རྒྱལ་བུ་ཇི་བིག་དེ་མུར་ལ་གཏམ་དུ་བྱ་བ་ནོར་བུའི་ཕྲེང་བ།

༼བ༽

༄༅། །རྒྱལ་བུ་ཇི་བིག་དེ་མུར་ལ་གཏམ་དུ་བྱ་བ་ནོར་བུའི་ཕྲེང་བ་བཞུགས།།

༄༅། །རྒྱལ་བུ་ཇི་བིག་དེ་མུར་ལ་གཏམ་དུ་བྱ་བ་ནོར་བུའི་ཕྲེང་བ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བསོད་ནམས་རྒྱ་མཚོར་རབ་ཏུ་འཁྲུངས། །ཡེ་ཤེས་ཚོགས་ཀྱིས་ཆེ་བའི་སྐུ། །དཔག་ཡས་ཡོན་ཏན་གྱིས་བརྒྱན་པའི། །རྒྱལ་བ་ལྷུན་པོ་ལ་ཕྱག་འཚལ། །དགེ་བ་རྒྱ་མཚོའི་གླིང་དུ་འཁྲུངས། །རིགས་གཟུགས་འབྱོར་པའི་གཟི་བརྗིད་ལྡན། །རང་སྲིད་རྣམ་པར་སྐྱོང་བའི་དཔལ། །རྒྱལ་བུ་རིན་ཆེན་རྒྱལ་གྱུར་ཅིག །ཚུལ་ཁྲིམས་དག་པའི་གཞི་སྟོན་ཞིང༌། །མང་དུ་ཐོས་པའི་ཆུ་གཏེར་ཅན། །ཡོན་ཏན་རིན་ཆེན་ཚོགས་འཛིན་པ། །འཕགས་པའི་བློ་ཡི་རྒྱ་མཚོ་ལས། །བྱུང་བའི་སྤྲིང་ཡིག་ནོར་བུའི་ཕྲེང༌། །ཕྱོགས་ཀུན་གསལ་བའི་འོད་འབྱིན་ཞིང༌། །བདག་གཞན་མཛེས་པ་བསྐྱེད་པའི་རྒྱན། །བསམ་པ་དགེ་བས་རིང་ནས་འབུལ། །ཁྱོད་ཀྱི་དཔལ་འབྱོར་ཕུན་ཚོགས་ཕྱིར། །ནོར་གྱི་སྐྱེས་ཀྱིས་ཅི་ཞིག་བགྱི། །དགུང་ཟླའི་འོད་ཀྱིས་ཀུནྡ་ལྟར། །གསལ་བར་བགྱི་སླད་ཆོས་སྐྱེས་འབུལ། །གང་ལ་འདི་དཔལ་ཕུན་ཚོགས་ཀྱང༌། །ཆོས་དཔལ་རྣམ་པར་མི་ལྡན་ན། །དུག་བཅས་ཁ་ཟས་བཟང་ཟ་བཞིན། །སྡུག་བསྔལ་འབའ་ཞིག་བསྐྱེད་པ་ལགས། །གང་ཞིག་ཆོས་ཀྱི་དཔལ་ལྡན་ཡང༌། །འཇིག་རྟེན་དཔལ་གྱིས་དབེན་གྱུར་ན། །ཤུན་པ་བཅས་པའི་རིན་ཆེན་ལྟར། །གཞན་གྱི་དོན་དུ་འགྱུར་མ་ལགས། །གང་ལ་དེ་གཉིས་ཕུན་ཚོགས་ན། །གཉིས་ཀའི་དོན་ཆེན་འགྲུབ་འགྱུར་ཏེ། །ཐབས་ཀྱིས་ཟིན་པའི་རིན་པོ་ཆེས། །རང་གཞན་མཛེས་པར་བགྱིད་པ་ལྟར། །དེ་སླད་ཉིད་ལ་ཚུལ་གཉིས་ཀྱི། །དཔལ་དང་ལྡན་པ་གང་ལགས་པ། །ཀུན་ནས་འབྲས་བུ་མཆིས་བགྱིའི་སླད། །འདི་བརྗོད་པ་ལ་རྩེ་གཅིག་དགོངས། །ཉི་མའི་འོད་དང་རྒྱ་མཚོའི་ཀློང༌། །ལྷུན་པོའི་བརྟན་པ་གང་ལགས་པའང༌། །དུས་མཐར་ཉམས་པར་འགྱུར་ལགས་ན། །འགྲོ་བའི་འབྱོར་པ་སྨོས་ཅི་འཚལ། །འདི་འདྲ་མཁྱེན་པས་ཁྱོད་དཔལ་གྱིས། །ཁྱོད་ཐུགས་དྲེགས་པར་མི་འགྱུར་ཞིང༌། །དཔལ་གྱིས་དཔལ་ཡང་འཕེལ་བགྱིའི་སླད། །རྟག་ཏུ་བག་ཡོད་བསྟེན་འཚལ་ལོ། །སྡུག་བསྔལ་བ་ཡིས་ཐུགས་འབྱུང་དང༌། །བདེ་བའང་འགྱུར་བའི་ཆོས་ཅན་དང༌། །ཀུན་ཀྱང་ཀུན་འབྱུང་ལས་བྱུང་དང༌། །དེ་ཡིས་དེ་རྒྱུ་མཛད་བགྱིད་པར། །ཁྱོད་ཀྱིས་རྟག་ཏུ་དགོངས་བགྱིས་ནས། །བདག་དང་གཞན་གྱི་གདུང་བས་ཐུགས། །ཀུན་ནས་ཉོན་མོངས་མི་འགྱུར་ཞིང༌། །དགེ་བའི་རྐྱེན་དུ་འགྱུར་བར་མཛོད། །ཚོགས་དང་སྨོན་ལམ་མཐུན་པའི་མཐུས། །དངོས་དང་བརྒྱུད་པས་ཉིད་ཀྱི་སྐུ། །བསྐྱེད་བགྱིས་ཡབ་ཡུམ་བརྒྱུད་བཅས་ཀྱི། །བཀའ་དྲིན་དགོངས་པར་མཛོད་ཅིག་དང༌། །ཚུལ་ལུགས་དགེ་བ་སྤྱད་པའི་ཕྱིར། །གདུང་བརྒྱུད་ཆུ་བོ་ལྟ་བུ་དང༌། །དེ་དག་ཉིད་ལ་འདུན་པ་དང༌། །དགོངས་པའང་ཇི་བཞིན་བསྒྲུབ་འགྱུར་ལགས། །གང་གི་དཔལ་ལ་མངོན་བརྟེན་ནས། །དེ་ཡི་བཀའ་དྲིན་ནོས་གྱུར་པའི། །རྒྱལ་བ་གཙུག་གི་ནོར་བུ་བཞིན། །རྟག་ཏུ་བཀུར་བར་མཛོད་ཅིག་དང༌། །དེ་ནི་ཉིད་ལ་རིན་ཆེན་ལྟར། །བཞེད་དགུ་མ་ལུས་སྩོལ་འགྱུར་ཞིང༌། །ཉིད་ཀྱང་འགྲོ་བ་གཞན་དག་གིས། །བཀུར་འོས་ཉིད་དུ་འགྱུར་བ་ལགས། །རིགས་ཀྱི་ནང་ནས་རྒན་པ་དང༌། །སྨྲ་བའི་ནང་ནས་བདེན་སྨྲ་དང༌། །གཞུང་ལུགས་ནང་ནས་འཐད་ལྡན་དང༌། །བརྟུལ་ཞུགས་ལྡན་ལས་གཞན་ཕན་ཅན། །ནོར་གྱི་ནང་ནས་རིག་པ་དང༌། །ཡ་རབས་ནང་ནས་ཡོན་ལྡན་ལྡན། །དམན་པའི་ནང་ནས་ཉམས་ཐག་དང༌། །ཉམས་ཐག་ནང་ནས་ནད་པ་དང༌། །ཆུང་མའི་ནང་ནས་རྗེས་འབྲང་དང༌། །བུ་ཡི་ནང་ནས་རིག་འཛིན་དང༌། །གཉེན་གྱི་ནང་ནས་མི་སླུ་དང༌། །གྲོགས་ཀྱི་ནང་ནས་ཕན་འདོགས་དང༌། །བྲན་གྱི་ནང་ནས་བསྒོ་བ་ཉན། །ཕན་བཏགས་ནང་ནས་དྲིན་གཟོ་དང༌། །གནོད་བགྱིད་ནང་ནས་བཟོད་གནས་དང༌། །ཀུན་གྱི་ནང་ནས་གློ་བུར་ལྷགས། །དེ་དག་རྣམས་ལ་དེར་དགོངས་ནས། །བཀུར་དང་བསྐྱང་བར་མཛོད་ཅིག་དང༌། །སྐྱེ་བོ་གཞན་ཡང་དེས་རྐྱེན་གྱིས། །ཚུལ་ལྡན་ལས་ལ་འཇུག་འགྱུར་ལགས། །ཉ་པ་དང་ནི་ཤན་པ་སོགས། །གཞན་ལ་འཚེ་བ་དེ་དག་གིས། །བདག་གི་དོན་ཡང་མི་འགྲུབ་ན། །གཞན་དོན་སྨོས་ཀྱང་ཅི་ཞིག་འཚལ། །སློབ་མ་རྒྱལ་སྲས་རྒྱལ་བ་རྣམས། །གཞན་གྱི་དོན་གྱི་ཁྱད་པར་གྱིས། །ཐ་མ་འབྲིང་དང་མཆོག་གི་ཚུལ། །བརྙེས་པ་ལྐོག་གྱུར་ལགས་མོད་ཀྱང༌། །ཉུང་ངུ་འབྲིང་དང་མང་པོ་ལ། །ཉེ་བར་ཕན་པ་དོན་གཉེར་བས། །ཆུང་ངུ་འབྲིང་དང་ཆེན་པོ་ཡི། །གཙོ་བོར་གྱུར་པ་མ་གཟིགས་སམ། །དེ་སླད་ལུས་ཅན་ཇི་སྙེད་ལ། །ཁྱེད་ཐུགས་བརྩེ་བར་རིགས་ལགས་ན། །ཉིད་ལ་བརྟེན་པའི་སྐྱེ་བོ་ལ། །བརྩེ་བར་རིགས་པ་སྨོས་ཅི་འཚལ། །ཉིད་ལ་རྟེན་དང་སྲོག་ལྡན་པར། །ཉིད་ཀྱིས་འགྲོ་རྣམས་མཚུངས་བཞིན་དུ། །ལ་ལ་བཀུམས་ནས་གཞན་འགའ་ཞིག །ཚིམ་བགྱིད་ཆོས་ཀྱི་ཚུལ་མ་ལགས། །གནོད་པ་མེད་པར་མང་པོའི་ཡིད། །དགའ་བགྱིད་རྩེ་འཇོའི་སྦྱོར་ལགས་པས། །སྐྱོ་བ་བསལ་ཕྱིར་དུས་བབ་ཚེ། །ཁྱོད་ཀྱིས་རོལ་པར་རིགས་ལགས་ཀྱང༌། །སྐྱེ་བོ་ལོག་པར་གོམས་པའི་ཡིད། །གནས་སྐབས་དགའ་ཕྱིར་མང་པོ་ལ། །འཚེ་བགྱིད་བརྟགས་ན་མྱ་ངན་རྒྱུར། །ཁྱེད་ཀྱིས་མཁྱེན་པར་མཛད་ནས་སྤོངས། །རང་གིས་ནོངས་པར་སྤྱད་བཞིན་དུ། །གཞན་གྱི་ཚིག་རྩུབ་མི་བཟོད་པར། །ནོངས་མེད་སེམས་ཅན་འགུམས་བགྱིད་པ། །འདི་ལས་འགལ་བ་གཞན་ཅི་མཆིས། །གཞན་ལ་བརྩེ་བས་བདག་འདུན་དང༌། །གཞན་བསྐྱངས་པ་ཡིས་བདག་མཆོད་དང༌། །སྙན་པར་སྨྲ་བས་བདག་བསྟོད་པ། །ཚུལ་འདི་དངོས་པོའི་ཆོས་ལགས་པས། །བྱང་ཆུབ་དོན་དུ་བརྩེ་བ་དང༌། །ཕན་པར་བསྒྲུབ་པ་ལྟ་ཞོག་གི །འཇིག་རྟེན་དོན་དུ་གཉེར་བས་ཀྱང༌། །དེ་འདྲར་རིགས་པ་མ་ལགས་སམ། །དེ་ལྟར་དགོངས་ནས་གཞན་དག་ལ། །ཕན་དང་བརྩེ་བར་མཛོད་ཅིག་དང༌། །འདི་དང་ཕྱི་མའི་བདག་གཞན་དོན། །མ་ལུས་འགྲུབ་པར་འགྱུར་ལགས་གྲང༌། །ཚེ་དང་དཔལ་དང་ཆོས་འཕེལ་ན། །འོ་བརྒྱལ་དང་དུ་བླང་བགྱི་སྟེ། །བཟློག་ན་བཟློག་པའང་བཟློག་པ་རུ། །ཁྱོད་ཀྱིས་ནན་ཏན་མཛད་འཚལ་ལོ། །ནོར་གྱིས་འཁོར་བསྲུང་འཁོར་གྱི་ལུས། །དེ་ཡི་སྲོག་དང་ཐམས་ཅད་ཀྱིས། །དམ་ཆོས་བསྲུང་ཞེས་དམ་པ་རྣམས། །གསུང་གིས་ཀུན་ནས་དགོངས་པར་མཛོད། །ཆོས་དང་འཇིག་རྟེན་དོན་འགའ་ཞིག །གནས་སྐབས་ལ་ལར་མ་གྲུབ་ཀྱང༌། །ཉིད་ཐུགས་ལྡོག་པར་མི་བགྱི་སྟེ། །ཚོང་དང་ཞིང་པའི་ཚུལ་ལ་གཟིགས། །བསྒྲུབ་བྱའི་དོན་ཆེན་ཅིག་ཅར་དུ། །འགྲུབ་པ་ཤིན་ཏུ་དཀའ་ལགས་ཀྱང༌། །རིམ་གྱིས་བསྒྲུབས་ན་འགྲུབ་དཀའ་བའང༌། །འགྲུབ་པར་འགྱུར་ཏེ་གྲོག་མཁར་བཞིན། །བྱ་བ་རྒྱ་ཆེན་བསྒྲུབ་པ་ལ། །འགལ་བགྱིད་གཅིག་ཀྱང་མང་པ་སྟེ། །དུག་དང་ལྡན་པའི་མདའ་གཅིག་གིས། །འགྲོ་བ་སྲོག་དང་བྲལ་བར་བགྱིད། །ཕན་བགྱིད་རྒྱ་མཚོའི་རྡུལ་སྙེད་ཀྱང༌། །མངས་པར་གྱུར་པ་མ་ལགས་ཏེ། །རྒྱལ་སྲིད་ཇི་ཙམ་ཡངས་གྱུར་པའི། །རྒྱལ་པོའང་ཆེན་པོ་མ་ལགས་སམ། །ཐབས་དང་ལྡན་ན་གནོད་བགྱིད་པའང༌། །བདག་གི་དཔུང་དུ་འགྱུར་བ་སྟེ། །གླང་ཆེན་ཁྲོས་པ་ལྕགས་ཀྱུ་ཡིས། །བཏུལ་ནས་འཁོར་བར་བློ་ལྡན་བགྱིད། །དྲག་ཤུལ་སྦྱོར་བས་དགྲ་བོ་རྣམས། །གདུལ་ཞེས་འཇིག་རྟེན་སྨྲ་ལགས་ཀྱང༌། །ཞི་བས་ཞི་བར་འགྱུར་ལགས་ཏེ། །མེ་ལ་མེ་དང་ཆུ་བཞིན་ནོ། །རྩུབ་མོས་གནོད་བྱེད་གཅིག་བཅོམ་ཡང༌། །སླར་ཞིང་མང་བར་འགྱུར་ལགས་ཏེ། །གྲམ་པའི་ཁྲོད་ཀྱི་ཟུག་རྔུའི་རྡོ། །བསལ་ན་ཇི་ལྟར་འགྱུར་བ་དགོངས། །ཐབས་ཀྱིས་དེ་དག་དབང་བགྱིས་ན། །མང་བཞིན་བདག་ཕྱོགས་བརྟན་འགྱུར་ཏེ། །བྲག་རི་བརྩེགས་པར་གནས་བཅས་པའི། །གནས་ཁང་བརླིང་བ་མ་ལགས་སམ། །དེ་ལྟར་ཕྱོགས་གཞན་དབང་བགྱིས་ནས། །ཉིད་ཀྱི་ཆབ་འོག་མཆིས་པ་རྣམས། །ཀུན་ནས་ཆོས་བཞིན་བསྐྱང་བགྱི་སྟེ། །ཆོས་ཀྱིས་འཇིག་རྟེན་བདེ་བགྱི་སླད། །བྱམས་དང་སྙན་པར་སྨྲ་བ་དང༌། །གོ་འཕང་འཚམ་བར་སྩོལ་བ་དང༌། །ཟང་ཟིང་ལྷུག་པར་སྩལ་བ་ཡིས། །སྲིད་འབངས་བསྐྱང་བར་མཛོད་ཅིག་དང༌། །ཇི་ལྟར་བསྐྱངས་པ་ལས་བྱུང་བའི། །དཔལ་འབྱོར་བསྐྲུན་པ་གང་ལགས་པ། །དེ་ཀུན་ཉིད་ཀྱི་དཔལ་འགྱུར་ཞིང༌། །འདུ་བའི་སྒོ་མོར་འདུ་ལགས་ཏེ། །ཇི་ལྟ་ཇི་ལྟར་ཞིང་པ་ཡིས། །ཞིང་ལ་སོ་ནམ་འབད་བགྱིས་པ། །དེ་ལྟ་དེ་ལྟར་སྟོན་ཐོག་ཀྱང༌། །དེ་ཡིས་ཐོབ་པ་མ་ལགས་སམ། །སྲིད་འབངས་ཉིད་དུ་མཚུངས་ལགས་ཀྱང༌། །ལོག་དང་ལེགས་པར་བགྱིས་པ་ལ། །ཚར་གཅད་རྗེས་འཛིན་བགྱི་འཚལ་ཏེ། །ལུས་ཀྱི་ནད་དང་ཟུངས་བཞིན་ནོ། །ཚར་གཅད་པ་ལ་སྤྱོ་བ་དང༌། །བརྡེག་དང་ཕྲོག་དང་ངན་སྨད་པས། །སུན་འབྱིན་བགྱིད་པར་རིགས་ལགས་ཀྱི། །སྲོག་དང་བྲལ་བགྱིད་དེ་ལྟར་མིན། །དྲི་མ་དག་དང་བཅས་པའི་གོས། །བཀྲུས་ནས་སྤྱོད་བགྱིད་མཁས་པ་སྟེ། །བསྲེགས་ནས་མེད་པར་བགྱིས་པ་ལ། །མཛངས་པ་ལགས་ཞེས་སུ་ཞིག་གླེང༌། །གོ་འཕང་འཚམ་པར་སྩལ་བགྱི་སྟེ། །བཟློག་ན་བཟློག་པར་འགྱུར་དུ་མཆི། །ཆུང་ངུ་ཁྱེའུ་ནར་སོན་ལ། །ཁ་ཟས་སྦྱོར་བའི་ཚུལ་ལ་དགོངས། །ཡོན་ཏན་མེད་དང་སྐྱོན་མེད་པ། །འཇིག་རྟེན་འདི་ན་མཆིས་མ་ལགས། །ཤས་ཆེ་བ་དང་གནས་སྐབས་ལ། །བརྟགས་ནས་བླང་དང་དོར་བགྱི་སྟེ། །དུ་བར་བཅས་པའི་སྒྲོན་མེ་དང༌། །མྱངས་ན་ཞིམ་པའི་དུག་དང་ནི། །ཐང་དང་ཆུ་ལ་བགྲོད་པ་ལ། །ཤིང་རྟ་དང་ནི་གྲུ་བཞིན་ནོ། །ལོངས་སྤྱོད་ཚུལ་བཞིན་མཁྱེན་བགྱི་སྟེ། །དགྲ་དང་གཉེན་དུ་གྱུར་པ་དང༌། །དེ་བཞིན་དོན་མེད་གྱུར་པ་དང༌། །བཞི་པ་ལོངས་སྤྱོད་ཉིད་གྱུར་ལགས། །ཚོལ་དང་བསགས་པས་དང་པོ་དང༌། །བསྐྱེད་དང་བསྲུང་བས་བར་དང་ནི། །ངང་གིས་གནོད་དང་འཐབ་རྩོད་ཀྱིས། །ཐ་མར་གནོད་འགྱུར་ལོངས་སྤྱོད་དགྲ། །ལེགས་པར་རྙེད་དང་ལྷུན་གྲུབ་པའི། །དངོས་པོ་དག་པ་དགེ་བའི་བློས། །མཆོད་དང་སྦྱིན་པར་བགྱིས་པ་ཡི། །ལོངས་སྤྱོད་ཕན་པ་བསྐྱེད་ཕྱིར་གཉེན། །ཕན་གནོད་མེད་པར་ཐོབ་པ་གང༌། །སྦྱིན་དང་སྤྱོད་པར་མི་བྱེད་པར། །རྟག་ཏུ་འཇོག་དང་ཆུད་ཟོས་པའི། །ལོངས་སྤྱོད་དེ་ནི་དོན་མེད་ལགས། །ཐོག་མར་ཇི་ལྟར་རྙེད་ཀྱང་རུང༌། །བདག་དང་གཞན་གྱིས་སྤྱད་བགྱིས་པས། །གནས་སྐབས་བདེ་བར་བགྱིད་པ་གང༌། །དེ་ནི་ལོངས་སྤྱོད་གྱུར་པ་ལགས། །དེ་དག་རྣམས་ལས་དང་པོ་དང༌། །གསུམ་པ་རྟག་ཏུ་སྤང་བགྱི་སྟེ། །གཉིས་པ་ཀུན་ཏུ་སྤྱོད་བགྱི་ཞིང༌། །བཞི་པ་ཅི་རིགས་དག་ཏུ་མཛོད། །ཆོག་ཤེས་མེད་པར་ལོངས་སྤྱོད་པ། །སྡུག་བསྔལ་སྐྱེད་པར་བགྱིད་པ་སྟེ། །ལུས་ཟུངས་ཉམས་དང་མ་ཞུའི་ནད། །གང་ལས་བྱུང་བ་དགོངས་པར་མཛོད། །ཆང་གིས་འཇིག་རྟེན་བརྙས་བགྱིད་ཅིང༌། །ལུས་རྒུད་བློ་གྲོས་ཉམས་པར་བགྱིད། །དོན་ཉམས་ཆོས་དང་བྲལ་བགྱིད་པས། །ཆང་ལ་རྟག་ཏུ་དུག་བཞིན་གཟིགས། །གཞན་ཡང་འདོད་ལ་ཆགས་པ་ཡིས། །བསགས་པའི་དགེ་བ་འཛད་པ་དང༌། །རྟག་ཏུ་བྱ་བ་ཉམས་འགྱུར་བས། །ཆོག་ཤེས་རྟག་ཏུ་བསྟེན་འཚལ་ལོ། །བྱ་བ་སྒྲུབ་པའི་ཚུལ་ཡང་ནི། །བརྟགས་ནས་བསྒྲུབ་པ་མཛངས་པ་སྟེ། །བསྒྲུབས་ནས་རྟོག་པ་བླུན་པོ་ཞེས། །དམ་པའི་གཞུང་ལས་འབྱུང་ལགས་པས། །ཉིད་ཀྱི་བགྱི་བ་གང་ལགས་པ། །བརྟགས་ཤིང་བགྲོས་ནས་མཛོད་ཅིག་དང༌། །དོན་ཀུན་འགྲུབ་འགྱུར་གཞན་དུ་ནའང༌། །འགྱོད་པ་མེད་པར་འགྱུར་བ་ལགས། །མདོར་ན་འབྱོར་དང་རྒུད་པ་ཡིས། །དྲེགས་དང་ཞུམ་མི་འགྱུར་བ་དང༌། །བྱས་ཤེས་དྲིན་དུ་གཟོ་བ་དང༌། །མཆོད་འོས་མཆོད་དང་དམན་པ་སྐྱོང༌། །ཕྱོགས་གཞན་དབང་དུ་བགྱི་བ་དང༌། །ཡུལ་འཁོར་ཆོས་བཞིན་སྐྱོང་བ་དང༌། །ལོངས་སྤྱོད་བག་ཡོད་སྤྱོད་པ་དང༌། །བྱ་བ་མཛངས་པར་བསྒྲུབ་པ་ལགས། །དེ་ལྟར་བགྱིས་པས་འཇིག་རྟེན་འདིར། །ཕུན་སུམ་ཚོགས་པར་གྱུར་པ་དེས། །ཕ་རོལ་བདེ་བ་གཉེར་བགྱིའི་སླད། །བདེ་བའི་ལམ་ལ་འཇུག་འཚལ་ལོ། །སྣ་ཚོགས་ལམ་དུ་ཁྲིད་བགྱིད་པའི། །སྟོན་པ་རབ་ཏུ་མང་མཆིས་མོད། །རྒྱུ་དང་བཅས་པའི་ཉེས་བཅོམ་ཞིང༌། །ཡོན་ཏན་ཡོངས་རྫོགས་མཆོག་ལགས་ཀྱང༌། །བདག་ནི་ཡོན་ཏན་དམན་པ་དང༌། །དེ་བཞིན་སྐྱོན་དང་ལྡན་ནོ་ཞེས། །སུ་ཡང་སྨྲ་བ་མི་བགྱིད་པས། །རང་བཞིན་སེམས་པའི་དཔྱོད་པ་ཡིས། །དེ་ཡི་སྤྱོད་དང་དེས་བསྟན་པའི། །གཞུང་ལས་དེ་ཚུལ་འཚལ་བགྱི་སྟེ། །གཞུང་གང་ངག་ཚིག་དྲི་མ་མེད། །ཚད་མ་གཉིས་ཀྱིས་ངེས་པར་གྲུབ། །འགལ་དང་མ་འབྲེལ་རྣམ་པར་སྤངས། །གཅིག་ཏུ་ཕན་དང་བདེར་བགྱིད་པའི། །གཞུང་ལུགས་དེ་ནི་དམ་པ་སྟེ། །དེ་འདྲ་གཞན་ལ་ལྟོས་མེད་པར། །རང་གི་མཐུ་ཡིས་འབྱེད་བགྱིད་པའི། །སྟོན་པ་སྟོན་པའི་མཆོག་ལགས་པས། །དེ་ཡི་གསུང་གི་རྗེས་འཇུག་པའི། །སྐྱེ་བོ་རྣམས་ཀྱང་དམ་པ་ལགས། །དེ་སླད་ཆོས་ལ་ཡིད་ཆེས་ནས། །རྫོགས་སངས་རྒྱས་ལ་རབ་དད་པས། །སྲས་དང་སློབ་མའི་རྗེས་འཇུག་པ། །དཔྱོད་ལྡན་དམ་པ་ལགས་པའི་ཕྱིར། །ཉིད་ཀྱང་སངས་རྒྱས་ཆོས་ཚོགས་ཀྱི། །ཡོན་ཏན་མཁྱེན་ནས་དད་པ་དང༌། །འཇིགས་པ་ཀུན་ལས་སྐྱོབ་དོན་དུ། །སྟོན་པ་ལམ་དང་གྲོགས་ཀྱི་ཕྱིར། །ཇི་སྲིད་འཚོ་ཞིང་གཞེས་གྱི་བར། །སྐྱབས་ཀྱི་དམ་པར་གཟུང་དུ་གསོལ། །དེ་ནི་ཉེས་ཀུན་སེལ་བ་དང༌། །ཡོན་ཏན་ཀུན་གྱི་གཞི་ཆེན་ལགས། །དེ་ལྟར་སྐྱབས་མཆོག་ཉེར་བསྟན་ཞིང༌། །བདུད་རྩིའི་སྒོ་མོར་ཞུགས་པ་དེས། །རྟག་ཏུ་ཆོས་བཞིན་བགྱི་འཚལ་ཏེ། །དེ་ཡི་གཞི་ཡང་ཚུལ་ཁྲིམས་ལགས། །བསྙེན་གནས་ཡན་ལག་བརྒྱད་པ་ཡིས། །ཉིན་ཞག་དགེ་བར་མཛོད་ཅིག་དང༌། །ཚུལ་ཁྲིམས་དག་ལ་གོམས་འགྱུར་ཞིང༌། །འདོད་ལྷར་མཆིས་ཞེས་རྒྱལ་བས་གསུངས། །ཡང་སྲིད་དག་ལ་མཚམས་སྦྱོར་བའི། །སྲེད་དང་འདུ་འཛི་སྤང་ཕྱིར་དང༌། །ཀུན་སྤྱོད་རྣམ་པར་དག་བགྱིའི་ཕྱིར། །སོ་སོར་ཐར་པས་བསྡམ་པར་བགྱི། །ཡོངས་སུ་རྫོགས་པར་མི་སྤྱོད་ཀྱང༌། །ཅི་རིགས་ཅི་ནས་བརྟེན་འཚལ་ཏེ། །ཐ་ན་སྣ་གཅིག་སྤྱོད་པས་ཀྱང༌། །ཉིད་ཀྱི་བརྟུལ་ཞུགས་མཛེས་པར་མཛོད། །གོམས་ན་དཀའ་བ་མ་མཆིས་པར། །དགེ་བ་ངང་གིས་འཕེལ་འགྱུར་ལགས། །དེ་ཡིས་ཤེས་བྱ་ཐམས་ཅད་ལ། །མཁས་ཤིང་རྣམ་པར་གྲོལ་བགྱིའི་ཕྱིར། །རིགས་དང་གཞུང་ལུགས་སྣ་ཚོགས་པ། །མང་ལས་མང་དུ་གསན་པ་དང༌། །གཟིགས་དང་གླེང་བར་བགྱི་བ་ལ། །ཉིད་ཐུགས་གཞོལ་བར་མཛོད་ཅིག་དང༌། །གཙུག་ལག་ཀུན་ལ་མཁས་པ་དང༌། །བྱེ་བྲག་རྣམ་པར་ཕྱེད་པ་ཡིས། །བླང་དང་དོར་བྱའི་འཇུག་ལྡོག་ལ། །ཀུན་དུ་འཁྲུལ་པར་འགྱུར་མ་ལགས། །ཁྱད་པར་དམ་ཆོས་ཚུལ་ཆེན་ལ། །ངོམས་པ་མེད་པར་གསན་བགྱི་སྟེ། །ཤེས་བྱའི་སྙིང་པོ་ལགས་ཕྱིར་དང༌། །མཁྱེན་རབ་དགེ་བ་འཕེལ་འགྱུར་ཕྱིར། །སོམ་ཉི་བློ་ཡིས་སྐྱེས་བུའི་དོན། །འགྲུབ་པར་དཀའ་བ་གནས་པ་ལྟར། །གསན་ཡང་དེ་དོན་མ་ངེས་ན། །དོན་དུ་འགྱུར་བའང་རབ་དཀའ་བས། །ཁྱོད་ཀྱིས་གསན་པ་གང་ལགས་པ། །ཡང་དག་རིགས་པས་རྣམ་དཔྱད་ན། །དོན་བཞིན་ངེས་པར་འགྱུར་ལགས་ཏེ། །སྣང་བཅས་གཟུགས་ལ་མིག་གིས་བཞིན། །དེ་ལྟར་གསན་དང་དཔྱོད་པ་ལ། །གཞོལ་ན་ཉུང་ངུ་ཉུང་ངུས་ཀྱང༌། །རིམ་གྱིས་མཁྱེན་པ་འཕེལ་འགྱུར་ཏེ། །བུང་བས་སྦྲང་རྩི་ཇི་བཞིན་ནོ། །འདི་ནི་ལུང་གི་ཆོས་ལ་དབང༌། །བསྒྱུར་བར་བགྱིད་པའི་ཐབས་ཆེན་ཏེ། །སོ་ནམས་ལས་ཀྱི་སྟོན་ཐོགས་ལྟར། །རྟོགས་ཆོས་ཟས་ཀྱི་རྒྱུ་ཆེན་ལགས། །དེ་ཡིས་སྲིད་པའི་སྡུག་བསྔལ་དང༌། །དེ་རྒྱུ་ལས་དང་ཉོན་མོངས་པར། །ངེས་ནས་དགེ་བ་སྤེལ་བ་དང༌། །མི་སྡུག་པ་དང་བྱམས་པ་དང༌། །རྟེན་འབྱུང་ཁམས་ཀྱི་དབྱེ་བ་དང༌། །དབུགས་དབྱུང་རྔུབ་པ་རྗེས་དྲན་དང༌། །གཟུང་དང་འཛིན་པའི་ཆོས་རྣམས་ལ། །སོ་སོར་རྟོག་ཅིང་མཉམ་འཇོག་པས། །མཐོ་རིས་བདེ་ལ་གནས་བཅས་ཏེ། །ཚོགས་དང་སྦྱོར་བས་འཇིག་རྟེན་དང༌། །མཐོང་དང་སྒོམ་དང་མཐར་ཕྱིན་པས། །འཇིག་རྟེན་འདས་པའི་ལམ་བགྲོད་དེ། །ཐབས་དང་སྦྱངས་བའི་བྱེ་བྲག་གིས། །སྟོན་དང་སློབ་མའི་རིགས་དང་ནི། །ཡོན་ཏན་དག་གིས་རབ་ཕྱེ་བའི། །མྱ་ངན་འདས་པ་ཐོབ་པར་འགྱུར། །འདི་ནི་ཐེག་པ་ཆུང་ངུ་ཡི། །ཆོས་ཚུལ་མདོ་ཙམ་སྨོས་པ་སྟེ། །ཐེག་པ་ཆེ་ལ་འཛེག་པ་ཡི། །སྐས་དང་འདྲ་བར་འགྱུར་བ་ལགས། །ཐེག་པ་ཆུང་ངུའི་ལུགས་བསྟན་པའི་སྐབས་ཏེ་གཉིས་པའོ།།  །།དེ་ལྟར་འདི་དང་ཕ་རོལ་གྱི། །བདག་གི་དོན་ལ་འབད་བགྱིས་ཀྱང༌། །གཞན་གྱི་དོན་གྱི་ཐབས་ཆེན་ལས། །ཉམས་ཕྱིར་སངས་རྒྱས་རྒྱང་རིང་ལགས། །གང་ཞིག་གཞན་གྱི་དོན་བརྩོན་ན། །གཉིས་ཀའི་དོན་ཆེན་འགྲུབ་འགྱུར་གྱི། །གཞན་དོན་ཉམས་པའི་རང་དོན་གྱིས། །བདག་དོན་ཕུན་ཚོགས་ག་ལ་སྲིད། །མང་དུ་སྨོས་ཀྱང་ཅི་འཚལ་ཏེ། །རྒྱལ་སྲིད་སྐྱོང་བའི་རྒྱལ་པོ་དང༌། །གླ་རྔན་ཙམ་གྱིས་བདག་སྐྱོང་བ། །འདི་གཉིས་ཀྱི་ནི་ཁྱད་པར་གཟིགས། །དེ་སླད་གཞན་དོན་དགའ་བ་ཡི། །སྤྱོད་པ་རྒྱ་མཚོ་ལས་བྱུང་བའི། །ལུས་ཅན་ཀུན་གྱི་གཉེན་གཅིག་པུ། །ཐམས་ཅད་མཁྱེན་པ་བརྙེས་བགྱིའི་སླད། །དོན་གཉིས་བརྙེས་པའི་རྒྱལ་བ་དང༌། །དེ་བསྒྲུབ་བགྱིད་པའི་ཐེག་ཆེན་དང༌། །ཕྱིར་མི་ལྡོག་པའི་དགེ་འདུན་ལ། །སྟོན་པའི་ཕྱིར་དང་མཉེས་བགྱིའི་ཕྱིར། །བགྲོད་བགྱིའི་ཕྱིར་དང་བརྟན་བགྱིའི་ཕྱིར། །གྲོགས་ཕྱིར་འཁོར་དུ་བསྡུ་བགྱིའི་ཕྱིར། །དགོངས་པ་དེ་དག་བརྙེས་ཀྱི་བར། །ལུས་ཅན་ཀུན་དང་ཐབས་ཅིག་པའི། །སྐྱབས་ཀྱི་དམ་པར་གཟུང་དུ་གསོལ། །དེ་ནི་བཞེད་དགུ་འབྱུང་བ་ཡི། །བྱང་ཆུབ་སེམས་ཀྱི་རིན་པོ་ཆེ། །ཉེ་བར་བསྒྲུབ་པའི་གཞིར་འགྱུར་ཞིང༌། །སྲིད་ཞིའི་དགེ་གཞན་ཟིལ་གནོན་བགྱིད། །སེམས་ལ་སེམས་ལས་མ་གཏོགས་པའི། །རྒྱུ་གཞན་མ་མཆིས་སྐད་ཅིག་གི །བདག་ཉིད་ཕྱིར་ན་རྒྱུ་མེད་པའང༌། །མ་ལགས་སེམས་ཉིད་སེམས་ཀྱི་རྒྱུ། །དེ་ཕྱིར་སེམས་ལ་ཐོག་མའི་མཐའ། །རྣམ་པ་ཀུན་ཏུ་མཆིས་མ་ལགས། །དེ་ལྡན་ཕྱིར་ན་སེམས་ཅན་ལགས། །མཁའ་ལ་ཕ་མཐའ་མ་མཆིས་པ། །འཇིག་རྟེན་ཁམས་ཀྱང་དེ་དང་མཚུངས། །དེ་ལ་བརྟེན་པའི་སེམས་ཅན་ཡང༌། །གཞལ་དུ་མེད་པར་མཁྱེན་པར་མཛོད། །འདི་ནི་བྱམས་བརྩེའི་ཡུལ་ལགས་ཏེ། །དེ་དག་སོ་སོའི་ལས་ཀྱི་མཐུས། །མི་འདོད་བཞིན་དུ་སྡུག་བསྔལ་གྱི། །ཕུང་པོས་ཀུན་ནས་གདུང་འགྱུར་ཞིང༌། །ལམ་གསུམ་བརྒྱུད་མར་འཁོར་འགྱུར་བས། །འཁོར་བའི་འཁོར་ལོ་མགལ་མེ་ཡི། །འཁོར་ལོ་ཇི་བཞིན་འཁོར་འགྱུར་བ། །འདི་ནི་སྲིད་པའི་ཚིག་བླ་དགས། །དེ་ལྟ་མོད་ཀྱི་དེ་ཡི་ཁམས། །ཆོས་ཀྱི་སྐུ་ཡི་རང་བཞིན་ཕྱིར། །ཐབས་དང་ལྡན་ན་དེ་དག་ཀུན། །སངས་རྒྱས་ཉིད་དུ་འགྱུར་ལགས་ཀྱང༌། །གོམས་དང་བག་ཆགས་དམན་ཕྱིར་དང༌། །རྐྱེན་དམན་ཕྱིར་དང་གྲོགས་དམན་ཕྱིར། །གཞན་གྱི་དོན་ལས་ཉམས་འགྱུར་ཞིང༌། །རང་གི་དོན་ཡང་མ་རྫོགས་པའི། །གྲོལ་བ་ཙམ་དུ་མཆི་བགྱིད་པ། །འདི་ནི་ཞི་བའི་ཚིག་བླ་དགས། །དགོན་པར་སྤྲུལ་པའི་གྲོང་ཁྱེར་ལྟར། །གནས་སྐབས་འབྲས་བུ་ཡིན་ནོ་ཞེས། །ཐུབ་པའི་དབང་པོས་གསུངས་ལགས་པས། །རིམ་གྱིས་དེ་དག་རྒྱལ་བར་མཆི། །སྲིད་ཞི་དེ་དག་འཇིག་རྟེན་དང༌། །འཇིག་རྟེན་འདས་པའི་བདེ་བ་ནི། །དྲི་མེད་རྒྱུ་དང་བཅས་པ་ལ། །རྟག་ཏུ་གནས་འདོད་བྱམས་པ་ལགས། །སྲིད་པའི་སྡུག་བསྔལ་ཐམས་ཅད་དང༌། །ཐེག་པ་དམན་དང་དེ་ཡི་འབྲས། །གང་ལ་མཆིས་དེ་རྒྱུར་བཅས་པ། །བྲལ་འདོད་སྙིང་རྗེའི་རྣམ་པ་ལགས། །དེ་སླད་ཚུལ་འདི་བྱམས་པ་དང༌། །རྟག་ཏུ་ཐུགས་རྗེར་མཛད་དུ་གསོལ། །དེ་ལྟར་བྱམས་བརྩེའི་ཡིད་མཆིས་ཀྱང༌། །དེ་ཡི་ཐབས་ལ་མི་འཇུག་དང༌། །འཇུག་ཀྱང་མཐུ་དང་མི་ལྡན་ན། །གཞན་གྱི་དོན་དུ་འགྱུར་མ་ལགས། །དེ་སླད་ཉེས་ཀུན་སེལ་བ་དང༌། །ཡོན་ཏན་ཀུན་ལ་ཉེར་སྦྱོར་བའི། །མཐུ་སྟོབས་དམ་པ་རབ་བརྙེས་ཤིང༌། །མཁྱེན་དང་བརྩེ་བའི་མཐར་སོན་པ། །རྫོགས་པའི་སངས་རྒྱས་ཉིད་ལགས་ལ། །དེ་ཡང་སེམས་ཅན་ལས་བྱུང་བས། །བདག་ཀྱང་དེ་འདྲར་བྱའོ་ཞེས། །སྨོན་པ་སྨོན་པའི་སེམས་ལགས་ཏེ། །དེ་ཡི་དགེ་བའི་བཤེས་གཉེན་ལ། །བརྟེན་ནས་ཡན་ལག་ཕུན་ཚོགས་པའི། །ཆོ་གས་དེ་ལྟར་དམ་བཅའ་བ། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་ལགས། །སངས་རྒྱས་ཉིད་ནི་འགྲུབ་བྱེད་པའི། །ཐབས་ཚུལ་མཐའ་དག་སྤྱད་དོ་ཞེས། །འདུན་པ་འཇུག་པའི་སེམས་ལགས་ཏེ། །དམ་འཆའ་འཇུག་པའི་སེམས་བསྐྱེད་ལགས། །འདི་ནི་མ་བསྐྱེད་བསྐྱེད་པའི་ཐབས། །སྐྱེས་པ་གོང་དུ་འཕེལ་བགྱིའི་ཕྱིར། །སྤྲོ་བ་ཆེན་པོས་སྨོན་པ་དང༌། །རྩོམ་པས་འཇུག་པ་མཐར་ཕྱིན་མཛོད། །སྨོན་པ་དེ་ཡང་འགྲོར་འདོད་དང༌། །འཇུག་པ་འགྲོ་བ་ལྟ་བུའོ་ཞེས། །རྒྱལ་སྲས་འགའ་ཡིས་དཔེར་མཛད་པ། །སྨོན་འཇུག་བསྒྲུབ་པའི་ཚུལ་ལ་དགོངས། །དེ་ལྟར་སེམས་དང་སེམས་བསྐྱེད་དང༌། །བསྒྲུབ་པས་སྨོན་འཇུག་རབ་དབྱེ་བའི། །ཚུལ་འདི་འགའ་ཞིག་ཁོ་ནས་བཤད། །འདི་ནི་ཀུན་རྫོབ་བྱང་ཆུབ་སེམས། །དཔྱད་ན་དངོས་འདི་དུ་མ་དང༌། །རྗེས་འབྲེལ་ཕྱིར་ན་གཅིག་མ་ལགས། །གཅིག་མེད་པ་ལ་དུ་མ་གང༌། །དེ་གཉིས་ལས་གཞན་ཡོད་པར་ཅི། །ཡོད་པ་མེད་ཕྱིར་མེད་པའང་གསོག །འགལ་ཕྱིར་གཉིས་ཀའང་གཤིས་མ་ལགས། །སྒྲུབ་བྱེད་མེད་ཕྱིར་གཉིས་མིན་མིན། །དེ་ཕྱིར་བརྟགས་ན་གནས་མེད་པས། །བློས་ཀྱང་མཚན་མར་མི་འཛིན་པ། །འདི་ནི་དོན་དམ་བྱང་སེམས་ཀྱི། །རྒྱུ་མཐུན་ཉིད་ལགས་རྣམ་ཀུན་གྱི། །མཆོག་ལྡན་ལྟ་བའང་དེ་ཉིད་ལགས། །འཛིན་པ་མེད་པར་མཉམ་འཇོག་དང༌། །དཔེ་དང་གཏན་ཚིགས་ཐམས་ཅད་ཀྱིས། །ངེས་པར་བགྱིས་པས་དོན་དམ་གྱི། །བྱང་ཆུབ་སེམས་ནི་གོམས་པར་བགྱི། །སྲིད་ཞིའི་ཉེས་དམིགས་ཤེས་པ་ཡི། །དེར་འདུན་པ་དང་བྲལ་བ་དང༌། །སངས་རྒྱས་ཡོན་ཏན་རྗེས་དྲན་པས། །རྟག་ཏུ་དེ་ལ་འདུན་པ་དང༌། །བདག་གཞན་མཉམ་དང་བརྗེ་བ་ཡིས། །གཞན་གྱི་དོན་ལ་སྤྲོ་བ་དང༌། །མི་ཞུམ་པ་དང་མི་སྐྱོ་བས། །འཇུག་པའི་ཚུལ་ལ་འཇུག་འགྱུར་བ། །འདི་ནི་བྱང་ཆུབ་སྨོན་པའི་སེམས། །མཐར་ཕྱིན་བགྱིད་པའི་ཐབས་ཆེན་ལགས། །བསོད་ནམས་ཡེ་ཤེས་ཚོགས་བསྒྲུབ་པ། །འཇུག་པ་མཐར་ཕྱིན་བགྱིད་པ་སྟེ། །དེ་ཡང་རང་གི་སངས་རྒྱས་ཆོས། །རྫོགས་བགྱིད་ཕ་རོལ་ཕྱིན་པ་དྲུག །འདི་དག་བརྩེ་བས་ཀུན་བསླང་ཞིང༌། །འཁོར་གསུམ་རྣམ་པར་མི་རྟོག་དང༌། །མི་བཤོལ་ཆོག་མི་ཤེས་པ་དང༌། །གདུལ་བྱའི་རེ་བ་ཡོངས་རྫོགས་ཤིང༌། །དེ་དག་བྱང་ཆུབ་ལ་སྦྱོར་བ། །དེ་ལྟར་ཀུན་ལ་ལྡན་བགྱིས་ནས། །དངོས་ཀུན་གཏོང་བར་འདུན་པ་ཡིས། །ཟང་ཟིང་མི་འཇིགས་ཆོས་བྱམས་པ། །རིགས་པའི་ཚུལ་གྱིས་སྩལ་བགྱིད་པ། །འདི་ནི་སྦྱིན་པའི་ཕ་རོལ་ཕྱིན། །ཁ་ན་མ་ཐོ་མེད་འདུན་པས། །ཉེས་སྤོང་དགེ་བ་བསྒྲུབ་པ་དང༌། །གཞན་གྱི་དོན་ལ་ཉེར་སྦྱོར་བ། །འདི་ནི་ཚུལ་ཁྲིམས་ཕ་རོལ་ཕྱིན། །འཁྲུག་པ་མེད་པར་འདུན་པ་ཡིས། །མི་མཇེད་ཇི་མི་སྙམ་པ་དང༌། །ངེས་པར་སེམས་པས་མི་འཁྲུག་པ། །འདི་ནི་བཟོད་པའི་ཕ་རོལ་ཕྱིན། །དགེ་བ་སྡུད་པར་སྤྲོ་བ་ཡིས། །གོ་ཆ་སྦྱོར་དང་མི་ཞུམ་དང༌། །མི་འཁྲུག་པ་དང་ཆོག་མི་ཤེས། །འདི་ནི་བརྩོན་འགྲུས་ཕ་རོལ་ཕྱིན། །ཡིད་མི་གཡོ་བར་འདུན་པ་ཡིས། །ཡུལ་རྣམས་ཀུན་ལ་སེམས་བསྡུས་ནས། །སེམས་ལ་སེམས་རབ་འཇོག་བྱེད་པ། །འདི་ནི་བསམ་གཏན་ཕ་རོལ་ཕྱིན། །ཐམས་ཅད་ཤེས་པར་འདུན་པ་ཡིས། །ཀུན་རྫོབ་ཤེས་ཤིང་དེ་དཔྱད་པས། །རང་བཞིན་མེད་པར་རབ་ཤེས་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན། །རིམ་བཞིན་སེར་སྣ་ཚུལ་འཆལ་དང༌། །ཁྲོ་དང་ལེ་ལོ་རྣམ་གཡེང་དང༌། །མི་ཤེས་པ་ཡི་གཉེན་པོ་སྟེ། །ཉེས་པ་ཐམས་ཅད་འཇིག་བགྱིད་ལགས། །འབྱོར་དང་བདེ་འགྲོ་གཟུགས་བཟང་དང༌། །དོན་ཀུན་གྲུབ་དང་ཡིད་ཞི་དང༌། །ཀུན་ལ་ཀུན་ནས་མཁས་གྱུར་པ། །གནས་སྐབས་ཀྱི་ནི་འབྲས་བུ་ལགས། །དང་པོ་ལྔ་ཡིས་བསོད་ནམས་ཚོགས། །རྟག་ཏུ་འཕེལ་བར་བགྱིད་པ་སྟེ། །དེ་བཞིན་དྲུག་པ་ཡེ་ཤེས་ཚོགས། །ཡོངས་སུ་རྫོགས་པར་བགྱིད་པ་ལགས། །གཞན་ཡང་ལྔ་པ་ཞི་གནས་དང༌། །དྲུག་པ་ལྷག་མཐོང་གྱུར་པ་སྟེ། །ཡིད་ནི་ཞི་བར་གནས་པ་དང༌། །དཔྱད་ན་ལྷག་དོན་མཐོང་བར་བཤད། །སྔ་མས་ཉོན་མོངས་ཞི་བགྱིད་ཅིང༌། །ཏིང་འཛིན་མངོན་ཤེས་དག་པར་བགྱིད། །ཕྱི་མས་ཉེས་ཀུན་དྲུང་འབྱིན་ཞིང༌། །ཤེས་རབ་ཡེ་ཤེས་ཡོངས་དག་བགྱིད། །ཚུལ་ཁྲིམས་གཉིས་ཀའི་གཞི་ལགས་ཏེ། །ལྷག་མ་གསུམ་ནི་འགྲུབ་པའི་རྐྱེན། །རྣམ་པར་དཔྱད་ན་རེ་རེ་ལའང༌། །དྲུག་དང་གཉིས་ཀ་ལྡན་གྱུར་པས། །དེ་སླད་རེ་རེའང་དྲུག་དང་ནི། །གཉིས་གཉིས་ལྡན་པར་མཁྱེན་བགྱིས་ནས། །རྟག་ཏུ་གོམས་པར་མཛོད་ཅིག་དང༌། །དེ་ལ་སངས་རྒྱས་རིང་མ་ལགས། །སེམས་ཅན་སྨིན་བགྱིད་བསྡུས་པ་ཡི། །དངོས་པོ་རྣམ་པ་བཞི་ལགས་ཏེ། །ཟང་ཟིང་སྦྱིན་པས་གདུལ་བྱ་ཀུན། །བོས་ནས་གནས་སྐབས་བདེ་ལ་དགོད། །སྙན་པར་སྨྲ་བས་ཕ་རོལ་ཕྱིན། །ཡང་དག་ཇི་བཞིན་ཡོངས་བཤད་ནས། །དོན་སྤྱོད་པ་ཡིས་བཤད་པ་ཡི། །སྦྱོར་བ་དག་ལ་ཉེར་སྦྱར་ཏེ། །བདག་ཉིད་དོན་མཐུན་ཞུགས་པ་ཡིས། །དོན་ལ་སྤྲོ་བ་བསྐྱེད་པར་བགྱི། །དང་པོ་ཟང་ཟིང་སྒོ་ནས་ཏེ། །གསུམ་ནི་ཆོས་ཀྱིས་སྡུད་པ་ལགས། །དེ་ཡང་ཐོག་མ་ཕན་བགྱིད་དེ། །ལྷག་མ་གསུམ་ནི་གྲོལ་བགྱིད་པས། །གཞན་གྱི་དོན་གྱི་ཚུལ་ཐམས་ཅད། །འདི་ཡི་ཁོངས་སུ་འདུ་བ་ལགས། །དེ་ལྟར་ཚོགས་གཉིས་བསགས་པ་དང༌། །དོན་གཉིས་དག་ལ་རབ་བརྩོན་པའང༌། །སྒྱུ་མའི་ཚུལ་གྱིས་སྤྱད་བགྱི་ཞིང༌། །མི་རྟོག་རྣལ་འབྱོར་གོམས་བགྱིས་པས། །དམ་པ་རྣམས་ཀྱི་སྤྱོད་ཡུལ་ལ། །བྱང་ཆུབ་ནམ་མཁའི་མཚན་ཉིད་ཅན། །སྒྲིབ་པ་མེད་པའི་སེམས་ཀྱིས་ནི། །མངོན་སུམ་དུ་ནི་བགྱིད་པར་འགྱུར། །བསོད་ནམས་ཡེ་ཤེས་འཁོར་ལོ་ཟུང༌། །ཐབས་ལ་མཁས་པའི་སྲོག་ཤིང་དང༌། །སྡོམ་པ་རྒྱ་ཆེའི་རྟེན་དང་ནི། །དྲན་དང་བརྩོན་འགྲུས་ཏིང་འཛིན་གྱི། །ཡན་ལག་ལྡན་པའི་རྟ་མཆོག་ནི། །རིམ་བཞིན་གཅིག་གཉིས་གསུམ་དག་དང༌། །སྨོན་ལམ་ཁ་ལོ་སྒྱུར་བྱེད་སོགས། །ཚོགས་པར་བགྱིས་ནས་ཐར་པ་ཡི། །ཆ་མཐུན་ལམ་ལ་འཇུག་བགྱིད་པ། །དེ་ནི་ཚོགས་ཀྱི་ལམ་ཞེས་བགྱི། །དེ་ལྟའི་ཤིང་རྟ་ཆེར་ཞུགས་ནས། །དབང་པོའི་ཡན་ལག་ལྔ་ལྡན་དང༌། །སྟོབས་ཀྱི་ཡན་ལག་ལྔ་ལྡན་དང༌། །གླང་ཆེན་གཅིག་གཉིས་རིམ་སྦྱར་བས། །བགྲོད་པས་ངེས་འབྱེད་ཆ་མཐུན་གྱི། །ལམ་ལ་ཉེ་བར་ཞུགས་གྱུར་ནས། །འཕགས་པའི་ཡེ་ཤེས་རྒྱ་མཚོ་ཆེར། །སྦྱོར་བས་སྦྱོར་བའི་ལམ་ཞེས་བགྱི། །ས་ལམ་བགྲོད་ཚེའི་མཐོང་སྤང་གི །ཉེས་ཚོགས་ཚང་ཚིང་རབ་སྤངས་ནས། །རྒྱ་མཚོར་ནམ་མཁའི་མདངས་ལྷུང་ལྟར། །མཉམ་གཞག་བློ་དང་ཆོས་ཀྱི་དབྱིངས། །རོ་གཅིག་ཡེ་ཤེས་རྒྱ་མཚོ་ཡི། །བྱང་ཆུབ་ཡན་ལག་རིན་པོ་ཆེ། །རྣམ་པ་བདུན་ལྡན་འཇུག་ངོགས་མཆོག །སྔོན་ཆད་མ་མཐོང་དེས་མཐོང་ཞིང༌། །ཉེ་བར་ཞུགས་པ་ཉིད་ཀྱི་ཕྱིར། །འདི་ནི་མཐོང་བའི་ལམ་ཞེས་བགྱི། །མི་རྟོག་ཡེ་ཤེས་གྲུ་བོ་ཆེ། །འཕགས་ལམ་ཡན་ལག་བ་དན་སོགས། །རྣམ་པ་བརྒྱད་ཀྱིས་ཉེར་བརྒྱན་པར། །ཞུགས་ནས་རྒྱལ་བའི་བྱིན་རླབས་ཀྱིས། །དུས་ཀྱི་རླུང་དང་རྗེས་མཐུན་པར། །ཆོས་དབྱིངས་ཞི་བའི་འཇུག་ངོགས་ལ། །བགྲོད་པས་རྒྱ་མཚོའི་རྦ་རླབས་འདྲའི། །བསྒོམས་པས་སྤང་བའི་ཉེས་པ་ཀུན། །སྤངས་ནས་སློབ་པའི་འཕགས་ཆོས་ཀྱི། །རིན་ཆེན་རྣམས་ལ་དབང་སྒྱུར་བགྱིད། །མཐོང་དོན་བསྒོམས་པས་གོམས་བགྱིད་པས། །འདི་ནི་བསྒོམ་པའི་ལམ་ཞེས་བགྱི། །དེ་ལྟར་ས་དང་རྒྱ་མཚོ་ལྟའི། །འཇིག་རྟེན་འཇིག་རྟེན་འདས་ལམ་ལས། །ཉེ་བར་བརྒལ་ནས་ཡིད་བཞིན་གྱི། །རིན་ཆེན་གླིང་གི་སྒོར་ཞུགས་མཚུངས། །བགྲོད་པའི་ལམ་གྱི་མཐར་སོན་དང༌། །མི་མཐུན་ཕྱོགས་ཀུན་འཇོམས་པ་དང༌། །ཡོན་ཏན་མཐར་ཕྱིན་བགྱིད་པས་ན། །མཐར་ཕྱིན་པ་ཡི་ལམ་ཞེས་བགྱི། །འཇིག་རྟེན་འདས་པའི་ལམ་དེ་ཡང༌། །ས་བཅུ་དག་གིས་ཕྱེ་བ་ལགས། །ཇི་ལྟར་རྒྱ་མཚོའི་ཆུར་མཚུངས་ཀྱང༌། །གཞི་ཡིས་སོ་སོར་སྣང་བ་ལྟར། །དེ་བཞིན་གྲོལ་བར་ཆོས་མཚུངས་ཀྱང༌། །གཞི་དང་ཡོན་ཏན་དབང་གིས་དབྱེ། །རང་གི་ཡོན་ཏན་བསྐྲུན་པ་དང༌། །དཔག་ཡས་འབྱུང་པོའི་རྟེན་ཕྱིར་ས། །སངས་རྒྱས་ཉེ་དང་སར་ཞུགས་དང༌། །སྦྱིན་ལ་དགའ་བས་རབ་དགའི་ས། །ཚུལ་ཁྲིམས་འཆལ་པའི་དྲི་མ་ཡིས། །མ་གོས་ཕྱིར་ན་དྲི་མ་མེད། །ལུང་གི་ཆོས་ཀྱི་སྣང་ལྡན་ཞིང༌། །བཟོད་མདངས་ལྡན་ཕྱིར་འོད་བྱེད་པ། །རྟོག་ཆོས་མེ་ཡིས་ཉེས་སྲེག་ཅིང༌། །བརྩོན་འགྲུས་འབར་ཕྱིར་འོད་འཕྲོ་ཅན། །སྦྱང་དཀའ་གཞན་སྦྱང་བསམ་གཏན་གྱིས། །རང་སེམས་བསྲུང་ཕྱིར་སྦྱང་དཀའ་བ། །ཤེས་རབ་ལ་བརྟེན་འཁོར་འདས་ཆོས། །མངོན་སུམ་མཐོང་བས་མངོན་གྱུར་ས། །མཚན་མ་ལས་རིང་ཐབས་མཆོག་གིས། །ཁྱད་པར་འཕགས་པས་རིང་དུ་སོང༌། །རྟོག་པ་ཀུན་གྱིས་མི་བསྒུལ་ཞིང༌། །སྨོན་ལམ་ལེགས་གནས་མི་གཡོའི་ས། །སྟོབས་ཆེན་ཡང་དག་རིག་པ་བཞིས། །ཆོས་སྟོན་ཕྱིར་ན་ལེགས་པའི་བློ། །ཏིང་འཛིན་གཟུངས་སྤྲིན་ཡེ་ཤེས་མཁར། །འདུ་ཕྱིར་དེ་ནི་ཆོས་ཀྱི་སྤྲིན། །དེ་མཐར་ཏིང་འཛིན་རྡོ་རྗེ་ཡིས། །རིན་ཆེན་གཏེར་ནི་ཁ་ཕྱེ་སྟེ། །དེ་མཐུས་དེ་བཞི་གནས་བསྒྱུར་ནས། །བསམ་གྱིས་མི་ཁྱབ་ཡོན་ཏན་མཛོད། །སེམས་ཅན་ཀུན་གྱི་གཉེན་གཅིག་པུ། །སངས་རྒྱས་ཉིད་ནི་འཐོབ་པར་འགྱུར། །མཁའ་ལ་སྤྲིན་དཔུང་དེངས་པ་ལྟར། །སྒྲིབ་པའི་དྲི་མ་ཀུན་སྤངས་ནས། །དབྱིངས་དང་ཡེ་ཤེས་རོ་གཅིག་པ། །འདི་ནི་རང་བཞིན་སྐུ་རུ་བཤད། །དཔག་མེད་ཐབས་དང་ཐུགས་རྗེའི་མཐུས། །ཞིང་དང་སྟོན་པ་འཁོར་དང་དུས། །ངེས་པའི་ཆོས་དང་བདེ་ཆེན་ལ། །ལོངས་སྤྱོད་ལོངས་སྤྱོད་རྫོགས་པའི་སྐུ། །འདི་ནི་རང་དོན་བྲལ་བ་ཡི། །ཡོན་ཏན་སུམ་ཅུ་གཉིས་དང་ལྡན། །གནས་དང་གནས་མིན་མཁྱེན་སྟོབས་དང༌། །ལས་དང་དབང་པོ་ཁམས་དང་ནི། །མོས་དང་ཀུན་འགྲོ་དགོད་པ་དང༌། །སྔོ་གནས་རྗེས་སུ་དྲན་པ་དང༌། །འཆི་འཕོ་ཟག་པ་ཟད་མཁྱེན་པ། །འདི་དག་ཐུབ་པའི་སྟོབས་བཅུ་སྟེ། །སྒྲིབ་དང་བདུད་ཀྱི་དཀྱིལ་འཁོར་དང༌། །ཕས་རྒོལ་འཇོམས་ལ་རྡོ་རྗེ་མཚུངས། །སྤང་བ་དང་ནི་ཡེ་ཤེས་དང༌། །ངེས་འབྱུང་ལམ་དང་དེ་ཡི་གགས། །ཡང་དག་ཇི་བཞིན་སྟོན་པ་ལ། །ཀུན་ཏུ་འཇིགས་པ་མི་མངའི་ཕྱིར། །མི་འཇིགས་པ་ནི་བཞི་ཡིན་ཏེ། །རྒོལ་བ་སུན་འབྱིན་བགྱིད་པ་དང༌། །གདུལ་བྱའི་སྐྱེ་བོ་སྐྱོང་བ་ལ། །རྣམ་པར་བསྒྱིངས་པའི་སེང་གེ་མཚུངས། །འཁྲུལ་དང་ཅ་ཙོ་མི་མངའ་དང༌། །བསྙེལ་བ་མི་མངའ་མཉམ་པར་གཞག །ཐ་དད་པ་ཡི་འདུ་ཤེས་སྤངས། །མ་བརྟགས་བཏང་སྙོམས་མི་མངའ་དང༌། །འདུན་པ་དང་ནི་བརྩོན་འགྲུས་དང༌། །དྲན་དང་ཤེས་རབ་ཉམས་མི་མངའ། །རྣམ་གྲོལ་རྣམ་གྲོལ་ཡེ་ཤེས་ནི། །ཀུན་དུ་ཉམས་པ་མི་མངའ་དང༌། །སྐུ་དང་གསུང་དང་ཐུགས་ཀྱི་ལས། །ཡེ་ཤེས་རྗེས་སུ་འབྲང་བ་དང༌། །འདས་དང་མ་འོངས་ད་ལྟར་ལ། །སྒྲིབ་མེད་ཡེ་ཤེས་གཟིགས་འཇུག་པ། །འདི་རྣམས་ཐུབ་པའི་མ་འདྲེས་ཆོས། །རྣམ་པ་བཅོ་བརྒྱད་ཉིད་ལགས་ཏེ། །ཀུན་ལ་ཁྱབ་ཀྱང་ཐམས་ཅད་ཀྱིས། །མ་གོས་ཕྱིར་ན་མཁའ་དང་མཚུངས། །འདི་ནི་བྲལ་བའི་ཡོན་ཏན་ཏེ། །རྣམ་པར་ཕྱེ་ན་བགྲང་ཡས་ལགས། །དབང་བཅུ་ལ་སོགས་གཞན་བཤད་པ། །འདི་ཡི་ནང་དུ་འདུས་མཁྱེན་མཛོད། །སྐུ་ནི་གཞན་དོན་རྣམ་སྨིན་གྱི། །ཡོན་ཏན་སུམ་ཅུ་གཉིས་དང་ལྡན། །ཞབས་མཉམ་པ་དང་འཁོར་ལོས་མཚན། །རྟིང་པ་ཡངས་དང་སོར་མོ་རིང༌། །དྲྭ་བས་འབྲེལ་དང་གཞོན་ཤ་ཅན། །མདུན་མཐོ་ཨེ་ནའི་བྱིན་པ་དང༌། །སྦ་བ་སྦུབས་ནུབ་སེང་གེའི་སྟོད། །ཐལ་གོང་རབ་རྒྱས་དཔུང་མགོ་ཟླུམ། །ཕྱག་རིང་སྐུ་མཆོག་རྣམ་པར་དག །མགྲིན་པ་དྲི་མེད་དུང་ལྟ་བུ། །སེང་གེའི་འགྲམ་པ་བཞི་བཅུའི་ཚེམས། །ཐགས་བཟང་མཉམ་དང་མཆེ་བ་དཀར། །ལྗགས་རིང་རོ་བྲོའི་མཆོག་ལྡན་དང༌། །ཀ་ལ་པིངྐའི་དབྱངས་དང་ནི། །སྤྱན་མཆོག་མཐོན་མཐིང་རྫི་མ་སྟུག །མཛོད་སྤུ་རབ་ཏུ་དཀར་བ་དང༌། །གཙུག་ཏོར་རབ་མཐོ་བལྟར་མི་མཐོང༌། །པགས་པ་སྲབ་ཅིང་གསེར་མདོག་ལྡན། །བ་སྤུ་རེ་རེ་ནས་གཡས་འཁྲུངས། །དབུ་སྐྲ་རིན་ཆེན་མཐོན་མཐིང་འདྲ། །ནྱ་གྲོ་དྷ་ལྟར་ཆུ་ཞིང་གབ། །སྟོབས་པོ་ཆེ་ཡི་མཆོག་གྱུར་པ། །འདི་དག་སུམ་ཅུ་རྩ་གཉིས་མཚན། །དཔེ་བྱད་བརྒྱད་ཅུ་གང་བཤད་པ། །འདི་ལས་རྣམ་པར་ཕྱེ་བ་ལགས། །འདི་ནི་གཟུགས་ཀྱི་སྐུ་ཡི་དཔལ། །སྟོན་ཀ་ཡོངས་སུ་དྭངས་པ་ལ། །ཟླ་བའི་དཀྱིལ་འཁོར་ཡོངས་རྫོགས་པ། །རྒྱུ་སྐར་ཁྲོད་ན་ལྷམ་པ་ལྟར། །ས་བཅུ་བརྙེས་པའི་དབུས་ན་ལྷམ། །དེ་ཉིད་ཆུ་མཚོར་ཤར་བ་ཡིས། །བྱིས་པ་དགའ་བ་བསྐྱེད་པ་ལྟར། །དགེ་བ་མཐུན་པར་བསགས་པ་ལ། །མཐུན་པར་སྣང་བས་དེ་དོན་བསྒྲུབ། །འདི་ནི་ཐེག་ཆེན་མན་ངག་གི །མདོ་ཡི་རྗེས་སུ་འབྲངས་ནས་བཤད། །ལོངས་སྤྱོད་རྫོགས་པའི་སྐུ་དེའི་མཐུས། །དཔག་ཡས་འགྲོ་བའི་བསོད་ནམས་བཞིན། །སྣ་ཚོགས་སྣང་བས་དོན་མཛད་པ། །དེ་ནི་སངས་རྒྱས་སྤྲུལ་པའི་སྐུ། །རང་བཞིན་སྐུ་ནི་ཆོས་དབྱིངས་ཀྱི། །ཡེ་ཤེས་མཆོག་གིས་བསྡུས་པ་སྟེ། །སངས་རྒྱས་ལོངས་སྤྱོད་རྫོགས་པ་ནི། །མེ་ལོང་ཡེ་ཤེས་ལས་གཞན་མིན། །མཉམ་པ་ཉིད་དང་སོ་སོར་རྟོག །དེ་ཡི་ཁྱད་པར་ཉིད་ལགས་ཤིང༌། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས། །སངས་རྒྱས་སྤྲུལ་པ་ཡང་དག་བསྡུས། །སྐུ་དང་ཡེ་ཤེས་དེ་དག་ཀྱང༌། །རིམ་བཞིན་རྟེན་དང་བརྟེན་པ་དང༌། །དེ་བཞིན་རང་དོན་གཞན་དོན་དང༌། །ཕྲ་དང་རགས་པར་རྣམ་པར་གཞག །སངས་རྒྱས་དེ་ཡང་ཟག་མེད་ཀྱི། །དབྱིངས་དང་རོ་གཅིག་ཉིད་ཕྱིར་དང༌། །མི་ཟད་རྒྱུ་ལས་བསྐྲུན་ཕྱིར་དང༌། །མི་མཐུན་ཕྱོགས་ཀུན་བཅོམ་ཕྱིར་དང༌། །སྨོན་ལམ་ཉེ་བར་གྲུབ་ཕྱིར་དང༌། །ཀུན་ཏུ་དབང་འབྱོར་བརྙེས་ཕྱིར་དང༌། །མཛད་པའི་ཡུལ་ཡང་མི་ཟད་ཕྱིར། །རྟག་ཏུ་རྒྱུན་མི་འཆད་པ་ལགས། །དེ་ཕྱིར་དེ་ཡི་བསྟན་པ་ཡང༌། །འཇིག་རྟེན་ཁམས་སུ་རྟག་ཏུ་གནས། །དེ་ལ་སྣང་དང་མི་སྣང་མེད། །འཆར་བ་དང་ནི་ནུབ་པ་དང༌། །འཕེལ་དང་འགྲིབ་པར་གང་མཐོང་བ། །འགྲོ་བ་རྣམས་ཀྱི་རྟོག་པ་དང༌། །ལས་ཀྱི་དབང་ལས་བྱུང་བ་སྟེ། །ཡུལ་གྱི་མཐུ་ལས་དེ་མ་ལགས། །ཇི་ལྟར་མཁའ་ལ་སྣང་བ་དང༌། །མི་སྣང་བ་དང་ཉི་མ་ལ། །འཆར་དང་ནུབ་པར་སྣང་ལགས་ཀྱང༌། །དེ་ལྟ་དེ་མ་ལགས་པ་བཞིན། །དེས་ན་རྣལ་འབྱོར་དག་པ་ལ། །རྟག་ཏུ་རྒྱལ་བས་བྱིན་རློབ་ཅིང༌། །དམ་ཆོས་བདུད་རྩིའི་དགའ་སྟོན་ལ། །རྒྱུན་དུ་སྤྱོད་པ་ངོ་མཚར་རྨད། །འདི་ནི་ཐེག་པ་ཆེན་པོ་ཡི། །ཆོས་ཀྱི་གླེང་བ་མདོ་ཙམ་ལགས། །རྒྱས་པར་གཞན་དུ་མཁྱེན་བགྱི་སྟེ། །བླ་ན་མེད་པའི་དོན་ཆེན་སླད། །མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང༌། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་འདུག །ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །ཞེས་གསུངས་དོན་གྱི་རིམ་པ་ལྟར། །བདག་གིས་འདི་ནི་བརྗོད་པ་ལགས། །ཕ་རོལ་གཟིགས་པའི་ཚོགས་རྣམས་དང༌། །ཤིན་ཏུ་མཁས་པ་དེ་དག་གིས། །རྣམ་གྲངས་དུ་མས་ཆོས་ཀྱི་ཚུལ། །ཡང་ཡང་གསལ་བར་མཛད་ཟིན་མོད། །ཉུང་ཞིང་གསལ་བས་ཉིད་ཐུགས་ལ། །ཀུན་ནས་གདམས་པར་བགྱི་ཕྱིར་དང༌། །གཞན་དག་ལ་ཡང་ཕན་བགྱིའི་སླད། །བདག་གིས་ཀྱང་ནི་འདིར་བརྗོད་དོ། །བདག་བློ་བྱིས་པའི་ངང་ཚུལ་དང༌། །ཤེས་བྱ་རྒྱ་ཆེར་མ་སྦྱངས་དང༌། །གློ་བུར་བགྱིས་ཕྱིར་འདིར་ནོངས་པ། །བློ་ཆེན་རྣམས་ཀྱིས་རྟག་བཟོད་མཛོད། །དགེ་བ་དེ་ཡིས་འགྲོ་བ་ཀུན། །འཇིག་རྟེན་ཚུལ་ལུགས་ལེགས་སྤྱད་ནས། །དམ་ཆོས་བདུད་རྩིའི་སྒོར་ཞུགས་ཏེ། །ཀུན་ཀྱང་སངས་རྒྱས་ཉིད་གྱུར་ཅིག །རྒྱལ་བུ་ཇི་བིག་ལ་གཏམ་དུ་བྱ་བ་ནོར་བུའི་ཕྲེང་བ་ཞེས་བྱ་བ་མེ་ཕོ་སྟག་གི་ལོ། གདུ་བུའི་ཟླ་བའི་ཚེས་བརྒྱད་ལ། འཕགས་པས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའོ། །ཚིགས་སུ་བཅད་པ་ཉིས་བརྒྱ་དང་བཞི་བཞུགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*