སྐྱབས་འགྲོའི་རྣམ་གཞག

༼བ༽

༄༅། །སྐྱབས་འགྲོའི་རྣམ་བཞག་བཞུགས།།

༄༅། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདིར་གཞན་གྱིས་བསྐུལ་བའི་དོན་དུ་སྐྱབས་སུ་འགྲོ་བའི་ཚུལ་ཅུང་ཟད་བརྗོད་པར་བྱ་སྟེ། དཔེར་ན་རྒྱལ་པོ་ལ་ངོ་མ་བལྟས་པར། རྒྱལ་སྲིད་དུ་མི་འགྱུར་བ་བཞིན་དུ། སྐྱབས་སུ་འགྲོ་བ་མ་ཐོབ་ཀྱི་བར་དུ། སངས་རྒྱས་པའི་ཁོངས་སུ་མི་འདུ་བ་ཡིན། སྐྱབས་སུ་སོང་ནས་སངས་རྒྱས་པར་འགྱུར་བ་ཡིན། དེ་ལ་སྐྱབས་སུ་འགྲོ་བའི་སྤྱིའི་མཚན་ཉིད་ནི། ཡུལ་ཁྱད་པར་ཅན་ལ་བསྟན་པར་ཁས་འཆེ་བ་ཡིན། དེ་ལ་དབྱེ་ན་འཇིག་རྟེན་པའི་སྐྱབས་སུ་འགྲོ་བ་དང༌། འཇིག་རྟེན་ལས་འདབས་པའི་སྐྱབས་སུ་འགྲོ་བ་གཉིས། འཇིག་རྟེན་ལས་འདས་པའི་སྐྱབས་སུ་འགྲོ་བ་ལ། ཐེག་པ་ཆུང་ངུའི་ལུགས་དང༌། ཐེག་པ་ཆེན་པོའི་ལུགས་གཉིས། འཇིག་རྟེན་པའི་སྐྱབས་འགྲོ་ལ། ཡུལ་འཇིག་རྟེན་པ་ཞེས་བྱ་བ། འཇིག་རྟེན་པའི་ལྷ་དབང་ཕྱུག་ལ་སོགས་པ་དང༌། ཡུལ་གྱི་གཞི་བདག་ལ་སོགས་པ་ལ་སྐྱབས་པ་ཡིན། བློ་འཇིག་རྟེན་པ་ཞེས་བྱ་བ་ཡུལ། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང༌། བསམ་པ་མ་དག་པ་ཚེ་འདི་དང༌། འཇིག་རྟེན་ཁོ་ནའི་བདེ་བ་དང༌། ལེགས་པ་ཐོབ་པའི་དོན་དུ་སྐྱབས་སུ་འགྲོ་བ་ཡིན། ཐེག་པ་ཆུང་ངུའི་སྐྱབས་སུ་འགྲོ་བ་ལ། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ལུགས་གཉིས་ཡོད། གཉིས་ཀའང་རང་ཉིད་འཁོར་བའི་འཇིགས་པ་ལས་སྐྱོབ་པའི་དོན་དུ། ཡུལ་ཤཱཀྱ་ཐུབ་པ་ལྟ་བུ་སྤྲུལ་པའི་སྐུའི་སངས་རྒྱས། ཆོས་ཐེག་པ་ཆུང་ངུ༌། དགེ་འདུན་དགེ་སློང་གི་དགེ་འདུན་ལ། དུས་ཇི་སྲིད་འཚོའི་བར་དུ་སྐྱབས་ནས། འབྲས་བུ་རང་ཉིད་གཅིག་པུ་མྱ་ངན་ལས་འདའ་བར་བསྒྲུབ་པ་ཡིན། ཐེག་པ་ཆེན་པོའི་སྐྱབས་སུ་འགྲོ་བའི་ཚུལ་ལ་དྲུག གང་གིས་སྐྱབས་སུ་འགྲོ་བའི་རྒྱུ། གང་ལ་སྐྱབས་སུ་འགྲོ་བའི་ཡུལ། ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ། ཇི་སྲིད་སྐྱབས་སུ་འགྲོ་བའི་དུས། ཇི་ལྟར་བསྒྲུབ་པའི་བསླབ་པར་བྱ་བ། དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན་ནོ། །དེ་ལ་སྐྱབས་སུ་འགྲོ་བའི་རྒྱུ་ནི། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཐོག་མ་མེད་པ་ནས་འཁོར་བའི་སྡུག་བསྔལ་དཔག་ཏུ་མེད་པས་གཟིར་བ་མཐོང་ནས། སེམས་ཅན་དེ་དག་ཐམས་ཅད་