སྐྱབས་འགྲོ་སེམས་བསྐྱེད་དབང་བསྐུར་གྱི་བསླབ་བྱ།

༼བ༽

༄༅། །སྐྱབས་འགྲོ་སེམས་བསྐྱེད་དབང་བསྐུར་གྱི་བསླབ་བྱ་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པའི་སྒོ་དང་ཆོས་ཀྱི་རྩ་བ་སྐྱབས་འགྲོ་ཡིན་པས། དེའི་བསླབ་བྱ་ལ་གཉིས་ལས། ཐུན་མོང་གི་བསླབ་བྱ་བཞི་ནི། སྐྱེས་བུ་དམ་པ་དང་འགྲོགས་པ་ཞེས་བྱ་བ། ཐེག་པ་ཆེན་པོ་སྟོན་པའི་བླ་མ་དགེ་བའི་བཤེས་གཉེན་བརྟེན་ནས་མཉེས་པར་བྱེད་པ་དང༌། དམ་པའི་ཆོས་མཉན་པ་ཞེས་བྱ་བ་བླ་མ་དེ་ལ་སངས་རྒྱས་ཀྱིས་གསུངས་པའི་ཆོས་མཉན་ཞིང་ཡིད་ལ་བྱེད་པ་ཞེས་བྱ་བ་བདག་དཀོན་མཆོག་གསུམ་ལ་སྐྱབས་པ་ཡིན་པས། ལས་ཅི་རུང་རུང་བྱར་མི་ཉན་སྙམ་དུ་བསམ་པའི་དྲན་པ་དང༌། ལས་ཅི་བྱེད་པ་ཐམས་ཅད་ཀྱི་སྔོན་དུ་བདག་གིས་ཅི་ཞིག་བྱེད་པར་འགྱུར་ན་སྙམ་དུ་ཤེས་པར་བྱས་ནས། སྡིག་པའི་ལས་ཡིན་ན་མི་བྱེད་པ་དང༌། དགེ་བ་ཡིན་ན་འབད་པས་སྒྲུབ་པར་བྱེད་པ་དྲན་ཤེས་བཞིན་དུ་ལྡན་པ་དང༌། ཆོས་བཞིན་དུ་བསྒྲུབ་པ་ཞེས་བྱ་བ། སྤྱིར་བླང་བ་དང༌། དོར་བ་ཐམས་ཅད་སངས་རྒྱས་ཀྱི་གསུང་བཞིན་དུ་བྱེད་ཅིང༌། བྱེ་བྲག་ཏུ་སྤྱོད་ལམ་ཐམས་ཅད་དགེ་བར་འགྱུར་བ་བྱེད་པ་ཡིན། སོ་སོའི་བསླབ་བྱ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས། སངས་རྒྱས་མ་ཡིན་པ་ལ་སྟོན་པར་མི་འཛིན། ཆོས་ལ་སྐྱབས་སུ་སོང་ནས། ཆོས་མ་ཡིན་པ་ལ་ལམ་དུ་མི་འཛིན། དགེ་འདུན་ལ་སྐྱབས་སུ་སོང་ནས། དགེ་འདུན་མ་ཡིན་པ་ལ་གྲོགས་སུ་མི་འཛིན་པའོ། །འཚང་རྒྱ་བར་བྱེད་པའི་ལམ་གྱི་དངོས་གཞི་བྱང་ཆུབ་ཀྱི་སེམས་ཡིན་པས་དེའི་བསླབ་བྱ་ནི། ཁམས་གསུམ་འཁོར་བའི་སྐྱོན་བསམ་པ། མྱ་ངན་ལས་འདས་པའི་ཉེས་དམིགས་བསམ་པ། སངས་རྒྱས་ཀྱི་ཡོན་ཏན་བསམ་པ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་ཕ་མ་མ་བྱས་པ་མེད་པས། སེམས་ཅན་ཐམས་ཅད་བདེ་བ་ཐམས་ཅད་དང་ལྡན་པར་གྱུར་ཅིག་སྙམ་པའི་བྱམས་པ། སྡུག་བསྔལ་ཐམས་ཅད་དང་བྲལ་བར་གྱུར་ཅིག་སྙམ་པའི་སྙིང་རྗེ། སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་པས་ཀྱང་ངན་པ་ལས་བྱུང་ན་བདག་གིས་སངས་རྒྱས་ཅིའི་ཕྱིར་མི་ཐོབ་སྙམ་པའི་གཟེངས་བསྟོད་པ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་སྙམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ། ལུས་ངག་ཡིད་གསུམ་གྱིས་སྡིག་པ་མི་བྱེད་ཅིང༌། དབང་མེད་བྱས་ན་བཤགས་པ། ལུས་ངག་ཡིད་གསུམ་གྱིས་དགེ་བ་ལ་འབད་ཅིང༌། གང་བྱས་པའི་དགེ་བ་སངས་རྒྱས་སུ་བསྔོ་བ། ཕྱི་ནང་གི་ཆོས་ཐམས་ཅད་བརྟག་ན་རང་བཞིན་མེད་པར་ཤེས་ཤིང་མཉམ་པར་འཇོག་པ་རྣམས་ཡིན་ནོ།།  །།ཐབས་བདེ་ཞིང་འཇུག་སླ་བའི་སྒོ་གསང་སྔགས་ཡིན་ཞིང༌། དེའི་རྩ་བ་དབང་བསྐུར་བ་ཡིན་པས། དེའི་བསླབ་བྱ་ལ། བསྲུང་བའི་དམ་ཚིག་ནི། སློབ་དཔོན་སྨད་པར་མི་བྱ་ཞིང༌། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །སྤུན་ལ་སྨད་པ་ཉིད་མི་བྱ། །སེམས་ཅན་རྣམས་ལ་སྡུག་བྱམས་དང༌། །བྱང་ཆུབ་སེམས་ནི་སྤང་མི་བྱ། །བདག་གཞན་ཆོས་ལ་ངེས་མི་སྨོན། །སྐལ་མེད་དེ་ཉིད་གཏམ་མི་བྱ། །བདག་གི་ལུས་ལ་ངེས་མི་སྨད། །ཆོས་ལ་ཡིད་གཉིས་མི་བྱ་ཞིང༌། །གདུག་ལ་བྱམས་པ་ཉིད་མི་བྱ། །ཆོས་ཉིད་ཚད་ནི་མི་བཟུང་ཞིང༌། །དད་ལྡན་སེམས་ནི་སུན་མི་དབྱུང༌། །དམ་ཚིག་རྟག་ཏུ་བསྟེན་པར་བྱ། །བུད་མེད་ཉིད་ལ་སྨད་མི་བྱ། །བཟའ་བའི་དམ་ཚིག་ནི། རྒྱུན་དུ་ལོངས་སྤྱོད་པའི་ཁ་ཟས་ལ་ཁ་ཟས་ཀྱི་རྣལ་འབྱོར་དང་ལྡན་པར་བྱེད་པ་དང༌། བྱེ་བྲག་ཏུ་ཚེས་བཅུ་རྣམ་པ་གཉིས་ལ་སོགས་པ་ལ་ཚོགས་ཀྱི་འཁོར་ལོ་བྱེད་པ་ཡིན། མི་འབྲལ་བའི་དམ་ཚིག རྡོ་རྗེ་དྲིལ་བུ་དང༌། དབུ་རྒྱན་དང༌། བགྲང་ཕྲེང་ལ་སོགས་པ་དམ་ཚིག་གི་རྫས་རྣམས་འཛིན་པ་ཡིན། བསྒྲུབ་པའི་དམ་ཚིག ལྷའི་རྣལ་འབྱོར་ཉིན་ཞག་ཕྲུགས་རེ་རེ་ལ་ཐུན་བཞིའམ། གསུམ་མམ། གཉིས་སམ། ཐ་མ་ནའང་ཐུན་རེ་མ་ཆག་པར་བསྒོམ་པ་ཡིན། བསླབ་བྱ་དེ་དག་དུས་རྟག་ཏུ་མ་ཆག་པར་བྱས་ན་ཇི་ལྟར་འགོར་ཡང༌། སྐྱེ་བ་བཅུ་དྲུག་ལས་མི་འདའ་བར་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་བར་སངས་རྒྱས་ཉིད་ཀྱིས་གསུངས་སོ། །དེ་ལྟར་སྐྱབས་འགྲོ་སེམས་བསྐྱེད་དབང་བསྐུར་གྱི། །བསླབ་བྱ་ཉུང་འདུས་གསལ་བར་འཕགས་པ་ཡིས། །བསྡེབས་ནས་རྒྱལ་བུ་ཨ་རོག་ཆེ་ལ་འབུལ། །ཉམས་སུ་བཞེས་ཤིག་སངས་རྒྱས་ཉིད་འགྱུར་རོ། །ལྕགས་མོ་ལུག་གི་ལོ་ཟླ་བ་དྲུག་པའི་ཚེས་གཅིག་ལ་ཤིང་ཀུན་གྱི་སའི་ཆ་ལ་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*