རྒྱལ་པོ་ལ་གདམས་པའི་རབ་བྱེད་དང༌། དེའི་བསྡུས་དོན།

༼བ༽

༄༅། །རྒྱལ་པོ་ལ་གདམས་པའི་རབ་བྱེད་བཞུགས་སོ།།

༄༅། །རྒྱལ་པོ་ལ་གདམས་པའི་རབ་ཏུ་བྱེད་པ་ཞེས་བྱ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྙན་པར་གྲགས་པ་སྒྲ་ཡི་དཔལ་དང་ནི། །ཡོན་ཏན་རྨད་བྱུང་དོན་གྱི་དཔལ་མངའ་བ། །སངས་རྒྱས་དཔལ་གྱི་ཕུལ་ལ་ཕྱག་འཚལ་ནས། །དབང་ཕྱུག་དམ་པའི་དཔལ་ལ་འདི་གསོལ་ལོ། །གཙུག་ལག་གཉིས་ཀྱི་མཆིད་ནི་སྙན་དགུ་ཞིག །ཁྱོད་ཀྱི་ཐུགས་སུ་ལྟ་ཡང་ཆུད་མོད་ཀྱི། །སིལ་སྙན་མཁན་གྱི་གླུ་དང་སིལ་སྙན་ལྟར། །སྙན་ངག་མཁན་གྱིས་སླར་ཡང་ཅིས་མི་གླེང༌། །ཐུབ་པས་མཐའ་ཡས་གདུལ་བའི་དོན་སླད་དུ། །ཆོས་ཀྱི་ཕུང་པོ་བགྲང་ཡས་གང་གསུངས་པ། །ཀུན་ཀྱང་ཉམས་སུ་བླང་བགྱི་འབའ་ཞིག་སྟེ། །དེ་ཡི་ཚུལ་ཡང་འདི་ལྟར་མཁྱེན་པར་མཛོད། །ཇི་ལྟར་འཇིགས་དང་ངོ་ཚས་བསྡམས་པའི་མི། །རྒྱལ་པོས་བཅས་པའི་ཁྲིམས་ལས་མི་འདའ་བར། །ཚུལ་བཞིན་གནས་པ་འཚེ་མེད་དཔལ་འཕེལ་ཞིང༌། །རྒྱལ་པོ་ལས་ཀྱང་བསྔགས་པ་ཐོབ་པ་ལྟར། །ཐུབ་པས་དང་པོའི་ལས་ཅན་རྗེས་གཟུང་ཕྱིར། །ཐུན་མོང་ཐེག་པར་རྣམ་པར་བཅས་པའི་ཁྲིམས། །རང་གིས་བསྒྲུབ་པར་ནུས་བཞིན་ཡུལ་ལས་ནི། །ཆོ་གའི་ཡན་ལག་ཕུན་ཚོགས་ཀྱིས་བླངས་པ། །མཐོང་དང་མ་མཐོང་སྲིད་པའི་སྡུག་བསྔལ་གྱིས། །རྣམ་པར་འཇིགས་དང་ཕ་རོལ་གཟིགས་པ་ཡི། །འཕགས་པའི་ཚོགས་ཀྱི་ཐུགས་ཀྱིས་བས་འགྱུར་ཞེས། །ངོ་ཚས་བསྡམས་ཏེ་ཚུལ་བཞིན་བསྲུང་བགྱིས་ན། །མཐོང་དང་མ་མཐོང་སྲིད་པའི་བདེ་བ་དང༌། །རྣམ་གྲོལ་ཡོན་ཏན་ཀུན་གྱི་གཞིར་གྱུར་ལ། །ལྷ་དང་མི་ཡི་མཆོད་པའི་གནས་འགྱུར་ཞིང༌། །སངས་རྒྱས་ལས་ཀྱང་བསྔགས་པ་ཐོབ་པར་འགྱུར། །སྲིད་གསུམ་འདི་དག་སྡུག་བསྔལ་འབའ་ཞིག་སྟེ། །མྱ་ངན་འདས་པའང་ཞི་བ་ཙམ་དུ་ཟད། །དེ་ཕྱིར་འཁོར་དང་མྱ་ངན་འདས་པ་ལ། །སྨོན་པ་སྙིང་རྗེའི་ཡུལ་དུ་བལྟས་ནས་དེས། །སྡུག་བསྔལ་མེད་པས་སྡུག་བསྔལ་ཀུན་སེལ་དང༌། །བདེ་ཆེན་བརྙེས་པས་བདེ་བ་ཀུན་སྩོལ་བ། །སངས་རྒྱས་ཁོ་ན་ཡིན་ཞིང་དེ་ཡང་ནི། །བདག་འདྲ་བ་ལས་བྱུང་ཞིང་དེ་ཡི་ཐབས། །བསྒྲུབ་པར་ནུས་པ་དེ་སླད་བདག་གིས་ཀྱང༌། །སངས་རྒྱས་ངེས་པར་ཐོབ་པར་བྱའོ་ཞེས། །དོན་གཉེར་མི་ཞུམ་སྒྱིད་ལུག་མེད་པ་ཡི། །གཡོ་མེད་བྱང་ཆུབ་སེམས་མཆོག་བསྒོམ་པར་བགྱི། །གང་ལས་འདས་ན་དམྱལ་བར་བསྲེག་འགྱུར་ཞིང༌། །དེ་བསྲུངས་ན་ནི་བདེ་བས་བདེ་བའི་འབྲས། །རྨད་དུ་བྱུང་བ་འཕྲུལ་དུ་འཐོབ་བྱེད་པའི། །དམ་ཚིག་བླངས་ནས་སྲོག་བཞིན་གཅེས་པར་བསྲུང༌། །དེ་ལྟར་ཐེག་པ་གསུམ་གྱི་སྡོམ་པ་གསུམ། །རང་གཞན་དོན་གྱི་ཡོན་ཏན་མ་ལུས་པ། །སྐྱེ་དང་གནས་དང་འཕེལ་བའི་རྟེན་ལགས་པས། །ཐོག་མ་ཉིད་དུ་བརྟན་པར་བགྱིད་འཚལ་ལོ། །ངག་ཚིག་ཤིན་ཏུ་དྲི་མ་མེད་པ་དང༌། །ཚད་མ་གཉིས་ཀྱིས་ཀུན་ནས་ངེས་པ་དང༌། །མི་འགལ་བ་དང་ཐོག་མཐའ་བར་དགེ་བའི། །ཆོས་ལ་ཆོས་ཀྱི་ཁྱད་པར་ངེས་བགྱིས་ནས། །གསུངས་པ་པོ་དེ་མཁྱེན་རབ་ཐོགས་མེད་དང༌། །དཔེ་མཁྱུད་མེད་པར་སྟོན་ཕྱིར་བརྩེ་ལྡན་དང༌། །མཐུ་ཆེན་བརྙེས་པར་མཁྱེན་ནས་སངས་རྒྱས་དང༌། །དེ་ཡི་རྗེས་འཇུག་ཕྱིར་དང་དེ་ཉིད་དང༌། །རྒྱུ་མཐུན་ཡོན་ཏན་ལྡན་དང་འདུས་པའི་ཕྱིར། །ཚོགས་ཀྱི་མཆོག་དང་སྤྱོད་ཡུལ་མཐུན་པ་ཡིས། །ཞིང་གི་དམ་པར་ངེས་ནས་དགེ་འདུན་དང༌། །དེ་དག་ཉེ་བར་སྟོན་དང་མཚམས་སྦྱོར་དང༌། །རྣམ་གསུམ་ཡོན་ཏན་ཆ་མཐུན་མངའ་བ་དང༌། །དྲིན་གྱིས་བསྐྱབ་པར་དགོངས་ནས་བླ་མ་ལ། །རྟག་བསྟེན་མི་ཕྱེད་དད་པས་བསྒོམ་པར་བགྱི། །རྒྱུ་དང་ངོ་བོ་རྒྱུན་ཆགས་རང་བཞིན་གྱིས། །བདག་རྒྱུད་སྡུག་བསྔལ་རྒྱུ་དང་བཅས་པ་དང༌། །བྲལ་བར་འདོད་བཞིན་མ་ལུས་འགྲོ་བ་ལའང༌། །མཚུངས་འདོད་མི་འཕྲོགས་སྙིང་རྗེ་ཆེན་པོ་བསྒོམ། །བྱང་ཆུབ་མཆོག་དང་གཞན་གྱི་དོན་དང་ནི། །གནས་སྐབས་དོན་དུ་གཉེར་བྱའི་དགེ་བ་ཡི། །ཕན་ཡོན་རྗེས་སུ་དྲན་ནས་དེ་བསྒྲུབ་ཕྱིར། །འདུན་པ་དྲག་པོས་དེ་ལ་ཡོངས་སུ་སྦྱར། །དེ་ལྟར་དད་དང་སྙིང་རྗེ་འདུན་པའི་སེམས། །ལས་རྣམས་ཀུན་གྱི་སྔོན་འགྲོ་ལགས་པས་ན། །དགེ་བའི་དངོས་པོ་ཅུང་ཟད་གང་བགྱིས་པ། །འདི་ཡིས་ཀུན་ནས་བསླངས་ཏེ་བསྒྲུབ་པར་བགྱི། །མདུན་དུའམ་ནི་ཡང་ན་རང་གིས་ལུས། །ཐུབ་པའི་དབང་པོའི་གཟུགས་ཀྱི་སྐུར་བལྟ་ཞིང༌། །གནས་ནི་སངས་རྒྱས་ཞིང་དང་སྐྱེ་འགྲོ་ཀུན། །རྒྱལ་བ་སྲས་དང་སློབ་མར་བཅས་པ་དང༌། །དབང་པོ་ལྔ་ཡི་ཡུལ་གྱི་ལོངས་སྤྱོད་ཀུན། །མཆོད་སྤྲིན་རྒྱ་མཚོས་བདག་གཞན་མཆོད་པར་བགྱི། །བླ་མ་མཆོག་དང་མ་ལུས་རྒྱལ་བ་ཀུན། །རྣམ་པ་དང་ནི་ཕྲིན་ལས་ངོ་བོ་ཉིད། །མཚུངས་ཤིང་གཉིས་སུ་མེད་པར་འཚལ་བགྱིས་ནས། །དུས་རྣམས་ཀུན་ཏུ་མདུན་ནམ་སྤྱི་གཙུག་གམ། །སྙིང་གི་ཆུ་སྐྱེས་དབུས་སུ་བསམ་བགྱིས་ནས། །གསོལ་བ་གདབ་པའམ་གཉིས་སུ་མེད་པར་བསྒོམ། །དགེ་དང་སྡིག་དང་བདེ་དང་སྡུག་བསྔལ་དང༌། །