སྡུག་བསྔལ་མཐའ་དག་དང་བྲལ་བའི་ཕྱིར། དཀོན་མཆོག་གསུམ་ལ་སྐྱབས་སྙམ་པའི་བསམ་པ་དྲག་པོས་ཀུན་ནས་བསླང་ནས། སྐྱབས་སུ་འགྲོ་བས་ན། རྒྱུ་སྙིང་རྗེ་ཉིད་ཡིན། སྐྱབས་སུ་འགྲོ་བའི་ཡུལ་ནི། སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཡིན་ཏེ། དེའང་སངས་རྒྱས་དེས་དང་པོ་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ། སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་གོམས་པས། སེམས་ཀྱི་དྲི་མ་ཐམས་ཅད་རྣམ་པར་སྦྱངས་ནས། ནམ་མཁའ་ལ་སྤྲིན་དེངས་པས་ནམ་མཁའ་གསལ་བར་སྣང་བ་ལྟར། སེམས་རང་བཞིན་གྱིས་དག་པ་མངོན་སུམ་དུ་གྱུར་པ་ལ་ཆོས་ཀྱི་སྐུ་ཞེས་བརྗོད་དོ། །ཆོས་ཀྱི་སྐུ་སྤྲོས་པ་དང་བྲལ་བ་དེ་ལས་མ་གཡོས་བཞིན་དུ། སྔོན་ལམ་གྱི་དུས་སུ་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་ཤིང༌། སྨོན་ལམ་རྣམ་པར་དག་པ་བཏབ་པའི་འབྲས་བུ་ཡོངས་སུ་སྨིན་པ་ལས་གྲུབ་པ། གནས་ཡོངས་སུ་དག་པའི་ཞིང་འོག་མིན་དུ། སྐུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་ཅིང༌། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པས་ཐེག་པ་ཆེན་པོ་ཁོ་ནའི་ཆོས་གསུང་ལ། ཐུགས་ཤེས་བྱ་མ་ལུས་པ་མཁྱེན་པའི་ཡེ་ཤེས་དང༌། སེམས་ཅན་ཐམས་ཅད་རྗེས་སུ་འཛིན་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པས། འཁོར་ས་བཅུ་ལ་གནས་པ་འབའ་ཞིག་གིས་མཐོང་གི གཞན་གྱིས་མི་མཐོང་ལ། དུས་འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་བཞུགས་པ་ལ། ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བརྗོད། ལོངས་སྤྱོད་རྫོགས་པའི་སྐུ་དེའི་མཐུས། གདུལ་བར་བྱ་བའི་སེམས་ཅན་མཐའ་ཡས་པ་ལ། སོ་སོའི་སྐལ་བ་དང༌། མོས་པ་དང༌། སྨོན་ལམ་དང་མཐུན་པར་ཤཱཀྱ་ཐུབ་པ་ལྟ་བུའི་སངས་རྒྱས་ཀྱི་རྣམ་པ་དང༌། བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དང༌། རང་སངས་རྒྱས་དང༌། ལྷའི་རྒྱལ་པོ་དང༌། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང༌། དགེ་བའི་བཤེས་གཉེན་དང༌། རིན་པོ་ཆེ་ལ་སོགས་པ་རྣམ་པ་དུ་མར་སྣང་ཞིང༌། སྐྱེ་བ་དང༌། ཡོངས་སུ་མྱ་ངན་ལས་འདའ་བ་ལ་སོགས་པའི་ཚུལ་དུ་མ་བསྟན་པས་གདུལ་བྱ་དེ་དག་གི་དོན་མཛད་པ་ལ་སྤྲུལ་པའི་སྐུ་ཞེས་བརྗོད་དེ། དེ་ལྟ་བུའི་སྐུ་གསུམ་གྱི་བདག་ཉིད་ཅན་ལ་སངས་རྒྱས་ཞེས་བྱ། དེས་རང་གི་ཐུགས་ཉམས་སུ་བཞེས་པའི་ཚུལ་ཇི་ལྟ་བ་བཞིན་གཞན་ལ་བསྟན་པས་གཞན་དག་ཀྱང༌། ངེས་པར་འཚང་རྒྱ་བར་བྱེད་པའི་ཐབས་ལ་ཐེག་པ་ཆེན་པོ་ཞེས་བྱ། དེའང་བསྡུ་ན་གཉིས་ཏེ། ལྟ་བ་རྣམ་པར་དག་པ་སྟོང་པ་ཉིད་གཙོ་བོར་སྟོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལ་སོགས་པ་ལ་ཟབ་མོའི་མདོ་ཞེས་བྱ། འཇིག་རྟེན་གྱི་ཁམས་ཀྱི་བཀོད་པ་རྒྱ་ཆེན་པོ་དང༌། སེམས་ཅན་གྱི་ལས་ཀྱི་ཚུལ་རྒྱ་ཆེན་པོ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེན་པོ་དང༌། སངས་རྒྱས་ཀྱི་ཡོན་ཏན་དང༌། ཕྲིན་ལས་རྒྱ་ཆེ་བར་གཙོ་བོར་སྟོན་པ་ཕལ་པོ་ཆེ་ལ་སོགས་པ་ལ་རྒྱ་ཆེ་བའི་མདོ་ཞེས་བྱ། ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ཟབ་པ་དང་རྒྱ་ཆེ་བའི་ཚུལ་གཉིས་སུ་མ་འདུས་པ་མེད། དེའང་གང་ཟག་སོ་སོའི་ཉམས་སུ་བླང་བྱ་མ་ཡིན་པར་གང་ཟག་གཅིག་གིས་ཉམས་སུ་བླང་བྱ་ཡིན། ཉམས་སུ་ལེན་པའི་ཚུལ་ཡང༌། སེམས་ཅན་འཁོར་བའི་སྡུག་བསྔལ་གྱིས་གཟིར་བར་ཤེས་ནས། དེ་རྣམས་སྡུག་བསྔལ་ཐམས་ཅད་ལས་བསྐྱབ་པའི་དོན་དུ་རང་གིས་སངས་རྒྱས་ཐོབ་པར་བྱ་སྙམ་པའི་སྙིང་རྗེ་དང༌། བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས་ནས། འབྲས་བུ་སངས་རྒྱས་ཐོབ་པར་བྱ་བ་དང༌། དེའི་ལམ་ལ་སློབ་པར་ཁས་འཆེ་བའི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་སྡོམ་པ་བླངས་ནས། རང་གིས་སངས་རྒྱས་ཀྱི་ཆོས་ཐོབ་པའི་དོན་དུ། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། གཞན་སྨིན་པར་བྱ་བའི་དོན་དུ། ཟང་ཟིང་གི་སྦྱིན་པ་དང༌། ཆོས་ཀྱི་སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་གི་དོན་སྤྱོད་དུ་འཇུག་པ་དང༌། རང་གིས་ཀྱང་སེམས་ཅན་དེ་དག་གི་དོན་དུ། དེ་དག་དང་མཐུན་པར་སྤྱོད་པ་སྟེ། བསྡུ་བའི་དངོས་པོ་བཞི་ལ་ཅི་ནུས་སུ་བསླབས་ནས། ས་དང་ལམ་ཐམས་ཅད་རིམ་གྱིས་བགྲོད་དེ། སྔར་བསྟན་པ་ལྟར་སྐུ་གསུམ་གྱི་བདག་ཉིད་ཅན་དུ་འཚང་རྒྱ་བ་ཡིན། ཅིག་ཅར་བའི་ལམ་ཞེས་གསུངས་པ་ནི། དྲང་བའི་དོན་ཡིན་ཏེ། དགོངས་པའི་དགོངས་གཞི། སྔོན་ཡུན་རིང་པོར་ལམ་ལ་སྦྱངས་པ། ལས་ཀྱི་དབང་གིས་ཐ་མལ་དུ་སྐྱེས་ནས། བག་ཆགས་སད་མ་ནུས་པ་འགའ་ཞིག་ལ། སངས་རྒྱས་སམ་དགེ་བའི་བཤེས་གཉེན་གྱིས་ཤིན་ཏུ་ཟབ་པ་སྟོང་པ་ཉིད་ཀྱི་ཆོས་བསྟན་པས་བག་ཆགས་སད་ནས། དེ་ཉིད་དུ་སེམས་གྲོལ་བ་ལྟ་བུ་ལ་དགོངས་པ་ཡིན། དེ་ལྟར་དྲང་དོན་གསུངས་པའི་དགོས་པ། གང་ཟག་བརྩོན་འགྲུས་ཆུང་ཞིང་ལེ་ལོ་ཅན་འགའ་ཞིག་ས་དང་ལམ་རྣམས་ལ་བསྐལ་བ་མང་པོར་བསྒྲུབ་དགོས་ན། བདག་ཅག་གིས་མི་ནུས་པས་ཆོས་ལ་མི་འཇུག་སྙམ་དུ་སེམས་པ་རྣམས་ལ་ཅིག་ཅར་གྲོལ་བའི་སྒོ་ཡང་ཡོད་དོ། །ཞེས་བསྟན་པས། ཆོས་ལ་འཇུག་པར་འགྱུར་ལ། ཞུགས་པ་དང་རིམ་གྱིས་བསླབ་པས། དཀའ་བ་དང༌། རྒྱ་ཆེ་བའི་དོན་ལ་ཡང་མི་སྐྲག་པར་འགྱུར་བ་ཡིན་ནོ། །དངོས་ལ་གནོད་བྱེད་ཀྱི་ཚད་མ་ནི་གལ་ཏེ་ཅིག་ཅར་འཚང་རྒྱ་བའི་ཐབས་ཡོད་ན། སངས་རྒྱས་ཉིད་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་དུ་ཚོགས་བསགས་པ་འཁྲུལ་པར་འགྱུར་བ་དང༌། འབྲས་བུའི་ཁྱད་པར་རྒྱུའི་ཁྱད་པར་ལ་མི་ལྟོས་པར་འགྱུར་བ་ལ་སོགས་པའི་སྐྱོན་ཡོད། དེས་ན་སེམས་ཅན་ཅིག་ཅར་འཚང་རྒྱ་བ་དང༌། གཏན་འཚང་མི་རྒྱ་བར་གསུངས་པ་ཐམས་ཅད་དྲང་དོན་ཡིན་པས་ན། ངེས་པའི་དོན་དུ་གཟུང་བར་མི་བྱའོ། །ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་ཚུལ་སྟོན་པ་དེ་དག་ལ་ལུང་གི་ཆོས་ཞེས་བྱ། ཉམས་སུ་ལེན་པའི་རིམ་པ་དེ་དག་ལ་བསྒྲུབ་པའི་ཆོས་ཞེས་བྱ། དེ་ལྟར་ཉམས་སུ་བླངས་པ་ལ་བརྟེན་ནས་སེམས་ལ་ཡོན་ཏན་སྐྱེས་པ་ལ་རྟོགས་པའི་ཆོས་ཞེས་བྱ། ལུང་དང་རྟོགས་པའི་ཆོས་དེ་དག་ལ་ཆོས་དཀོན་མཆོག་ཅེས་བརྗོད་དོ། །དགེ་འདུན་ནི་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ཙམ་ནས། བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་ཁོངས་སུ་འདུ་ལ། ས་དང་པོ་ནས་ནི་འཕགས་པའི་དགེ་འདུན་དུ་འགྱུར་ཞིང༌། ས་བརྒྱད་པ་ཐོབ་ནས་ཕྱིར་མི་ལྡོག་པའི་དགེ་འདུན་ཞེས་བྱ་བར་འགྱུར་རོ། །དེ་དེ་ལྟ་བུའི་དཀོན་མཆོག་དེ་དག་ཀྱང་ནམ་མཁའ་ལ་མཐའ་མེད་པ་བཞིན་འཇིག་རྟེན་ལ་མཐའ་མེད། འཇིག་རྟེན་ལ་མཐའ་མེད་པ་བཞིན། སངས་རྒྱས་ལ་མཐའ་མེད། སངས་རྒྱས་ལ་མཐའ་མེད་པ་བཞིན། དེས་གསུངས་པའི་ཆོས་ལ་མཐའ་མེད། ཆོས་ལ་མཐའ་མེད་པ་བཞིན། ཆོས་བསྒྲུབ་པའི་དགེ་འདུན་ལའང་མཐའ་མེད་པས། མཐའ་ཡས་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཡིན་ཡུལ་ཡིན་ནོ། །ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ་ནི། སངས་རྒྱས་ལ་སྟོན་པ་དང་ཐོབ་བྱའི་དོན་དུ་སྐྱབས། ཆོས་ལ་ལམ་དང་