འཕེལ་བར་མཛོད། །གང་ཡོད་ན་ནི་བདག་གཞན་ཕུན་ཚོགས་ཤིང༌། །གནས་སྐབས་དགའ་དང་བདེ་བ་འཕེལ་བྱེད་ལ། །ཐབས་ཀྱིས་ཟིན་ན་སྲིད་ཞིའི་དཔལ་སྐྱེད་པའི། །ལོངས་སྤྱོད་ཆུད་མི་གསན་ཞིང་སྤེལ་བར་བྱ། །གང་ཞིག་བུང་བས་སྦྲང་རྩི་ཇི་བཞིན་དུ། །རང་གིས་འབད་པ་ཆེན་པོས་ཉེར་བསགས་ནས། །སྤྱད་དུ་མེད་པར་གཞན་གྱིས་འཕྲོག་བགྱིད་པ། །ཕོངས་པས་ཕོངས་པ་བསྒྲུབ་པའི་ལོངས་སྤྱོད་ལགས། །གཅན་གཟན་ཁྲོ་བོས་རི་དྭགས་རྣམས་ལ་ལྟ། །བརྩེ་བ་མེད་པར་གཞན་ལ་ཉེར་ཕྲོགས་ནས། །སྤྱོད་དང་སྦྱིན་བར་བགྱིད་པ་དུག་བཅས་ཀྱི། །ཁ་ཟས་བཞིན་དུ་སྡུག་བསྔལ་སྐྱེད་པར་བགྱིད། །རྩོལ་བ་མེད་པར་གཞན་གྱིས་ཉེར་བསྟབས་པས། །མཛོད་དང་ས་ཡི་ཐ་གྲུ་རྒྱས་གྱུར་ཀྱང༌། །ཅུང་ཟད་སྤྱོད་དང་སྦྱིན་པར་མི་བགྱིད་པའི། །འབྱོར་པ་དེ་ནི་རྒྱ་མཚོའི་རིན་ཆེན་མཚུངས། །ཐོག་མར་ཅི་ལྟའི་ཚུལ་གྱིས་རྙེད་ཀྱང་རུང༌། །བར་དུ་རང་གིས་ཅི་བདེར་སྤྱོད་བགྱིད་ཅིང༌། །གཞན་དག་ལ་ཡང་ཚུལ་བཞིན་ཡོངས་གཏོང་བ། །འབྱོར་པ་དེ་ནི་ལྷ་ཡི་དཔལ་དང་འདྲ། །གང་ཞིག་དང་པོ་ལྷུན་གྱིས་གྲུབ་གྱུར་ནས། །རང་གི་ཆ་ཙམ་ལས་ནི་མི་སྤྱོད་པར། །མཆོད་འོས་མཆོད་དང་དམན་པ་ལེགས་སྐྱོང་བའི། །ལོངས་སྤྱོད་དེ་ནི་མི་ཟད་གཏེར་ཆེན་ལགས། །དེ་སླད་སྲིད་འབངས་ཞི་ལ་བཀའ་དྲིན་གྱི། །ས་བོན་ཡུལ་དང་འཚམ་པར་ལེགས་སྩལ་ནས། །ཚུལ་བཞིན་འཆོས་པའི་སོ་ནམ་རབ་བགྱིས་ཏེ། །ཁྲིམས་སུ་བཅའ་བ་དམ་པོས་བསྲུངས་བགྱིས་ནས། །དེ་ལས་དེ་ཡི་དཔལ་འབྱོར་གང་བསྐྲུན་ལས། །བཞོན་ལས་འོ་མ་དང་ནི་སཱ་ལ་ཡི། །ཤིང་ལས་སྤོས་བཞིན་དུས་སུ་རན་པ་དང༌། །འཚེ་མེད་སྡུད་དང་འཚམ་པའི་ཤོ་གམ་གྱིས། །བང་མཛོད་དམ་པ་རྣམ་པར་རྒྱས་བགྱིས་ཏེ། །རང་གིས་ཚུལ་བཞིན་དགྱེས་དགུར་སྤྱོད་པ་དང༌། །གཞན་ལ་མཆོད་ཅིང་ལྷུག་པར་ལེགས་གནང་བས། །འདི་དང་ཕྱི་མའི་དགའ་བདེ་འཕེལ་བར་མཛོད། །ཚོང་དང་སྐྱེད་དང་གླ་ལ་སོགས་པ་ཡིས། །འབྱོར་པ་སྤེལ་བགྱིད་ཕལ་བའི་ཚུལ་ལགས་པས། །དེ་འདྲས་འཚོ་བ་དེ་དག་བག་བརྐྱང་ནས། །འཚེ་བ་མེད་པར་འཚོ་བར་མཛད་དུ་གསོལ། །ལན་ཚྭ་ལ་སོགས་སེམས་ཅན་སྤྱི་མཐུན་གྱི། །ལས་ལས་གྲུབ་པའི་ཡོ་བྱད་གང་ལགས་པ། །དེ་ཀུན་སྐྱེ་དགུ་སོ་སོའི་རྩོལ་བ་ཡིས། །བཙལ་ནས་སྤྱོད་པར་སྩལ་ནས་ཇི་ལྟར་དགོངས། །ཆང་དང་ཆུ་དང་སྙུག་མ་ལ་སོགས་པ། །རང་གི་རྩོལ་བས་བསྒྲུབས་ཏེ་བཙོངས་ནས་སུ། །འཚོ་བགྱིད་དེ་དག་ཞོ་ཤས་འཚོ་བ་ཞེས། །ལུང་ལས་བཤད་བཞིན་གནང་བར་རིགས་ལགས་གྲང༌། །གོས་དང་རྒྱན་སོགས་ཉེ་བར་སྤྱོད་པའི་ཟོང༌། །སྔོན་ཆད་མེད་པ་འགའ་ཞིག་ལྷ་དེ་ཡི། །སྐུ་རིང་ལ་ནི་བྱུང་ཞེས་སྐྱེ་བོ་ཡིས། །ཀུན་ཏུ་བསྔགས་འགྱུར་སྤེལ་ན་འཐད་པར་འཚལ། །དགེ་སྦྱོང་བྲམ་ཟེ་སོགས་ཀྱི་སྨོན་ལམ་དང༌། །ཤེས་ཉན་ལྡན་པས་རིག་པས་ཁྱོད་བཀུར་ཞིང༌། །འགྲོ་མང་དགའ་བགྱིད་དེ་དག་བཅའ་སོགས་ཀྱིས། །འཚེ་བ་མེད་ན་འཇིག་རྟེན་དགེར་འགྱུར་ལགས། །པདྨོ་ཡོངས་སུ་རྒྱས་པས་ཁེབས་པའི་མཚོར། །བསྐྲད་ཀྱང་ངང་པའི་ཚོགས་འདུ་ཇི་བཞིན་དུ། །ཉིད་ཀྱི་ཡུལ་འཁོར་འཚེ་མེད་འབྱོར་ལྡན་པར། །སྐྱེ་དགུ་ངང་གིས་འདུ་བར་མཛད་དུ་གསོལ། །དབང་ཕྱུག་ཕུན་སུམ་ཚོགས་ལ་གཞན་དག་གིས། །བར་དུ་གཅོད་པར་མི་ནུས་དེ་ཡིས་ནི། །འགྲོ་མང་བསྐྱབ་པར་ནུས་པ་དེ་སླད་དུ། །དབང་ཕྱུག་རྣམ་པར་སྤེལ་བགྱི་དེ་ཡང་ནི། །འགུམས་དང་གཞུ་དང་དེ་བཞིན་གཤེ་བ་དང༌། །དབྲོག་པ་ལ་སོགས་བསྡིགས་ནས་བཙན་བཅིངས་དང༌། །ལྡན་པར་སྟོན་དེ་གདུག་པའི་སྦྲུལ་མཚུངས་པའི། །ཁ་ན་མ་ཐོ་བཅས་པ་སྤང་བར་བགྱི། །གང་ཞིག་རང་གིས་དྲང་པོའི་ཚུལ་སྤྱད་ཅིང༌། །དྲང་ཞིང་རིགས་པའི་ཚུལ་གྱིས་གཞན་བཅོས་པས། །མི་རིགས་སྤྱོད་པ་ངང་གིས་འཇིག་འགྱུར་ཞིང༌། །རིགས་ལམ་འཇུག་བགྱིད་དབང་ཕྱུག་དམ་པ་ལགས། །ནད་མེད་པ་ནི་བདེ་བའི་མཆོག་ལགས་པས། །ཉིད་ཀྱང་བསྙུན་མི་མངའ་བར་བགྱིད་སླད་དུ། །ནད་འཕེལ་བ་དང་ལུས་ཟུངས་རྒུད་བགྱིད་པའི། །ཟས་དང་བཏུང་བ་གནས་དང་ཀུན་སྤྱོད་སོགས། །ཆ་ཤས་ཀྱིས་ནི་རབ་ཏུ་སྤང་བགྱི་ཞིང༌། །ནད་མི་སྐྱེད་པའམ་ཞི་བར་བགྱིད་པ་དང༌། །ཁམས་དང་དབང་པོ་རྒྱས་ཤིང་གསལ་བགྱིད་པའི། །གནས་དང་ཡོ་བྱད་སྤྱོད་ལམ་བསྟན་པར་མཛོད། །ནད་པ་རྣམས་ལ་སྨན་དང་ཁ་ཟས་དང༌། །གོས་དང་སྟན་སོགས་འཚོ་བའི་ཡོ་བྱད་དང༌། །སྔགས་སོགས་ཕན་བགྱིད་རིག་པ་སྣ་ཚོགས་ཀྱིས། །བྱམས་དང་སྲི་ཞུ་བཅས་པས་ཕན་པར་མཛོད། །སྨན་གྱི་བླ་དང་འཇིག་རྟེན་དབང་ཕྱུག་དང༌། །ལྷ་མོ་རི་ཁྲོད་ལོ་མ་ཅན་སོགས་ཀྱི། །རྣལ་འབྱོར་དང་ནི་བཟླས་བརྗོད་བརྩོན་བགྱིད་པ། །ཡུལ་འཁོར་དག་ཏུ་མང་དུ་གཞུག་ཏུ་གསོལ། །གང་གིས་དབང་གིས་སྣ་ཚོགས་ནད་སྐྱེད་པ། །མཁའ་འགྲོ་ཤ་ཟ་ལ་སོགས་འབྱུང་པོའི་ཡིད། །ཞི་བར་བགྱི་སླད་མཆོད་སྦྱིན་བགྱིད་པ་ཡང༌། །རིམ་གྲོར་བཅས་ཏེ་བཀའ་ཡིས་བསྒོ་བར་མཛོད། །དེ་དག་གིས་ནི་ཉིད་སྐུ་བདེ་བ་དང༌། །ཉིད་ཀྱི་ཆབས་འོག་མཆིས་པའི་འགྲོ་ཀུན་ཡང༌། །བྱམས་པའི་སྟོབས་ཀྱིས་སྲིད་འབངས་ཇི་བཞིན་དུ། །ནད་དང་འཚེ་མེད་བདེ་བར་གནས་གྱུར་ལགས། །ཚེ་རིང་གྱུར་ན་རང་དང་གཞན་གྱི་དོན། །ཕལ་ཆེར་འགྲུབ་འགྱུར་བདེ་ལ་ཡུན་རིང་དུ། །རེག་པར་གནས་ཤིང་ཆོས་དོན་ཚོལ་བས་ཀྱང༌། །གོ་སྐབས་མཆི་སླད་སྐུ་ཚེ་བསྲིང་བར་བགྱི། །སྨན་དང་ཏིང་ངེ་འཛིན་དང་གསང་སྔགས་སོགས། །གང་ཞིག་གིས་ནི་ཚེ་ཡི་གེགས་སེལ་ཞིང༌། །ཚེ་འཕེལ་བྱེད་པར་གསུངས་པ་དེ་དག་ལ། །བསྒྲུབ་པ་ནན་ཏན་གྱིས་ནི་མཛད་དུ་གསོལ། །འཆི་བར་ངེས་པའི་སྲོག་ནི་བསླུ་བ་དང༌། །འགྲོ་ལ་སྲོག་གི་མི་འཇིགས་སྦྱིན་པ་དང༌། །གཞན་དག་སྲོག་གཅོད་པ་ལས་ལྡོག་པ་ཡིས། །ཚེ་ཡི་དཔལ་འབྱོར་རྒྱས་པར་འགྱུར་བ་ལགས། །ཚེ་དཔག་མེད་དང་རྣམ་རྒྱལ་ལ་སོགས་ཀྱི། །རྣལ་འབྱོར་དང་ནི་བཟླས་པ་བརྩོན་བགྱིད་པ། །མང་པོ་བཀུར་སྟིར་བཅས་པ་ཉེར་བསྟེན་པས། །སྐུ་ཚེ་ཀུན་དུ་བསྲིང་བར་མཛད་དུ་གསོལ། །སྔོན་གྱི་དགེ་སྤྱད་དང་ནི་སྨོན་ལམ་གྱིས། །མཐོ་རིས་དཔལ་བདུན་ཁྱོད་ཀྱིས་གང་བརྙེས་པ། །འདི་ལྟར་གསོལ་བའི་ཐབས་ཚུལ་འདི་ཡིས་ནི། །དེ་དག་རྒྱས་མཛོད་མངོན་པར་མཐོ་བ་ལགས། །དེ་ལྟར་འཇིག་རྟེན་པ་ཡི་དཔལ་གྱིས་ནི། །འཇིག་རྟེན་འདིར་ནི་ཕུན་སུམ་ཚོགས་གྱུར་ནས། །འཇིག་རྟེན་འདས་པའི་དཔལ་གྱིས་བདག་གཞན་ཀུན། །འབྱོར་བར་བགྱི་སླད་ཆོས་ལམ་བསྟེན་དུ་གསོལ། །ཆོས་དེའང་བརྗོད་བྱ་བསླབ་པ་གསུམ་སྟོན་ཞིང༌། །ངག་ཚིག་དྲི་མེད་སྒྲུབ་བྱེད་གསུམ་དང་ལྡན། །ཐོག་མཐའ་བར་དུ་དགེ་བའི་འབྲས་འབྱིན་པ། །ཉིད་ལགས་གཞན་ནི་གཞན་དུ་མཁྱེན་པར་མཛོད། །འདུས་བྱས་ཐམས་ཅད་མི་རྟག་པ་དང་ནི། །ཆོས་ཀུན་བདག་མེད་ཟག་བཅས་སྡུག་བསྔལ་ལ། །མྱ་ངན་འདས་པ་ཞི་ཞིང་བདེ་བའོ་ཞེས། །ཕྱག་རྒྱ་རྣམ་པ་བཞི་ཡང་བཀའ་སྩལ་ཏོ། །དེ་དག་ཐུབ་དབང་ཉིད་ཀྱི་བདག་རྐྱེན་ལས། །བྱུང་བ་གང་དེ་ལ་ནི་བཀའ་ཞེས་བགྱི། །གང་ཞིག་ཐུབ་པས་གསུངས་པ་འབའ་ཞིག་གིས། །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བྱས། །ཐར་པ་སྒྲུབ་པའི་ལམ་དང་རྗེས་འབྲེལ་བར། །དགོངས་པ་འགལ་བགྱིད་གང་དེ་བསྟན་བཅོས་ཏེ། །འདི་དག་ལུང་གི་ཆོས་ལགས་དེ་བསྒོམས་པས། །གོམས་པ་ལྷག་པར་སོན་པ་རྟོགས་པའི་ཆོས། །དེ་དག་ཆགས་པ་བྲལ་བགྱིད་ལམ་དང་ནི། །དེ་ཡིས་ཆགས་བྲལ་བགྱིད་པ་འགོག་ཆོས་ལགས། །ཆོས་དེ་རྣམས་དང་དཔྱད་བགྱི་གཞན་རྣམས་ལ། །གང་ཟག་ཚིག་དང་དྲང་དོན་རྣམ་ཤེས་ལ། །མིང་དོན་ཆོས་དོན་ངེས་པའི་དོན་དང་ནི། །ཡེ་ཤེས་རྟོན་པ་རྟོན་པ་བཞིར་གསུངས་པས། །གཉིས་པོ་དག་ལ་གསུམ་གྱིས་རྣམ་དཔྱད་ནས། །བཞི་ལ་རྟོན་ཞིང་ཚུལ་བཞི་ལ་ཞུགས་པས། །ཐོབ་པར་བགྱི་བའི་ཆོས་ལྔ་རིམ་བཞིན་དུ། །ཐོབ་བགྱིད་དེ་ནི་ངེས་པར་ལེགས་པའི་ཆོས། །འདི་ཡིས་བརྒྱད་དང་རྣམ་གསུམ་མངོན་དུ་བགྱིད། །དེ་ཡང་ཐེག་པ་གཉིས་ཀྱིས་བསྡུས་པ་ལས། །ཐེག་པ་ཆུང་ངུའི་ཆོས་ཀྱི་ཚུལ་གྱིས་ནི། །རང་ཉིད་ཞི་བར་བགྱིད་པ་ལགས་མོད་ཀྱི། །སངས་རྒྱས་ཐོབ་པར་བགྱིད་པ་མ་ལགས་པས། །བསྙེན་གནས་སོགས་ལ་ཅི་ནུས་བརྩོན་པར་མཛོད། །དམྱལ་བ་ཡི་དྭགས་དུད་འགྲོ་ཚེ་རིངས་ལྷ། །ཀླ་ཀློར་སྐྱེས་དང་ལོག་པར་ལྟ་བ་དང༌། །རྒྱལ་པས་སྟོང་པར་སྐྱེས་དང་ལྐུགས་པ་སྟེ། །མི་ཁོམ་གནས་བརྒྱད་དག་ལས་ཐར་བགྱིའི་སླད། །ཡིད་གང་འདོད་ཆགས་བཅས་དང་ཞེ་སྡང་དང༌། །གཏི་མུག་བཅས་པ་ཡིས་ནི་ཀུན་བསླང་ནས། །སྲོག་གཅོད་རྐུ་དང་ལོག་པར་གཡེམ་པ་དང༌། །རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཁྱལ་དང༌། །བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་སྟེ། །ནག་པོའི་ལས་བཅུར་གསུངས་པ་སྤང་བགྱིས་ནས། །མིར་གྱུར་ཡུལ་དབུས་སྐྱེས་དང་དབང་པོ་ཚང༌། །གནས་ལ་དད་དང་ལས་མཐའ་མ་ལོག་དང༌། །ཞིང་དེར་སངས་རྒྱས་བྱོན་དང་ཆོས་གསུང་དང༌། །བསྟན་པ་གནས་དང་རྗེས་སྒྲུབ་ཡོད་པ་དང༌། །དེ་ཡི་བརྩེ་བས་རྗེས་སུ་འཛིན་པ་སྟེ། །འབྱོར་པ་བཅུ་པོས་ཀུན་ནས་འབྱོར་བགྱིའི་སླད། །མ་ཆགས་པ་དང་ཞེ་སྡང་མེད་པ་དང༌། །གཏི་མུག་མེད་པས་ཀུན་ནས་བསླང་པ་ཡི། །སྲོག་ལ་བྱམས་དང་ལོངས་སྤྱོད་གཏོང་བ་དང༌། །མ་ཆགས་པ་དང་བདེན་པར་སྨྲ་བ་དང༌། །མཐུན་པར་བྱེད་དང་སྙན་དང་དོན་ལྡན་སྨྲ། །ཆོག་ཤེས་ཕན་འདོད་ཡང་དག་ལྟ་བ་སྟེ། །དཀར་པོའི་ལས་ཀྱི་ལམ་བཅུར་གསུངས་པ་ལ། །རྣམ་པ་ཀུན་ཏུ་འབད་པས་བསྒྲུབ་ཏུ་གསོལ། །གཞན་ཡང་ཡི་གེ་འདྲི་དང་མཆོད་པ་དང༌། །སྦྱིན་དང་ཉན་དང་ཀློག་དང་འཛིན་པ་དང༌། །འཆད་དང་ཁ་ཏོན་སེམས་དང་སྒོམ་པ་སྟེ། །ཆོས་སྤྱོད་བཅུ་ཡང་ཅི་ནུས་དག་ཏུ་མཛོད། །ཐེག་ཆེན་བདུད་རྩིའི་སྒོ་མོའང་སྐྱབས་འགྲོ་ཞེས། །ཐུབ་པས་བཀའ་སྩལ་དེ་ཡང་འཁོར་བ་དང༌། །ངན་འགྲོའི་འཇིགས་ལས་བདག་གཞན་བསྐྱབ་ཕྱིར་དང༌། །ཡུལ་ལ་དད་པས་དེ་འདྲ་བགྱི་སླད་དུ། །སྐྱབས་ཀྱི་གཙོ་བོའི་གོ་འཕང་བརྙེས་ཀྱི་བར། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཐམས་ཅད་དང༌། །ཐེག་མཆོག་ལ་སོགས་དམ་ཆོས་ཐམས་ཅད་དང༌། །འཕགས་པའི་དགེ་འདུན་ཀུན་ལ་སྐྱབས་གསོལ་ནས། །སྐྱབས་མ་ཡིན་ལ་སྐྱོབ་པར་མི་འཛིན་ཞིང༌། །སྐྱེས་བུ་དམ་པ་རྣམས་དང་འགྲོགས་པ་དང༌། །དེ་ལས་དམ་པའི་ཆོས་རྣམས་གསན་པ་དང༌། །ཆོས་བཞིན་བསྒྲུབ་ལ་ཀུན་དུ་བརྩོན་པར་མཛོད། །སྙིང་རྗེ་ཆེན་པོའི་རྒྱུ་ལས་བྱུང་གྱུར་ཞིང༌། །ཡང་དག་ཤེས་པའི་རྟོགས་པས་དབང་བྱས་པའི། །སྤྲོ་བ་ཆེ་དང་རྩོམ་པ་ཆེ་བདག་ཉིད། །བྱང་ཆུབ་སེམས་མཆོག་ཡང་ཡང་བསྐྱེད་བགྱིས་ནས། །ནམ་མཁའི་སྙིང་པོའི་མདོ་ལ་སོགས་པ་ལས། །ཇི་ལྟར་བཀའ་སྩལ་བཞིན་དུ་བསླབ་བྱ་རྣམས། །མཁྱེན་ཞིང་བསླབ་པར་མཛོད་ཅིག་ཅི་གསུངས་པའི། །ཕན་ཡོན་ཐམས་ཅད་མྱུར་དུ་བརྙེས་འགྱུར་ལགས། །འཁོར་བའི་སྡུག་བསྔལ་མི་བཟད་ནད་དང་ནི། །ལས་དང་ཉོན་མོངས་ཀུན་འབྱུང་ནད་རྒྱུ་དང༌། །འགོག་པ་ནད་མེད་བདེ་བར་གནས་པ་དང༌། །ལམ་ནི་འཚོ་བའི་སྨན་འདྲར་མཁྱེན་བགྱིས་ནས། །ཐུགས་འབྱུང་བ་དང་ཀུན་ནས་སྤང་བ་དང༌། །ཤིན་ཏུ་འདུན་དང་བསྒྲུབ་ལ་ནན་ཏན་མཛོད། །འདི་ནི་འཕགས་པའི་བདེན་པ་བཞི་ཞེས་གསུངས། །ཆོས་རྣམས་ཀུན་གྱི་སྡོམ་ཡང་འདི་ལགས་སོ། །སྐྱེ་དང་རྒ་དང་ན་དང་འཆི་བ་ནི། །སྡུག་བསྔལ་ཆུ་བོ་བཞི་ལགས་བསགས་པ་ཡི། །མཐའ་འཛད་མཐོན་པོའི་མཐའ་ནི་དམའ་བ་དང༌། །འཚོ་མཐའ་འཆི་དང་འདུས་མཐའ་འབྲལ་བ་ནི། །འཁོར་བའི་མཐའ་བཞིར་གསུངས་པ་དེ་དག་ལས། །བདག་ཉིད་བསྙེངས་ཤིང་གཞན་ལ་ཐུགས་བརྩེ་དང༌། །བདག་ཉིད་རྒལ་ནས་གཞན་དག་སྒྲོལ་བ་དང༌། །བདག་ཉིད་ཐར་ནས་གཞན་དག་དྲང་དུ་གསོལ། །མ་རིག་པ་ལས་འདུ་བྱེད་དེ་ལས་ནི། །རྣམ་པར་ཤེས་པ་དེ་ལས་མིང་དང་གཟུགས། །དེ་ལས་སྐྱེ་མཆེད་དྲུག་འབྱུང་དེ་ལས་རེག །དེ་ལས་ཚོར་དང་དེ་ལས་སྲེད་པ་འབྱུང༌། །དེ་ལས་ལེན་པ་ལེན་ལས་སྲིད་པ་དང༌། །སྲིད་ལས་སྐྱེ་བ་སྐྱེ་ལས་ན་དང་རྒ། །འཆི་དང་མྱ་ངན་སྨྲེ་སྔགས་འདི་མི་བདེ། །སྡུག་བསྔལ་ཕུང་པོ་བརྒྱུད་མར་འབྱུང་འགྱུར་ཞིང༌། །དངོས་པོ་རྣམ་པར་དཔྱད་པས་མ་རིག་འགག །དེ་ཡིས་འདུ་བྱེད་ལ་སོགས་རིམ་བཞིན་དུ། །ཉེ་བར་འགགས་ནས་སྡུག་བསྔལ་མཐར་བྱེད་པ། །དེ་དག་རྟེན་ཅིང་འབྱུང་བའི་ཚུལ་གཉིས་ལགས། །ཇི་ལྟར་སྣང་བ་འདི་ནི་རྐུན་རྫོབ་སྟེ། །དེ་ཡི་རང་བཞིན་སྤྲོས་བྲལ་དོན་དམ་ལགས། །དེ་དོན་དཔྱད་ཅིང་སྒོམ་པ་གོམས་བགྱིས་པས། །ལུང་དང་རྟོགས་པའི་ཆོས་ལ་དབང་བསྒྱུར་བགྱིད། །འདོད་ཆགས་ལ་སོགས་ཐར་ལམ་སྒྲིབ་བྱེད་དང༌། །འཁོར་གསུམ་རྟོགས་པས་ཀུན་མཁྱེན་ལ་སྒྲིབ་པའི། །སྒྲིབ་པ་དེ་དག་སོ་སོའི་གཉེན་པོ་དང༌། །ལམ་གྱི་ཡོན་ཏན་དམ་པར་བསྒྱུར་དུ་གསོལ། །མཐུན་པར་གྱུར་པའི་ཡུལ་དུ་དགེ་བ་ཡི། །བཤེས་དང་འགྲོགས་ནས་སྒྲུབ་པ་ནན་ཏན་དུ། །མཛད་ནས་སྨོན་ལམ་དམ་པ་ལེགས་འདེབས་པའི། །འཁོར་ལོ་ཆེན་པོ་བཞི་དང་ལྡན་པར་མཛོད། །རྙེད་དང་མ་རྙེད་བདེ་དང་མི་བདེ་དང༌། །སྙན་དང་མི་སྙན་བསྟོད་སྨད་ཆོས་བརྒྱད་པོ། །མགོ་སྙོམས་པ་ལ་གོམས་མཛོད་དེ་དག་ཀུན། །དགེ་བའི་རྐྱེན་འབྱུང་ཞི་བར་བགྱིད་པའང་ལགས། །སྒྲུབ་བྱེད་གཏོང་དང་ཚུལ་ཁྲིམས་གནས་སྐབས་འབྲས། །ལྷ་དང་མཐར་ཐུག་འབྲས་བུ་དང་ནི་སྐྱབས། །སངས་རྒྱས་ཆོས་དང་དགེ་འདུན་ཉིད་ལགས་པས། །སོ་སོའི་ཡོན་ཏན་རྗེས་སུ་དྲན་པར་མཛོད། །དད་དང་གཏོང་དང་ཚུལ་ཁྲིམས་ཐོས་པ་དང༌། །ངོ་ཚ་ཤེས་དང་ཁྲེལ་ཡོད་ཤེས་རབ་རྣམས། །འཕགས་པའི་གོ་འཕང་ཐོབ་བགྱིད་དེ་སྲིད་དུའང༌། །དཔལ་དང་བདེ་བ་སྐྱེད་པས་འཕགས་པ་ཡི། །ནོར་བདུན་ཞེས་བྱར་འཕགས་མཆོག་གིས་གསུངས་པས། །ནོར་མཆོག་དེ་དག་གིས་ནི་རྟག་པར་ཉིད། །འབྱོར་པར་མཛོད་ཅིག་ཉིད་ལ་རྟེན་པ་ཡི། །སྐྱེ་བོ་གཞན་ཡང་འབྱོར་པར་འགྱུར་ལགས་གྲང༌། །སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང༌། །བསམ་གཏན་ཤེས་རབ་འདི་དག་སྲིད་ཞི་ཡི། །ཕ་རོལ་ཕྱིན་བགྱིད་ཕ་རོལ་ཕྱིན་དྲུག་གིས། །སྲིད་དང་ཞི་བའི་ཕ་རོལ་གཤེགས་པར་མཛོད། །ཟང་ཟིང་མི་འཇིགས་ཆོས་དང་བྱམས་པ་ཡི། །སྦྱིན་པ་རྣམ་པ་བཞི་པོ་སྩལ་བགྱི་ཞིང༌། །མི་དགེ་སྡོམ་དང་དགེ་བའི་ཆོས་སྡུད་དང༌། །སེམས་ཅན་དོན་བྱེད་ཁྲིམས་ལ་བསླབ་པར་བགྱི། །མི་འབྱེད་ཇི་མི་སྙམ་དང་ངེས་སེམས་པའི། །བཟོད་པ་གསུམ་གྱིས་ཉིད་ཐུགས་ཞི་བར་མཛོད། །གོ་ཆ་དང་ནི་ཚུལ་བཞིན་རབ་ཞུགས་དང༌། །མ་ཞུམ་མི་འཁྲུག་ཆོག་མི་ཤེས་པ་ཡི། །བརྩོན་འགྲུས་ལྔ་ལ་ཀུན་དུ་བརྩོན་བགྱིས་པ། །དཀར་པོའི་ཆོས་ཀུན་ཡོངས་ས་བསྡུ་བགྱི་ཞིང༌། །སྤོང་དང་བསྒྲུབ་པའི་བསམ་གཏན་རྣམ་གཉིས་ཀྱིས། །ཐུགས་ཞི་བ་དང་ཡོན་ཏན་རྣམ་འཕེལ་མཛོད། །ཐོ་བསམ་སྒོམ་ལས་བྱུང་བའི་བློ་གསུམ་གྱིས། །ཀུན་རྫོབ་དོན་དམ་ཤེས་པའི་ཤེས་རབ་གཉིས། །རྣམ་པར་བསྐྱེད་ནས་ཆོས་རྣམས་ཀུན་ལ་དབང༌། །ཡོངས་སུ་སྒྱུར་བའི་དབང་ཕྱུག་དམ་པར་མཛོད། །སྟོང་པ་མཚན་མ་མེད་དང་སྨོན་པ་མེད། །འདུས་མ་བྱས་རྣམས་རྣམ་ཐར་སྒོ་བཞི་སྟེ། །འདི་ལྟར་ཤེས་པས་ཤེས་རབ་ཕ་རོལ་ཕྱིན། །དེ་ལྟར་མཉམ་འཇོག་གང་དེ་བསམ་གཏན་ལགས། །ཐབས་མཁས་སྨོན་ལམ་སྟོབས་དང་ཡེ་ཤེས་བཞི། །དྲུག་པོ་རེ་རེ་ལ་ཡང་ཚང་བགྱི་ཞིང༌། །མཐར་ནི་བཞི་པོ་སོ་སོར་བསྒྲུབ་བགྱིས་པས། །ས་རྣམས་བཅུ་པོ་མཐར་ཕྱིན་བགྱིས་པ་ལགས། །ཟང་ཟིང་སྙན་པར་སྨྲ་དང་དོན་མཐུན་དང༌། །དོན་སྤྱོད་ཅེས་བགྱི་བསྡུ་བའི་དངོས་པོ་བཞིས། །འགྲོ་མང་བསྡུས་ནས་དོན་ཆེན་མཛད་དུ་གསོལ། །དེ་ཉིད་ཉིད་ཀྱི་དོན་གྱི་ཕུལ་ཡང་ལགས། །ལྷག་པའི་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་གསུམ། །འཕགས་ལམ་བགྲོད་ལ་རྐང་མིག་དང་མཚུངས་ཤིང༌། །དགེ་བའི་ཆོས་རྣམས་ཐམས་ཅད་འདིར་འདུས་པས། །ཤིན་ཏུ་འབད་པ་ཡིས་ནི་བསླབ་པར་མཛོད། །དམིགས་དང་དམིགས་པ་མེད་ལ་མཉམ་འཇོག་པའི། །ཞི་གནས་ཀྱིས་ནི་ཏིང་འཛིན་བསྒྲུབ་བགྱི་ཞིང༌། །དོན་ལ་རྣམ་པར་དཔྱོད་པའི་ལྷག་མཐོང་གིས། །ཤེས་རབ་ཡེ་ཤེས་ཡོངས་སུ་དག་པར་བགྱི། །སྤྲོས་དང་བཅས་པས་བསོད་ནམས་ཚོགས་དང་ནི། །དེ་བཞིན་སྤྲོས་པ་མེད་པའི་ཡེ་ཤེས་དང༌། །ཟུང་དུ་འཇུག་པས་ཟུང་འཇུག་འཕེལ་བགྱིས་པས། །ཚོགས་གཉིས་རྒྱ་མཚོའི་དཔལ་གྱིས་འབྱོར་པར་མཛོད། །འདོད་འདུན་གནོད་སེམས་གཉིད་རྨུགས་རྒོད་འགྱོད་དང༌། །ཐེ་ཚོམ་ཞེས་བགྱི་སྒྲིབ་པ་རྣམ་ལྔ་པོ། །བསམ་གཏན་བདེ་བ་ཐོབ་པའི་གགས་ལགས་པས། །དེ་དག་ཆ་ཤས་ཀྱིས་ནི་སྤང་བགྱིས་ནས། །ཡུལ་གྱི་མཆོག་ལ་དད་པ་རྣམ་གསུམ་དང༌། །དམན་པ་ལ་ནི་སྙིང་རྗེ་གསུམ་དང་ཡང༌། །བྱང་ཆུབ་སེམས་མཆོག་རྣམ་པ་གསུམ་པོ་ལ། །མཉམ་པར་གཞག་པའི་ཏིང་འཛིན་གོམས་པར་མཛོད། །བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་ཏེ། །ཚད