དེ་བཞིན་འཁོར་དང་མྱ་ངན་འདས་པའི་ཆོས། །ཀུན་ཀྱི་རྩ་བར་གྱུར་པ་སེམས་ལགས་ཏེ། །སེམས་དེའང་ཀུན་ནས་ཡོངས་སུ་བརྟག་བགྱིས་ན། །ཁ་དོག་མ་མཆིས་དབྱིབས་ཀྱང་མ་མཆིས་ལ། །གཅིག་མིན་དུ་མ་མ་ལགས་དེ་སླད་དུ། །ངོ་བོ་མ་མཆིས་ཕྱིར་ན་མ་སྐྱེས་ཤིང༌། །མི་གནས་འགགས་མེད་མཐའ་དབུས་དང་བྲལ་བས། །སྤྲོས་མེད་ནམ་མཁའི་ངང་ཚུལ་ཉིད་ལགས་ཏེ། །དེ་ལྟ་ན་ཡང་རིག་པ་མི་འགག་པས། །རིག་སྟོང་ཟུང་དུ་འཇུག་པའི་བདག་ཉིད་ལགས། །བདག་སེམས་ཇི་ལྟར་ལགས་པ་དེ་བཞིན་དུ། །སེམས་ཅན་ཀུན་ཡིད་རང་བཞིན་དེ་ཉིད་ལ། །ཆོས་རྣམས་ཀུན་ཀྱང་སྣང་སྟོང་ཟུང་འཇུག་པར། །ཀུན་ནས་ངེས་པར་བགྱི་ཞིང་མི་འཛིན་པའི། །ཚུལ་གྱིས་ཤིན་ཏུ་མཉམ་པར་གཞག་པར་བགྱི། །དེ་ལྟར་དམིགས་བཅས་གཉིས་དང་དམིགས་མེད་དང༌། །ཟུང་འཇུག་ངང་ལ་མཉམ་པར་གཞག་བགྱིས་པས། །རྟོག་པ་ཀུན་གྱིས་རྣམ་པར་མི་བསྒུལ་བའི། །ཞི་གནས་ཏིང་འཛིན་དམ་པ་ཐོབ་པར་འགྱུར། །དགེ་དང་སྡིག་པ་བགྱིས་པ་ཐམས་ཅད་ཀྱི། །རྗེས་སུ་དགའ་བས་ཡང་ཡང་དྲན་བགྱིད་པ། །དེ་སྟོབས་སླར་ཡང་འཕེལ་བགྱིད་དེ་སླད་དུ། །དགེ་བ་རྗེས་དྲན་བགྱིས་པས་འཕེལ་བར་མཛོད། །ཁྱད་པར་དམིགས་པ་གང་ལ་མཉམ་གཞག་པའི། །རྗེས་ལ་དམིགས་པ་དང་ནི་རྣམ་པ་དང༌། །ཉམས་སུ་མྱོང་བའི་དོན་གང་ལ་སོགས་པ། །སོ་སོར་བརྟགས་ཤིང་རྣམ་པར་དཔྱད་བགྱིས་པས། །དེ་ཡི་རྒྱུ་རྐྱེན་ལ་སོགས་རྟེན་འབྱུང་ཚུལ། །ཇི་སྙེད་པ་དང་དེ་ཡང་རྣམ་དཔྱད་པས། །འགའ་ཡང་དམིགས་པ་མེད་པ་ཇི་ལྟའི་དོན། །ཇི་བཞིན་རྟོགས་པས་ལྷག་མཐོང་བསྒྲུབ་པར་བགྱི། །དགེ་བ་བགྱིས་པའི་རྗེས་སུ་དེས་མཚོན་པའི། །དགེ་བ་ཐམས་ཅད་གཅིག་ཏུ་བསྡོམ་བགྱིས་ནས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱིས། །བླ་མེད་བྱང་ཆུབ་ཐོབ་ཕྱིར་ཡོངས་སུ་བསྔོ། །བསྒྱུར་བྱའི་དགེ་བ་དུས་དེར་མ་བསགས་ཀྱང༌། །དོན་ཆེན་སྨོན་པས་ཐོབ་པར་གྱུར་ཅིག་ཅེས། །སྨོན་ལམ་བཏབ་པས་དོན་དེ་འགྲུབ་འགྱུར་ཏེ། །གང་ཕྱིར་སེམས་ཉིད་གཙོ་བོ་ལགས་ཕྱིར་རོ། །དེ་ལྟར་རྗེས་དྲན་ཡོངས་སུ་བསྔོ་བ་དང༌། །སྨོན་ལམ་དམ་པས་རྗེས་སུ་གང་བརྒྱན་པའི། །དགེ་བ་ཐམས་ཅད་མི་ཟད་འཕེལ་བ་དང༌། །བདག་གཞན་ཀུན་གྱི་དོན་ཆེན་རྒྱུར་འགྱུར་ལགས། །དེ་ལྟར་ཉམས་སུ་བླངས་པ་དེ་དག་དང༌། །གཞན་ཡང་འདུས་བྱས་ཆོས་རྣམས་ཇི་སྙེད་པ། །དེ་ཀུན་རྒྱུ་དང་རྐྱེན་ལ་རག་ལས་པས། །རང་གི་ངོ་བོར་མ་གྲུབ་བག་ཆགས་ཀྱིས། །རྣམ་པར་བསླད་པའི་བློ་ལ་སྣ་ཚོགས་སུ། །སྣང་ཞིང་མྱོང་ལ་དེར་ཡང་མི་བདེན་པར། །སྣ་ཚོགས་རྐྱེན་ལས་བྱུང་བའི་སྒྱུ་མ་དང༌། །གཉིད་ཀྱིས་བསླད་པའི་རྨི་ལམ་ཇི་བཞིན་དགོངས། །འདུས་མ་བྱས་ཆོས་བཏགས་པ་ཁོ་ན་སྟེ། །དེ་ལ་དོན་མེད་མིང་གི་སྒྲ་དང་ནི། །རྣམ་པར་རྟོག་པ་དེ་དག་འདུས་བྱས་ཆོས། །དོན་དུ་འདོད་པ་གང་དེ་སྨྱོན་པ་ལགས། །ཀུན་རྫོབ་རྒྱུ་འབྲས་རྟེན་འབྱུང་མི་བསླུ་བས། །ཇི་ལྟར་སྤྱོད་པའི་རྣམ་སྨིན་མྱོང་བའི་སླད། །ལས་འབྲས་ཚུལ་ལ་ཁྱད་དུ་གསད་མི་བགྱི། །ཡོད་པར་བདེན་འདོད་རྟག་པར་བལྟ་བའི་ཚུལ། །ཕྱོགས་དུས་མེད་པའི་ཆོས་འགའ་མ་མཆིས་ཤིང༌། །ཕྱོགས་དང་དུས་ཀྱི་རྣམ་པར་དབྱེ་བགྱིས་ན། །གཅིག་པའི་དངོས་པོ་གང་ནའང་སྲིད་མ་ལགས། །གཅིག་མ་མཆིས་པར་དུ་མ་གང་ལས་འབྱུང༌། །དེ་དག་ལས་གཞན་ཡོད་པ་མ་མཆིས་པས། །ཡོད་ཅེས་རྣམ་པར་རྟོག་པ་གྱི་ན་ལགས། །རིང་པོ་མེད་པར་ཐུང་ངུ་ཇི་བཞིན་དུ། །ཡོད་པ་ངོ་བོ་ཉིད་དུ་མ་གྲུབ་པས། །མེད་པ་གཤིས་སུ་ལྟ་ཡང་ག་ལ་མཆིས། །གནོད་པ་གཉིས་ཀས་རྣམ་པར་བསལ་བ་དང༌། །སྒྲུབ་བྱེད་དང་ནི་ལྟོས་པ་མ་མཆིས་ཕྱིར། །གཉིས་དང་གཉིས་མིན་ཆོས་ཉིད་མ་ལགས་པར། །ཤེས་རབ་གསལ་བ་ཁྱོད་ཀྱིས་མཁྱེན་པར་བགྱི། །སེམས་ལ་གཟུགས་མེད་ཕྱིར་ན་ཕྱོགས་མེད་པས། །གཅིག་པུ་ཉིད་དུ་བདེན་ཞེས་རྣམ་རྟོག་ན། །རྣམ་པ་དུ་མར་སྣང་བའི་གཟུང་འཛིན་དང༌། །གཅིག་ན་སེམས་དེའང་དུ་མ་ཉིད་དང་ནི། །བརྫུན་པར་འགྱུར་ཞིང་གལ་ཏེ་ཐ་དད་ན། །ཆོས་དང་ཆོས་ཉིད་དུ་ཡང་ཇི་ལྟར་འགྱུར། །གཉིས་སུ་སྣང་བ་ཡང་ནི་གང་ལས་འབྱུང༌། །འཁྲུལ་པ་ཟད་པས་མྱ་ངན་འདས་པའང་ཅི། །གཟུང་བ་ངོ་བོ་ཉིད་ཀྱིས་མ་གྲུབ་པས། །འཛིན་པ་ཡང་ནི་ངོ་བོ་ཉིད་དུ་མེད། །དེ་དག་ལས་གཞན་གསལ་རིག་བདེན་སྨྲ་བ། །རྣམ་འགྱུར་ལས་གཞན་བདག་གཞན་ཤིན་ཏུ་བརྫུན། །གདོད་ནས་མ་སྐྱེས་ངོ་བོ་ཉིད་མེད་ཅིང༌། །ཤིན་ཏུ་སྤྲོས་དང་བྲལ་བའི་རང་བཞིན་དུ། །ཆོས་རྣམས་ཐམས་ཅད་ཡོངས་སུ་མཁྱེན་བགྱིས་ནས། །ནམ་མཁའ་བཞིན་དུ་དམིགས་པ་མེད་པར་བགྱི། །ཆོས་ཀུན་སྟོང་པའི་ཚུལ་ཡང་མི་སྤོང་ཞིང༌། །རྟེན་ཅིང་འབྲེལ་འབྱུང་རྒྱུན་ཡང་མི་འཆད་པ། །འདི་ནི་རྨད་བྱུང་དེ་ལྟར་ཤེས་པ་ནི། །ངོ་མཚར་ལས་ཀྱང་ཤིན་ཏུ་ངོ་མཚར་ལགས། །ཡུལ་ཀུན་སྣང་སྟོང་ཟུང་དུ་འཇུག་པ་དང༌། །བློ་ཡང་རིག་སྟོང་ཟུང་དུ་འཇུག་པ་དང༌། །ལམ་རྣམས་ཐབས་དང་ཤེས་རབ་ཟུང་འཇུག་ཏུ། །མཁྱེན་ཞིང་ཀུན་ནས་ཡོངས་སུ་གོམས་པར་བགྱི། །རྟེན་འབྱུང་ཀུན་རྫོབ་སྒྱུ་མ་ལྟ་བུ་དང༌། །རང་བཞིན་དོན་དམ་སྟོང་པ་ཉིད་དང་ཡང༌། །གཉིས་ཀའང་དབྱེར་མེད་ཟུང་དུ་འཇུག་པར་ནི། །རྒྱུ་ལམ་འབྲས་བུའི་ཆོས་ཀུན་མཁྱེན་པར་མཛོད། །དེ་ལྟར་གཞི་དང་སྔོན་འགྲོ་མཉམ་གཞག་དང༌། །རྗེས་སུ་བྱ་དང་ཀུན་ལ་རྒྱས་གདབ་ལྔ། །རེ་རེའང་གསུམ་དུ་ཕྱེ་བའི་ཆོས་བཅོ་ལྔས། །དགེ་བའི་ལམ་ཀུན་ཡོངས་སུ་བསྡུས་པ་སྟེ། །དགེ་བ་སྤྱད་པའི་རྣམ་གྲངས་རེ་རེ་ལའང༌། །ཆོས་ཚུལ་དེ་དག་ཚང་བར་གང་བརྩོན་པ། །དེ་ཡིས་མཐོ་རིས་བདེ་བ་ཀུན་སྤྱད་དེ། །ཚོགས་གཉིས་རྒྱ་མཚོའི་ཚོགས་ནི་རབ་བསགས་ཤིང༌། །ཏིང་འཛིན་གསལ་བས་འཕགས་པའི་ལམ་སྦྱར་ནས། །བསྒོམ་དང་སྤྱོད་པས་ཡེ་ཤེས་རྒྱས་བྱས་ཏེ། །ལམ་གྱི་མཐའ་ཡིས་མཐར་ཐུག་བསྒྲུབ་པ་ནི། །སེམས་ཀྱི་རང་བཞིན་གདོད་ནས་དག་པ་གང༌། །རྟོག་པ་ཞི་བས་དབྱིངས་དང་རོ་གཅིག་པ། །རང་བཞིན་སྐུ་སྟེ་ཆོས་དབྱིངས་ཡེ་ཤེས་དང༌། །སྤངས་པ་ཕུན་ཚོགས་ཇི་ལྟ་མཁྱེན་པའང་དེ། །འཁོར་བའི་ཆོས་རྣམས་ལམ་གྱིས་རབ་བསྒྱུར་བས། །ལུས་གནས་གྱུར་པ་མཚན་དཔེས་སྤྲས་པའི་སྐུ། །ངག་གནས་གྱུར་བ་ཡན་ལག་དྲུག་ཅུའི་གསུང༌། །ཡིད་གནས་གྱུར་པ་ཇི་སྙེད་མཁྱེན་བཅས་པའི། །ཡེ་ཤེས་གསུམ་དང་སྐྱོན་རྣམས་གནས་གྱུར་པ། །རྒྱལ་བའི་ཡོན་ཏན་ཕ་མཐའ་ཡས་པ་ལགས། །དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་ལགས་ཏེ། །ལས་གནས་གྱུར་པ་བྱ་གྲུབ་ཡེ་ཤེས་དང༌། །ཕྲིན་ལས་བགྲང་ཡས་དེ་ཉིད་སྤྲུལ་པའི་སྐུ། །དེ་དག་རྟོགས་པ་ཕུན་སུམ་ཚོགས་པ་ལགས། །དབང་འབྱོར་ཕྱིར་ན་རྟག་ཅིང་རྒྱུན་མི་འཆད། །མི་དབང་ཁྱོད་ཀྱང་དེ་འདྲར་མཛད་དུ་གསོལ། །དེ་ལྟར་ཐེག་མཆོག་ཟབ་མོའི་དོན་བསྡུས་ནས། །ཆོས་ཀྱི་སྐྱེས་འདི་ཕུལ་བའི་དགེ་བ་དེས། །རྒྱལ་པོ་ཁྱོད་ཀྱིས་གཙོ་བྱས་འགྲོ་བ་ཀུན། །སངས་རྒྱས་གོ་འཕང་དམ་པ་ཐོབ་པར་ཤོག །ཆོས་ཀྱི་སྐྱེས་སུ་བགྱིས་པའི་རབ་བྱེད་འདི། །ཕུལ་བས་སླར་ཡང་སྤོབས་པའི་ཡིད་འཕེལ་ནས། །ཅུང་ཟད་གསོལ་བ་འདི་ལ་སྐྱེ་དགུའི་རྗེ། །རེ་ཞིག་གཡེལ་བ་མེད་པར་དགོངས་སུ་གསོལ། །ཉིད་ཀྱང་ཉིད་ཀྱི་སྐུ་ཚེ་རིང་བ་དང༌། །གདུང་རྒྱུད་བརྒྱུད་པར་བཅས་པའི་དཔལ་བརྟེན་དང༌། །རྣམ་གྲོལ་བརྙེས་པའི་ཐབས་ལ་བརྩོན་པའི་དུས། །ད་ལྟ་ལགས་ཀྱིས་གཡེལ་མེད་བརྩོན་པར་རིགས། །བསྟན་པ་ཆོས་ཀྱི་དཔལ་ཡང་མ་ནུབ་ཅིང༌། །ཆོས་རྒྱལ་མི་དབང་ཁྱོད་འདྲའང་བཞུགས་བཞིན་དུ། །ངུར་སྨྲིག་འཛིན་པའི་གནས་སྐབས་འདི་འདྲ་བ། །འདི་ལ་ཁྱོད་ཀྱི་ཐུགས་ནི་ཇི་ལྟར་དགོངས། །བདག་ཀྱང་ན་ཚོད་རྒན་པོ་མ་ལགས་ཀྱང༌། །ལུས་སྟོབས་དམན་ཞིང་སྒྱིད་ལུག་ཡིད་ཀྱང་ཞུམ། །དེ་སླད་དབེན་པར་ཆོས་དོན་ཚོལ་འཚལ་བས། །དེ་དང་མཐུན་པར་བཀའ་དྲིན་མཛད་དུ་གསོལ། །རྒྱལ་པོ་ལ་གདམས་པའི་རབ་ཏུ་བྱེད་པ་ཞེས་བྱ་བ། འཕགས་པས་ལྕགས་མོ་ལུག་གི་ལོ། བྱ་སྤོའི་ཟླ་བའི་ཚེས་བརྒྱད་ལ་ཤིང་ཀུན་གྱི་ས་ཆར་སྦྱར་བའོ།།  ༄༅། །དེའི་བསྡུས་དོན་བཞུགས།། ༄༅། །མཁྱེན་རབ་ཀྱི་དབང་ཕྱུག་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྒྱལ་པོ་ལ་གདམས་པའི་རབ་ཏུ་བྱེད་པ་འདི་ལ་དོན་གཉིས་ཏེ། དམ་པའི་ཆོས་ཀྱི་གདམས་པ་དངོས་དང༌། ཞར་ལས་སྐབས་སུ་བབ་པའི་དོན་གསོལ་བའོ། །དང་པོ་ལ་གསུམ། རྩོམ་པ་ལ་འཇུག་པ་ཀླད་ཀྱི་དོན་དང༌། བརྩམ་པར་བྱ་བ་གཞུང་གི་དོན། མཐར་ཕྱིན་པ་མཇུག་གི་དོན་ནོ། །དང་པོ་ལ་གཉིས། སྟོན་པ་ལ་མཆོད་པར་བརྗོད་པ་དངོས་དང༌། ཟློས་པའི་སྐྱོན་སྤང་བ་གཉིས་ཀྱིས་བཤད་པར་དམ་བཅའ་བའོ། །གཞུང་གི་དོན་ལ་གཉིས། ཆོས་བརྗོད་པ་དང༌། སྒྲུབས་པར་གདམས་པའོ། །དང་པོ་ལ་གསུམ། འདི་གང་ལ་བརྟེན་པའི་གསུང་རབ་ཀྱི་དོན་ཉམས་སུ་བླང་བྱར་བསྟན་པ། དེ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ། དེ་ལྟར་ཉམས་སུ་བླང་བའི་འབྲས་བུའོ། །གཉིས་པ་ལ་གཉིས། རྒྱས་པར་བཤད་པ་དང༌། འདིས་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་བསྡུས་པ་དང༌། དགེ་བའི་ཆོས་རེ་རེ་ལའང་ཚང་དགོས་པར་བསྟན་པས་དོན་བསྡུས་པའོ། །དང་པོ་ལ་ལྔ། ལམ་གྱི་གཞི་ཚུལ་ཁྲིམས་རྣམ་པར་དག་པ། ལམ་གྱི་སྔོན་དུ་འགྲོ་བ་ཀུན་ནས་སློང་བའི་བསམ་པ། ལམ་གྱི་དངོས་གཞི་མཉམ་གཞག་གི་རྣལ་འབྱོར་ལམ་གྱི་ཡོན་ཏན་འཕེལ་བའི་ཐབས་རྗེས་སུ་བྱ་བ། ལམ་དང་ཆོས་ཐམས་ཅད་ལ་རྒྱས་གདབ་པའོ། །དང་པོ་ལ་གཉིས། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་གསུམ། སོ་སོར་ཐར་པའི་སྡོམ་པ། བྱང་ཆུབ་སེམས་དཔའི་སེམས་བསྐྱེད། མ་བསྲུངས་པའི་ཉེས་དམིགས། བསྲུངས་པའི་ཕན་ཡོན་ཡང་དག་པར་བླང་བ། ཇི་ལྟར་བསྲུང་ཚུལ་བཞིས་རིག་པ་འཛིན་པའི་དམ་ཚིག་གོ །དང་པོ་ལ་གཉིས། དཔེ་བསྟན་པ་སྡོམ་པ་ཡང་དག་པར་བླང་བ། དེ་ཇི་ལྟར་བསྲུང་བའི་ཚུལ་དང༌། དེ་ལྟར་བསྲུངས་བའི་ཕན་ཡོན་གསུམ་གྱིས་དོན་བསྟན་པའོ། །སེམས་བསྐྱེད་པ་ལ་གསུམ། སྙིང་རྗེ། འདུན་པ། གྲུབ་པར་ནུས་པ་གསུམ་གྱིས་སྐྱེ་བའི་རྒྱུ། ཡང་དག་པར་བླང་བ། མཐར་ཕྱིན་པར་བྱེད་པའི་ཐབས་སོ། །གཉིས་པ་ལམ་གྱི་སྔོན་དུ་འགྲོ་བ་ལ་གཉིས། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་གསུམ། སྐྱེ་བའི་རྒྱུ་ཡུལ་དང་བཅས་པ་དང༌། ཇི་ལྟར་བསྒོམ་པའི་ཚུལ་གཉིས་ཀྱིས་དད་པ། དཔེ་བསྟན་པ་དམིགས་པ་རྣམས་ཀྱིས་དོན་ལ་སྦྱར་བ་གཉིས་ཀྱིས་སྙིང་རྗེ། གང་ལ་འདུན་པའི་ཡུལ་དང༌། ཇི་ལྟར་འདུན་པའི་ཚུལ་གཉིས་ཀྱིས་འདུན་པ་བསྐྱེད་པའོ། །གསུམ་པ་དངོས་གཞི་མཉམ་པར་གཞག་པ་ལ་གཉིས། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་གསུམ། དམིགས་བཅས་བསྒོམ་པ་དང༌། འཁོར་འདས་ཀྱི་རྩ་བ་སེམས་སུ་བསྟན་པ་དང༌། དེ་ཇི་ལྟར་བསྟན་པ་དང༌། དེ་ཇི་ལྟར་བརྟག་པ་དང༌། བརྟགས་པའི་དོན་ལ་མཉམ་པར་གཞག་པ་གསུམ་གྱིས་དམིགས་མེད་བསྒོམ་པ་དང༌། ཟུང་འཇུག་གི་རང་བཞིན་དང༌། ཆོས་ཐམས་ཅད་དེའི་ངང་ཚུལ་དུ་བསྟན་པ་དང༌། ཇི་ལྟར་མཉམ་པར་འཇོག་པའི་ཚུལ་གསུམ་གྱིས་ཟུང་འཇུག་བསྒོམ་པའོ། །དམིགས་བཅས་ལ་གཉིས། ཡུལ་གྱི་གཙོ་བོ་དང༌། གནས་འཁོར་དང་བཅས་པ་དང༌། མཆོད་པའི་ཚུལ་གསུམ་གྱིས་སངས་རྒྱས་བསྒོམ་པ། ཡུལ་གྱི་རང་བཞིན་དང༌། ནམ་བསྒོམ་པའི་དུས། གང་དུ་བསྒོམ་པའི་གནས་དང༌། ཇི་ལྟར་བསྒོམ་པའི་ཚུལ་བཞིས་བླ་མ་བསྒོམ་པའོ། །བཞི་པ་རྗེས་སུ་བྱ་བ་ལ་གཉིས། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་གསུམ། རྒྱུ་མཚན་སྤྱིར་བསྟན་པ་དང༌། དགེ་བའི་རྗེས་སུ་དེ་དྲན་བྱར་གདམས་པ་དང༌། སྐབས་སུ་བབ་པ་མཉམ་གཞག་གི་རྗེས་ལ་སྦྱར་བ་དང༌། དེའི་ཕན་ཡོན་ལྷག་མཐོང་འབྱུང་བ་བཞིས་དངོས་གཞིའི་དོན་རྗེས་སུ་དྲན་པར་བྱ་བ། དེའི་དགེ་བ་ཡོངས་སུ་བསྔོ་བ། ངོ་བོ་གང་ཡིན་པ་དང༌། དེའི་ཕན་ཡོན་གཉིས་ཀྱིས་སྨོན་ལམ་གདབ་པའོ། །ལྔ་པ་ཐམས་ཅད་ལ་རྒྱས་གདབ་པ་ལ་གཉིས། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་གསུམ། ཀུན་རྫོབ་སྒྱུ་མ་ལྟ་བུ། དོན་དམ་པ་རང་བཞིན་མེད་པ། ཟུང་འཇུག་གི་རང་བཞིན་དང༌། དེ་ཤེས་པ་ངོ་མཚར་གྱི་གནས་ཡིན་པ་དང༌། ཇི་ལྟར་ཤེས་པར་བྱ་བ་དང༌། དེ་ཆུབ་པར་བྱ་བར་གདམས་པ་བཞིས་ངོ་བོ་ཟུང་དུ་འཇུག་པའོ། །དང་པོ་ལ་བཞི། ཁྱད་པར་བཞི་དང༌། ཁྱད་པར་གྱི་ཆོས་བཞི་དང༌། དཔེ་བསྟན་པ་གསུམ་གྱིས་འདུས་བྱས་ཀྱི་ཆོས། བཏགས་པ་བར་བསྟན་པ་དང༌། དེའི་སྒྲ་རྟོག་འདུས་བྱས་ཉིད་ཡིན་པ་དང༌། རྫས་ཡོད་དུ་རྟོག་པ་འཁྲུལ་པར་བསྟན་པ་གསུམ་གྱིས་འདུས་མ་བྱས། ལས་འབྲས་ཁྱད་དུ་མི་གསོད་པ། གོལ་ས་བསྟན་པའོ། །གཉིས་པ་དོན་དམ་པར་རང་བཞིན་མེད་པ་ལ་གསུམ། འཁྲུལ་པར་བརྟག་པ་དགག་པ་དང༌། སྤྲོས་བྲལ་གྱི་རང་བཞིན་ལ་ཇི་ལྟར་མཉམ་པར་འཇོག་པའོ། །དང་པོ་ལ་གཉིས། གཅིག་དང་དུ་མ་དགག་པ་གཉིས་ཀྱིས་ཡོད་པ་དགག་པ་མེད་པ་དགག་པ། གཉིས་ཀ་དགག་པ། གཉིས་ཀ་མ་ཡིན་པ་དགག་པ་བཞིས་ཕྱི་རོལ་གྱི་དོན་དགག་པ། རྣམ་རིག་དགག་པའོ། །དེ་ལ་གཉིས། ཕྱོགས་སྔ་མ་བརྗོད་པ། གཅིག་དང་ཐ་དད་བརྟག་པ། ཡུལ་མ་གྲུབ་པས་ཡུལ་ཅན་མི་འགྲུབ་པ། དེ་གཉིས་ལས་གཞན་དུ་འདོད་པ་དགག་པའོ། །གསུམ་པ་ཉམས་སུ་བླངས་པའི་འབྲས་བུ་ལ་གཉིས། མཚམས་སྦྱོར་བ་དང༌། དོན་དངོས་སོ། །དེ་ལ་གཉིས། མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའོ། །དེ་ལ་གཉིས། གནས་སྐབས་ཀྱི་འབྲས་བུ་དང༌། མཐར་ཐུག་གི་འབྲས་བུའོ། །དང་པོ་ལ་གཉིས། ཚོགས་ལམ་དང་སྦྱོར་ལམ་གྱིས་འཇིག་རྟེན་པའི་གནས་སྐབས་དང༌། མཐོང་ལམ་དང་བསྒོམ་ལམ་གྱིས་འཕགས་པའི་ལམ་གྱི་གནས་སྐབས་སོ། །མཐར་ཐུག་གི་འབྲས་བུ་ལ་གཉིས། མཐར་ཕྱིན་གྱི་ལམ་གྱིས་འབྲས་བུ་བསྒྲུབ་པར་བསྟན་པ་དང༌། རང་བཞིན་གྱི་སྐུ་ལོངས་སྤྱོད་རྫོགས་པའི་སྐུ་སྤྲུལ་པའི་སྐུ། དེ་ཉིད་རྒྱུན་མི་འཆད་པར་བསྟན་པ་བཞིས་གྲུབ་པའི་འབྲས་བུ་དངོས་སོ། །དོན་གཉིས་པ་ཞར་ལས་སྐབས་སུ་བབས་པའི་དོན་གསོལ་བ་ལ་གསུམ། མཚམས་སྦྱར་བ། གསན་པར་གསོལ་བ། དོན་དངོས་སོ། །དེ་ལ་གསུམ། སྐུ་ཚེ་རིང་བ། གདུང་བརྒྱུད་ཀྱི་དཔལ་བརྟན་པ་དང༌། རྣམ་གྲོལ་སྒྲུབ་པའི་ཐབས་ལ་གསོལ་བ་གསུམ་གྱིས་ཉིད་ཀྱི་དོན་གསོལ་བ། བསྟན་པ་སྤྱིའི་དོན་གསོལ་བ། བྱེ་བྲག་ཏུ་རང་གི་དོན་གསོལ་བའོ། །དོན་ཆེན་སྒྲུབ་བྱེད་ཐེག་པ་མཆོག །བསྟན་པའི་རབ་ཏུ་བྱེད་པ་ཡི། །བསྡུས་དོན་སྦྱར་བའི་དགེ་བ་ཡིས། །འགྲོ་ཀུན་ཆོས་ཀྱི་རྒྱལ་པོར་ཤོག །རྒྱལ་པོ་ལ་གདམས་པའི་རབ་ཏུ་བྱེད་པའི་བསྡུས་པའི་དོན་གྱི་གསལ་བྱེད་འདི་ནི། ཤིང་མོ་ཕག་གི་ལོ་ཁྲའི་ཟླ་བའི་ཚེས་ཉི་ཤུ་བཞིའི་ཉིན་པར། ཏྲེ་ཡི་ས་ཆ་དགའ་ལྡན་གནས་སར་ཞེས་བྱ་བར། གཞུང་རྩོམ་པ་པོ་དེ་ཉིད་ཀྱིས་སྦྱར་བའི་ཡི་གེ་པ་ནི་ཨ་ཙ་ར་ཞེས་བྱ་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*