ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས།

༼ཕ༽

༄༅། །ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོ་བསྒོམ་པར་འདོད་པས། སྟན་བདེ་བ་ལ་བསྡད། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་ཐུགས་རྗེ་ཆེན་པོ་བསྒོམ་སྙམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས། ཨོཾ་སྭ་བྷཱ་ཝ་ཤདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་བརྗོད་པས། བདག་དང་སྣང་བ་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་བསམ། སྟོང་པའི་ངང་ལས་རང་འདུག་པའི་གནས་འདི་སངས་རྒྱས་ཀྱི་ཞིང་དག་པ་བདེ་བ་ཅན་དུ་བསམ། དེའི་དབུས་སུ་རྃ་ལས་རིན་པོ་ཆེའི་ཁྲི་དང༌། པྃ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་ཤེས་པ་ཧྲཱིཿདཀར་པོར་བསམ། དེ་ལས་འོད་ཟེར་ཕར་འཕྲོས་པས། སེམས་ཅན་གྱི་དོན་བྱས། ཚུར་འདུས་པ་ལས་རང་གི་ལུས་ཐུགས་རྗེ་ཆེན་པོར་གྱུར་པར་བསམ། དེ་ཡང་སྐུ་མདོག་དཀར་པོ། ཞལ་གཅིག་ཕྱག་བཞི་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། ཕྱག་དང་པོ་གཉིས་ཀྱིས་ཐུགས་ཀར་ཐལ་མོ་སྦྱར་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། སེམས་ཅན་གྱི་དོན་མཛད་པར་གསོལ་བ་འདེབས་པ། གཡས་ཀྱི་གཉིས་པ་ན་ཕྲེང་བ་འཛིན་པ། གཡོན་གྱི་གཉིས་པ་ན་མེ་ཏོག་པདྨ་དཀར་པོའི་སྟེང་ན་རིན་པོ་ཆེ་བཞག་པ་འཛིན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་པའི་ན་བཟའ་ཅན། སྤྱི་བོར་འོད་དཔག་མེད་པས་དབུར་བརྒྱན་པར་བསམ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ་བསམ། ཧྲཱིཿའི་མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར་བར་དམིགས་ནས། དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་རང་ལ་འཇུག་པ་དང༌། སེམས་ཅན་ཐམས་ཅད་ཀྱི་ནད་དང་སྡིག་པ་ཐམས་ཅད་དག་པར་བསམ་ཞིང༌། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པའི་སྔགས་ཅི་ནུས་པ་བཟླ། མཐར་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་སུ་བསྔོ། ནུབ་མོ་ཉལ་བའི་ཚེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་ལ་ཉལ། ལྡང་བའི་ཚེ་སྐད་ཅིག་གིས་ཇོ་བོ་ཐུགས་རྗེ་ཆེན་པོའི་ང་རྒྱལ་གྱིས་ལྡང༌། སྤྱོད་ལམ་ཐམས་ཅད་ཐུགས་རྗེ་ཆེན་པོའི་ང་རྒྱལ་གྱིས་བྱ། གློ་བུར་གྱི་ནད་བྱུང་ན་གང་ན་བའི་སར་ཧྲཱིཿདཀར་པོ་བསམས་པ་ལས་བདུད་རྩི་དཀར་ནར་བ་བྱུང་བས་ནད་དང་སྡུག་བསྔལ་ཐམས་ཅད་བསལ་ནས། བདེ་བས་གང་བར་བསམ་ཞིང་ཡིད་གཞག སེམས་ཟིན་ན་ནད་ལས་གྲོལ་བར་འགྱུར་རོ། །རང་གཞན་གྱི་དོན་དུ་སྔགས་ཆུ་བྱེད་ན། རིན་པོ་ཆེའི་སྣོད་གཙང་མ་ཆུ་གཙང་གིས་བཀང་བའི་ནང་དུ། པདྨ་འདབ་མ་དྲུག་པའི་ལྟེ་བར་ཧྲཱིཿམདུན་ནས་འདབ་མ་རྣམས་ལ་རིམ་པ་བཞིན། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པ་བཀོད་པ་བསྒོམས་ནས། ཡི་གེ་རྣམས་ལས་བདུད་རྩིའི་རྒྱུན་འཛག་པར་བསམ་ཞིང༌། ཡི་གེ་རེ་རེ་ལ་དམིགས་ཤིང༌། སྔགས་བརྒྱ་རྩ་རེ་རེ་བརྗོད་ལ་མཆིལ་མ་གདབ་བོ། །དེ་འཐུངས་པ་དང༌། བཀྲུས་པ་དང༌། བྱུགས་པ་ལ་སོགས་པས། རང་གཞན་གྱི་དོན་བྱའོ། །ལས་ཀྱི་ཚོགས་གཞན་ནི་གཞན་དུ་ཤེས་པར་བྱའོ། །རྟག་ཏུ་བསྒོམ་པར་བྱས་ན། ཚེ་འདི་ལ་ནད་དང༌། སྡུག་བསྔལ་མི་འབྱུང་ཞིང༌། མཐར་ཐུག་འཚང་རྒྱ་བར་འགྱུར་རོ། །ཐུགས་རྗེ་ཆེན་པོ་བསྒོམ་པའི་ཐབས་ས་ཕོ་སྟག་གི་ལོ་ལ་རྡོ་རྗེ་ཁྱེའུ་འདྲེན་གྱིས་བསྐུལ་བའི་དོན་དུ་འཕགས་པས་བཤད་ཅིང་བྲིས་ནས་ཕུལ་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*