བྱུར་བསལ་བ།

༼བ༽

༄༅། །བྱུར་བསལ་བ་བཞུགས།།

༄༅། །དེ་ནས་དབང་བསྐུར་བའི་སྔོན་དུ་བྱུར་བསལ་བའི་ཕྱིར། སྐྱེས་པའམ་བུད་མེད་གདུགས་གཅིག་སྨྱུང་བར་བགྱིས་པ། རབ་ཏུ་བཀྲུས་པ་ཤིན་ཏུ་བརྒྱན་པ་དེས། དོག་ས་ལ་མེ་ཏོག་གི་སིལ་མ་བཀྲམ་སྟེ། སྤོས་སྣ་ཚོགས་ཀྱིས་བདུག་ལ། སེང་ལྡེང་དང༌། རྒྱ་ཤུག་རིགས་གཉིས་ཀྱི་ཞུགས་བུས་ལ། ས་བོན་ཐམས་ཅད་ཕྱོགས་བཞིར་གཏོར་བར་བགྱི། ཞུགས་ཀྱི་ནང་དུ་ཡང་གཏོར་བར་བགྱི། རྩ་བ་ཐམས་ཅད་དང༌། མེ་ཏོག་ཐམས་ཅད་ཚོན་སྐུད་སྣ་ཚོགས་ལ་བརྒྱུས་ཏེ། རལ་གྲིའམ། མདུང་རྩེ་གསུམ་པའམ། མདུང་ངམ་མདའ་ལ་གདགས་པར་བགྱིའོ། །སྤོས་ཆབ་སྣ་ཚོགས་སྦྱར་ཏེ། བུམ་པ་ཆེན་པོའི་ནང་དུ་བླུགས་ལ་གང་ལ་བྱད་ཀྱིས་ཕོག་པ་དེ་སྐུད་པ་དེས་བཅིངས་ཏེ། བུམ་པའི་ཆབ་ཀྱིས་བཀྲུ་བར་བགྱིའོ། །སྐུད་པ་ཡང་མཚོན་གྱིས་བཅད་དེ། ཞུགས་ཀྱི་ནང་དུ་དོར་རོ། །སྟོང་ཆེན་མོ་རབ་ཏུ་འཇོམས་པའི་གཟུངས་འདི་ཡང་བརྗོད་པར་བྱའོ། །གང་དག་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་དང༌། །ཚངས་དབང་དང་ནི་འཇིག་རྟེན་སྐྱོང༌། །གནོད་སྦྱིན་སྡེ་དཔོན་དབང་ཕྱུག་དང༌། །དེ་བཞིན་གནོད་སྦྱིན་སྟོབས་ཆེན་དང༌། །འཕྲོག་མ་བུ་དང་བཅས་པ་དང༌། །དེ་དག་མཐུ་དང་གཟི་བརྗིད་ཀྱི། །ཆེ་གེ་མོ་ཡི་བྱད་སྟེམས་ལས། །རྣམ་པ་ཐམས་ཅད་ཆད་གྱུར་ཅིག །ཅེས་བརྗོད་ཅིང་བཅིངས་པའི་ཚོན་སྐུད་རྣམས་བཅད་པར་བྱའོ། །དེ་ནས་བྱིན་གྱིས་བརླབས་པའི་མེས་སྲེག་ཅིང༌། རྡོ་རྗེས་རིན་ཆེན་ཕུག་པ་དང༌། །མེ་ཡིས་བུད་ཤིང་སྲེག་པ་དང༌། །རླུང་གིས་སྤྲིན་རྣམས་གཏོར་བ་དང༌། །ཉི་མས་ནགས་ཚལ་སྐེམས་བྱེད་པ། །བདེན་པའི་ཚིག་ནི་དེ་དག་གིས། །བྱད་སྟེམས་ལས་རྣམས་ཚིག་གྱུར་ཅིག །སྤོས་དང་མེ་ཏོག་སྣ་ཚོགས་ཀྱིས། །སྡིག་པ་ཐམས་ཅད་ངེས་པར་བསལ། །ཏདྱ་ཐཱ། ཧུ་མེ་ཧུ་མེ། ཀ་ཁ་ལི། ཀ་ཁ་ལི། ཁ་ར་ལེ། ཛུ་ཧྭི་ནི། ཛ་བ་ལེ། ག་ར་གེ ཧ་ར་གེ ཧ་ར་གི ཤཱ་བ་རི། ཤཱནྟ། པྲ་ཤཱནྟི་སྭཱ་ཧཱ། དྷཱ་བ་ནི་སྭཱ་ཧཱ། པྲ་དྷཱ་བ་ནི་སྭཱ་ཧཱ། གནྡྷརྦྷཱ་སྭཱ་ཧཱ། པ་ལྃ་གི་ནི་སྭཱ་ཧཱ། སརྦ་ཀཱ་ཁོ་རྡ། ཙྪེ་ད་ནི་སྭཱ་ཧཱ། ཨི་མཻརྻནྟྲ་ས་དེར། མ་མ་སརྦ་ས་ཏཱ་ནཉྩ། སརྦ་ཀཱ་ཁོརྡ། བེ་ད་དོ་ཥ་ཏི། མནྟྲ་བི་ཥ་པྲ་ཡོ་ག སརྦ་ད་རྦཻ་ཤྪེ་དི་ཏྲ། བེ་དི་ཏཱ་ཛི་ཏ་པ་ར་ཛི་ཏ་སྭཱ་ཧཱ། ཞེས་བསྲེག་པ་ལན་ཉི་ཤུ་རྩ་གཅིག་ལ་སོགས་པ་བྱས་ནས་ཐལ་བ་ལམ་གྱི་བཞི་མདོར་དོར་རོ། །བྱུར་བསལ་བ་སྟེ་བརྒྱད་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*