་མེད་བཞི་ཡི་བསྒོམ་པ་གོམས་བགྱིས་ན། །ཚངས་པའི་གནས་པ་དཔེ་མེད་རྒྱ་ཆེན་དང༌། །རྒྱལ་བའི་ཚད་མེད་བཞི་ཡང་ཐོབ་པར་བགྱིད། །རྟོག་དང་དཔྱོད་དང་བཅས་དང་དགའ་བདེར་བཅས། །བདེ་བ་ཙམ་དང་བཏང་སྙོམས་ཡོངས་དག་པའི། །ཏིང་ངེ་འཛིན་དེ་གཟུངས་ཁམས་གཏོགས་པ་ཡི། །བསམ་གཏན་བཞི་པོ་དག་དང་དེ་བཞིན་དུ། །ནམ་མཁའ་མཐའ་ཡས་རྣམ་ཤེས་མཐའ་ཡས་དང༌། །ཅི་ཡང་མེད་དང་ཡོད་མིན་མེད་མིན་ཏེ། །གཟུགས་མེད་གཏོགས་པའི་སྐྱེ་མཆེད་རྣམ་བཞི་དང༌། །འགོག་པ་དང་ནི་སྙོམས་འཇུག་རྣམ་དགུ་དང༌། །གཟུགས་ཅན་གཟུགས་མེད་གཟུགས་ལ་བལྟ་བ་དང༌། །སྡུག་པ་མངོན་བྱས་མཁའ་དང་རྣམ་ཤེས་དང༌། །ཅི་ཡང་མེད་དང་ཡོད་མིན་མེད་མིན་དང༌། །འགོག་པ་ཞེས་བྱའི་རྣམ་ཐར་བརྒྱད་པོ་དང༌། །ཏིང་འཛིན་ཡུལ་དུ་ཕྱི་ནང་ཟད་པར་ནི། །ས་ཆུ་མེ་རླུང་སྔོན་པོ་སེར་པོ་དང༌། །དམར་པོ་དཀར་པོ་ནམ་མཁའ་རྣམ་ཤེས་སུ། །བསྒོམ་པ་ཞེས་བགྱི་ཟད་པར་བཅུ་དང་ནི། །གཟུགས་སུ་འདུ་ཤེས་ལྡན་པ་ཕྱི་ཡི་གཟུགས། །ཕྲ་དང་རགས་དང་གཟུགས་མེད་འདུ་ཤེས་པས། །ཆུང་དང་ཆེན་པོའི་གཟུགས་དང་དེ་བཞིན་དུ། །སྔོན་པོ་སེར་པོ་དམར་པོ་དཀར་པོ་ལ། །ལྟ་ཞིང་ཟིལ་གནོན་སྐྱེ་མཆེད་བརྒྱད་རྣམས་ལ། །མཉམ་གཞག་རྣལ་འབྱོར་གོམས་པས་སོ་སོ་ཡི། །སྤང་བྱའི་ཉེས་ཚོགས་ཚང་ཚིང་རབ་བསྲེགས་ནས། །ཏིང་འཛིན་སྣང་བ་དམ་པ་ཐོབ་པར་མཛོད། །ལུས་དང་ཚོར་བ་ཆོས་དང་སེམས་རྣམས་ལ། །མི་གཙང་སྡུག་བསྔལ་བདག་མེད་མི་རྟག་དང༌། །རང་བཞིན་མེད་པར་མཁྱེན་ནས་དྲན་པར་མཛོད། །འདི་བཞིས་ཚོགས་ལམ་ཆུང་ངུ་བགྲོད་པར་བགྱིད། །དགེ་བ་སྐྱེད་དང་སྲུང་དང་དེ་བཞིན་དུ། །མི་དགེ་མི་སྐྱེད་པ་དང་སྤོང་བ་སྟེ། །བརྩོན་འགྲུས་གཏོགས་པའི་ཡང་དག་སྤོང་བ་བཞིས། །ཚོགས་ལམ་འབྲིང་པོ་མཐར་ཕྱིན་མཛད་དུ་གསོལ། །འདུན་དང་དཔྱོད་དང་དྲན་པ་དང་ནི་སེམས། །ཏིང་འཛིན་རྟོགས་པ་རྫུ་འཕྲུལ་རྐང་པ་བཞིས། །ཚོགས་ལམ་ཆེན་པོའི་འཇུག་ངོགས་བགྲོད་པར་བགྱིད། །དད་དང་བརྩོན་འགྲུས་དྲན་དང་ཏིང་འཛིན་དང༌། །ཤེས་རབ་དབང་པོ་ལྔ་སྟེ་འདི་དག་གིས། །དགེ་བའི་ཆོས་རྣམས་ཀུན་ལ་དབང་བསྒྱུར་ཞིང༌། །དྲོད་དང་རྩེ་མོ་མཐར་ཕྱིན་བགྱིད་པ་ལགས། །དེ་དག་སྟོབས་སུ་གྱུར་པ་སྟོབས་ལྔ་སྟེ། །ལམ་གྱི་མི་མཐུན་ཕྱོགས་རྣམས་འཇོམས་བགྱིད་ཅིང༌། །བཟོད་དང་ཆོས་མཆོག་དག་སྟེ་དེ་རྣམས་ཀྱིས། །སྦྱོར་བའི་ལམ་རྣམས་བགྲོད་པར་མཛད་དུ་གསོལ། །དྲན་དང་ཆོས་རབ་འབྱེད་དང་བརྩོན་འགྲུས་དང༌། །དགའ་དང་ཡོངས་སྦྱངས་ཏིང་འཛིན་བཏང་སྙོམས་ཏེ། །བྱང་ཆུབ་ཡན་ལག་བདུན་གྱིས་མཐོང་བའི་ལམ། །ཀུན་དུ་གཟིགས་ནས་རྣམ་གྲོལ་བརྙེས་པར་མཛོད། །དེ་ཚེ་འཚོ་བས་གཏུགས་དང་འཆི་བ་དང༌། །མི་བསྔགས་ངན་འགྲོར་འཁོར་གྱིས་འཇིགས་པ་སྟེ། །བག་ཚའི་གནས་ལྔ་པོ་འདི་རྣམ་སྤངས་ནས། །འཕགས་མཆོག་རྣམས་དང་སྤྱོད་ཡུལ་གཅིག་གྱུར་ལགས། །ཡང་དག་ལྟ་དང་འཚོ་དང་རྩོལ་བ་དང༌། །དྲན་དང་ཏིང་འཛིན་ངག་དང་ལས་ཀྱི་མཐའ། །རྟོག་པ་དང་ནི་འཕགས་པའི་ལམ་བརྒྱད་ཀྱིས། །སྒོམ་པའི་ལམ་རྣམས་མཐར་ཕྱིན་བགྱིད་པ་ལགས། །ལམ་དེའང་ས་བཅུས་རབ་ཏུ་ཕྱེ་བ་སྟེ། །རབ་དགའ་དྲི་མེད་འོད་བྱེད་འོད་འཕྲོ་དང༌། །སྦྱང་དཀའ་མངོན་གྱུར་རིང་དུ་སོང་བ་དང༌། །མི་གཡོ་ལེགས་པའི་བློ་གྲོས་ཆོས་སྤྲིན་ནོ། །རབ་དགར་གནས་པས་དུས་གཅིག་ཉིད་ལ་ནི། །ཏིང་འཛིན་བརྒྱ་ཐོབ་དེ་ལ་འཇུག་པ་དང༌། །སངས་རྒྱས་བརྒྱ་མཐོང་དེ་ཡི་བྱིན་རླབས་རིག །ཞིང་བརྒྱར་འགྲོ་ཞིང་འཇིག་རྟེན་ཁམས་བརྒྱ་བསྒུལ། །དེ་བརྒྱ་སྣང་བྱེད་འགྲོ་བརྒྱ་སྨིན་པར་བྱེད། །བསྐལ་པ་བརྒྱར་གནས་སྔོན་དང་ཕྱི་མཐར་འཇུག །ཆོས་བརྒྱ་འབྱེད་ཅིང་ལུས་བརྒྱ་སྟོན་པ་དང༌། །ལུས་རེའང་བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་གི །འཁོར་གྱིས་ཡོངས་སུ་བསྐོར་བར་སྟོན་པ་སྟེ། །འདི་དག་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལགས། །དེ་དག་དྲི་མ་མེད་ལ་གནས་པ་ནས། །བཅུ་པའི་བར་ལ་གནས་པའི་རིམ་བཞིན་དུ། །སྟོང་དང་འབུམ་དང་བྱེ་བ་ཕྲག་བརྒྱ་དང༌། །བྱེ་བ་ཕྲག་སྟོང་བྱེ་བ་ཕྲག་འབུམ་དང༌། །བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དག་དང་ནི། །འཇིག་རྟེན་འབུམ་གྱི་རྡུལ་དང་མཉམ་པ་དང༌། །དེ་བཞིན་འཇིག་རྟེན་གྲངས་མེད་འབུམ་རྡུལ་དང༌། །འཇིག་རྟེན་མཐའ་ཡས་རྡུལ་དང་མཉམ་པ་ཐོབ། །དེ་མཐར་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །གནས་ངན་ལེན་གྱི་དྲི་མ་ཀུན་སྤངས་ནས། །བགྲོད་པར་བགྱི་པའི་ལམ་གྱི་མཐར་གཏུགས་པ། །འདི་ནི་མཐར་ཕྱིན་པ་ཡི་ལམ་ཞེས་བགྱི། །དེ་ཚེ་བག་ཆགས་བཅས་པའི་སྒྲིབ་སྤངས་ནས། །དབྱིངས་དང་ཡེ་ཤེས་ཀུན་དུ་རོ་གཅིག་པ། །འདི་ནི་སྤང་བ་ཕུན་སུམ་ཚོགས་པ་སྟེ། །དེ་ཉིད་རང་བཞིན་ཆོས་ཀྱི་སྐུ་ཡང་ལགས། །ཟག་མེད་དབྱིངས་ལས་རྣམ་པར་མ་གཡོས་བཞིན། །ཚོགས་གཉིས་ཡོངས་རྫོགས་སྨོན་ལམ་ལེགས་སྒྲུབ་པས། །སྲིད་དང་ཞི་བའི་མཐའ་ལ་མི་གནས་པར། །ཡེ་ཤེས་དག་པའི་སྣང་བ་ལ་དམིགས་པ། །འོག་མིན་ཞེས་བྱའི་ཞིང་ཁམས་འཇིག་མེད་པར། །ཆོས་ཀྱི་སྤྲིན་ལ་གནས་པ་རྒྱ་མཚོ་ཡི། །ཚོགས་ལ་ཐེག་མཆོག་ཁོ་ནའི་ཆོས་གསུང་ཞིང༌། །ཕྱི་མའི་མུར་ཐུག་མེད་པའི་དུས་ཀྱི་བར། །འཁོར་གྱི་དཀྱིལ་འཁོར་རྣམས་དང་ཐབས་ཅིག་ཏུ། །ཟག་པ་མེད་པའི་དགའ་བདེ་ལ་སྤྱོད་པའི། །སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལགས་ཏེ། །ལུས་གནས་གྱུར་པ་འགྱུར་མེད་རྡོ་རྗེའི་སྐུ། །ཕྱག་ཞབས་འཁོར་ལོས་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲྭ་བས་འབྲེལ་པ་དང༌། །ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །ཐུབ་པའི་སྐུ་ཡི་མདུན་དག་མཐོ་བ་དང༌། །སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་དྲང༌། །ཞབས་འབུར་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ན་ཡ་འདྲ་ཕྱག་རིང་མཛེས། །འདོམ་གྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག །པགས་པ་གསེར་མདོག་པགས་པ་སྲབ་པ་དང༌། །སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང༌། །ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེང་གེའི་འདྲ། །ཕྱག་གི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས། །རོ་མི་ཞིམ་པའང་རོ་མཆོག་ཉིད་དུ་སྣང༌། །སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ། །གཙུག་ཏོར་འབུར་ལྡན་ལྗགས་རིང་མཛེས་པ་དང༌། །ཚངས་དབྱངས་འགྲམ་པ་སེང་གེའི་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚད་མཉམ་ཐགས་བཟང་དང༌། །གྲངས་ནི་བཞི་བཅུ་ཐམ་པར་ཚང་བ་དང༌། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི །འདྲ་བའི་མཚན་མཆོག་སུམ་ཅུ་གཉིས་ཀྱིས་མཚན། །སེན་མོ་ཟངས་མདོག་སྣུམ་ཞིང་དབྱིབས་མཐོ་ཟླུམ། །སོར་མོ་རབ་ཏུ་རྒྱས་ཤིང་བྱིན་གྱིས་ཕྲ། །རྩ་མི་མངོན་དང་རྩ་མདུད་མེད་པ་དང༌། །ལོང་བུ་མི་མངོན་ཞབས་མཐིལ་ཀུན་ནས་མཉམ། །སེང་གེ་གླང་ཆེན་ངང་པའི་རྒྱལ་པོ་དང༌། །ཁྱུ་མཆོག་སྟབས་དང་གཡས་ཀྱི་ཕྱོགས་ནས་གཤེགས། །མཛེས་གཤེགས་དྲང་དང་འཁྲིལ་བག་ཆགས་པའི་སྐུ། །བྱི་དོར་བྱས་འདྲར་རབ་མཛེས་རིམ་པ་འཚམ། །གཙང་འཇམ་རྣམ་དག་མཚན་རྣམས་ཡོངས་སུ་རྫོགས། །སྐུ་ཡི་ཁོ་ལག་ཡངས་ཤིང་རབ་ཏུ་བཟང༌། །གོམ་སྙོམས་སྤྱན་ནི་རྣམ་དག་གཞོན་ཤ་ཆགས། །མ་ཞུམ་རབ་རྒྱས་ཤིན་ཏུ་གྲིམས་པའི་སྐུ། །ཡན་ལག་རྣམ་དབྱེས་གཟིགས་པ་རབ་རིབ་མེད། །དཀུ་ཟླུམ་སྐབས་ཕྱིན་མ་རྙོངས་པ་ཡི་སྐུ། །ཕྱལ་ནི་ཕྱལ་ལེ་བ་དང་ལྟེ་བ་ཟབ། །གཡས་སུ་འཁྱིལ་དང་ཀུན་ནས་རབ་ཏུ་མཛེས། །ཀུན་སྤྱོད་རབ་གཙང་སྐུ་ལ་སྨེ་བ་མེད། །ཕྱག་ནི་ཤིང་བལ་ལྟ་བུར་ཤིན་ཏུ་འཇམ། །ཕྱག་གི་རི་མོ་མདངས་གསལ་ཟབ་ཅིང་རིང༌། །ཞལ་ནི་ཧ་ཅང་མི་རིང་འཚམ་པ་དང༌། །ཞལ་སྒྲོས་བིམ་པ་ལྟར་དམར་ལྗགས་མཉེན་སྲབ། །ཟངས་མདོག་ལྟར་དམར་འབྲུག་གི་སྒྲ་དང་ནི། །གསུང་མཉེན་མཆེ་བ་ཟླུམ་རྣོ་རབ་དཀར་མཉམ། །བྱིན་གྱིས་ཕྲ་དང་ཤངས་མཐོ་རྣམ་པར་དག །སྤྱན་ཡངས་རྫི་མ་རབ་སྟུག་དཀར་ནག་འབྱེས། །སྨིན་ཚུགས་རིང་འཇམ་སྣུམ་ཞིང་སྤུ་ནི་མཉམ། །ཕྱག་རྒྱས་སྙན་མཉམ་མ་ཉམས་དཔྲལ་བ་འབྱེས། །དབྱེས་ཆེ་དབུ་རྒྱས་དབུ་སྐྲ་བུང་བའི་མདོག །སྟུག་འཇམ་མ་འཛིངས་མི་བཤོར་དྲི་ཞིམ་དང༌། །ཕྱག་ཞབས་གཡུང་དྲུང་དཔལ་གྱི་བེའུས་མཚན། །འདི་དག་དཔེ་བྱད་བཟང་པོ་བརྒྱད་ཅུ་སྟེ། །དེ་འདྲས་མགོན་དེའི་སྐུ་མཆོག་མཛེས་པ་ལགས། །ངག་གནས་གྱུར་བ་འགག་པ་མེད་པའི་གསུང༌། །དབྱངས་ཀྱི་ཡན་ལག་དྲུག་ཅུས་བརྒྱན་པ་སྟེ། །མཉེན་དང་འཇམ་དང་ཡིད་འོང་ཡིད་དུ་འཐད། །དག་དང་དྲི་མེད་གསལ་དང་འཇེབས་པ་དང༌། །མཉན་འོས་མི་ཚུགས་སྙན་དང་དུལ་བ་དང༌། །མི་རྩུབ་མི་བརླང་རབ་དུལ་རྣམ་པར་འབབ། །ལུས་ཚིམ་སེམས་ཚིམ་ཡིད་དགའ་བྱེད་པ་དང༌། །དགའ་བདེ་སྐྱེད་དང་གདུང་སེལ་ཀུན་ཤེས་བྱེད། །རྣམ་པར་རིག་བྱ་རྣམ་གསལ་དགའ་བ་སྐྱེད། །མངོན་པར་དགའ་དང་ཀུན་ཤེས་རྣམ་རིག་བྱེད། །རིགས་པ་དང་ནི་འབྲེལ་དང་ཟློས་སྐྱོན་བྲལ། །སེང་གེ་གླང་ཆེན་འབྲུག་གི་སྒྲ་དབྱངས་དང༌། །ཀླུ་དབང་དྲི་ཟ་ཀ་ལ་པིངྒ་དང༌། །ཚངས་དབྱངས་ཤང་ཤང་ཏེའུའི་སྒྲ་ལྟར་སྙན། །ལྷ་དབང་དབྱངས་དང་རྔ་སྒྲ་ལྟ་བུར་བརྗི། །མ་ཁེངས་མི་དམའ་སྒྲ་ཀུན་རྗེས་ཞུགས་དང༌། །ཚིག་ཟུར་མ་ཆག་མ་ཚང་མེད་པ་དང༌། །མ་ཞུམ་མི་ཞན་རབ་ཏུ་དགའ་བ་དང༌། །ཁྱབ་དང་ཐ་བར་བཅས་པའི་ཆེད་དང་ནི། །རྒྱུན་ཆགས་འབྲེལ་དང་སྒྲ་ཀུན་རྫོགས་བྱེད་དང༌། །དབང་པོ་ཚིམ་བྱེད་མ་སྨད་མི་འགྱུར་དང༌། །མ་རྟབས་པ་དང་ཉེ་འཁོར་ཀུན་ཏུ་གྲགས། །རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་ཡི། །ཟབ་ཅིང་རྒྱ་ཆེའི་ཆོས་ཚུལ་སྟོན་པར་མཛད། །ཡིད་གནས་གྱུར་པ་གཉིས་སུ་མེད་པའི་ཐུགས། །ཇི་ལྟ་བ་དང་ཇི་སྙེད་མཁྱེན་པ་ཡི། །ཡེ་ཤེས་གཉིས་དང་རྟེན་ལས་ཀྱིས་ཕྱེ་བས། །ཆོས་ཀྱི་དབྱིངས་དང་མེ་ལོང་ལྟ་བུ་དང༌། །མཉམ་པ་ཉིད་དང་སོ་སོར་ཀུན་དུ་རྟོག །བྱ་གྲུབ་ཞེས་བྱའི་ཡེ་ཤེས་ལྔ་དང་ལྡན། །སྐྱོན་གནས་གྱུར་པ་ཟག་མེད་ཡོན་ཏན་ཏེ། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་སོ་བདུན་དང༌། །ཚད་མེད་པ་ནི་རྣམ་པ་བཞི་པོ་དང༌། །གཟུགས་ཅན་གཟུགས་མེད་གཟུགས་ལ་ལྟ་བ་དང༌། །སྡུག་པ་མངོན་བྱས་མཁའ་དང་རྣམ་ཤེས་དང༌། །ཅི་ཡང་མེད་དང་ཡོད་མིན་མེད་མིན་དང༌། །འགོག་པ་ཞེས་བགྱིའི་རྣམ་ཐར་བརྒྱད་པོ་དང༌། །དེ་བཞིན་སྙོམས་པར་འཇུག་པ་རྣམ་དགུ་དང༌། །ས་ཆུ་མེ་རླུང་སྔོན་པོ་སེར་པོ་དང༌། །དམར་པོ་དཀར་པོ་མཁའ་དང་རྣམ་ཤེས་སུ། །སྒོམ་པ་ཞེས་བགྱི་ཟད་པར་བཅུ་དང་ནི། །གཟུགས་སུ་འདུ་ཤེས་ལྡན་པས་ཕྱི་ཡི་གཟུགས། །ཕྲ་དང་རགས་དང་གཟུགས་དང་འདུ་ཤེས་པས། །ཆུང་དང་ཆེན་པོའི་གཟུགས་དང་དེ་བཞིན་དུ། །སྔོན་པོ་སེར་པོ་དམར་པོ་དཀར་པོ་ལ། །ལྟ་ཞིང་ཟིལ་གྱིས་གནོན་པ་ཟིལ་གནོན་བརྒྱད། །བདག་ཉིད་ཉོན་མོངས་མེད་པས་གཞན་དག་གི །ཉོན་མོངས་འཇོམས་བགྱིད་ཉོན་མོངས་མེད་པ་དང༌། །སྨོན་པས་ཤེས་བྱའི་ཆོས་ཀུན་ལྷུན་གྲུབ་ཏུ། །མཁྱེན་ནས་ཐེ་ཚོམ་ཀུན་གཅོད་སྨོན་མཁྱེན་དང༌། །རྫུ་འཕྲུལ་ལྷ་ཡི་མིག་དང་རྣ་བ་དང༌། །ཕ་རོལ་སེམས་དང་སྔོན་གྱི་གནས་དང་ནི། །ཟག་པ་ཟད་པ་མཁྱེན་པ་ཞེས་བགྱི་བའི། །མངོན་པར་ཤེས་པ་རྣམ་པ་དྲུག་དང་ནི། །བཤད་བྱ་ཆོས་དང་དོན་དང་འཆད་བྱེད་ནི། །ངེས་པའི་ཚིག་དང་སྤོབས་པ་ཞེས་བགྱི་པ། །སོ་སོ་ཡང་དག་རིག་པ་རྣམ་བཞི་དང༌། །རྟེན་དང་དམིགས་པ་ཐུགས་དང་ཡེ་ཤེས་ཏེ། །ཡོངས་སུ་དག་པ་བཞི་དང་དེ་བཞིན་དུ། །ཚེ་དང་སེམས་དང་ཡོ་བྱད་ལས་དང་ནི། །སྐྱེ་བ་མོས་པ་སྨོན་ལམ་རྫུ་འཕྲུལ་དང༌། །ཡེ་ཤེས་ཆོས་ལ་དབང་བ་ཞེས་བགྱི་པ། །དབང་བཅུ་དག་ཏུ་གསུངས་པ་དེ་དག་དང༌། །གནས་ལས་ཁམས་མོས་དབང་པོ་ཀུན་འགྲོའི་ལམ། །ཀུན་ནས་ཉོན་མོངས་རྣམ་བྱང་དགོད་པ་དང༌། །སྔོན་གནས་རྗེས་དྲན་འཆི་འཕོ་སྐྱེ་བ་དང༌། །ཟག་པ་ཟད་མཁྱེན་འདི་དག་སྟོབས་བཅུ་ལགས། །ཡེ་ཤེས་བརྙེས་དང་སྤང་བྱ་སྤང་བ་དང༌། །ངེས་འབྱུང་ལམ་དང་དེ་ཡི་གགས་སྟོན་ལ། །ཀུན་ལ་ཀུན་དུ་བསྙེངས་པ་མི་མངའ་བ། །མི་འཇིགས་པ་ནི་རྣམ་པ་བཞི་ཞེས་བགྱི། །སྐུ་གསུང་ཐུགས་ཀྱི་སྤྱོད་པ་ཡོངས་དག་པས། །བཅབ་པ་མི་མངའ་བསྲུང་མེད་རྣམ་གསུམ་དང༌། །འདུན་དང་མི་འདུན་པར་མ་གསུམ་གྱི་ཐུགས། །ཉོན་མོངས་མི་འགྱུར་དྲན་བ་ཉེར་གཞག་གསུམ། །གཞན་གྱི་དོན་ལ་བསྙེལ་བ་མི་མངའ་དང༌། །བག་ཆགས་བཅས་པའི་སྒྲིབ་པ་སྤངས་པ་དང༌། །ཀུན་ལ་ཕན་དགོངས་ཐུགས་རྗེ་ཆེན་པོ་དང༌། །འཁྲུལ་དང་ཅ་ཅོ་མཉམ་པར་མ་བཞག་དང༌། །དྲན་པ་ཉམས་དང་ཐ་དད་འདུ་ཤེས་དང༌། །མ་བརྟགས་པ་ཡི་བཏང་སྙོམས་མི་མངའ་བ། །སྤྱོད་པས་བསྡུས་པ་རྣམ་པ་དྲུག་དང་ནི། །འདུན་དང་བརྩོན་འགྲུས་དྲན་དང་ཏིང་ངེ་འཛིན། །ཤེས་རབ་རྣམ་གྲོལ་ཡེ་ཤེས་མ་ཉམས་པ། །རྟོགས་པས་བསྡུས་པ་དྲུག་དང་དུས་གསུམ་ལ། །ཐོགས་མེད་ཡེ་ཤེས་ཀྱིས་བསྡུས་རྣམ་གསུམ་དང༌། །སྐུ་གསུང་ཐུགས་ཀྱི་ལས་རྣམས་ཡེ་ཤེས་ཀྱི། །རྗེས་སུ་འབྲང་བ་ཕྲིན་ལས་ཀྱིས་བསྡུས་པ། །འདི་དག་མ་འདྲེས་པ་ཡི་ཆོས་བཅོ་བརྒྱད། །དེ་བཞིན་གཤེགས་པ་ཉིད་ལ་མངའ་བ་ལགས། །གཞི་ལམ་བཅས་པའི་རྣམ་པ་ཀུན་མཁྱེན་པ། །འདི་དག་ཟག་མེད་སྡེ་ཚན་ཉི་ཤུ་གཅིག །ཡོན་ཏན་གྱིས་ནི་ཡོངས་སུ་བསྡུས་པ་སྟེ། །རྟོགས་པ་ཆོས་ཀྱི་སྐུར་ཡང་བགྲང་བ་ལགས། །ལས་གནས་གྱུར་པ་རྒྱལ་བའི་ཕྲིན་ལས་ཏེ། །གདུལ་བྱ་མངོན་མཐོའི་དཔལ་ལ་འགོད་པ་དང༌། །ཐེག་པ་གསུམ་གྱི་ལམ་གྱིས་ཉེར་དྲངས་ནས། །མཐར་ཐུག་སངས་རྒྱས་ཐོབ་མཛད་ཕྲིན་ལས་ལྔ། །ཕྲིན་ལས་ཉི་ཤུ་རྩ་བདུན་གང་གསུངས་པ། །ཐམས་ཅད་འདི་ཡི་ནང་དུ་འདུས་མཁྱེན་མཛོད། །དེ་འདྲ་གང་ལགས་ལམ་གྱིས་བསྐྲུན་པའི་འབྲས། །དེ་ཡིས་རྐྱེན་དང་གདུལ་བྱ་སྣ་ཚོགས་ཀྱིས། །ཁམས་ཀྱི་རྒྱུ་ལས་སོ་སོའི་སྐལ་བ་བཞིན། །ཕ་མཐའ་ཡས་པར་སྲིད་པ་ཇི་སྲིད་པར། །སྣ་ཚོགས་སྣང་བས་སོ་སོའི་དོན་མཛད་པ། །འདི་ནི་སངས་རྒྱས་སྤྲུལ་པའི་སྐུ་ལགས་ཏེ། །སྐྱེ་དང་བཟོ་དང་བྱང་ཆུབ་ཆེན་པོ་དང༌། །མྱ་ངན་འདས་དང་སྣ་ཚོགས་སྟོན་པ་ཞེས། །སྤྲུལ་པ་ལྔ་སྟེ་རྟོགས་པ་ཕུན་ཚོགས་ལགས། །དེ་ལྟའི་ཐུབ་མཆོག་དེ་ནི་ཆོས་དབྱིངས་དང༌། །རོ་གཅིག་པ་དང་ཐོག་མ་མེད་པ་ཡི། །སེམས་ཀྱི་རྒྱུ་དང་བསོད་ནམས་ཡེ་ཤེས་ཚོགས། །མཐའ་ཡས་རྐྱེན་ལས་ཉེ་བར་འཁྲུངས་པ་དང༌། །མི་མཐུན་ཕྱོགས་རྣམས་རྩད་ནས་བཅོམ་པ་དང༌། །ཆོས་རྣམས་ཀུན་ལ་དབང་འབྱོར་བརྙེས་པ་དང༌། །སྨོན་ལམ་དམ་པ་ཉེ་བར་གྲུབ་པ་དང༌། །མཛད་པའི་ཡུལ་ཡང་རྒྱུན་མི་ཆད་པའི་ཕྱིར། །རྟག་བརྟན་རྒྱུན་མི་འཆད་པས་དེས་བསྟན་པའི། །ཆོས་ཀྱང་མི་ནུབ་སློབ་པའི་དགེ་འདུན་ཡང༌། །རིམ་བཞིན་འབྱུང་སླད་འགྲིབ་པར་མི་འགྱུར་བས། །སྐྱབས་སུ་བཟུང་ནས་དེ་འདྲར་མཛད་དུ་གསོལ། །གསོལ་བ་འདི་ནི་ཉིད་ཀྱིས་འགྲུབ་པར་བགྱི། །འདི་ལས་ཕུལ་གྱུར་བགྱི་གཞན་མ་མཆིས་ལ། །བགྱི་བ་འདི་ནི་ཡོངས་སུ་གྲུབ་བགྱིས་པས། །བགྱིར་འོས་བགྱིས་པའི་རབ་ཀྱི་མཐར་ཕྱིན་ཏོ།།  །།དེ་ལྟར་བསྟན་འདི་རྒྱལ་བུ་མངྒ་ལའི། །གསུང་གིས་བསྐུལ་ནས་བསྐུལ་བ་པོ་དང་ནི། །སྐྱེ་བོ་གཞན་གྱིའང་དོན་དུ་འགྱུར་སླད་དུ། །དགེ་སློང་འཕགས་པ་ཞེས་བྱས་རྣམ་པར་སྦྱར། །དེ་ལྟ་མོད་ཀྱི་དེ་ཡིས་ལུང་གི་ཆོས། །རྒྱ་ཆེར་མ་སྦྱངས་རྟོགས་པའང་མ་མཆིས་པས། །འདི་ཡི་ནོངས་པ་དམ་པ་རྣམས་དང་ནི། །བསྐུལ་བ་པོ་ལ་བཟོད་པར་གསོལ་ཞིང་མཆིས། །དགེ་བས་བདག་དང་སེམས་ཅན་ཐམས་ཅད་ཀྱིས། །རྫོགས་པའི་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །གནས་སྐབས་སྐུལ་བྱེད་ཡབ་ཡུམ་སྲས་དང་བཅས། །བསྙུན་མེད་སྐུ་ཚེ་རིང་ཞིང་དགེ་བར་ཤོག །བཀྲ་ཤིས་རྨད་དུ་འབྱུང་བའི་འབྲས་འབྱིན་པས། །རབ་བྱེད་འདི་ནི་བཀྲ་ཤིས་ཕྲེང་བ་ཡིན། །བཀྲ་ཤིས་རྒྱལ་མཚན་ཞེས་བྱས་ཡང་ཡང་བསྐུལ། །ཡི་གེ་པ་ནི་ཨ་ཙ་ར་ཞེས་བགྱི། །མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་ཚུལ་གཉིས་གསལ་བར་སྟོན་པའི་རབ་ཏུ་བྱེད་པ། རྒྱལ་བུ་མངྒ་ལ་ལ་གཏམ་དུ་བྱ་བ་བཀྲ་ཤིས་ཀྱི་ཕྲེང་བ་ཞེས་བྱ་བ་འདི་ནི། མཁྱེན་རབ་ཀྱི་དབང་ཕྱུག་ཆོས་ཀྱི་རྗེ། ས་སྐྱ་པཎྜི་ཏ་ཆེན་པོའི་ཞབས་ཀྱི་རྡུལ་སྤྱི་བོས་བླངས་པའི་དགེ་སློང་འཕགས་པ་ཞེས་བྱ་བས། མེ་ཕོ་བྱི་བའི་ལོ་བྱ་སྤོའི་ཟླ་བའི་ཚེས་གཅིག་སྐར་མ་རྒྱལ་ལ་འབབ་པའི་ཚེ། མདོ་ཁམས་ཀྱི་སའི་ཆར་རྫོགས་པར་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*