བསྒྲུབ་བྱའི་དོན་དུ་སྐྱབས། དགེ་འདུན་ལ་གྲོགས་དང་རྩ་ལག་གི་དོན་དུ་སྐྱབས་པའོ། །ཡང་དང་པོ་དགེ་བའི་བཤེས་གཉེན་གྱི་ཚིག་གི་རྗེས་སུ་འབྲངས་ནས་སྐྱབས་སུ་འགྲོ་ཞིང༌། མོས་པ་ཙམ་ཡིད་ལ་བྱེད་པ་ཡང་དག་པར་བླངས་པ་བརྡ་ལས་བྱུང་བའི་སྐྱབས་སུ་འགྲོ་བ་ཡིན། དེ་ལ་གོམས་ཤིང་འདྲིས་པར་བྱས་པས་དཀོན་མཆོག་གསུམ་ལ་བདུད་བྱེ་བ་བརྒྱས་ཀྱང་དབྱེ་བར་མི་ནུས་ཤིང༌། དཀོན་མཆོག་གསུམ་གྱི་རང་བཞིན་དང༌། རང་གི་རང་བཞིན་གཉིས་སུ་མེད་པར་ཤེས་པ་ཆོས་ཉིད་ཀྱིས་ཐོབ་པའི་སྐྱབས་སུ་འགྲོ་བ་ཞེས་བྱ་བ་ཡིན། ཇི་སྲིད་སྐྱབས་སུ་འགྲོ་བའི་དུས་ནི། རང་གིས་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་ཡིན། ཇི་ལྟར་བསྒྲུབ་པའི་བསླབ་བྱ་ནི། གསུམ་ཀའི་ཐུན་མོང་གི་བསླབ་བྱ། ཐེག་པ་ཆེན་པོ་སྟོན་པའི་དགེ་བའི་བཤེས་གཉེན་དང་འགྲོགས་པ། དེ་ལ་སངས་རྒྱས་ཀྱི་ཆོས་ཡང་དག་པར་ཉན་པ། དེའི་དོན་ཇི་ལྟར་ནུས་པས་བསྒྲུབ་པ་གསུམ་ཡིན། སོ་སོའི་བསླབ་བྱ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས། སངས་རྒྱས་མ་ཡིན་པ་ལ་སྟོན་པར་མི་འཛིན། ཆོས་ལ་སྐྱབས་སུ་སོང་ནས། ཆོས་མ་ཡིན་པ་ལ་ལམ་དུ་མི་འཛིན། དགེ་འདུན་ལ་སྐྱབས་སུ་སོང་ནས། དགེ་འདུན་མ་ཡིན་པ་ལ་གྲོགས་སུ་མི་འཛིན། རྟག་ཏུ་དེ་དག་གི་ཡོན་ཏན་རྗེས་སུ་དྲན་པར་བྱེད་པའོ། །དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན་བདུན་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་ཡང་དག་པར་ཞུགས་པར་འགྱུར་བ། ལོག་པར་མོས་པའི་ལས་ཀྱི་སྒྲིབ་པ་བསྲབས་པ། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ། བསྲུང་བ་ཆེན་པོར་འགྱུར་བ། བསྟན་པ་ལ་དགའ་བའི་ལྷ་རྣམས་ཀྱིས་ཕན་འདོགས་པ། སྲིད་པ་ཐམས་ཅད་དུ་དཀོན་མཆོག་གསུམ་དང་མི་འབྲལ་བ། མཐར་ཐུག་རང་ཉིད་སངས་རྒྱས་ནས་ཆོས་བསྟན་ཏེ། དགེ་འདུན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བར་འགྱུར་བའོ། །དེ་ལྟར་སྐྱབས་སུ་འགྲོ་བའི་ཚུལ་གྱི་རྣམ་པར་གཞག་པ་འདི་ནི། རང་གི་སློབ་མ་དང༌། ཡོན་གྱི་བདག་པོར་གྱུར་པ། བོ་ལོད་ཅེས་བྱ་བས། རྒྱང་རིང་པོ་ནས་བསྐུལ་བའི་དོན་དུ། འཕགས་པས་ཤིང་མོ་ཕག་གི་ལོ་ཟླ་བ་བཞི་པའི་ཉི་ཤུ་བརྒྱད་ལ། ཡོལ་གྱི་ས་ཆར་སྦྱར་ནས་བསྐུར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*